སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ ༡། རྒྱུ་གླེང་གཞི་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
རྩ་རྒྱུད། >>


༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་
དཔལ་ལྡན་རྩ་བའི་རྒྱུད་ཀྱི་བཀའ་མཆན་ཐེམ་སྤང་མ་

ཞེས་བྱ་བ་བཞུགས་སོ།།

༄༅། །རྒྱ་གར་འཕགས་པའི་ཡུལ་གྱི་ལེགས་པར་སྦྱར་བ་སཾསྐྲྀཏའི་སྐད་དུ། ཨ་མྲྀ་ཏ་འཆི་མེད་ཧྲྀ་ད་ཡ་སྙིང་པོ། ཨངྒ་ཡན་ལག ཨཥྚ་བརྒྱད་པ། གུ་ཧྱ་གསང་བ། ཨུ་པ་དེ་ཤ་མན་ངག ཏནྟྲ་རྒྱུད། ནཱ་མ་ཞེས་བྱ་བ།

དེ་བོད་གངས་ཅན་པའི་སྐད་དུ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ། ངེས་དོན་གྱི་དབང་དུ་བྱས་ན་བདུད་བཞི་པོ་ཡེ་ཤེས་ལྔའི་རྩིས་བསྒྱུར་བས། འཁོར་འདས་ཀྱི་སྙིང་པོ་རྣམ་པར་ཐར་བའི་ཡན་ལག་བརྒྱད་དང་ལྡན་པ། སྣོད་མིན་ལ་གསང་བ། བླ་མའི་བརྒྱུད་པ་ཟམ་མི་ཆད་ཅིང་གདམས་ངག་གནད་མ་འཁྲུག་པར་ཉེ་བར་འོང་བ། གསུང་གི་གངས་ཅན་འདིར་འཚམས་པའི་ལེགས་པའི་ཡོན་ཏན་ཀུན་ལྡན་ཞིང་། ནད་ཀྱི་གདུང་བ་ལས་སྐྱོབ་པར་རྒྱུན་མི་འཆད་པས་རྒྱུད་ཅེས་བྱ་བ་བསྒྱུར་བའི་འདི་ལ་བཤད་ཚུལ་མཐའ་ཡས་པ་དང་། སྔ་མ་སྒྲའི་ལུགས་ཡིན་པ་ལ་ཕྱི་མ་གསང་སྔགས་ཟབ་མོའི་ཚུལ་དུ་བཤད་པ་ཡོད་དོ།།

 བཅོམ་ལྷ་བུའི་བདུད་བཅོམ་པས་འདོད་པའི་བདེ་བ་དང་བྲལ་བ། ཕུང་པོའི་བདུད་བཅོམ་པས་རྟག་ཆད་ཀྱི་མཐའ་བྲལ་བ། ཉོན་མོངས་པའི་བདུད་བཅོམ་པས་འཁྲུལ་བ་དང་བྲལ་བ། འཆི་བདག་གི་བདུད་བཅོམ་པས་མྱང་ནང་ལས་འདས་སོ། ལྡན་ནི་རྡོ་རྗེ་རྩེ་མོ་ལས་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། དཔལ་དང་གྲགས་པ་ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། དྲུག་པོ་འདི་ལ་སྐལ་ཞེས་བྱ། ཞེས་གསུངས་པ་ལྟར། སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱི་ངོ་བོ་དང་རིག་པའི་ཁུང་ཡང་དག་པར་གཤེགས་པ། ཡུལ་མ་རིག་པས་བསྡུད་པའི་གཟུང་འཛིན་གྱི་དགྲ་མ་ལུས་པ་བཅོམ་པ། བྲལ་སྨིན་གྱི་ཆོས་ཀུན་ཡང་དག་པར་སྐུ་ལ་རྫོགས་པ། ཚོགས་གཉིས་རྫོགས་པའི་སངས་རྒྱས་ཡེ་ཤེས་ཀྱིས་མ་རིག་པར་རབ་ཏུ་སྣང་བ། ནད་གསོ་ལུས་ལ་ཕན་ཕྱིར་སྲིད་ཞིའི་སྨན་གྱི་བླ་མ། རིན་པོ་ཆེ་བཻ་ཌཱུརྱ་ལྟ་བུ་སྟེ་འོད་ཀྱིས་མི་མཐུན་པའི་ཕྱོགས་ལས་རྒྱལ་བ་པོ་དེ་ཉིད་ལ། དངོས་སྒྲུབ་རྣམ་གཉིས་ཐོབ་པའི་ཆེད་དུ་ཕྱག་འཚལ་ལོ། །

ཐུགས་རྗེས་དམིགས་སུ་མེད་པའི་རིས་སུ་མ་ཆད་པ། འགྲོ་བའི་དོན་གང་ལ་གང་འདུལ་མཛད་་བཅོམ་ལྡན་འདས་ཁྱོད་ཀྱི། མཚན་ཙམ་ཞིག་གང་གི་རྣ་བར་ཐོས་པས་ཀྱང་དམྱལ་བ་ལ་སོགས་པའི་ངན་འགྲོའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་མཛད་པ། །དུག་གསུམ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གིས་བསྐྱེད་པའི་ནད་ཐམས་ཅད་སེལ་བར་མཛད་པའི་སངས་རྒྱས་སྨན་གྱི་བླ་། །བཻ་ཌཱུརྱ་ཡི་འོད་ཀྱི་སྐུ་མངལ་བ་ལ་ཕྱག་འཚལ་ལོ། །

 

ལེའུ་དང་པོ། རྒྱུ་གླེང་གཞི་བཤད་པ།

འདི་སྐད་ཆོས་ཕུན་སུམ་ཚོགས་པ། བདག་གིས་འཁོར་ཕུན་སུམ་ཚོགས་པ། བཤད་པའི་སྟོན་པ་ཕུན་སུམ་ཚོགས་པ། དུས་གཅིག་དུས་ཕུན་སུམ་ཚོགས་པ། ན་གནས་ཕུན་སུམ་ཚོགས་པ་བཅས་ལྔའོ།

གནས་ཕུན་སུམ་ཚོགས་པ་ནི། དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ། རིན་པོ་ཆེ་སྣ་ལྔ་གསེར་དང་། དངུལ། མུ་ཏིག བཻཌཱུརྱ། ཡིད་བཞིན་གྱི་ནོར་བུ་ལས་གྲུབ་པའི་གཞལ་ཡས་ཁང་ཡོད་དེ། བྱེ་བྲག་ཏུ་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། ཞེས་སོགས་གསུངས་པའི་འཕྲོར། སྨན་གྱི་ནགས་སུ་ལོ་བཞི་སྟེ། གསུང་པ་ལས། བདག་གི་སྟོན་པ་སྨན་གྱི་ནགས་སུ་ལོ་བཞི་བཞུགས་པའི་ཚེ། སྨན་གྱི་ནགས་དེའི་དབུས་སུ་སྤྲུལ་པའི་རི་བོ་ངོས་བཞི་དང་ལྡན་པ། རྒྱར་དཔག་ཚད་བརྒྱད་དང་། འཕང་དུ་དཔག་ཚད་སུམ་ཡོད་པའི་སྟེང་དུ་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ། སྤྲུལ་བའི་རི་བོའི་ངོས་བཞིར་ལྷོ་ཕྱོགས་ཉི་མིའི་སྟོབས་རྒྱས་པ། སྨན་བསིལ་བ་དང་ལྡན་པའི་གངས་ཅན་དང་། ཤར་ངོས་སྤོས་ངད་ལྡན་ཞེས་དང་། ནུབ་ངོས་མ་ལ་ཡ་ཞེས་པ་ཉིན་ཟླའི་སྟོབས་མཉམ་པས་སྨན་བསིལ་དྲོད་སྙོམས་པ་སྐྱེ་བ་ལ་དགོངས་པས་དེ་ལྟར་བརྟགས་ཀྱི་ཡོན་ཏན་ལྟ་བུའི་སྒོ་ནས་གངས་ཅན་སོགས་ཕྱོགས་བཞིར་བཀོད་པ་དེ་དང་དེར་མིང་བཏགས་པཔ་ཙམ་དུ་ཤེས་དགོས་སོ།།

ཁང་པ་དེའི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་སྟེ། ནོར་བུ་རིན་པོ་ཆེ་དེས་ནི་གཞན་ལས་ཁྱད་པར་དུ་འཕགས་པ་རླུང་གི་ནད་དང་། མཁྲིས་པའི་ནད་དང་། བད་ཀན་གྱི་ནད་དང་། ལྡན་པའི་ནད་དང་། འདུས་པའི་ནད་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་སེལ་བར་བྱེད་པ། རླུང་ལ་འོད་གོར། མཁྲིས་པར་གཟེར་འཇོམས། བད་ཀན་ལ་འཇོམས་བྱེད་སྙིང་པོ། ལྡན་པར་སྣ་སྡོང་བདེ་བ་སྐྱེད་བྱེད། འདུས་པར་སྣ་ཚོགས་སྤྲུལ་བའི་སྙིང་པོ་ཞེས་དང་།  ཚ་བའི་ནད་ལ་བསིལ་དུ་གྱུར་པ། གྲང་བའི་ནད་ལ་དྲོད་དུ་གྱུར་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ། གང་ལ་གང་དགོས་པ་དང་འདོད་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་བྱེད་པ་ཡོད་དོ།།

གྲོང་ཁྱེར་དེའི་ལྷོ་ཕྱོགས་ན་རི་བོ་འབིགས་བྱེད་ཅེས་བྱ་བ་ཉི་མའི་སྟོབས་དང་ལྡན་པའི་རི་ལ། སེ་འབྲུ་དང་། ན་ལེ་ཤམ་དང་། པི་པི་ལིང་དང་། ཙི་ཏྲ་ཀ་ལ་སོགས་པ་གྲང་བ་སེལ་བར་བྱེད་པའི་སྨན་རོ་ཚ་བ་དང་སྐྱུར་བ་དང་ལན་ཚྭ་བ་དང་ནུས་པ་ཚ་བ་དང་རྣོ་བའི་སྨན་གྱི་ནགས་ཚལ། རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ། ལྟ་ན་སྡུག་པ། ཡིད་དུ་འོང་བ། སྨན་གྱི་དྲིས་ཁྱབ་པ་རྣམས་སུ་གྲང་བའི་ནད་མི་འབྱུང་བ་ཡོད་དོ། །

གྲོང་ཁྱེར་དེའི་བྱང་ཕྱོགས་ན། རི་བོ་གངས་ཅན་ཞེས་བྱ་བ་ཟླ་བའི་སྟོབས་དང་ལྡན་པའི་རི་ལ། ཙན་དན་དང་། ག་བུར་དང་། ཨ་ག་རུ་དང་། ནིམ་པ་ལ་སོགས་པ་ཚ་བ་སེལ་བར་བྱེད་པའི་སྨན་རོ་ཁ་བ་དང་། མངར་བ་དང་། བསྐ་བ་དང་། ནུས་པ་བསིལ་བ་དང་རྟུལ་བའི་སྨན་གྱི་ནགས་ཚལ། རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུར་ལྡན་པའི་སྨན་དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ཚ་བའི་ནད་མི་འབྱུང་བ་ཡོད་དོ། །

གྲོང་ཁྱེར་དེའི་ཤར་ཕྱོགས་ན། རི་བོ་སྤོས་ངད་ལྡན་ཞེས་བྱ་བའི་རི་ལ་ཨ་རུ་རའི་ནགས་ཚལ། གཙོ་བོ་རྣམ་པར་རྒྱལ་བ། རྩ་བས་རུས་པའི་ནད་སེལ་བ། སྡོང་པོས་ཤའི་ནད་སེལ་བ། ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ། ཤུན་པས་པགས་པའི་ནད་སེལ་བ། ལོ་མས་སྣོད་ཀྱི་ནད་སེལ་བ། མེ་ཏོག་གིས་དབང་པོའི་ནད་སེལ་བ། འབྲས་བུས་དོན་སྙིང་གི་ནད་སེལ་བ། རྩེ་མོ་ན་ཨ་རུ་ར་རྣམ་རྒྱལ་དང་། འབིགས་བྱེད། བདུད་རྩི་ཤ་མཐུག འཕེལ་བྱེད་ཟླུམ་པོ། སྐེམ་པོ་སུལ་མང་རྣམ་པ་ལྔ་སྨིན་པ། རོ་མངར་བ་དང་། སྐྱུར་བ། ལན་ཚྭ་བ། ཁབ། ཚ་བ། བསྐ་བ་བཅས་དྲུག་དང་ལྡན་པ། རོ་དྲུག་ལས་དངོས་སུ་ལན་ཚྭ་མ་གཏོགས་ལྔ་ཚང་ཞིང་མངར་སྐྱུར་ཚ་བ་གསུམ་འཐབས་པའི་བར་ན་ལན་ཚྭ་བ་ཐོན་པར་དགོངས་པའོ། ནུས་པ་ལྕི་བ་དང་། སྣུམ་པ། བསིལ་བ། བརྟུལ་བ། ཡང་བ། རྩུབ་པ། ཚ་བ། རྣོ་བ་བརྒྱད་དང་ལྡན་པ། ཞུ་རྗེས་གསུམ་དང་། སྐྱུར་བ། ཁ་བ། གསུམ་དང་ལྡན་པ། ཡོན་ཏན་འཇམ་པ་དང་། ལྕོ་བ། དྲོ་བ། སྣུམ་པ། བརྟན་པ། གྲང་བ། བརྟུལ་བ། བསིལ་བ། མཉེན་པ། སླ་བ། སྐམ་པ། སྐྱ་བ། ཚ་བ། ཡང་བ། རྣོ་བ། རྩུབ་པ། གཡོ་བ་བཅས་བཅུ་བདུན་རྫོགས་པ། ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་སེལ་བ། དྲི་ཞིམ་པ་ལྟ་ན་སྡུག་པ་ཡིད་དུ་འོང་བ་སྨན་གྱི་དྲིས་ཁྱབ་པ་རྣམས་སུ་ནད་བཞི་བརྒྱ་རྩ་བཞི་མི་འབྱུང་བ་ཡོད་དོ། །

གྲོང་ཁྱེར་དེའི་ནུབ་ཕྱོགས་ན། རི་བོ་མ་ལ་ཡ་ཞེས་བྱ་བ་ལ་བཟང་པོ་དྲུག་གི་སྨན་ཅུ་གང་དང་། གུར་གུམ། ཛ་ཏི། ལི་ཤི། སུག་སྨེལ། ཀ་ཀོ་ལ་སོགས་ཏེ་སྨན་བསིལ་དྲོད་སྙོམས་པ་ཐམས་ཅད་འཁྲུངས་པ་སྟེ། ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་ཅོང་ཞི་རིགས་ལྔ་ཕོ་ཅོང་གཉིས་དང་། མོ་ཅོང་གཉིས། མ་ནིང་ཅོང་ཞི་དང་། བྲག་ཞུན་རིགས་ལྔ་གསེར་དང་། དངུལ། ཟངས། ཞ་ཉེ་དང་། རླུང་མཁྲིས་བད་ཀན་དང་ལྡན་འདུས་སེལ་བའི་སྨན་ཆུ་རིགས་ལྔ་དང་། སྨན་ཆུ་རིགས་ལྔ་དང་། ཆུ་ཚན་རིགས་ལྔ་ཅོང་ཞི། མུ་ཟི། མུ་ལྗང་། རྡོ་ཞོ། རྡོ་ཆུ་དང་ལྡན་པའི་རི་བོ་ཡོད་དོ། །

ས་ཕྱོགས་ཐམས་ཅད་ཀྱང་གུར་ཀུམ་གྱི་སྤང་རི་དང་སྤོས་ཀྱི་ངད་ལྡང་བ། བྲག་ཐམས་ཅད་ལ་རྡོའི་སྨན་དང་ཚྭ་སྣའི་རིགས་ཚང་བར་ཡོད་པ། སྨན་གྱི་ནགས་ཚལ་གྱི་རྩེ་ན་རྨ་བྱ་དང་། ཤང་ཤང་དང་། ནེ་ཙོ་ལ་སོགས་པ་བྱ་སྐད་སྙན་པར་སྒྲོག་པ། རྩ་བ་ན་གླང་པོ་ཆེ་དང་དོམ་དང་གླ་བ་ལ་སོགས་པ་སྨན་བཟང་པོ་ཡོད་པའི་སེམས་ཅན་ཚང་བར་གནས་པ། སྨན་གྱི་རིགས་སུ་གྱུར་པ་ལ་མ་འཁྲུངས་པའམ་མ་ཚང་བ་མེད་པའི་རྒྱན་གྱིས་སྤྲས་པའོ། །

གཞལ་ཡས་ཁང་དེའི་དབུས་ན་ནོར་བུ་བཻ་ཌཱུརྱའི་གདན་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྟོན་པ་ཕུན་སུམ་ཚོགས་པ་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་སྤྲུལ་ནས་བཞུགས་སོ། །

སྟོན་པ་དེ་ལ་འཁོར་ཕུན་སུམ་ཚོགས་པ་ནི་ལྷ་དང་། དྲང་སྲོང་དང་། ཕྱི་པ་དང་། ནང་པའི་འཁོར་བཞིས་ཡོངས་སུ་བསྐོར་བ་སྟེ། གང་ཞེ་ན་ལྷའི་འཁོར་ནི་འདི་ལྟ་སྟེ། གཟུགས་ཁམས་ཀྱི་ལྷའི་སྨན་པ་སྐྱེ་རྒུའི་བདག་པོ་མྱུར་བ་དང༌། འདོད་ཁམས་ཀྱི་ལྷའི་སྨན་པ་ཐ་སྐར་གྱི་བུ་དང༌།  སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་མིག་སྟོང་ཅན་དང་། ལྷ་མོ་བདུད་རྩི་མ་ཡིད་འཕྲོག་མ་ལ་སོགས་པ་ལྷའི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

དྲང་སྲོང་གི་འཁོར་ནི་འདི་ལྟ་སྟེ། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང༌། མེ་བཞིན་འཇུག་དང༌། མུ་ཁྱུད་འཛིན་དང༌། འགྲོ་བ་སྐྱོང་གི་བུ་དང༌། གཤོལ་འགྲོ་སྐྱེས་དང༌། དཀའ་གཉིས་སྤྱོད་དང༌། ཐང་ལ་འབར་དང༌། ནབས་སོ་སྐྱེས་ལ་སོགས་པ་དྲང་སྲོང་གི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

ཕྱི་པའི་འཁོར་ནི་འདི་ལྟ་སྟེ། མུ་སྟེགས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་མེས་པོ་ཚངས་པ་དང༌། འཇིག་རྟེན་རྒྱངས་འཕེན་པ་རྣམས་ཀྱི་སྟོན་པ་མཧཱ་དེ་བ་ཤྲཱི་རལ་པ་ཅན་དང༌། གཅེར་བུ་རྣམས་ཀྱི་སྟོན་པ་ཁྱབ་འཇུག་དང༌། གྲངས་ཅན་པ་རྣམས་ཀྱི་སྟོན་པ་གཞོན་ནུ་གདོང་དྲུག་ཚངས་པ་ལ་སོགས་པ་མུ་སྟེགས་ཀྱི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

ནང་པའི་འཁོར་ནི་འདི་ལྟ་སྟེ། འཕགས་པ་འཇམ་དཔལ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌།  ཕྱག་ན་རྡོ་རྗེ་དང༌། ཀུན་དགའ་བོ་དང༌། སྨན་པའི་རྒྱལ་པོར་ལན་གསུམ་དབང་བསྐུར་བ་འཚོ་བྱེད་གཞོན་ནུ་ལ་སོགས་པ་ནང་པའི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །

དུས་ཕུན་སུམ་ཚོགས་པ། དེའི་ཚེ་དེའི་དུས་ན། ཆོས་ཕུན་སུམ་ཚོགས་པ་སྟོན་པས་ཐབས་ཤེས་ཨེ་ཝཾ་གཅིག་པུ་གསུངས་པའི་ངེས་དོན་གྱི་ཚིག་གཅིག་ལའང་མཐའ་མང་པོ་གསུངས་ཡོད་པས་འཁོར་སྡེ་རྣམ་པ་བཞི་པོ་ནི་སོ་སོ་རང་རང་གི་སྟོན་པའི་ལུགས་སུ་གོ་བར་ཟད་དོ། །

འདི་ནི་རང་གི་ལུས་ངག་ཡིད་གསུམ་ཉེས་པ་མེད་པར་དྲང་པོར་བསྲངས་ནས་གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པས་དྲང་སྲོང་གི་ལུགས་ཞེས་བྱའོ། །དེའི་རྒྱུ་མཚན་ནི་སྟོན་པའི་དགོངས་དོན་ཇི་ལྟ་བར་དྲང་སྲོང་ཡིད་ལས་སྐྱེས་ཀྱི་གོ་ཞིང་དེ་ཡང་ལུགས་བཞི་པའི་སྙིང་པོ་ཡིན་པའི་ཕྱིར་རོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།

མཐའ་མའི་འདོན་ཐེངས་།: 29.05.2019 ཉིན། 9:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།