སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༥། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གསུམ་པ་གནས་སྐབས་སྤྱོད་ལམ་བསྟན་པ་ནི།

བཀྲེས་པ་དང་སྐོམ་པ་དང་སྐྱུག་པ་དང་གཡལ་དང་སྦྲིད་པ་དང༌། །དབུགས་དང་གཉིད་དང་ལུད་པ་དང་མཆི་མ་དང་བཤང་བ་དང་འཕྱེནདང་ །གཅིན་དང་ཁུ་བའི་ཤུགས་ནི་བགག་མི་བྱ།

དེའང་བཀྲེས་པ་བཀག་པས་ལུས་ཞིག་ཉམ་ཆུང་ཡི་ག་འཆུས། །མགོ་འཁོར་ལ་དེའི་ཟས་ཡང་ཞིང་སྣུམ་པ་དྲོ་ཆུང་སྦྱར།

སྐོམ་བཀག་པས་ཁ་སྐམ་མགོ་འཁོར་སྙིང་ནད་འབྱུང༌། །མྱོས་འགྱུར་དེ་ཟས་སྨན་བསིལ་བའི་ཆོ་ག་ཐམས་ཅད་ཀྱིས་ཕན།

སྐྱུགས་པ་བཀག་པས་དང་ག་འགག་པ་དང་དབུགས་མི་བདེཞིང་ །སྐྱ་རྦབ་དང་མེ་དབལདང་གཡན་པ་དང་འབྲས་དང་མཛེ། །མིག་ནད་དང་ལུད་པ་རིམས་ནད་འབྱུང་བར་འགྱུར། སྨྱུང་བར་གནས་ཞིང་དུད་བ་རྣོན་པོ་བདུག་པ་དང་སྨན་གྱི་ཁ་བཀང་ལ་དབོ་བར་བྱ།

སྦྲིད་བཀག་པས་དབང་པོ་མི་གསལ་མགོ་བོ་ན། །གཉའ་བ་རེངས་པ་དང་ཁ་ཡོ་བ་དང་འགྲམ་པ་ཆག་པས་ལྡན་མི་ཤེས་པར་འགྱུར། །དུད་བ་རྣོན་པོ་བདུག་པ་དང་སྣ་སྨན་བཏང་བ་དང་ཉི་མ་བལྟ་བས་བསལ། །གཡལ་བཀག་པས་དེ་གོང་གིས་སྦྲིད་པ་དང་འདྲ་ཆོ་ག་རླུང་འཇོམས་ཕན།

ངལ་དུབ་འདི་ངལ་དུབ་ཀྱིས་དབུགས་རྔམས་རྩེག་ཅིང་དབུགས་འཐུམ་བཀག་པ་ལྟར་བྱུང་བ་དེ་ལ་དལ་བར་བསྡད་ཅིང་ངལ་གསོ། སྣ་བུག་གི་རླུང་འབྱུང་འཇུག་རིང་པོར་འཕེལ་བས་ཕན་ཞེས་འཆད་དགོས་པ་རང་འགྲེལ་དང་འབུམ་ནག་ཏུ་རླུང་སེལ་བའི་ཆོས་ག་ཞེས་བཤད་པ་ནོར་རོ། ངལ་དུབ་ཀྱི་དྲལ་དབུགས་བཀག་པས་སྐྲན་དང་སྙིང་ནད་འབྱུང༌། མྱོས་འགྱུར་དེར་ནི་ལུས་ངལ་གསོ་ཞིང་རླུང་འབྱུང་འཇུག་རིང་པོར་འཕེལ་ཏེ་ནད་སེལ་བར་ཕན།

གཉིད་བཀག་པས་གཡལ་མང་ཞིང་ལུས་སྙོམ་ལ་མགོ་བོ་ལྕི། མིག་འགྲིབ་ཁ་ཟས་མི་འཇུ་དེ་ལ་ཤ་ཁུ་དང༌། །ཆང་བཏུང་བ་དང་བསྐུ་མཉེ་བྱ་ཞིང་གཉིད་ལོག་པས་ཕན།

ལུད་པ་བཀག་པས་ལུད་པ་འཕེལ་ཞིང་དབུགས་མི་བདེ། །ཤ་སྐེམ་པ་དང་སྐྱིགས་བུ་དང་སྙིང་ནད་དང་ཡི་ག་འཆུ། །དེར་ནི་ལུད་པ་བསལ་བའི་ཆོ་ག་བྱ།

མཆི་མ་བཀག་པས་སྙིང་དང་མགོ་བོ་ན། །སྣ་ཆུ་འཛག་ཅིང་མགོ་འཁོར་ཡི་ག་འཆུས། །དེ་ལ་ཆང་བཏུང་གཉིད་ལོག་གཏམ་སྙན་བཤད་པས་ཕན།

འཕྱེན་བཀག་པས་རྟུག་སྐམས་འཕྱེན་དང་བཤང་བ་འགག །སྐྲན་གཟེར་དང་མིག་རྟུལ་མིག་ཤད་ཉམས་པ་དྲོད་ཆུང་སྙིང་ནད་འགྱུར།

བཤང་བ་བཀག་པས་ཁ་རུ་མི་གཙང་བཤང་དྲི་འབྱུང༌། །ཀླད་པ་ན་ཞིང་རྐང་ལག་གི་ཉྭ་འགྱུར་ཆམ་པས་འདེབས། །སྔར་བཤད་འཕྱེན་བཀག་པའི་ནད་འགྱུར་གཅིན་བཀག་པས་རྡེའུ་ནད་དང༌། །ཆུ་སོ་ཕོ་མཚན་དཀུ་ནད་སྔར་བཤང་བ་བཀག་པའི་ནད་འབྱུང༌། དེ་སྨན་རེང་བུ་མས་བཏང་ལུས་བཅིང་དང༌། །བསྐུ་བྱུག་དང་དུགས་དང་སྨན་མར་བསྟེན་པར་བྱ།

ཁུ་བ་བཀག་པས་དེ་འཛག་ཕོ་མཚན་ན། །ཆུ་འགག་རྡེ་འུ་འཕེལ་དང་མ་ནིང་འགྱུར། དེ་ལ་སྨན་མས་བཏང་ལུས་བཅིང་བུད་མེད་སྤྱད་པར་བྱ། །ཏིལ་མར་དང་འོ་མ་དང་ཁྱིམ་བྱའི་ཤ་དང་ཆང་བཏང༌།

དེ་ལྟར་ཤུགས་ནི་བཀག་དང་བཙིར་བ་ཡིས། །ནད་ཀུན་འབྱུང་བར་འགྱུར་ཏེ་འཕྲལ་དུ་རླུང་འཁྲུག་པས། །དེ་ཕྱིར་དེ་ཡི་ཟས་དང་སྨན་སྐོམ་སྦྱར། །ནད་གང་ལའང་སྨྱུང་དང་ཞི་བས་ཟས་སྤྱོད་ཀྱིས་བཞུ་བྱས་ཀྱང༌། ཕྱིས་རོ་མ་ལྡང་བར་འགྱུར་པས་ལེགས་པར་སྦྱངས་ན་སླར་མི་འབྱུང༌ངོ་ །དེ་ཕྱིར་དགུན་ཟླ་བ་བཅུ་པ་དང་བཅུ་གཅིག་དང་བཅུ་གཉིས་དང་དང་པོ་བཅས་ལ་བསགས་པའི་གྲང་ནད་དཔྱིད་ཟླ་བ་དང་པོ་དང་གཉིས་པ་དང་གསུམ་པའི་དུས་སྦྱང༌ །སོས་ཟླ་བ་བཞི་པ་དང་ལྔ་པར་བསགསཔའི་ནད་དེ་དབྱར་ཟླ་བ་དྲུག་པ་དང་བདུན་པར་སྦྱང་བ་དང་དབྱར་ཟླ་བ་དེ་ཉིད་ལ་བསགས་པའི་ནད་སྟོན་ཟླ་བ་བརྒྱད་པ་དང་དགུ་པའི་དུས་སུ་སྦྱང༌ངོ་ །ལེགས་པར་སྦྱངས་པས་ནད་རོ་ཐོན་ནས་ཕྱིས་སུ་ནད་མེད་པར་འགྱུར །རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས། །ཉམས་མྱོང་དང་ལྡན་པས་བསྟེན་པར་བྱེད་ན་ནད་གང་ཡང་མི་འབྱུང༌ཞིང་ གཞན་ཡང་ནད་ཀུན་མི་སྐྱེ་བ་དང་སྐྱེས་པའང་ཞི་བར་བྱ་བའི་ཕྱིར། །གནས་སྐབས་ཀྱི་སྤྱོད་པའི་ཆོ་ག་འདི་ཉིད་ཤིན་ཏུ་བསྔགས་པ་ཡིན་ནོ །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གནས་སྐབས་ཀྱི་སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།