སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡། བསྡོམ་ཚིག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>




༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔལ་ལྡན་
བཤད་པའི་རྒྱུད་ཀྱི་བཀའ་མཆན་ཐེམ་སྤང་མ་
ཞེས་བྱ་བ་བཞུགས་སོ།།

ལེའུ་སོ་གཅིག་བཤད་པའི་རྒྱུད་ཀྱི་བཀའ་གནད་མཆན་བུ་གསལ་བར་བྱས་པའོ།།

 

 ལེའུ་དང་པོ། བཤད་རྒྱུད་ཀྱི་བསྡོམ་ཚིག་བསྟན་པ། 

༄༅ །དེ་ནས་ཞེས་པ་ཇི་སྐད་དུ། ཡི་གེ་ཨོཾ་དང་དེ་ནས་སྒྲ། གཉིས་པོ་འདི་དག་སྔོན་ཚངས་པའི། མཁུར་ཚོས་བརྟོལ་ཏེ་མངོན་པར་ཕྱུང་། དེ་ན་འདི་གཉིས་བཀྲ་ཤིས་ཡིན། ཞེས་ཐོག་མར་བཀྲ་ཤིས་པའི་དོན་དུ་དེ་ནས་ཞེས་དང་། རྩ་རྒྱུད་གསུངས་པའི་འཇུག་ཐོག་དེ་མ་ཐག་པ་དེ་ནས་ཞེས་མཚམས་སྦྱོར་རོ། སྟོན་པ་སྤྲོས་པའི་མཐའ་བཅོམ་ཡང་དག་པའི་དོན་དང་ལྡན་མཚན་མ་ལས་འདས་སེམས་ཅན་ཐམས་ཅད་ཚེ་རིང་པོར་འཚོ་བར་མཛད་པའི་སྨན་གྱི་བླ་མ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེས་ཏིང་ངེ་འཛིན་དེ་སྔ་མ་དེ་ལས་བཞེངས་ཏེ། ཚིག་དོན་ཕུན་སུམ་ཚོགས་པར་སྨྲ་བའི་སྟོབས་དང་ལྡན་ཞིང་རི་དྭགས་གཞན་འཇོམས་པའི་སེང་གེ་ལྟ་བུ་ཞེས་བྱ་བའི་སྨན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་དབུའི་གཙུག་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཉེས་པའི་སྐྱོན་བསལ། རླུང་མཁྲིས་བད་ཀན་གྱི་ནད་ཐམས་ཅད་ཞི་བར་བྱས་ནས་སླར་དབུའི་གཙུག་ཏུ་འདུས་པ་ལས། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་སྐུ་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་པ་ལས།

གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་དེས་སྟོན་པ་ལ་ཕྱག་དང་སྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །བསྡུས་དོན་རྩ་རྒྱུད་དེ་ལྟར་གསུངས་ལགས་ན། །བཤད་པའི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན༌པའི་རྒྱལ་པོས་བཀའ་སྩོལ་ཅིག །དེ་སྐད་ཅེས་ཞུས་པ་དང༌། །སྐུ་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །གཉིས་པ་བཤད་པའི་རྒྱུད་ལ་བསླབ་པ་ནི། །འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། །མི་ན་གནས་དང་ན་བ་གསོ་བ་དང༌། །ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར།

གསོ་བ་རིག་པའི་དོན་རྣམས་མདོར་བསྡུ་ན། །གསོ་བྱའི་ལུས་དང་་གསོ་བྱེད་གཉེན་པོ་དང་ཇི་ལྟར་གསོ་བའི་ཐབས་དང༌། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། དེ་ལས་རྩ་བ་དང་པོ་གསོ་བར་བྱ་བའི་ཡུལ་བསྟན་པ །གང་གི་དོན་དུ་གསོ་བ་ལུས་དང་ནི། །གང་གསོ་བ་ལུས་དེ་ལས་བྱུང་བའི་ནད་དུ་བསྟནཔ་གཉིས

རྩ་བའི་གཉིས་པ་ནད་དེ་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །སྤྱོད་ལམདང་ཟས་དང་སྨན་དང་དཔྱད་དང་བཞི་རྣམས་སོ།

རྩ་བའི་གསུམ་པ། ནད་དེ་གཉེན་པོས་ཇི་ལྟར་གསོ་བ་ལཡང་ རྣམ་པར་མ་གྱུར་པ་ནད་མེད་པར་གནས་ཤིང་ཡུན་རིང་དུ་འཚོ་བ་དང༌། །རྣམ་པར་གྱུར་བ་ན་བ་གསོ་བར་བྱ་བགཉིས་སོ །དེ་ལ་ནད་ངོས་བཟུང་བརྟག་པའི་ཐབས་དང་ནི། །རྟོགས་ནས་ཇི་ལྟར་གསོ་བའི་གསོ་ཚུལ་དང༌། །གང་གིས་གསོ་བའི་གསོ་ཐབས་གསུམ་དུ་བཤད།

རྩ་བའི་བཞི་པ། དེ་ལྟར་གསོ་བར་བྱེད་པའི་གསོ་བ་པོསྨན་པ་བཅས །རྩ་བ་བཞི་ལ་ཡན་ལག་བཅུ་གཅིག་སྟེ། །འདི་དག་བཤད་པའི་རྒྱུད་ཀྱི་སྡོམས་ཚིག་ཡིན། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བཤད་པའི་རྒྱུད་ཀྱི་སྡོམས་ཚིག་བསྟན་པའི་ལེའུ་སྟེ་དང་པོའོ།དེ་ལྟར་ལེའུ་གཅིག་ནི་རྩ་བ་མདོར་གནས་ཏེ་དང་པོའོ།།  །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 2:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།