སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་གསུམ་པ། མངོན་པ་ཆུ་ཡིས་ནད་ངོས་བཟུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་གསུམ་པ། མངོན་པ་ཆུ་ཡིས་ནད་ངོས་བཟུང་བ།

དེ་ནས་ཡང་གསོའ་(གསོ་)བའི་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། དེ་ལྟར་རེག་པ་རྩ་ལ་ནད་ངོས་བཟུང་བ་ན།། འདུ་བ་ནང་ན་འདུག་པ་ཕྱི་ནས་ངོས་བཟུང་ཡང་།། ཤེས་པ་ཞིབ་ཏུ་ལྡན་ན་ཟིན་ལག་(ལགས་)ཏེ།། དོན་སྣོད་ནས་(ནང་)ནས་འབྱུང་བའི་དྲི་ཆུ་ལ།། ནད་ཀྱི་ངོས་བཟུང་འདི་ལ་ཡོད་ལགས་སམ།། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དེ་(དུ་)གསོལ།། ཞེས་ཞུས་པས། དེ་ལ་འཚོ་མཛད་སྨན་པའི་རྒྱལ་པོས་ཡང་གསུངས་པ། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན།། མཐོང་བ་ཆུ་ཡིས་ནད་ངོས་བཟུང་བ་ནི།། མངོན་དུ་གསལ་བའི་མེ་དང་དུད་(དུ་)བ་འདྲ།། ཐབ་ཀྱི་མེ་ལས་འབྱུང་བའི་དུད(དུ་)བ་ལྟར།། ནད་ཀྱི་ཐོག་ནས་འོང་བའི་ཆུ་ཡིན་པས།། མཐོང་བ་ཆུ་ཡིས་ནད་ངོས་བཟུང་བ་སྟོན།། འདི་ཡི་བརྡའ་(བརྡ་)ཐབས་རྣམ་པ་བདུན་ཡིན་སྟེ།། སྔོན་འགྲོ་རུང་དང་མི་རུང་སྣོད་ཀྱི་ཆད(ཁྱད)།། བལྟའ་(བལྟ་)དུས་དང་(དྭངས་)སྙིགས་བྱེད་(འབྱེད་)ལུགས་ནད་ཡོད་མེད།། མདོར་བསྡུས་གཏན་ལ་འབེབས་དང་བདུན་དུ་བརྟག དང་པོ་སྔོན་འགྲོ་བལྟ་བའི་མདངས་(མདང་)མོ་ལ།། ཆང་དང་སིང་པོ་དར་བ་སྐྱུར་བའི་ཆུ།། ཆུ་མདོག་སྒྱུར་བས་བཏུང་བ་མི་བྱའོ།། མི་སྐོམ་ཙམ་གྱིས་འཇམ་དང་བཏུང་བ་འཐུང་།། འཁྲིག་ཆགས་འགྲོ་འདུག་སེམས་ལས་ཆུ་རུལ་སྤང་།། གཉིས་པ་ཆུ་ལ་བརྟག་ཏུ་རུང་དང་མི་རུང་སྤང་བླང་ནི།། ནམ་ཕྱེད་ཕན་ཆེད་(ཆད་)ཟས་ཀྱི་ཆུ་ཡིན་བརྟག་མི་རུང་།། ནམ་གྱི་སྨད་ལ་ནད་ཀྱི་ཆུ་རུ་དེ་བསག་བརྟག། གསུམ་པ་སྣོད་ཀྱི་ཁྱེད་(ཁྱད་)ལ་ཆུ་མདོག་མི་འགྱུར་བ།། ལི་དང་མཁར་(འཁར་)བ་རྡོ་ཕོར་སྣོད་དུ་བླུག། ཟངས་ལྕགས་ར་གན་རྫ་མ་མདོག་འགྱུར་སྤང་།། བཞི་པ་བལྟ་དུས་ཉི་ཤར་དུས་སུ་སྣོད་དུ་བླུག་བྱ་སྟེ།། ཆུ་ཡི་རྟིང་པ་ལྷག་མ་མ་ལུས་བྱུག་པར་བྱ།། མདོག་དང་རླངས་པ་ཀུ་ཡ་ཆུ་རྩི་ལ།། བྱེ་བྲག་སོ་སོར་བརྟག་པའི་རིག་པས་འབྱེད།། ལྔ་པ་ཟས་སྐོམ་དངས་སྙིགས་འགྱུར་ལུགས་བྱེ་བྲག་ནི།། ལྟོ་བར་ཟོས་འཐུང་ཟས་སྐོམ་གང་སོང་བ།། ཕོ་བར་དངས་སྙིགས་འབྱེད་པའི་རླུང་གིས་ཕྱེ།། སྦུ་གུ་སེལ་བའི་རླུང་གིས་ལམ་དྲང་ནས།། དངས་མ་མཆིན་པའི་ཡུལ་སོང་ཁྲག་ཏུ་གྱུར།། ཁྲག་གི་དངས་མ་ཞག་སོང་རྐང་དུ་སྨིན།། རྐང་གིས་རུས་པ་བསྐྱེད་དེ་རུས་པ་ཡིས།། དངས་མ་ཐིག་ལེར་སྨིན་ནས་བསལ་སེའི་སྣོད་དུ་བསོག། ཁྲག་གི་སྙིག་(སྙིགས་)མ་མཁྲིས་པར་བསོག་སྟེ་སྣོད་དུ་སྨིན།། མཁྲིས་པའི་དངས་མ་ལུས་ཀྱི་ཆུ་སེར་འགྱུར།། ཆུ་ཡི་ཀུ་ཡ་མཁྲིས་པའི་སྙིགས་མ་ཡིན།། རླུང་གིས་ལམ་དྲང་རྩ་ཡི་མིག་འགྲིམ་ནས།། ལྒང་པའི་ནང་བསོག་དེ་ཕྱིར་ཆུ་ལ་གསལ།། ཁྲག་དང་མཁྲིས་པའི་ཡུལ་ནས་ཀུ་ཡ་འབྱུང་།། ཚ་གྲང་ནད་ངོས་ཆུ་ཡིས་མངོན་པ་ནི།། དཔེར་ན་རྒྱལ་པོའི་དཀོར་ནོར་ཚོང་དུ་ཁྱེར་བ་ནས།། ཆ་མེད་ཡུལ་གྱི་མི་ལ་བསྟན་དང་འདྲ།། ཟས་སྐོམ་སྙིགས་མ་རྒྱུ་ལོང་ནང་འགྲིམ་ནས།། རྒྱུ་ལོང་འཚམས་(མཚམས་)སུ་རྩ་ཆུ་སོ་སོར་བྱེ(ཕྱེ)།། ཆུ་ནི་རྒྱུ་གྲོག་རྩར་སོང་ལྒང་པའི་ནང་དུ་བསོག། རྩ་ནི་རྒྱུ་མར་མར་སོང་དངས་སྙིགས་བྱེ(ཕྱེ)།། དྲུག་པ་ནད་མེད་ཆུ་དང་ནད་ཅན་བྱེ་བྲག་ནི།། འདུ་བ་སྙོམས་ལ་ནད་མེད་ཆུ་སྟོན་པ།། མདོག་ནི་འབྲི་མར་བཞུས་འདྲ་དྲི་མ་རྫིང་དུ་བྲོད(བྲོ)།། ཆུ་རྩི་མེ་ཏོག་སྙོམས་ཤིང་རླང་(རླངས་)པ་ཆེ་ཆུང་རན།། ཀུ་ཡས་ཁ་ཞབས་ཀུན་དུ་ཁྱབ་པ་ལ།། སྤྲིས་མ་ལྒང་པའི་ཆུ་ཙམ་འཐུག་སྲབ་རིག་པ་ཙམ།། རླངས་པ་ཡལ་དུས་དང་དུས་མཚུངས་མཐའ་ནས་གོར་མོར་ལྡོག། ལོག་མདོག་དཀར་དང་སྙིགས་མ་དང་(དྭངས་)བ་དེ།། ཐ་མལ་ནད་མེད་ཆུ་རུ་ཤེས་པར་བྱ།། གཉིས་པ་དེ་ལས་ལྡོག་པ་ནད་ཡོད་ཆུ་བརྟག་སྟེ།། འདི་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཤེས་པར་བྱ།། སྤྱི་རུ་བརྟག་ཐབས་རྣམ་པ་གསུམ་ཡིན་ཏེ།། ཚ་དུས་ངད་ལ་(ཡལ་)གྲང་བའི་དུས་དང་གསུམ།། དང་པོ་ཆུ་དེ་བླུག་ནས་ཚ་མོར་གནས་པའི་དུས།། དྲི་མ་རླངས་པ་ཆུ་རྩི་མདོག་ལ་བརྟག། གཉིས་པ་ངད་ཡལ་ཚ་ལེན་གྲང་ལན་(ལེན་)དུས།། ཀུ་ཡ་སྤྲེས་(སྤྲིས་)མ་གཉིས་ལ་ཁ་གཏིང་སོ་སོར་བརྟག། གསུམ་པ་གྲང་ནས་ཆུ་དེ་འཁྱག་པའི་དུས།། ལྡོག་ལུགས་ལྡོག་མདོག་སྙིགས་མ་གསུམ་ལ་བརྟག། གཉིས་པ་བྱེ་བྲག་སོ་སོར་གསལ་བར་སྟོན་པ་ལ།། དང་པོ་ཚ་བའི་དུས་ལ་རིག་པ་རྣམ་པ་གསུམ།། དང་པོ་བཏང་དུས་དྲི་མའི་བྱེ་བྲག་གང་ཡིན་ན།། དྲི་མ་ཚ་ལ་དཀུ་དུག་(དུགས་)ཚད་པའི་ཆུ།། མེད་དམ་དྲི་མ་ཆུང་ན་གྲང་བ་ཡིན།། སྣོམ་ལ་ཟས་དྲི་བྲོ་ན་ཟས་རོ་ཡིན།། གཉིས་པ་རླང་(རླངས་)པས་ནད་ངོས་འཛིན་པའི་རིག་པ་ནི།། རླངས་པ་ཆེ་ཞིང་མཚུར་(འཚུབ་)ན་ཚ་བ་རྒྱས་པའི་ཆུ།། རླངས་པ་ཆུང་ལ་ཡུན་རིང་གབ་པ་ན།། གབ་ཚད་ཡིན་ནམ་རྙོགས་ཚད་རྙིང་(རྙིངས་)ཚད་ཡིན།། རླངས་པ་ཆུང་བ་ཡུན་རིང་གནས་ན་གྲང་ཆུའོ།། རླངས་པ་ཆེ་ཆུང་འདྲེས་ན་ཚ་གྲང་འདྲེས་ནད་ཡིན།། གསུམ་པ་ཆུ་རྩི་མེ་ཏོག་དག་ལ་བརྟག་པ་ནི།། སྦུ་(ལྦུ་)བ་སྔོ་ཞིང་ཆེ་ན་རླུང་གི་ནད་ཡིན་ནོ།། མདོག་སེར་ཡར་(ཡལ་)སླ་མཁྲིས་པ་ཡིན་པ་ལ།། ལྡོབ་ཅིང་མཆིལ་སྣབ་(སྣབས་)འདྲ་ན་བད་ཀན་ཡིན།། སྣ་ཚོགས་གཞའ་ཚོན་འདྲ་ན་དུག་ཡིན་ནོ།། དམར་པོ་རྒྱ་སྐག་འདྲ་བ་ཁྲག་ནད་ཡིན།། བྱེར་འཐོར་དུམ་བུར་སོང་ན་བྱེར་ནད་ཡིན།། བཞི་པ་ཆུ་མདོག་དག་གི་སྡིག་(བརྟག་)པ་ནི།། ཆུ་ལྟར་སྔོ་ཞིང་དངས་ན་རླུང་ནད་ལ།། མདོག་སེར་མཁྲིས་པ་སྐྱ་ན་བད་ཀན་ཡིན།། དམར་ན་ཁྲག་ནད་རྒྱ་ཤལ་(བཤལ་)ཆུ་སེར་ཡིན།། སྨུག་ལ་དུགས་ན་བད་ཀན་སྨུག་པོར་བརྟག། ཆུ་མདོག་འདྲེས་དང་ལྡན་ན་འདུ་བའི་ནད།། དམར་(མར་)ནག་འདྲ་ན་རིམ་(རིམས་)དང་མཁྲིས་པ་རྒྱས།། ཆུ་སེར་འདྲ་ན་འཁྲུག་(འཁྲུགས་)ཆུ་ནག་ན་དུག་ཆུ་ཡིན།། གཉིས་པ་ངས་(ངད་)ཡལ་འཚམས་(མཚམས་)སུ་ཀུ་ཡ་སྤྲིས་མ་ནི།། དང་པོ་ཀུ་ཡ་དག་གི་རིག་པ་ནི།། སྤུ་དང་རྒྱ་འདྲ་ན་རླུང་ནད་ཡིན།། ལྡིང་ལྡིང་ཁ་རུ་འདུག་ན་ཁྲག་ནད་ཡིན།། ལུག་གི་སྤུ་རྩེ་འདྲ་ན་བད་ཀན་གྲང་བ་ཡིན།། བར་སྣང་སྤྲིན་ལང་འདྲ་བ་གློ་ནད་ལ།། རྣག་རོ་འདྲ་བ་གློ་རྣག་རྨུག་པ་ཡིན།། ས་སོག་བྱེ་མ་འདྲ་ན་མཁལ་ནད་ཡིན།། སྟེང་འོག་བར་དང་གསུམ་པོ་གར་འདུག་པ།། ནད་ཀྱང་ལུས་ཀྱི་སྟོད་སྨད་དེ་བཞིན་ཤེས།། ཀུ་ཡ་ཞོ་ཤི་འདྲ་བས་ཆུ་སྟེང་ཁྱབ།། ལུས་ཟུང་(ཟུངས་)ཚ་གྲང་རླུང་གིས་དཀྲུགས་པ་ཡིན།། མཐུག་ན་ཚ་བ་སྲབ་ན་གྲང་བར་ཤིས(ཤེས)།། ཁ་དོག་ཆུའི་མདོག་དང་འདྲ་སྟེ་གོང་བཞིན་སྤྱད།། གཉིས་པ་སྤྲིས་མ་དག་གི་རིག་པ་ནི།། མཐུག་ན་ཚ་བ་སྲབ་ན་གྲང་བ་ཤེས་པར་གྱིས།། ཞག་ཆགས་བཀོག་ཏུ་བཏུག་(བཏུབ་)ན་ཞག་རྒོད་སྟེ(དེ)།། བསྲེག་པས་སུག་པའི་དྲི་བྲོ་འཚོ་བ་སླ།། སྤྲིས་མ་ཆད་དང་འཐོར་བ་སྐྲན་དུ་ཤེས་པར་བྱ།། གསུམ་པ་ལྡོག་པའི་ཚུལ་ལ་ནད་ཀྱི་ངོས་བཟུང་ནི།། རླངས་པ་མ་ཡལ་ཚ་ལྡོག་ཚད་པ་ཡིན།། ཡལ་རྗེས་གྲང་ཅིང་ལྡོག་ན་གྲང་བ་ཡིན།། གྲང་དང་ལྡོག་པ་མཉམ་ན་འདུ་བ་སྙོམས།། ཕྱོགས་འཚམས་(མཚམས་)ལྡོག་ལོག་(ལུགས་)འཐུག་སྲབ་རིག་པ་ནི།། མཐའ་ནས་སྲབ་བར་ལྡོག་ན་གྲང་བ་ཡིན།། ལོང་ལོང་གཏིང་ནས་ལྡོག་པ་གསར་ཚད་ཡིན།། སྙིང་(རྙིངས་)ཚད་ཡིན་ན་མཐའ་ནས་ཤར་ཤར་ལྡོག། སྔོན་དུ་ཀུ་ཡ་ལྡོག་ན་ཚ་གྲང་འཐབ།། ཚ་བ་རུས་ལ་བྱེར་དང་གྲང་བ་འབྱམས།། གདོན་གྱིས་བསྒྲིབ་པའི་ཆུ་གསུམ་ལྡོག་མི་ནུས།། སྙིགས་མ་ནད་ཀྱི་མདོག་དང་ཆུ་མདོག་མཚུངས།། མཚེར་རྩ་སྐ་ཞིང་དམར་ན་ཚ་བ་ཡིན།། སླ་ཞིང་སྐྱ་ན་གྲང་བའི་ཆུ་རུ་ཟུང་(བཟུང་)།། བདུན་པ་མདོར་བསྡུས་ཆུ་ཡི་རིག་པ་ནི།། ཚ་ཆུ་གྲང་ཆུ་ནོར་འཁྲུལ་འཆི་ཆུ་དང་།། ཆུ་ལ་གདོན་ངོས་བཟུང་བའི་ཆུ་ལྔ་ནི།། དང་པོ་ཚ་བའི་ཆུ་ཡི་རིག་པ་ནི།། ཁ་དོག་དམར་ལ་སེར་རམ་ཀུ་ཡ་འཐུག། རླངས་པ་ཆེ་ལ་ཡུན་རིང་དྲི་དུགས་མནམ།། ཆུ་རྫི་(རྩི་)སངས་སྐྱེན་སྐ་ལ་སྤྲི་(སྤྲིས་)མ་འཐུག། དཀྱིལ་དུ་ཀུ་ཡ་འདུས་དྲིལ་སྦུ་(ལྦུ་)བ་ཞིབ།། དྲོད་དང་རླངས་པ་མ་ཡལ་ཚ་ལྡོག་བྱེད།། ལོག་པའི་མདོག་རྨུག་(སྨུག་)དཀར་བ་ཚ་ཆུ་ཡིན།། གཉིས་པ་གྲང་བའི་ཆུ་ལ་བརྟག་པའི་རིག་པ་ནི།། ཁ་དོག་དཀར་རམ་སྔོ་ལ་སླ་བ་དང་།། དྲི་མ་རླངས་པ་ཆུང་ཞིང་ཆུ་རྫི་(རྩི་)སྦུ་(ལྦུ་)བ་ཆེ།། སྤྲིས་མ་སྲབ་ལ་ཀུ་ཉུང་གྲང་ལྡོག་བྱེད།། ལོག་མདོག་སྔོ་སྐྱ་གྲང་བའི་ཆུ་ནི་སླ།། གསུམ་པ་ནོར་འཁྲུལ་ཆུ་ལ་རིག་པ་གཉིས་ཡོད་ཏེ། དང་པོ་ཚ་གྲང་ནོར་དོགས་སྣང་མཐུན་ནོར་དོགས་ནི།། ཀུ་ཡ་འཐུག་ཅིང་ཁ་དོགས་(དོག་)དཀར་སྔོའི་ཆུ།། གྲང་ཆུ་འདྲ་སྟེ་གཏིང་ན་ཚ་བ་་ཡོང་།། ཀུ་ཡ་འཐུག་པ་གཏིང་ཚད་རིག་པ་ཡིན།། ཀུ་ཡ་མེད་ཅིང་ཁ་དོགས(དོག་)དམར་སེར་ཆུ།། ཚ་ཆུ་འདྲ་སྟེ་གྲང་བའི་ཆུ་ཡིན་པ།། ཀུ་ཡ་མེད་ཅིང་ཁ་དོགས་(དོག་)དམར་སེར་ཆུ།། ཚ་ཆུ་འདྲ་སྟེ་གྲང་བའི་ཆུ་ཡིན་པ།། ཀུ་ཡ་ཉུང་བས་གྲང་བ་ངེས་པ་ཡིན།། ཚ་ཆུ་ལྡོག་ལ་བུལ་ན་གབ་ཚད་ཡོད།། གྲང་ཆུ་ལྡོག་པ་མགྱོག་(མགྱོགས་)ན་གྲང་བ་འབྱམས་པ་ཡིན།། ཚ་བའི་ཆུ་ལ་མེ་ཏོག་ཆུ་རྫི་(རྩི་)མེད་པ་ན།། ཚ་བ་བྱིང་པ་ཁོང་དུ་ཤོར་བ་ཡིན།། གྲང་བའི་ཆུ་ལ་མེ་ཏོག་མེད་ན་གྲང་བ་འབྱམས།། ཚ་ཆུ་སྤྲི་(སྤྲིས་)མ་འཐུག་ན་ནད་པའི་ལུས་ཟུང་(ཟུངས་)ཞུ།། གྲང་བའི་ཆུ་ལ་འཐུག་ན་མ་ཞུ་ངེས་པའོ།། གཉིས་པ་ཆུ་མདོག་འདྲ་བའི་ནད་ཀྱི་ཆུ་ནོར་དོགས་པ་ནི།། སྟོང་(སྟོངས་)ཚད་ཁྲག་ཆུ་དམར་པོ་ནོར་དོགས་ཀྱིས།། མཁལ་མཆིན་ཚད་ཆུ་དམར་ནག་ནོར་དོགས་ཀྱིས།། གྲང་བ་གབ་ཚད་སྔོ་བ་ནོར་དོགས་ཀྱིས།། དེས་ཀྱང་མི་འཁྲུལ་རིག་པ་ཚད་མས་རྟོག་(རྟོགས)། བཞི་པ་འཆི་ཆུ་ངེས་པའི་རིག་པ་ནི།། ཁྲག་གི་ཁུ་འདྲ་ཀོ་རུལ་དྲི་མ་བྲོ།། བཅོས་ཀྱང་སྐྱེད་མེད་ཚ་བའི་འཆི་ཆུ་ཡིན།། ཆུ་རུལ་བྱེར་འདྲ་རླུང་གི་འཆི་ཆུ་ཡིན།། སྔོ་དང་དྲི་མ་རླངས་པ་མེད་པའི་ཆུ།། བཅོས་ཀྱང་མི་ཕན་གྲང་བའི་འཆི་ཆུ་ཡིན།། ལྕིམ་(ལྕུམ་)རྩའི་ཁུ་བ་ཆད་འདྲ་མཁྲིས་ནད་འཆི།། ཁྲག་ནད་འཆི་ཆུ་མཚལ་ཆད་འདྲ་བ་ཡོད།། བད་ཀན་ནད་ཀྱིས་འཆི་ན་འོ་རུལ་འདྲ།། སྣག་ཚ་ཆད་བྱེར་འདྲ་ན་དུག་གིས་འཆི།། ཁོང་ནས་ལོག་འབྱུང་མཁལ་ནད་ཡོད་པའི་ཆུ།། དེ་མིན་བྱུང་ན་འདུ་བ་ཁོང་རུལ་འཆི།། ལྔ་པ་ཆུ་ཡི་རིག་པས་གདོན་ངོས་བཟུང་བ་ནི།། བརྟག་ཡུལ་བརྟག་ཐབས་གཉིས་སུ་ཤེས་པར་བྱ།། དང་པོ་ཆུ་དེ་སྣོད་དུ་བླུག་དུས་བཏང་ཕྱོགས་ཏེ།། ལྷོ་རུ་བཟུང་ལ་ཐིག་བཏབ་ལིང་རྩེ་དགུ།། ཆུ་དེ་འབྱུང་བའི་རུས་སྦལ་གན་རྐྱལ་གནས།། མགོ་བོ་ལྷོ་ཡིན་འཇུག་(མཇུག་)མ་བྱང་ཡིན་གཡས་པ་ཤར།། གཡོན་པ་ནུབ་བསྟན་གནས་ལ་དགུ་ཕྱེ་སྟེ།། ལྷ་མི་གདོན་གསུམ་གཡས་པ་གསུམ་ལ་རྩི་(བརྩི་)།། ལག་པ་རྩིབ་ལོག་(ལོགས་)རྐང་པ་གཡས་པ་སྟེ།། ལྷོ་ཤར་ཤར་ཕྱོགས་བྱང་ཤར་གསུམ་དུ་བརྟག། དུར་ས་ཁང་ས་ཞིང་གི་ས་དང་གསུམ།། ལག་པ་གཞོག་གཡོན་རྐང་པ་གཡོན་དང་གསུམ།། ལྷོ་ནུབ་ནུབ་དང་བྱང་ནུབ་གསུམ་དུ་བརྟག། ཕ་མེས་ས་དང་རང་དང་བུ་ཚ་གསུམ།། མགོ་དང་དབུས་དང་འཇུག་(མཇུག་)མ་གསུམ་ཡིན་ཏེ།། ལྷོ་དང་ཕོ་བྲང་བྱང་དང་གསུམ་ལ་བརྟག། གཉིས་པ་བརྟག་པའི་ཐབས་ལ་རྣམས་(རྣམ་)པ་གཉིས་ཡིན་ཏེ།། གཟུག་(གཟུགས་)ལ་བརྟག་དང་མདོག་ལ་བརྟག་པའོ།། དང་པོ་ལིང་རྩེ་དགུ་ཡི་ཕྱོགས་དེར་གཟུགས་རྙེན་(བརྙན་)དང་། ལྡོག་དང་མི་ལྡོག་ཚུལ་དང་ལྡོག་རྐྱེན་དང་།། ཧོལ་མིག་བྱུང་དང་སྦུ་(ལྦུ་)བ་ཆུ་ཡི་བརྟག(རྟགས)། གང་དུ་བྱུང་བ་རིག་པས་བརྟག་ལ་སྨྲ།། མི་སར་བྱུང་ན་ཕ་མྱེས་རུས་འདྲེ་མང་།། གདོན་སར་བྱུང་ན་སྲིད་པའི་འདྲེ་དགུའི་གདོན།། ཕ་མྱེས་སར་བྱུང་སྔ་ནས་རྒྱུད་འདྲེ་གདོན།། རང་སར་བྱུང་ན་ཤ་རག་གོད་འདྲེ་གདོན།། བུ་སར་བྱུང་ན་ཞང་ཉེའི་སྒབ་འདྲེ་གདོན།། ཁང་དུར་ཞིང་སར་བྱུང་ན་ཡུལ་འདྲེ་འཁྱམ་པོ་འམ།། ཡང་ན་དུར་སྲི་ས་བདག་ཕུག་འདྲེ་གདོན།། ཕྱོགས་ཀྱི་རིག་པས་བརྟག་ན་འདི་བཞིན་ཏེ།། ཤར་དུ་བྱུང་ན་གཉན་དང་བསེན་མོ་ལ།། ལྷོ་རུ་བྱུང་ན་བཙན་དང་མ་མོ་ཡིན།། ནུབ་དུ་བྱུང་ན་ཀླུ་བདུད་གྲི་(གྲེ་)བོ་ཡིན།། བྱང་དུ་བྱུང་ན་མཚོ་སྨན་ཀླུ་ཡི་གདོན།། ལྷོ་ཤར་རྒྱལ་པོ་འགོངས་པོ་བསྙོ་(སྨྱོ་)འདྲེ་ལ།། ལྷོ་ནུབ་དམུ་བདུད་དུར་སྲི་མོ་གདོན་ལ།། བྱང་ནུབ་གནམ་ཐེལ་རི་འདྲེ་ཡ་དར་ཡིན།། བྱང་ཤར་རི་འགོང་རྒྱལ་བསེན་བསྡོང་བ་གདོན།། གཉིས་པ་ཆུ་ཡི་མདོག་ལ་གདོན་ངོས་བཟུང་བ་ནི།། ཉི་མའི་ལོགས་ལ་ལོག་པའི་མདོག་ལ་བརྟག། མདོག་ལ་འདྲ་གཟུགས་བཞིན་འབྱུང་བ་ཡིན།། ཞང་ལྷ་གདོན་པ་རྨ་བྱའི་མདོང་(མདོངས་)འདྲ་འོང་།། མགོན་པོ་གདོན་ན་དར་ནག་ཕྱར་འདྲ་འོང་།། མོ་ལྷ་གདོན་ན་ལྕགས་སྒྲོག་འདྲ་བ་འོང་།། ཕོ་ལྷ་གདོན་ན་མདུང་རྩེ་བཤིབ་(གཤིབ་)འདྲ་འོང་།། སྒྲ་བླ་(དགྲ་ལྷ་)གདོན་ན་ར་སྐྱེས་གཟུགས་འདྲ་འོང་།། ཡུལ་ལྷ་གདོན་ན་ཤུག་ཕུང་འདྲ་བ་འོང་།། མ་ལྷ་གདོན་ན་མེ་ཏོག་འདྲ་བ་འོང་།། ཕ་མཚུན་གདོན་(ན་)མི་མགོ་འདྲ་བ་འོང་།། ཐབ་ལྷ་གདོན་ན་སྒྱེད་པུ་འདྲ་བ་སྟེ།། སྲིད་པའི་ལྷ་དགུ་གདོན་ན་སར་བཅོས་བྱ།། རྒྱལ་པོ་གདོན་ན་ཕུབ་དང་འོད་འཁོར་འདྲ།། བཙན་དང་གྲི་(གྲེ་)བོས་གདོན་(ན་)མེ་ལྕེ་འདྲ།། ཀླུ་བཙན་མོ་གདོན་ན་དར་ཕྱར་འདྲ།། ཀླུ་བཙན་མོ་གདོན་ན་དར་ཕྱར་འདྲ།། ཀླུ་སྲིན་ནག་པ་གདོན་ན་སྡིག་པ་འདྲ།། ཡམ་ཤུད་བཙན་རིགས་གདོན་ན་ཤུ་(ཤ་)རུ་འདྲ།། ཐོལ་(ཐེའུ་)རང་གདོན་(ན་)ར་གཟུགས་གལ་ཟུང་འདྲ།། མཚོ་སྨན་གདོན་ན་བུམ་པ་མེ་ལོང་འདྲ།། བདུད་མོ་གདོན་ན་ཟངས་རྫ་མ་འདྲ།། ས་བདག་གདོན་ན་ཆུ་གནས་སྦལ་ལྕོང་འདྲ།། སྤྲིན་དང་ན་བུན་འདྲ་ན་མི་གཙང་ནལ་སྣ་གདོན།། གྲི་(གྲེ་)བོ་ཕོ་མོ་གདོན་ན་མཚོན་ཆ་མདའ་འཕང་འདྲ།། ལིང་རྩེ་ཚ་ཞིང་འདྲ་ན་ཡུལ་འགྲེ་(འདྲེ་)གདོག(གདོན)། གཏོར་མ་ཕུར་བུ་འདྲ་ན་བན་བོན་བྱད་སྣ་ཡིན།། གླང་རུ་ཐོད་སྐམ་འདྲ་བ་གཏད་ལ་སོང་།། བ་མཛོ་རྡོ་དྲིལ་འདྲ་ན་དམ་སྲི་གདོན།། དེ་རྣམས་སྲིད་པའི་གདོན་དགུ་བསྒྲེན་པའི་བརྟགས།། འདྲེ་སར་ལྷ་ཡི་རྟག་(རྟགས་)རྣམས་བྱུང་བ་ན།། ལྷ་འཁྲོས་འདྲེ་རུ་བརྫུས་ནས་གནོད་པ་ཡིན།། ལྷ་ཡི་སར་ན་(ལ་)འདྲེ་རྟག་(རྟགས་)གང་བྱུང་བ།། ལྷ་སར་འདྲེ་ཞུགས་ལྷ་རུ་བརྫུན་(བརྫུས་)པ་ཡིན།། ལྷ་འདྲེ་གང་ཡིན་བརྟག་ལ་གསོལ་མནན་བྱ།། ལེགས་པར་བརྟག་ན་འབྲུ་ལ་སྨོད་བཙུག་(བཙུགས་)ནས།། ཆུ་ནང་འཕང་ལ་བརྟགས་ན་ལྷག་པར་གསལ།། དེ་ཡིས་མ་གསལ་ལྡོག་དུ་མ་དོད་(འདོད་)ན།། གདོན་གྱིས་བཀབ་པ་ཡིན་པས་བསྐྲད་བརྡུང་བྱ།། མཐོང་བ་ཆུས་ནད་ངོས་དེ་ལྟར་བཟུང་།། དེ་ཡང་རེག་པ་རྩ་ལ་མཐོང་བ་ཆུ།། སྤྱི་ཁྱད་པར་གང་ཡང་བྱེ་བྲག་ནི།། དོན་གྱི་ནད་རྣམས་རྩའི་རིག་པ་སྟེ།། སྣོད་ཀྱི་ནད་ངོས་ཆུ་ཡིས་བཟུང་བ་ཡིན།། འཚོ་འཆི་གང་བྱུང་ལ་ཤན་རྩ་ཡིས་འབྱེད།། ཚ་གྲང་གང་ཡིན་ཆུ་ཡིས་ངེས་པར་རིག། དེ་ཕྱིར་མཁས་པས་རྩ་དང་ཆུ་ཡིས་བརྟག་བྱས་ནས།། ཆུ་ལྡུམ་གར་སྐྱེས་བརྟག་ནས་ཁྲོན་བསྐོས་(བརྐོས་)ན།། ཆུ་འབྱུང་ངེས་པ་བཞིན་དུ་རིག་པ་ཡིས།། ཚ་གྲང་ནད་ཀྱི་ངོས་བཟུང་སྨན་བཏང་བས།། སྡུག་བསྔལ་ནད་རྣམས་ཞི་བར་ངེས་པར་འགྱུར།། བྱེ་བྲག་མདོ་རྩ་བཞི་ཡི་ལ་ཤན་ནི།། གསོའ་(གསོ་)བྱའི་ནད་འབུམ་ནག་པོ་དེར་གསལ་ལོ།། སྡུག་བསྔལ་ཞི་བྱེད་གསོའ་(གསོ་)བྱེད་སྨན་འབུམ་དཀར་པོ་ལས། མངོན་པ་ཆུ་ཡིས་ནད་ངོས་བཟུང་བའི་ལེའུ་སྟེ་གསུམ་པའོ།།

བདུད་རྩི་སྙིང་པོ་སྨན་གྱི་མདོ་ལས་གསོ་བ་རིགས་(རིག་)པའི་དངོས་གཞི་ལ་(ལས་)རེག་མཐོང་རྩ་ཆུའི་མདོའ(མདོའོ)།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།