སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གོ་གཅིག་པ། རོ་ཙ་བར་བྱེད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གོ་གཅིག་པ། རོ་ཙ་བར་བྱེད་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །དམར་ཁྲིད་ལག་ལེན་མན་ངག་རྒྱུད་འདི་ཡི། །རོ་ཙའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །རོ་ཙ་ཞེས་པའི་དོན་དེ་གང་ལ་བྱ། །རོ་ཙའི་ནད་དེ་དོན་སྣོད་གང་ལ་གནས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། 

སྟོན་པས་བཀའ་སྩལ་པ།  ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས།  །དང་པོ་རོ་ཙ་ཞེས་པ་འདོད་པ་སྤྱོད་ནུས་ཤིང༌། །རིགས་བརྒྱུད་བུ་ཚ་སྤེལ་བར་བྱེད་པ་སྟེ། །དེ་ལ་གཙོ་དང་ཡན་ལག་རྣམ་པ་གཉིས།  །དེ་ཡང་ལས་དང་ཉོན་མོངས་ཕོ་མོར་སྣང༌། །སྐྱེས་པ་ཕོ་ནི་རོ་ཙའི་གཙོ་བོ་སྟེ། །སྐྱེས་པས་འདོད་པ་སྤྱོད་པར་མ་ནུས་ན། །བུད་མེད་བརྒྱ་ཡིས་བསྐོར་ཡང་དོན་མི་འགྲུབ། །སྐྱེས་པའི་ཁུ་བ་སྐྱོན་མེད་འཕེལ་གྱུར་ན། །བུད་མེད་བུ་ཚ་འཕེལ་བ་བཙལ་དུ་རུང༌། །དེ་ཕྱིར་རོ་ཙའི་གཙོ་བོ་སྐྱེས་པ་ཡིན། །དེ་ཡི་ཡན་ལག་ཟ་མ་བུད་མེད་དེ། །ས་བོན་འཛིན་ཞིང་སྤེལ་བའི་གཞིར་འགྱུར་གྱི། །ཕ་ཡི་རབས་བརྒྱུད་བུ་མོས་མི་ཟིན་པས། །གཙོ་བོར་མི་འགྱུར་ཀུན་ལ་སྤྱད་བཏུབ་ཀྱང༌། །ལས་དབང་བསོད་ནམས་དམན་ལ་བུ་མི་འབྱུང༌། །དེ་ལ་བུ་མེད་བཙལ་ཐབས་ཡན་ལག་གཅེས། །དཔེར་ན་ས་བོན་མེད་པའི་ཞིང་ས་དང༌། །ཞིང་ས་ངན་ལ་ས་བོན་བཏབ་དང་མཚུངས། །གཉིས་པ་དོན་སྣོད་སྤྱི་དེ་བསམ་སེའི་ནད་དུ་བཤད། །དེ་ཡང་བཅུད་ཀྱི་དྭངས་མ་ཁམས་ས་བོན་དཀར་དམར་རྟེན་རོ་ཙའི་དཀར་ཆ་ཁ་མར་བལྟས་པ་དང་དམར་པོ་ལ་ཁ་ཡར་བལྟས་མའི་དཀར་པོ་ཁ་ཡར་བལྟས་དམར་པོ་ཁ་མར་བལྟས། །དེའི་ཕྱིར་ཕོ་མོ་གཉིས་ཀའི་ཐུན་མོང་ནད། །དེ་ལ་གཙོ་བོ་སྐྱེས་པའི་རོ་ཙ་ལ། །སྦྱོར་བ་དངོས་གཞི་དགོས་ཆེད་རྣམ་པ་གསུམ།།

སྤྱི་དོན་དང་པོ་སྦྱོར་བ་གང་ཟག་གནས་གྲོགས་སྔོན་འགྲོ་འོ། །དང་པོ་གང་ཟག་སྐྱེས་བུ་དོན་དུས་རྟག་ཏུ་འདོད་པའི་ཡུལ་བུ་མེད་བསྟེན་པས་ཀྱང་བུ་མེད་ནི། །བུད་མེད་ཡལ་ག་མེད་པའི་ཤིང་དང་མཚུངས། །རེག་མཐོང་སོགས་ལ་བུ་འདྲ་གང་ཡང་མེད། །དེ་ཕྱིར་མི་དེ་ཡིས་རོ་ཙ་དེ་འདོད་པས་ཐབས་དེ་ལ་འབད་པར་རིགས་སོ། །གཉིས་པ་དེ་ཡི་གནས་ཁང་ནི་ཉེ་འཁོར་དུ་རྫིང་བུ་དང༌། །ལྗོན་ཤིང་དང་མེ་ཏོག་པདྨ་ནགས་ཚལ་བསིལ་གྲིབ་སྙོམ་ལ་བྱ་སྐད་སྙན་པའི་སྒྲ་སྒྲོིགས་པ། །སྐམ་རླན་སྙོམས་ཤིང་ཚ་བསིལ་ཡིད་དང་མཐུན་པ་བདེར་གྱུར་པས་རོ་ཙ་ནུས། །གསུམ་པ་གྲོགས་ནི་ལང་ཚོ་དར་ལ་བབ་ཅིང་གཟུགས་བྱད་ཤིན་ཏུ་མཛེས་པ་འཇོ་སྒེག་ཅན་རྒྱན་དུ་མ་དང་ལྡན་། །ངག་སྙན་ཅིང་ཚིག་འཇམ་པར་སྨྲ་བ་ཡིད་དུ་འོང་ཞིང་སྤྱོད་ཚུལ་ཤེས་པའོ། །བཞི་བ་སྔོན་འགྲོ་ནི་སྣུམ་འཆོས་དང་ཁྲུས་ཀྱིས་སྦྱངས་བྱས་ལ། །ནི་རུ་ཧ་དང་འཇམ་རྩིར་བཅས་ལ་བཏང༌།།

སྤྱི་དོན་གཉིས་པ་དངོས་གཞི་ས་བོན་སྐམས་པ་གསོ་དང་རླུགས་པ་བཅད། །དང་པོ་གསོ་ལ་ཟས་དང་སྤྱོད་ལམ་དང་སྨན་དཔྱད་བཞི། །དང་པོ་ཟས་ནི་ཀ་ར་བུ་རམ་སྦྲང་རྩི་དང༌། །ཤ་ཁུ་དང་འོ་མ་དང་ཞུན་མར་འོ་མའི་སྤྲིས་མ་སོགས། །རོ་མངར་ཞིང་མདོག་དཀར་བོ་ཡིད་དུ་འོང་བ་ལ། །སྟོབས་འཕེལ་ཞིང་ཉམས་བརྟས་བྱེད་པ་གང་ཡིནཐམས་ཅད་བསྟེན། །གཉིས་པ་སྤྱོད་ལམ་གྲོགས་མོ་ལ་མིག་གིས་ལྟས་པས་འོ་བྱེད་པ་དང་འཁྱུད་པ་དང༌། །ཡིད་དུ་འོང་བའི་གཏམ་སྨྲ་བ་དང་འཛུམ་གྱིས་འགྲོགས་པར་བྱ། །གསུམ་པ་སྨན་ནི་ཤ་ཡི་རྒྱལ་པོ་ད་བྱིད་དེ། །ལུས་ཀྱི་སྟོབས་སྐྱེད་ཁུ་བ་འཕེལ་མཆོག་ཡིན། །དེ་ལ་སྦྱར་ཐབས་སྐྱིན་ཀོར་ཅོག་ཀྲོང་དང་། །དགུ་སྦྱོར་བཅུ་གསུམ་པ་དང་ལྔ་པའོ། །དང་པོ་སྐྱིན་གོར་ནི་རྩ་བ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་ལྔ་དང་འབྲས་བུ་ཨ་བར་སྐྱུར་གསུམ། །ད་བྱིད་སྨུག་པོ་ནི་མཇུག་མའི་གཉེར་མ་གྱེན་བསྟེན་སོ་རིང་སྣུམ་ལ་ཕོ་སྟེ་རུལ་སུངས་མེད་པ་ཚག་ཤ་སོལ་བའི་ནང་དུ་གླ་རྩི་བྱུགས་པའི་ནང་དུ་བཅུག་ལ་བསྲེགས་པས་ཚག་ཤས་ཕྱི་ནག་ཆོམ་ཚིག་ནས་བཏོན་ལ་བྲེ་ག་ལུག་ཐུག་འབྲས། །ཆུ་དང་འོ་མ་མར་བསྡུས་ཁུ་བ་ལ་སྨན་མར་དངོས་སྦྱོར་ལག་ལེན་ལྟར་བྱ། །རྒྱ་ཚྭ་སུག་སྨེལ་བཅའ་སྒ་པི་པི་ལིང༌། །བུ་རམ་སྦྱར་བ་ནས་ཀྱི་གསེབ་ཏུ་ཟླ་གཅིག་བཅུག་པས་ནུས་པ་བསྐྱེད། །གཉིས་པ་ཅོག་ཀྲོང་དེ་རྩ་བ་ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་གཟེ་མ་ལྔ་ཡི་སྨན་མར་དངོས་སྦྱོར་བྱས་པ་ལ། །ད་བྱིད་སྨུག་པོ་དུག་བཏོན་པ་དང་ཛཱ་ཏི་ཏིལ་དཀར་ནག །ཐང་ཕྲོམ་པ་དཀར་པོའི་འབྲུ་སེར་ཙམ་བརྔོས་པ་རྣམས་ཁ་ཚར་དུ་བཏབ་ལ་བཏང༌ངོ་། །ཡང་ན་ད་བྱིད་སྨུག་པོ་ཏིལ་དཀར་ནག། །བྲག་གི་རྩངས་པའི་ཤ་རྣམས་བྱེའུ་མཆིལ་པ་ཕོ་ཡི་མཆིལ་པའི་ཁོག་པར་གཞུག །ཁ་བཙེམས་འབྲིའི་མར་དུ་བཙོས་ལ་སྐམས་པ་དང་བཏགས་ཕྱེ་མའི་ནང་དུ། །གོང་གི་མར་ཁུ་དེ་ཉིད་བཏབ་ལ་བུ་རམ་དང་སྦྱར། །གསུམ་པ་དགུ་སྦྱོར་ད་བྱིད་སྨུག་པོ་དུག་བཏོན་པ་ཛཱ་ཏི་དང༌། །མི་དང་བྱི་ལ་དང་སྲམ་གྱི་མཇུག་ཏོ་དང༌། །ཅོང་ཞི་དམར་པོ་མུ་ཟི་སེར་པོ་བྲག་ཞུན་ཐང་ཕྲོམ་པ་དཀར་པོའི་འབྲུ། །ཁྲལ་ཁྲོལ་བརྡུངས་ཏེ་བྱེའུ་མཆིལ་པའི་ཁོག་པར་བླུག །དར་སྐུད་ཀྱིས་བཙེམ་འབྲི་མར་གྱི་ནང་དུ་བཙོ། །མར་དེ་བུ་རམ་དང་སྦྱར་ལ་གོང་གི་ཤ་སྐམས་པའི་ཕྱེ་མ་བཏབ། །ཁྱེའུ་སུས་ཐ་རངས་ལྟོ་སྟོང་དུས་ན་ཁྱེམ་བུ་རེ་རེ་བསྟེན་པར་བྱའོ། །དེ་རྣམས་ཀུན་གྱིས་ལུས་སྟོབས་སྐྱེད་བྱེད་ཅིང༌། །མཁལ་མའི་དྲོད་སྐྱེད་ས་བོན་ཟད་པ་གསོ།  བཞི་བ་བཅུ་གསུམ་པ་ནི་ད་བྱིད་སྨུག་སེར་གཉིས། །སྲམ་གྱི་ཤ་དང་བྲག་གི་རྩངས་པ་དང༌། །ཁྱིམ་བྱ་དང་ཕུག་རོན་དང་བྱེའུ་མཆིལ་པ་ནས་ཟན་ནས་ཟན་ནི་བྱེའུ་བྲང་དམར་སྦོ་རྒྱ་དངུལ་མདོག་ཅན་དེའོ་རྣམས་ཀྱི་མགོ་དང་། །གཙང་པའི་ཉ་དང་ཐང་ཕྲོམ་དཀར་པོའི་འབྲུ་དབང་པོ་ལག་པ་དང༌། །ཉེ་ཤིང་པ་དང་ཅོང་ཞི་དམར་པོ་བྱུང་ན་བཟང་བུ་རམ་སྦྱར། །ཁུ་བ་ཟད་པ་འཕྲལ་དུ་སྐྱེད་བྱེད་དེ། །ནུབ་རེ་ལ་ཡང་བུད་མེད་བརྒྱ་སྤྱོད་ནུས་སོ། །ལྔ་བ་ནི་ལྔ་པའི་སྦྱོར་བ་ཅོང་ཞི་དམར་པོ་དེ། །བ་ཡི་འོ་མས་འདམ་བཏགས་བྱས་པའི་ཕྱེ་མ་དང༌། །དབང་པོ་ལག་པ་དང་བྱེའུ་མཆིལ་པའི་མགོ་བོ་དང་། །ཐང་ཕྲོམ་པ་དཀར་པོའི་འབྲུ་དང་ད་བྱིད་སྨུག་སེར་ད་བྱི་སྨུག་པོ་ནི་གངས་ལ་གནས་པའི་ཕོ་སྦལ་ལམ་གངས་རྕངས་ཡིན་ལ་སེར་པོ་ནི་ནགས་སུ་གནས་པའི་ཕོ་སྦལ་ལམ་ནགས་ཀྱི་རྩངས་པ་ཡིན་ནོ།  གཉིས་རྣམས་། །བུ་རམ་སྦྱར་བ་ཁྱེའུ་སུས་ཆང་གིས་དབུལ་ལོ། །གཞན་ཡང་ར་ཐུག་འབྲས་བུ་འོ་མར་བཙོས་ཏེ་ཁུ་བ་རང་བསྟིམ་བྱས་པ་དང་། །ཀ་ར་དང་ཏིལ་དཀར་ནག་བསྲེས་ཟོས་ན་ཡོན་ཏན་གོང་མ་དེ་དང་འདྲ་བ་འབྱུང་ངོ་། །ཡང་པི་པི་ལིང་དང་སྐྱུ་རུ་ར་ཁུར་སྦྱངས། །གདུས་ཁུར་ཀ་ར་བྱུང་ན་གྲོག་མའི་སྦྲང་འབྲིའི་མར་སྦྱར་བའི་ལྡེ་གུར་ཟོས་པའི་རྗེས་སུ་འོ་མ་བཏུང༌། །བརྒྱད་ཅུ་ལོན་པའང་བུད་མེད་ཀུན་ལ་སྤྱོད་པར་ནུས། །ཡང་ཞོ་སྤྲིས་ཟོས་རྟིང་ཀ་ར་དང་འབྲས་དཀར་བཅས་པ་ཟོས་། །རྒན་པོ་ཡིན་ཡང་གཞོན་ནུ་ལྟ་བུར་འདོད་པ་སྤྱོད་ནུས་སོ། །དཔྱད་དུ་ཁྲུས་ལ་འབད་ཅིང་བསྐུ་མཉེ་བྱ། །ཁུ་བ་རླུགས་ན་འཕེལ་བའི་ཐབས་དང་ནད་དང་དུག་གདོན་པ་སོགས་ལ་འབད་པར་བྱའོ། །དེ་ལྟར་འབད་པས་ལུས་སྟོབས་རྒྱས་ཤིང་ཁུ་བ་འཕེལ་བས་བུད་མེད་རབ་ཏུ་གདུང༌པར་འགྱུར་ན། །བུ་མེད་དེ་ལ་ཆགས་པ་སྤྱད་པས་གདུང་བ་ཞི་བར་ནུས་སོ། །ཡང་ནད་ཀྱི་གྲང་རླུང་གི་མཁལ་མའི་དྲོད་ཉམས་པས། །རྩ་ཁ་མ་ཐུབ་པར་ཁམས་ཆུ་དང་བསྡོངས་ནས་འཛག་ན།ཚིགས་པ་བཅུ་གསུམ་པ་དང་བཅུ་དགུ་པ་དང་ནང་ལོང་གདོང་ངོས་ཆུ་བར་དེར་བསྲེག །བོང་བུའི་ཤ་དང་སྲམ་ཤ་འདྲེས་པའི་ད་བྱིད་ཀྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར། །ཚ་བ་ལྔ་དང་ཚྭ་སྣའི་རིལ་བུ་ཆང་གིས་དབུལ་ལོ། །ཡང་སྦྱར་དུག་བྱུང་ན་ཁམས་འཛགས་པ་སོགས་ལ་དུག་སོགས་དེ་ཕྱི་ནང་གསང་རྟགས་ངོས་བཟུང་ལ། །དེ་ཡི་གཉེན་པོས་བསད་ཅིང་ལུས་ཟུངས་བསྲུང་བ་སོགས་གོང་གི་དུག་བཅོས་སྐབས་ལྟར་བྱའོ། །གདོན་ཡིན་ན་རྨི་ལམ་དུ་བུད་མེད་ཆགས་པས་ཁུ་བ་འདྲེན་པར་འགྱུར། །དེ་ལར་མོ་ཕྱྭ་རིམ་གྲོ་རྟེན་འབྲེལ་(བ་རའི་འོ་མ་གང་ལ་སུ་སྦྱར་བ་རྐང་མཐིལ་ལ་བྱུག)སྔགས་ཀྱིས་གསོ་(བ་ནི་ལུག་ཐོང་གི་བལ་མི་ལག་མ་འགྲིམས་བ་ཁྱེའུ་གཙང་མས་བཀལ་བའི་སྲད་བུ་ལ་རྡོ་རྗེའི་མདུད་པ་བདུན་བྱས་ཏེ་སྔགས་ཨོཾ་ཧ་ར་ཧ་ར་བྷན་ནི་དྷ་ཤ་ཏྲ་དྷ་རི་ནི་ཐར་ཏེ་སྭཱཧཱ་སྟོང་བཏབ་ལ་བཅིང༌)།ལུག་ཐོང་གི་སོག་པ་གཡས་པའི་བལ་མི་ལག་མ་བརྒྱུད་པ་བུ་མོ་མགོ་གཙང་གིས་བཀལ་བའི་སྲད་བུ་ལ། རྡོ་རྗེ་རྒྱ་གྲམ་གྱི་མདུད་པ་བྱས་པར་ཨོཾ་ཧ་ར་ཧ་ར་བཛྲ་ར་ནི་ཤུ་ཏྲ་དྷ་རི་ཏི་ནི་ཐ་ར་སྟི་སྭཱ་ཧཱ། ཞེས་སྟོང་བཏབ་ལ་རྐེད་པར་བཅིངས་ལ་ས་བོན་ལུག་པ་དེ་རྣམས་བུ་རམ་དང་བསྲེས་སྔགས་གོང་མ་དང་ཨོཾ་ཧ་ར་ཧ་ར་བྷ་དྷ་ཞེས་པའང་བཟླས་ནས་ཁོང་དུ་བཏང་ངོ་།།

 སྤྱི་དོན་གསུམ་པ་དེ་ལྟར་རོ་རྩ་བྱས་པའི་དགོས་པ་ནད་མེད་པ་དང་ལང་ཚོར་ལྡན་པ་དེ་ཡིས་ནི། །འཁྲིག་པར་སྤྱོད་པའི་དུས་ཚིགས་རྣམས་སུ་ཉལ་པོ་བྱས་པ་ལ་དགག་པ་ཡོད་པ་མིན་ཏེ། །འཕྲལ་དུ་སེམས་དགའ་ལ་ཕུགས་སུ་བུ་ཚའི་རྒྱུད་སྐྱེད་ཅིང་། །རང་ལུས་སྟོབས་དང་ལྡན་པས་བུད་མེད་ཀུན་ལ་ཐོགས་པ་མེད་པར་འགྲོ་སྟེ་འགྲོད་ནུས་ལ། །དེ་ཡང་འདོད་པའི་ཡོན་ཏན་ཀུན་ལས་ནི་ཆགས་པ་སྤྱད་པའི་དགའ་བདེ་མཆོག་ཏུ་འཇིག་རྟེན་པ་ལ་གྲགས་པ་ཡིན་ནོ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རོ་ཙ་བར་བྱ་བའི་ལེའུ་སྟེ་དགུ་བཅུ་རྩ་གཅིག་པའོ།  །དེ་ལྟར་ལེའུ་གཅིག་ནི་རོ་རྩ་གསོ་བ་སྟེ་སྐབས་བཅོ་ལྔ་པའོ།། དེ་ལྟར་ལེའུ་གཅིག་དང་སྐབས་གཅིག་གི་ནི་རོ་རྩ་བར་བྱེད་པ་སྟེ་ཡན་ལག་བརྒྱད་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།