སྨན་རྩིས་དྲ་བ། - ཆེད་རྩོམ།

ལུས་སྦྱོང་སྟབས་བདེ་ཕྱོགས་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.02.2021
ཆེད་རྩོམ། >>



༄༅། །ཚེ་རིང་ནད་མེད་བདེ་བར་གནས་ཐབས་ཀྱི་ལུས་སྦྱོང་སྟབས་བདེ་ཕྱོགས་བསྡུས།

-          སྨན་རམས་པ་བསྟན་འཛིན་མཐའ་ཡས།



 

ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བཻཌྰུརྱའི་འོད་ལ་ཕྱག་འཚལ་ལོ།།

ཞེས་མཆོད་པར་བརྗོད་པ་སྔོན་དུ་སོང་ནས་བོད་ཀྱི་གསོ་བ་རིག་པའི་སྙིང་པོ་དཔལ་ལྡན་རྒྱུད་བཞི་ལས། འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། །མི་ན་གནས་དང་ན་བ་གསོ་བ་དང་། །ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། །ཞེས་གསུངས་པ་ལྟར་དལ་འབྱོར་གྱི་མིའི་ལུས་རྟེན་རིན་པོ་ཆེ་མི་ན་བར་གནས་པ་དང་ན་བ་གསོ་བའི་ཐབས་མཆོག་ནི་ལུས་ཀྱི་རྩ་ལམ་སངས་ནས་རླུང་ཁྲག་བདེ་བར་རྒྱུ་བར་བྱེད་པ་དེ་ཡིན་ཏེ། དཔལ་ལྡན་རྒྱུད་བཞི་ལས། དྭངས་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། །ཟས་དང་སྤྱོད་ལམ་མི་མཐུན་བསྟེན་པ་ཡིས། །བུ་གའི་རྒྱུ་ལམ་གནོད་པས་ནད་སྐྱེད་ལ། །མང་འབྱུང་འགགས་དང་གཞན་འགྲོ་འཁྲུགས་པར་བྱེད། །གནོད་མེད་བུ་ག་དག་པས་བདེ་བར་འགྱུར། །ཞེས་གསུངས་པ་བཞིན་མིའི་ལུས་ཀྱི་སྟོད་སྨད་ཕྱི་ནང་ཀུན་ཏུ་ཁྱབ་པའི་བུ་གའི་རྒྱུ་ལམ་མམ་རྩ་ལམ་རྣམས་མ་འགག་པར་རླུང་ཁྲག་སོགས་བདེ་བར་རྒྱུ་ན་ལུས་ལ་ནད་མེད་ཅིང་བདེ་ཞིང་སྟོབས་མདངས་རྒྱས་པས་བྱ་བ་གང་རྩོམ་ཡང་འགྲུབ་པ་དང་། བདེ་སྐྱིད་ལྡན་པ་ཡིན། རྩ་ལམ་དེ་རྣམས་འགག་པར་གྱུར་ན་ལུས་མི་བདེ་བར་ན་ཟུག་ལྡང་བའི་ནད་སྐྱེད་པར་གསུངས་ཡོད།

མདོར་ན་བོད་ཀྱི་གསོ་བ་རིག་པ་ལས་ནད་གཞི་གསོ་བཅོས་ལས་སྔོན་འགོག་བྱ་རྒྱུ་གལ་ཆེ་བ་དང་དེ་ཉིེད་གཞི་རྩར་འཛིན་དགོས་པ་ནན་ཏན་ཏུ་གསུངས་ཡོད། དེས་ན་སྔོན་བྱོན་མེས་པོ་དམ་པ་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ནད་གཞི་སྔོན་འགོག་བྱས་པའི་ཉམས་མྱོང་ཁག་ཕྱོགས་བསྡོམས་དང་། དེའི་སྟེང་རྒྱ་དཀར་ནག་གི་སྨན་པ་མཁས་པ་མང་པོས་སོ་སོའི་མི་ཚེའི་ནང་ནད་གཞི་སྔོན་འགོག་དང་། ལུས་ཁམས་བདེ་སྲུང་བྱས་པས་མི་ཚེ་རིང་པོར་བཞུགས་པའི་ཉམས་མྱོང་རྣམས་ཁ་སྣོན་བྱས་ནས། ནད་རིགས་སྔོན་འགོག་དང་ཚེ་རིང་ནད་མེད་ལུས་བདེ་བར་བྱེད་པའིལུས་སྦྱོང་སྟབས་བདེ་འགའ་ཕྱོགས་བསྡུས་ཞུས་པ།

 

དང་པོ། རྒྱུན་དུ་མགོ་བོར་འཕུར་འབྲད་བྱས་ནས་ལུས་ཁམས་བདེ་སྲུང་བྱ་ཐབས།

གསོ་རིག་རྒྱུད་བཞི་ལས། ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །རྩ་བ་ལྟ་བུ་ཐུར་དུ་ཟུག་པ་ཡི། །བྱ་བ་བྱེད་པའི་ཆུ་རྩ་བཅུ་དགུ་ཡོད། །དེ་ཡང་དོན་སྣོད་ནང་དུ་འབྲེལ་བ་ཡི། །དར་གྱི་དཔྱངས་ཐག་བཅུ་གསུམ་སྦས་པའི་རྩ། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་དྲུག་སྟེ། །ཞེས་དང་། ཡང་དེ་ཉིད་ལས། དབང་པོའི་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་སྐོར། །ཞེས་སོགས་གསུངས་པ་ལྟར་མགོ་བོ་ནི་ཡན་ལག་ལྔའི་དང་པོ་སྟེ་ཀླད་པ་རྩ་ཡི་རྒྱ་མཚོའི་ཚུལ་དུ་གནས་ཤིང་། དེ་ལས་གྱེས་པའི་རྩ་དཀར་རྣམས་ལུས་ཀྱི་ཆ་ཡོངས་ལ་ཁྱབ་ནས་འགུལ་སྐྱོད་ཀྱི་བྱ་བ་བྱེད་པ་དང། དར་གྱི་དཔྱངས་ཐག་བཅུ་གསུམ་ནང་དོན་ལྔ་སྣོད་དྲུག་དང་འབྲེལ་ནས་དེ་རྣམས་ཀྱི་བྱ་བར་བཀོད་འདོམས་བྱེད་པ། དེ་བཞིན་དབང་པོ་ལྔ་དང་འབྲེལ་ནས་དབང་ཤེས་རྣམས་ཚོར་བར་བྱེད། སྤྱིར་མགོ་ལ་ནད་གཞི་བརྟག་དཔྱད་དང་གསོ་བཅོས་བྱེད་པའི་གསང་མིག་མང་པོ་ཡོད་པས་ཉིན་རེ་བཞིན་མགོ་ལ་འཕུར་མཉེ་སོགས་བྱས་ན་ལུས་ཁམས་བདེ་སྲུང་བྱ་ཐུབ།
༡༽ ལག་ཐབས།  ལག་པ་གཉིས་ཀྱི་སོར་མོ་བཅུ་པོ་སེམས་ཅན་གྱི་སྡེར་མོ་བཞིན་ཅུང་གུག་ནས་སོར་རྩེ་ཐོད་པར་བཞག་ལ་ཅུང་མནན་ཏེ་གྱེན་དུ་མཚོག་མ་དང་། སྤྱི་གཙུག་བརྒྱུད་མགོའི་ལྟག་རྒྱབ་བར་སྐྲ་ཤད་པ་ལྟར་ཕུར་འབྲད་བྱ་དགོས། དེ་ཡང་ཉིན་ལྟར་སྔ་དགོང་གཉིས་ལ་དུས་ཡུན་སྐར་མ་གཉིས་གསུམ་མམ་ཐེངས་བརྒྱ་ཙམ་རེ་ཤད་དགོས།
༢༽ལག་ཐབས། ལག་སོར་བརྐྱངས་ནས་ལག་ངོས་ཀྱིས་དལ་ལྷོད་རན་པོས་མགོ་ཡོངས་ལ་རྡུང་དགོས།
ཕན་ཡོན། དེ་ལྟར་འཕུར་འབྲད་དང་ཐལ་རྡུང་བྱས་པས་ལུས་ཀྱི་རྩ་ལམ་ཀུན་སངས་ཤིང་བུ་གའི་རྒྱུ་ལམ་རྣམས་འབྱེད་ལ་ཁྲག་རླུང་འཁོར་སྐྱོད་ལེགས་སུ་གཏོང་བ་དང་། ཀླད་པ་དང་དབང་རྩའི་ནུས་པ་སྙོམ་སྒྲིག་བྱེད་པ། ཀླད་པའི་ཕྲ་ཕུང་རྙིང་ཚབ་གསར་བརྗེའི་ནུས་པ་མཐོ་རུ་གཏོང་བ་དང་ཕྲ་ཕུང་གི་གསོན་ཚད་རིང་དུ་གཏོང་བ། ཀླད་ཁམས་སངས་ཤིང་དྲན་ཤེས་གསལ་ལ་རིག་པ་མྱུར་བ། ད་དུང་ལུས་ཀྱི་ངལ་དུབ་དང་། གཉིད་ཡེར་བ། སེམས་འཚབ་པ། གདོང་གི་དབང་རྩ་ན་བ། མགོ་ཕྱེད་ན་བ། རྣ་བ་འུར་བ་སོགས་ཀྱི་ནད་གཞི་ལ་ཕན་ཞིང་། མིག་གི་དབང་པོ་གསལ་ལ་རྣ་བ་གསང་པོར་འགྱུར་བའི་ནུས་པ་ཡོད། དེ་མཚུངས་སྐྲ་དཀར་དང་སྐྲ་འབྱི་བའི་ནད་རིགས་སྔོན་འགོག་བྱེད་པ་དང་། ཟས་ཀྱི་དང་ག་འབྱེད་པ་སོགས་མདོར་ན་ལུས་ཟུངས་གསོ་ཞིང་སེམས་ཁམས་སྙོམས་པའི་ཐབས་ལམ་ལེགས་ཤོས་ཤིག་ཡིན།

 

གཉིས་པ། མིག་འབྲས་ཀྱི་གཡོ་འགུལ་ལ་བརྟེན་ནས་མིག་གི་ནུས་པ་གསོ་ཐབས།

༡༽ ལག་ཐབས། མིག་གཉིས་ཤུགས་ཀྱིས་བཙུམ་ཞིང་ཤུགས་ཀྱིས་གདངས་པ་དང་། དེ་ནས་ཐོག་མར་མིག་འབྲས་གྱེན་དང་གཡོན། ཐུར་དང་གཡས་བྱས་ཏེ་ཕྱོགས་བཞིར་གཡས་སྐོར་བྱས་ཏེ་ཐེངས་བདུན་ཙམ་ལྟ་བ་དང་། དེ་བཞིན་སླར་ཡང་མིག་གཉིས་ཤུགས་ཀྱིས་བཙུམ་པ་དང་གདངས་རྗེས་མིག་འབྲས་གཡོན་ཕྱོགས་ནས་བརྩམ་སྟེ་ཕྱོགས་བཞིར་གཡོན་སྐོར་བྱས་ཏེ་ཐེངས་བདུན་ཙམ་ལྟ་དགོས། དེ་ལྟར་རེས་མོས་ཀྱིས་ཐེངས་གསུམ་རེ་བྱ་དགོས།
ཕན་ཡོན། མིག་ཤེད་སྐྱེད་ལ་མིག་གི་རྒྱང་གྲིབ་དང་མཐོང་ནུས་ཞན་པ་སོགས་སྔོན་འགོག་བྱ་ཐུབ།
༢༽ ལག་ཐབས། རྒྱུན་དུ་ལག་མཐིལ་འཇམ་པོས་མིག་གི་མཐའ་འཁོར་ལ་འཕུར་མཉེ་རན་པོར་བྱ་དགོས།
ཕན་ཡོན། མིག་གི་མཐའ་འཁོར་གྱི་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་ཞིང་མིག་དབང་གསལ་ལ། ཀླད་ཁམས་གསོ་ཞིང་བཞིན་མདངས་མཛེས་པར་བྱེད་པའི་ནུས་པ་ཡོད།
༣༽ལག་ཐབས། ལག་ངོས་ཕན་ཚུན་བདར་ནས་ལག་མཐིལ་ཚ་བོར་གྱུར་རྗེས་ལག་མཐིལ་གཉིས་ཀྱིས་མིག་ཟུང་བཀབ་ནས་ཚ་བོ་བཟོ་དགོས།
ཕན་ཡོན། མིག་ནད་རྒྱང་འགྲིབ་དང་མཐོང་ཤུགས་ཞན་པར་ཕན།

 

གསུམ་པ། རྒྱུན་དུ་སྣ་ཕུར་ནས་དབུགས་རྒྱུན་སངས་ཐབས།

སྣ་ནི་དབུགས་འབྱིན་རྔུབ་ཀྱི་སྒོ་ཡིན་ལ་ཕྱིའི་མཁའ་རླུང་དང་ཐད་ཀར་འབྲེལ་ཞིང་། གློ་བ་གཙོ་བོར་བྱས་པའི་ནང་གི་དོན་སྣོད་དབང་པོ་རྣམས་དང་ཡང་འབྲེལ་ཡོད།

༡༽ ལག་ཐབས། རྒྱུན་དུ་མཛུབ་མོ་གཉིས་ཀྱིས་སྣ་གཤོག་གཉིས་ཐེངས་བཅུ་གཉིས་ཙམ་འཕུར་བ་དང་། ལག་སོར་གྱིས་སྣ་གདོང་རྩེ་ནས་ཐུར་དུ་ཐེངས་བཅུ་ཙམ་ཤད་དགོས།
ཕན་ཡོན། སྣའི་ཉེ་འཁོར་གྱི་རླུང་ཁྲག་གི་རྒྱུ་བ་སངས་ཏེ་སྣས་དྲི་ཚོར་བའི་ནུས་པ་ཆེ་རུ་གཏོང་བ་དང་། སྣ་འགག་པ་སངས་ལ་གློ་བ་གསོ་ཞིང་ཆམ་པ་སྔོན་འགོག་བྱ་ཐུབ།
༢༽ལག་ཐབས།  ལག་གཉིས་ཁུ་ཚུར་བཅངས་ནས་མཐེབ་ཚིགས་དང་པོ་རྣོན་པོ་བྱས་པས་སྨིན་མའི་ནང་སྣེ་གཉིས་དང་། མིག་གི་ནང་སྣེ་གཉིས། སྣ་གཤོག་འགྲམ་གཉིས་བཅས་ཀྱི་གསང་དྲུག་ལ་འཕུར་མཉེ་བྱ་དགོས།
ཕན་ཡོན། ཡ་མ་སྣ་འགག་དང་ཟ་འཕྲུག་ལངས་པ་སོགས་ལ་ཕན་རླབས་ཆེ།

 

བཞི་པ། རྒྱུན་དུ་རྣ་བ་དང་རྣ་གཤོག་ལ་འཕུར་མཉེ་བྱས་ཏེ་རྣའི་དབང་ཚོར་གསོ་ཐབས།

མིའི་རྣ་བ་ནི་རང་ལུས་ཀྱི་གཟུགས་རིས་ཆུང་བ་ཞིག་ཡིན་ལ། མཁལ་མའི་ནུས་སྟོབས་རྣ་བ་དང་ཐད་ཀར་འབྲེལ་ཡོད། མཁལ་རླུང་རྣ་བར་རྒྱུ་ཞིང་། མཁལ་སྒོ་རྣ་བ་ནས་ཕྱེ། མཁལ་མའི་མེ་ཏོག་རྣ་བ་ཡིན་པ་སོགས་ཀྱི་བཤད་སྲོལ་ཡོད་པ་མ་ཟད་མཁལ་མ་དང་རྣ་བའི་བར་འབྲེལ་བ་དམ་ཟབ་ཡོད་པ་ཡང་གསལ་པོར་གསུངས་ཡོད།

༡༽ ལག་ཐབས།  ལག་མཐིལ་གཉིས་ཀྱིས་རྣ་བ་བཀབ་ལ་ཤེད་ཀྱིས་མནན་རྗེས་མྱུར་བར་ཀློད་པས་ཝང་ཞེས་པའི་སྒྲ་ཐོན་པར་བྱ་དགོས། དེ་ལྟར་རྣ་བ་གནོན་ཀློད་ཐེངས་བཅུ་ཙམ་བྱ་དགོས།
ཕན་ཡོན།  རྣ་བའི་སྐྱི་མོ་སྒུལ་ནས་རྣའི་ནུས་པ་ཉམས་རྒུད་མི་འགྲོ་བའི་སྔོན་འགོག་བྱེད་ཐུབ།
༢༽ ལག་ཐབས།  རྣ་གཤོག་འཐེན་པ་ནི་ལག་གཉིས་ཀྱི་རྣ་གཤོག་གཉིས་གྱེན་ཐུར་ཕྱི་ཕྱོགས་སུ་ཐེངས་བཅུ་བཞི་ཙམ་འཐེན་དགོས།
༣༽ལག་ཐབས།  རྣ་གཤོག་མདུན་དུ་ལྟེབ་པའི་ཐོག་ཏུ་ལག་མཐིལ་གཉིས་ཀྱིས་བཀབ་ནས་སོར་མོ་རྣམས་མགོ་ལྟག་ཏུ་བཞག་ལ། ལྟག་པའི་སྤུ་འཁྱིལ་དུ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་ཀྱི་ཐོག་ནས་ཤེད་ཀྱིས་གནོན་རྡུང་ཐེངས་བཅུ་ཙམ་བྱས་ཏེ་རྡུང་སྒྲ་རྔ་སྒྲ་ལྟ་བུ་རྣ་བས་ཐོས་པར་བྱ་དགོས།
ཕན་ཡོན། རྒྱུན་དུ་ཉལ་ཁར་དེ་ལྟར་བྱས་པས་དྲན་ཤེས་དང་རྣ་བའི་དབང་པོ་གསལ་བར་བྱེད།
༤༽ ལག་ཐབས།
 རྒྱུན་དུ་རྣ་བའི་ཐོག་ལག་མཐིལ་ལྷོད་པོར་བཞག་ནས་རྒྱབ་མདུན་གསེག་ནས་འཕུར་མཉེ་བྱ་དགོས།  

ཕན་ཡོན། མགོ་ཡི་གཟེར་ཟུག་གཅོག་ཅིང་མགོ་ཡུ་འཁོར་བ་དང་། མགོ་ན་བར་ཕན་ཞིང་། ལུས་སྟོབས་རྒྱས་ལ་མཁལ་ནུས་གསོ་བར་བྱེད། ལྷག་པར་ལུས་སྟོབས་ཞན་པའི་མི་རྣམས་ཀྱིས་རྣ་བར་འཕུར་མཉེ་བྱས་ན་ཆམ་རིམས་སྔོན་འགོག་བྱེད་ཐུབ།
༥༽ ལག་ཐབས། རྣ་གཤོག་རྒྱབ་སྨད་ཀྱི་རུས་པ་འབུར་བོ་གཉིས་བར་གྱི་ཀོང་མོའི་ནང་དུ་གནོན་འཕུར་བྱ་དགོས།
ཕན་ཡོན། སྣ་བ་འུར་བའམ་འོན་པ་དང་། ན་ཟུག་བྱེད་པ་བཅས་ལ་ཕན།

 

ལྔ་པ། རྒྱུན་དུ་གདོང་ལ་འཕུར་མཉེ་བྱས་ནས་བཞིན་མདངས་གསོ་ཐབས།

ལག་ཐབས། ལག་ངོས་ཕན་ཚུན་བརྡར་ནས་ཚ་བོར་གྱུར་དུས་ངོ་གདོང་ལ་ཡར་མར་དང་གཡས་གཡོན་འཕུར་བའམ་གདོང་བཀྲུ་བ་ལྟར་འཕུར་དགོས།
ཕན་ཡོན། བཞིན་མདངས་རྒྱས་ཤིང་གཉེར་མ་ཡལ་བར་འགྱུར།

 

དྲུག་པ། ཁའི་གདང་བཙུམ་ལ་བརྟེན་ནས་གདོང་གི་ཤ་སྒྲིམ་གསོ་ཐབས།

༡༽ ལག་ཐབས།  དུས་ངེས་མེད་དུ་ཁ་ཅུང་ལྷོད་པོར་བཙུམ་ལ་ཡ་སོ་དང་མ་སོ་ཕན་ཚུན་ལྡད་བྱེད་པ་ལྟར་བསྡམ་བཙིར་ཀློད་པ་ཡང་ཡང་བྱ་དགོས།
ཕན་ཡོན། ཡ་མགལ་དང་མ་མགལ་གྱི་གནས་སུ་ཡོད་པའི་རྩའི་རྒྱུ་ལམ་རྣམས་སངས་ཏེ་གདོང་གི་ཤ་སྒྲིམ་གྱི་ནུས་པ་གསོ་ཞིང་། མགོ་དང་ཀླད་པའི་ཁམས་དྭངས་པ་དང་། ཕོ་བ་དང་རྒྱུ་མའི་འཇུ་བྱེད་ཀྱི་ནུས་པ་བསྐྱེད་ཅིང་། སོ་དང་སོ་རྐང་ཉམས་གུད་དུ་མི་འགྲོ་བའི་སྔོན་འགོག་བྱ་ཐུབ་པར་མ་ཟད་ཁའི་ནད་རིགས་ལའང་ཕན་ནུས་ཆེན་པོ་ཡོད།
༢༽ ལག་ཐབས།  སྔ་དགོང་གཉིས་སུ་རྒྱུད་རིམ་ལྡན་པའི་སྒོ་ནས་ཁ་ཆེ་ཙམ་གདངས་ལ་ཤུགས་ཀྱིས་བཙུམ་སྟེ་གདོང་གི་ཤ་སྒྲིམ་འཐེན་འགུལ་ཐུབ་པ་བྱ་བ་ཐེངས་ལྔ་བཅུ་ཙམ་རེ་བྱ་དགོས།

ཕན་ཡོན། གདོང་གི་ཁྲག་གི་འཁོར་སྐྱོད་མྱུར་བ་དང་། རྩ་རྒྱུས་ཀྱི་ཕུང་གྲུབ་ཉམས་གུད་དུ་མི་འགྲོ་བའི་སྔོན་འགོག་དང། ཀླད་ཁམས་སངས་ལ་སེམས་ཁམས་ལྷོད་ཅིང་མཛེས་བཅོས་ཀྱི་ནུས་པ་འདོན་ཐུབ།
༣༽ ལག་ཐབས།  རྒྱུན་དུ་བཤང་གཅི་གཏོང་དུས་ཁ་བཙུམ་སྟེ་སོ་བསྡམས་ལ་རིག་པ་བསྒྲིམས་ནས་གཏོང་དགོས།

ཕན་ཡོན། ལུས་ཀྱི་སྟོབས་བཅུད་བཤང་གཅི་དང་མཉམ་དུ་ཕྱིར་མི་ཤོར་བ་དང་། མཁལ་ནུས་གསོ་ཞིང་སོ་རྩ་བརྟན་པའི་ནུས་པ་ཡོད།

 

བདུན་པ། རྒྱུན་དུ་རང་གི་མཆིལ་མ་ཁོང་དུ་མིད་ནས་ལུས་ཁམས་གསོ་ཐབས།

མཆིལ་མ་ནི་ཁའི་ནང་ངོས་ཀྱི་མཆིལ་མའི་རྨེན་བུ་ལས་ཟགས་ཐོན་བྱུང་སྟེ་ཁ་ཡི་ནང་ནས་མཆིལ་མར་འགྱུར་བ་ཡིན། རྒྱུན་ལྡན་ཉིན་རེར་མཆིལ་མ་ལི་ཏྲར་༡ ནས་༡༌༥ བར་ཐོན་གྱིན་ཡོད་པ་དང་། མཆིལ་མ་ལ་ཚན་རིག་པས་བརྟག་དཔྱད་བྱས་པར། དེའི་ནང་ཆུ་དང་། སྐྱུར་རྩི། གཅིན་རྩི། འཚོ་བཅུད་ཁ་བ། སྤྲུ་དཀར་སོགས་ལུས་ལ་ཕན་པའི་རྫས་རིགས་ ༢༠ ལྷག་འདུས་ཡོད་པ་ཤེས་ཡོད། གནའ་བོའི་སྨན་གཞུང་དུ་མཆིལ་མ་ནི་ཁའི་ནང་ངོས་ནས་བྱུང་ལ་ལྕེ་རྩ་དང་མིད་གྲེ་བརྒྱུད། གློ་བ་ནས་མཆིན་པར་འགྲོ། མཁལ་རྩར་རྒྱུ་ལ། ལྟེ་འོག་ཏུ་གསོག དེ་ནས་བཅུད་དུ་འགྱུར་ལ་གཏུམ་མོའི་གསང་ལ་སྤྲོད་པ་གསུངས་ཡོད།
ལག་ཐབས།  ལུས་སེམས་ལྷོད་ལ་ཕབ་སྟེ་དབུགས་དལ་མོས་ཐེངས་གསུམ་ཕྱིར་འབྱིན་ལ། ལྕེ་ཡིས་སོའི་ཕྱི་དང་མཆུ་ཏོའི་ནང་ངོས་སུ་གཡས་སྐོར་གཡོན་སྐོར་ཐེངས་བཅུ་གཉིས་རེ་བྱས་ནས། མཆིལ་མ་ཁའི་ནང་ཁེང་སྐབས་མཁུར་བཀང་ཐེངས་ལྔ་ནས་བཅུ་བར་བྱས་རྗེས་མཆིལ་མ་ཡོད་ཚད་མིད་ཐེངས་གསུམ་བྱས་ཏེ་ཁོང་དུ་དལ་མོས་མིད་དགོས། དེ་ཡང་ལྟེ་འོག་བར་དུ་འགྲོ་སོང་སྙམ་པའི་མོས་པ་གང་ཐུབ་བྱ་དགོས། དེ་ལྟར་ཉིན་རེ་ཐེངས་གསུམ་ཙམ་བྱ།
ཕན་ཡོན། མཆིལ་མ་མིད་པས་དོན་ལྔའི་བྱེད་ལས་དང་པགས་མདངས་གསོ་བ་དང་། ཚེ་རིང་བར་འགྱུར་བ། ཕོ་མཆེར་གྱི་བྱེད་ལས་སྙོམས་ཤིང་བུ་ག་འབྱེད་པ། མཁལ་མའི་ལྷན་སྐྱེས་ཀྱི་ནུས་པ་གསོ་ཞིང་ཡན་ལག་གི་ཚིགས་རྣམས་མཉེན་པ། དེ་བཞིན་ཀླད་པ་གསོ་བའི་ནུས་པའང་ཡོད།

 

བརྒྱད་པ། རྒྱུན་དུ་སྐེ་གཡས་གཡོན་དུ་འཁོར་ནས་སྐེ་ཚིགས་ཀྱི་ནད་རིགས་སྔོན་འགོག་བྱེད་ཐབས།

༡༽ ལག་ཐབས།  ལག་གཉིས་རྐེད་པར་བཞག་ནས་མིག་བཙུམ་ལ་མགོ་བོ་མདུན་དུ་གུག་ནས་དལ་མོས་གཡས་སུ་དཀྱུ་འཁོར་ཐེངས་དྲུག་ཙམ་དང་། དེ་རྗེས་གཡོན་དུ་དཀྱུ་འཁོར་ཐེངས་དྲུག་ཙམ་བྱ་དགོས། ཡིན་ན་ཡང་དཀྱུ་འཁོར་སྐོར་བ་མྱུར་དྲག་ཚེ་མགོ་ཡུ་འཁོར་བ་སོགས་འབྱུང་ཉེན་ཡོད་པས་ལྷོད་དལ་ངང་ནས་བྱ་རྒྱུ་གལ་ཆེ། སྐེ་ཚིགས་ལ་སྐྱོན་ཡོད་པ་རྣམས་ཀྱིས་བྱ་མི་རུང་།
༢༽ ལག་ཐབས།  རྐུབ་སྟེགས་སྟེང་དུ་བསྡད་དེ་མགོ་བོ་རྒྱབ་ཏུ་དགྱེ་བ་དང་། མདུན་དུ་གུག་ལ་མ་མགལ་བྲང་ཁར་སྦྱར་བ་ཐེངས་བཅུ་ནས་བཅོ་ལྔ་བར་བྱ་དགོས། དེ་བཞིན་གཡས་གཡོན་དུ་ཡང་ཐེངས་བཅུ་ནས་བཅོ་ལྔ་བར་བསྙལ་དགོས། དེ་རྗེས་མགོ་བོ་རྒྱབ་ལ་ཁེན་ཏེ་ལག་སོར་བཅུ་བསྣོལ་བའི་ནང་ངོས་ཀྱིས་སྐེ་མཇིང་བཟུང་སྟེ་བཙིར་གནོན་ཡང་ཡང་བྱ་དགོས། དེ་བཞིན་སྐེ་བཟུང་ནས་མགོ་རྒྱབ་དུ་དགྱེ་བས་སྐེ་ཚིགས་གྱེན་དུ་འཐེན་པར་བྱེད་དགོས།   
ཕན་ཡོན། དེ་རྣམས་ཀྱིས་མགོ་ལྕི་བ་དང་སྐེ་མཇིང་ན་བར་ཕན་པ་དང་། ཀླད་པ་སངས་ལ་རིག་པ་མྱུར་བ། ཡིད་བརྟ་བར་བྱེད། དེ་བཞིན་སྐེ་ཚིགས་ཀྱི་ནད་རིགས་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་ཡོད།

 

དགུ་པ། སྙིང་ཁམས་བདེ་བར་བྱེད་ཐབས།

ལག་ཐབས། ལག་གཡས་ཀྱི་མཐེ་བོང་གིས་ལག་གཡོན་པའི་མཆན་ཁུངས་དཀྱིལ་གྱི་རྩ་རྒྱུས་རྣམས་རོལ་མོ་ཁྲོལ་བ་ལྟར་ཁྲོལ་དགོས། དེའི་སྐབས་ལག་གཡོན་གྱི་དཀྱིལ་འཛུབ་དང་སྲིན་འཛུབ། མཐེའུ་ཆུང་བཅས་སྦྲིད་པའི་ཚོར་བ་ཡོད་དགོས། 
ཕན་ཡོན། སྙིང་ཐུམ་རྩ་དང་སྙིང་རྩའི་རྩ་ལམ་སངས་ལ་སྙིང་ཁོག་ཁྲག་གི་འཁོར་སྐྱོད་བདེ་བར་རྒྱུ་བར་བྱེད་པས་སྙིང་ནད་རིགས་སྔོན་འགོག་དང་གསོ་བཅོས་ལ་ཕན་ཆེ།

 

བཅུ་པ། རྒྱུན་དུ་ལག་པ་འཕུར་མཉེ་བྱས་ནས་ལུས་ཁམས་གསོ་ཐབས།

༡༽ ལག་ཐབས།  རྒྱུན་དུ་སྔ་དྲོ་ཉི་ཤར་གྱི་དུས་སུ་ལག་སོར་བརྐྱང་ནས་ཕན་ཚུན་བརྡུང་བའམ་ཐལ་མོ་བརྡབ་དགོས།
ཕན་ཡོན། ལུས་ཀྱི་དྲོད་ཁམས་རྒྱས་ཏེ་ཤ་ཚིལ་འཕེལ་བ་བྲི་ནས་ལུས་ཀྱི་ལྗིད་ཚད་རན་པར་བྱེད་པ་དང་། མགོ་དང་ལག་པའི་ནད་རིགས་སྔོན་འགོག་དང་གསོ་བཅོས་ལ་ཕན་སྐྱེད་ཆེ།

༢༽ ལག་ཐབས།  རྒྱུན་ལྡན་ལག་པ་བཀྲུ་བ་བཞིན་སོར་མོ་ཕན་ཚུན་འཕུར་མཉེ་བྱ་དགོས། དེ་དུས་མཁྲིག་ཚིགས་འགུལ་སྐྱོད་ཐེབས་པ་བྱ་དགོས།
ཕན་ཡོན། ལག་པའི་རྩ་རྒྱུད་རྣམས་སངས་ལ་རླུང་ཁྲག་རྒྱུ་ཞིང་། དྲེག་གྲུམ་གྱིས་སོར་ཚིགས་སྐྲངས་པ་དང་། ན་ཟུག་བྱེད་པ་སོགས་ལ་ཕན་ནུས་ཆེ་བ་ཡིན།
ལག་ཐབས།  ལག་པའི་སོར་བཅུ་བསྣོལ་ལ་ལག་མཐིལ་བྲང་ངོས་སུ་སྦྱར། དེ་ནས་ལག་ངོས་ཕྱིར་བསྒྱུར་ནས་མདུན་དང་། གྱེན་ཐུར་གཡས་གཡོན་བཅས་སུ་ཐེངས་བཅུ་ཙམ་རེ་བརྐྱང་འཐེན་བྱ་དགོས།
ཕན་ཡོན། མདུན་དང་གྱེན་དུ་བརྐྱངས་པས་སྙིང་རྩ་དང་སྙིང་ཐུམ་རྩ་གཉིས་འཐེན་པས་སྙིང་ཁམས་ཀྱི་བྱེད་ནུས་སྐྱེད་པར་བྱེད། གཡས་གཡོན་དུ་བརྐྱངས་པས་ལག་པའི་རྒྱུ་ལོང་བསམ་སེའུའི་གདགས་རྩ་གསུམ་འཐེན་ཞིང་རླུང་ཁྲག་གི་རྒྱུ་ལམ་སངས་ལ་ཕྲག་པ་དང་གྲུ་མོའི་གཉན་ཚད་སྔོན་འགོག་བྱེད་ཐུབ།
༤༽ ལག་ཐབས།  ཉིན་ལྟར་ལག་པ་གཉིས་ཤུགས་ཀྱིས་ཁུ་ཚུར་བཅངས་པ་དང་ལྷོད་པ་ཐེངས་བདུན་ཅུ་ཙམ་བྱ་དགོས། དེའི་སྐབས་སུ་ལུས་ཀུན་གྱིས་ཤུགས་རྒྱག་དགོས།
ཕན་ཡོན། ནང་དོན་སྣོད་ཀྱི་ནུས་པ་སྐྱེད་ཅིང་ལུས་སྟོབས་རྒྱས་ལ། སེམས་ཤུགས་སྲུང་འཛིན་བྱ་ཐུབ། སྐབས་རེར་ལུས་སེམས་ངལ་དུབ་བྱུང་སྐབས་ཀྱང་ཐབས་འདི་སྤྱད་ཆོག

 

བཅུ་གཅིག རྒྱུན་དུ་གསུས་པ་འཕུར་ནས་འཇུ་བྱེད་མ་ལག་གི་བྱེད་ནུས་སྲུང་ཐབས།

གསུས་པ་ནི་དོན་ལྔ་སྣོད་དྲུག་གི་མཁར་གྲོང་དང་ལུས་ཀྱི་ཚ་གྲང་གི་འབྱུང་ཁུངས་ཡིན། ལྷག་པར་གསུས་ཁོག་གི་ཕོ་མཆེར་གཉིས་ནི་རྗེས་སྐྱེས་ཀྱི་ནུས་པ་ཡིན་པས་ཟས་སྐོམ་མྱག་བཞུ་དྭངས་སྙིགས་ཕྱེས་ནས་དྭངས་མའི་བཅུད་རྫས་གློ་སྙིང་མཁལ་མཆིན་སོགས་དོན་སྣོད་དབང་པོ་ཀུན་ལ་མཁོ་སྤྲོད་བྱེད་པ་ཡིན།
༡༽ ལག་ཐབས། ལག་ངོས་ཕན་ཚུན་བརྡར་ནས་ལག་མཐིལ་ཚ་བོར་གྱུར་རྗེས། ལྟེ་བའི་མཐའ་འཁོར་དུ་གཡས་སྐོར་གྱིས་ཕུར་ལ་རིམ་བཞིན་རྒྱ་ཆེ་རུ་གཏོང་དགོས་ཤིང་། དེ་ལྟར་ཕུར་ཐེངས་སོ་དྲུག་ཙམ་བྱ་དགོས། དེ་བཞིན་རྒྱུན་དུ་ལུས་སྤྱིའི་པགས་པ་ལག་པ་ཚ་བོས་འཕུར་མཉེ་བྱས་ན་རྩ་ཡི་རྒྱུ་ལམ་འབྱེད་ཅིང་རླུང་ཁྲག་གི་འཁོར་རྒྱུག་མྱུར་བར་བཏང་ནས་ནད་རིགས་སེལ་ཞིང་རྒས་ཁ་སྲ་བར་བྱེད།
༢༽ ལག་ཐབས། ལག་མཐིལ་གཉིས་ཀྱིས་ཐོག་མར་གྲོད་ཁོག་ཡོངས་ལ་གཡས་སྐོར་གྱིས་ཐེངས་བརྒྱ་དང་ཉི་ཤུ་ཙམ་སྐོར་འཕུར་བྱེད་པ་དང་། དེ་བཞིན་གཡོན་སྐོར་གྱིས་ཐེངས་བརྒྱ་དང་ཉི་ཤུ་ཙམ་བཅས་སྐོར་འཕུར་བྱ་དགོས། ཡིན་ན་ཡང་དོ་སྣང་བྱ་དགོས་པ་ཞིག་ལ་ཁ་ཟས་ཟོས་མ་ཐག་དང་ལྟོགས་པའི་དུས་སུ་གྲོད་ཁོག་ཏུ་འཕུར་མཉེ་བྱ་མི་རུང་།
ཕན་ཡོན། གསུས་པ་འཕུར་ན་ཕོ་མཆེར་གྱི་ནུས་པ་གསོ་ཞིང་རླུང་ཁྲག་རྒྱུ་བ་དང་། མཁལ་མར་བསགས་པའི་ཕ་མ་ལས་བྱུང་བའི་ལྷན་སྐྱེས་ཀྱི་ནུས་པར་ཁ་གསབ་དང་སྲུང་སྐྱོབ་བྱེད། འཇུ་བྱེད་ཁོངས་གཏོགས་ཀྱི་ནད་རིགས་གྲོད་ཁོག་སྦོས་པ་དང་། ཁམས་འཛག་པ། ཁྲག་ཤེད་མི་སྙོམས་པ། གཅིན་སྙིའི་ནད་སོགས་ལ་ཕན་པར་མ་ཟད། གསུས་ཚིལ་འཇུ་བའི་ཐབས་མཆོག་ཅིག་ཀྱང་ཡིན།

 

བཅུ་གཉིས། ཐུར་སེལ་རླུང་གྱེན་དུ་བཏེག་ནས་ལུས་ཁམས་བདེ་སྲུང་བྱ་ཐབས།

ལག་ཐབས། ལུས་ལྷོད་པོར་བསྡད་དེ་དབུགས་ནང་དུ་རྔུབ་དུས་བཤང་ལམ་དང་གཅིན་ལམ་བཙུམ་བཞིན་ཐུར་སེལ་གྱི་རླུང་ཁོག་པའི་ནང་ནས་གྱེན་དུ་འཐེན་ལ་སྐར་ཆ་ཁ་ཤས་ལ་དབུགས་རྒྱུན་སྡོམ་དགོས། དེ་རྗེས་དབུགས་དལ་མོས་ཕྱི་རུ་འབྱིན་དུས་འོག་སྒོ་གཉིས་ཀྱི་ཐུར་སེལ་རླུང་ཐུར་དུ་ཀློད་དགོས། ཡང་ན་འབྱིན་རྔུབ་ཀྱི་དབུགས་དང་མ་འབྲེལ་བར་འོག་སྒོ་གཉིས་བཙུམ་བཞིན་ཐུར་སེལ་གྱི་རླུང་གྱེན་དུ་འཐེན་ལ་ཀློད་པ་ཡང་ཡང་བྱ་དགོས། དེ་ལྟར་རྒྱུན་དུ་སྔ་དགོང་གཉིས་སུ་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་ཐུར་སེལ་རླུང་གྱེན་དུ་འཐེན་དགོས།
ཕན་ཡོན། ལུས་ཀྱི་རྒྱབ་དཀྱིལ་རྩ་དང་། མདུན་དཀྱིལ་རྩ། མཁལ་ལྒང་གི་རྩ་ལམ་རྣམས་འབྱེད་ལ། སྙིང་དང་མཁལ་མ་སོགས་དོན་སྣོད་རྣམས་ཀྱི་ནུས་པ་གསོ་ཞིང་ཀླད་པ་སངས་ལ་ཡིད་བརྟ་བར་བྱེད། འོག་རླུང་དང་བཤང་བ་འགག་པ། བཤང་བ་སྲ་བ། གཅིན་ཁ་སྙི་བའམ་འགག་པ། ལྒང་རྨེན་སྐྲངས་པ། གཞང་འབྲུམ་དང་གཞང་ལུགས་པ་སོགས་ཀྱི་ནད་རིགས་སེལ་ཞིང་། ལུས་ཀྱི་སྟོབས་རྒྱས་ཤིང་ཚེ་རིང་བར་བྱེད།

 

བཅུ་གསུམ། རྒྱུན་དུ་ལུས་པོ་ཉི་མར་བསྲོས་ནས་ལུས་ཁམས་བདེ་སྲུང་བྱ་ཐབས།

ལག་ཐབས། སྔ་དྲོ་ཆུ་ཚོད་བརྒྱད་པ་ནས་བཅུ་བ་བར་གྱི་ཉི་འོད་ལུས་པོར་འཕྲོད་ཆེ་བས། བར་སྐབས་དེར་སྤྱི་གཙུག་དང་ལུས་རྒྱབ་གང་འཚམ་ཉི་མར་བསྲོ་དགོས།
ཕན་ཡོན། ལུས་ཀྱི་དྲོད་སྐྱེད་ཅིང་ཁྲག་གི་འཁོར་རྒྱུག་ལེགས་སུ་གཏོང་བ་དང་། བ་སྤུའི་བུ་ག་འབྱེད་ཅིང་པགས་མདངས་གསོ་ལ་ནད་རིགས་སྔོན་འགོག་བྱེད་ཐུབ།

 

བཅུ་བཞི། རྒྱུན་དུ་རྐེད་པ་གཡོ་འགུལ་དང་འཕུར་མཉེ་བྱས་ལུས་ཁམས་བདེ་སྲུང་བྱ་ཐབས།

རྐེད་པ་ནི་ལུས་སྟོད་གྱེན་དུ་འདེགས་པའི་ཀ་བ་ལྟ་བུ་ཡིན་ལ། རྒྱབ་དཀྱིལ་རྩ་དང་ལྒང་རྩ་གནས་དེར་རྒྱུ་ཞིང་མཁལ་མའི་ཁྱིམ་ཡང་ཡིན་པས། རྐེད་པ་གཡོ་འགུལ་དང་རྐེད་པར་འཕུར་མཉེ་བྱེད་པ་ནི་མཁལ་ནུས་སྲུང་སྐྱོབ་བྱེད་པའི་ཐབས་མཆོག་ཅིག་ཡིན། ད་དུང་རྐེད་པའི་རྩ་རྒྱུས་བརྡབ་འཁྲུགས་བྱུང་བར་ཕན་ཞིང་རྐེད་ཚིགས་ཕྱི་རུ་ཐོན་པའི་ནད་གཞི་སྔོན་འགོག་དང་གསོ་བཅོས་བྱེད་པར་ཡང་ཕན་ནུས་ཆེན་པོ་ཡོད།
ལག་ཐབས།  ཡར་ལངས་ལ་ལུས་པོ་ལྷོད་དལ་ངང་གཡས་གཡོན་དུ་འཁོར་དགོས། ལུས་བྱིངས་སྐོར་བའི་སྐབས་སུ་ལག་པ་གཉིས་རིམ་པར་གཡུག་པ་དང་། དེ་ཡང་ལུས་པོ་གཡོན་དུ་འཁོར་དུས་ལག་པ་གཡས་པས་མདུན་གྱི་གྲོད་པ་བརྡུང་བ་དང་། ལག་གཡོན་གྱིས་རྒྱབ་རྐེད་ཀྱི་སྲོག་སྒོའི་གསང་བརྡུང་དགོས། ལུས་གཡས་སུ་འཁོར་དུས་ལག་གཡོན་གྱིས་མདུན་གྱི་གྲོད་པ་བརྡུང་བ་དང་ལག་གཡས་ཀྱིས་རྒྱབ་རྐེད་ཀྱི་སྲོག་སྒོའི་གསང་བརྡུང་དགོས། དེ་ལྟར་ཐེངས་བརྒྱ་ཙམ་བྱས་ན་ལེགས།
ཕན་ཡོན། ཕོ་བ་དང་རྒྱུ་མའི་ནུས་པ་གསོ་ལ་མཁལ་ནུས་བརྟན་པ། ཕོ་བ་དང་རྒྱུ་མ། མཁལ་རྐེད་ན་བར་ཤིན་ཏུ་ཕན་པ་དང་། ཁ་ཟས་མི་འཇུ་བའི་ནད་རིགས་སྔོན་འགོག་བྱེད་ཐུབ།

 

བཅོ་ལྔ། སྒལ་ཚིགས་འཐེན་དཀྱུས་ནད་གཞི་སྔོན་འགོག་གསོ་བཅོས་དང་། ལུས་ཀྱི་རྩ་ལམ་སངས་ཐབས།

༡༽ ལག་ཐབས།  ས་གདན་ཐོག་ཏུ་གན་ཀྱལ་ཉལ་ལ་ལག་གཉིས་འཕྲེད་དུ་བརྐྱང་། རྐང་པ་གཉིས་གུག་ནས་པུས་མོ་གྱེན་དུ་སློང་ལ་ལུས་དྲང་པོར་སྡད། པུས་མོ་དལ་མོས་གཡས་གཡོན་དུ་བསྙལ་ནས་རྐེད་པའི་ཤ་སྒྲིམ་དང་རྩ་རྒྱུས་རྣམས་འཐེན་པར་བྱ་དགོས། དེ་བཞིན་གོང་ལྟར་ཉལ་བར་ལག་པ་དང་ལུས་སྟོད། པུས་མོ་བཅས་འགྲིལ་ནས་གཡས་ཕྱོགས་དང་། དེ་བཞིན་གཡོན་ཕྱོགས་སུ་འགྲིལ་ནས་བསྙལ་དགོས།
༢༽ ལག་ཐབས། ལག་པ་གཉིས་མདུན་ཅོག་སོགས་ལ་ཁེན་ཞིང་མགོ་སྒུར་ནས་གཡས་གཡོན་དུ་གཡོ་འགུལ་བྱ་དགོས། དེ་ཡང་དང་པོ་ལུས་སྟོད་གཡོ་འགུལ་བྱེད་པ་དང་། རྗེས་སུ་རྐེད་པ་གཡོ་འགུལ་བྱེད་དགོས།
༣༽ ལག་ཐབས།  ཁ་སྦུབ་ཉལ་ལ་ལག་པ་སར་བཙུག་ནས་ལུས་སྟོད་གྱེན་དུ་འདེག་བཞིན་རྒྱབ་ལ་དགྱེ་བ་དང་ཡིད་ཙམ་བཟུང་རྗེས་ཐུར་དུ་ཕབ་པ་ཐེངས་མང་བྱ་དགོས། དེ་རྗེས་ཙོག་བོར་བསྡད་ལ་རྐང་པ་མདུན་དུ་བརྐྱང་བའི་རྐང་ངར་ལག་པས་བཟུང་ནས་གང་ཐུབ་མདུན་དུ་གུག་ནས་དཔྲལ་བ་པུས་མོ་སོགས་ལ་ཐུག་ཐབས་བྱ་དགོས།
ཕན་ཡོན། དེ་ལྟར་བྱས་པས་རྒྱབ་ཀྱི་ཤ་སྒྲིམ་དང་རྩ་རྒྱུས་རྣམས་ལྷོད་ལ་མཉེན་པ་དང་། སྒལ་བའི་ལྷུ་ཚིགས་རྣམས་རང་བབས་སུ་གནས་པར་བྱེད་པས་སྒལ་ཚིགས་ཀྱི་ནད་རིགས་སྔོན་འགོག་དང་གསོ་བཅོས་བྱེད་པར་ཕན།

 

བཅུ་དྲུག་པ། བཤང་འགག་སེལ་བར་ཕན་པའི་ལུས་སྦྱོང་།

ལག་ཐབས།  ཐོ་རེངས་ཆུ་སྐོལ་དྲོ་འཇམ་རན་ཙམ་འཐུང་བ་དང་། གསུས་པར་གནོན་ཤུགས་བྱུང་དུས་གསང་སྤྱོད་དུ་འགྲོ་དགོས། སྤྱིར་གསང་སྤྱོད་དམའ་བོ་རྒྱ་གར་གྱི་བཟོ་དབྱིབས་དེ་བེད་སྤྱོད་བྱ་དགོས། གསང་སྤྱོད་དུ་མར་བསྡད་ནས་ལག་མཛུབ་གང་རུང་གིས་རྣ་ལེབ་གྱེན་ཐད་ཀྱི་རྣ་འཁོར་རྐང་གི་བཤང་ལམ་གསང་ལ་གནོན་འཕུར་བྱ་བཞིན་དབུགས་རིང་པོ་ལེན་པ་དང་། སེམས་པ་ཡང་དབུགས་ལ་གཏད་ནས་ལུས་སེམས་ལྷོད་པོར་བྱ་དགོས།
ཕན་ཡོན། དེ་ལྟར་བྱས་པས་ལུས་ཀྱི་ཤ་སྒྲིམ་དང་རྩ་རྒྱུས་རྣམས་ལྷོད་པོར་གྱུར་ནས་ཐུར་སེལ་རླུང་གི་ནུས་པ་འདོན་ཐུབ་པས་བཤང་བ་རང་བཞིན་གྱིས་མར་འབབ་པར་འགྱུར་བ་ཡིན།།

 

བཅུ་བདུན། དཔྱི་མིག་དང་པུས་མོ། ལོང་ཚིགས་བཅས་འགུལ་སྐྱོད་ཀྱིས་དྲེག་གྲུམ་སྔོན་འགོག་བྱ་ཐབས།

༡༽ ལག་ཐབས།  ལུས་ཉལ་བ་དང་ཙོག་འདུག་སོགས་གང་བྱས་ཀྱང་རྐང་པ་ལྷོད་པོར་བཞག་ལ་ལོང་ཚིགས་བརྐྱང་བསྐུམ་བྱས་ནས་རྐང་པའི་ཤ་སྒྲིམ་འགུལ་དུ་འཇུག་དགོས། 
ཕན་ཡོན། མི་ལུས་ཀྱི་ཁྲག་གི་འཁོར་སྐྱོད་ལ་རྐང་པའི་ཤ་སྒྲིམ་ནི་སྙིང་གཉིས་པ་ལྟ་བུ་ཡིན་པ་དང་། རྐང་པའི་སྡོད་རྩའི་ནང་གི་ཁྲག་རྣམས་ཤ་སྒྲིམ་གྱི་བཙིར་ཤུགས་ཀྱིས་ཕྱིར་སྙིང་དུ་མྱུར་བར་ལོག་ཐུབ་པས། རྐང་པ་ན་བ་དང་རྐང་པའི་སྡོད་རྩ་སྐྲངས་པ་སོགས་ཁྲག་གི་འཁོར་རྒྱུན་ཞན་པའི་ནད་དང། པུས་མོ་ན་བ། རྐང་སོར་སྦྲིད་པ་སོགས་ལ་ཕན་པར་མ་ཟད། སྙིང་གི་བྱེད་ལས་ཀྱང་ཇེ་ལེགས་སུ་གཏོང་ཐུབ།
༢༽ ལག་ཐབས།  མཚན་མོ་ཉལ་ཁར་གན་ཀྱལ་ཉལ་ལ་རྐང་པ་གཉིས་གྱེན་དུ་བཏེགས་ནས་བར་སྣང་ལ་གཡོ་འགུལ་བྱེད་པའམ་ཡང་ན་རྐང་འཁོར་སྐོར་བ་ལྟར་ནང་སྐོར་ཕྱི་སྐོར་སྐར་མ་ལྔ་ནས་དྲུག་བར་བྱ་དགོས།
ཕན་ཡོན། ལུས་ཡོངས་ཀྱི་ཁྲག་གི་འཁོར་རྒྱུག་ཞན་པ་གསོ་ལ་དོན་སྣོད་ཀྱི་བྱེད་ལས་སྐྱེད་ཅིང་། མགོ་ན་བ་དང་དང་ག་ཞན་པ་བཅས་ལ་ཕན། ལྷག་པར་ལུས་དྲོད་ཞན་པའི་བུད་མེད་རྣམས་ལ་ཕན་ཆེ་བ་ཡིན།
ལག་ཐབས། ཡར་ལངས་ཏེ་རྐང་པ་གཉིས་གཤིབ་ལ་པུས་མོ་ཕན་ཚུན་སྦྱར་ནས་ཅུང་བཀུག་ལ་ལག་གཉིས་ཀྱིས་པུས་མོ་བཀབ་ནས་གཡས་གཡོན་དུ་སྐོར་ཐེངས་སུམ་ཅུ་ཙམ་རེ་བྱ་དགོས།
ཕན་ཡོན། པུས་མོའི་ཤུགས་སྐྱེད་ཅིང་ནད་རིགས་སྔོན་འགོག་དང་གསོ་བཅོས་བྱེད་པར་ཕན། སྤྱིར་མི་རྒས་ན་རྐང་པ་སྔོན་ལ་རྒས། མཁལ་མ་གུད་པའི་སྔོན་ལ་པུས་མོའི་ཚིགས་མཚམས་ལྷོད། ཅེས་པའི་བཤད་སྲོལ་ལྟར་རྐང་པའི་བདེ་ཐང་ལ་དོ་སྣང་དང་སྲུང་སྐྱོབ་བྱ་དགོས།

 

བཅོ་བརྒྱད། རྐང་མཐིལ་ལ་འཕུར་མཉེ་དང་རྐང་པ་བཀྲུས་ནས་ལུས་ཁམས་བདེ་སྲུང་བྱ་ཐབས།

༡༽ ལག་ཐབས།  རྐང་པའི་སོར་མོའི་མདུན་ངོས་ནས་ཐུར་དུ་རྟིང་པའི་བར་འཕུར་བའམ་རྟིང་པ་ནས་གྱེན་དུ་རྐང་སོར་བར་ཐེངས་སོ་དྲུག་ཙམ་འཕུར་དགོས། དེ་ཡང་སོ་སོའི་ལག་གཡས་ཀྱིས་རྐང་པ་གཡོན་པ་དང་། ལག་གཡོན་གྱིས་རྐང་པ་གཡས་པའི་ངོས་འཕུར་དགོས།
༢༽ ལག་ཐབས།  མཚན་མོ་ཉལ་ཁར་ཁུ་ཚུར་ལྷོད་བཅིང་བྱས་ཏེ་རྐང་ངོས་བརྡུང་དགོས། དེ་ཡང་རྐང་མཐིལ་དབུས་གཙོ་བོར་བྱས་ནས་གོང་འོག་ཏུ་རིམ་པར་གོ་རིམ་ལྡན་པའི་སྒོ་ནས་བརྡུང་བ་དང་། རྡེག་ཚད་ནི་རུས་པར་ན་ཟུག་ཅུང་ཟད་ཚོར་བའི་བར་དུ་བྱ་དགོས་ལ་རྐང་ངོས་རེ་ལ་ཐེངས་བརྒྱ་ཙམ་བརྡུང་དགོས།
ཕན་ཡོན། ལུས་ཡོངས་ཀྱི་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་བ་དང་། ཉིན་གང་གི་ངལ་དུབ་སངས་ཐུབ་ལ་དོན་སྣོད་དབང་པོའི་ནུས་པ་སྐྱེད་པར་བྱེད།
༣༽ ལག་ཐབས།  རྐང་རྗེན་དུ་གོམ་འགྲོས་བྱེད་པ་དང་། སྐབས་རེར་རྡོ་རིལ་བཏང་བའི་ལམ་ཁར་གོམ་འགྲོས་བྱེད་པ། ཡང་ན་འབར་འབུར་ཡོད་པའི་བསིལ་ལྷམ་གོན་ནས་གོམ་འགྲོས་བྱས་ཏེ་རྐང་ངོས་སུ་ཕོག་ཐུག་ཡོད་པ་བྱ་དགོས།
ཕན་ཡོན། རྐང་ངོས་ནི་མི་ལུས་བརྟན་པར་བྱེད་པའི་གནས་གལ་ཆེན་ཞིག་ཡིན་ལ། རྐང་ངོས་སུ་ལུས་ཀྱི་དོན་སྣོད་དབང་པོ་རྣམས་དང་འབྲེལ་བའི་གསང་མང་པོ་ཡོད་པས། དེ་རྣམས་ལ་ཕོག་ཐུག་བྱས་ན་དོན་སྣོད་དབང་པོ་རྣམས་ཀྱི་བྱེད་ནུས་ཇེ་ལེགས་སུ་གཏོང་བ་དང་། ལུས་ཡོངས་ཀྱི་ཁྲག་རླུང་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་བ། ལུས་སེམས་ཀྱི་ངལ་དུབ་སངས་པ་སོགས་ཀྱི་ཕན་ནུས་ལྡན་པ་ཡིན།

༤༽ ལག་ཐབས།  རྐང་ངོས་ཉི་མར་བསྲོ་བ་ནི་ལུས་པོ་བདེ་ཐང་ཡོང་བའི་རང་བྱུང་གི་བཅོས་ཐབས་ཤིག་ཡིན་པས། རྒྱུན་དུ་གནམ་གཤིས་ལེགས་པའི་དུས་སུ་རྐང་ངོས་ཐད་ཀར་ཉི་མར་སྐར་མ་ཉི་ཤུ་ཙམ་རེ་བསྲོ་དགོས།
ཕན་ཡོན། བྱང་ཁོག་གི་དོན་སྣོད་རྣམས་ཀྱི་བྱེད་ལས་ཇེ་ལེགས་སུ་འགྲོ་བ་དང་། ལུས་ཀྱི་མྱག་བཞུ་དྭངས་སྙིགས་ཀྱི་ནུས་པ་གོང་མཐོར་གཏོང་བས། ལུས་ཁམས་འཁྲེགས་པོར་འགྱུར་ལ་དབྱར་དུས་ཚད་དུག་མི་ཕོག་པ་དང་། དུས་བཞིར་ཆམ་རིམས་མི་ཕོག་པ་སོགས་ཀྱི་ཕན་ནུས་ཡོད།
༥༽ རྐང་པ་བཀྲུས་ན་བཅུད་ལེན་གྱི་མཆོག་ཡིན།

རྐང་པ་ནི་གྲང་ཁྲག་གི་གཏེར་ཡིན་པས་ལུས་པོ་གྲང་དུས་དང་པོ་རྐང་པ་ནས་འགོ་འཛིན་པ་དང་། ད་དུང་རྐང་ངོས་སུ་ལུས་ཀུན་གྱི་ལྡོག་འཕྲོས་གནས་སམ་དོན་སྣོད་དབང་པོ་སོགས་ལུས་ཀྱི་ཕུང་གྲུབ་རྣམས་དང་འབྲེལ་བའི་གསང་གནས་དྲུག་ཅུ་རེ་བཞི་ཡོད་པ་དང་། དོན་སྣོད་དང་འབྲེལ་བའི་རྩ་རྒྱུད་དྲུག་རྒྱུ་བ་ཡིན།
ལག་ཐབས།  ཉིན་ལྟར་དགོངས་མོ་ཆུ་ཚོད་བདུན་ནས་དགུ་བར་མུ་ལུས་ནང་མཁལ་མས་བྱ་བ་གཙོ་ཆེར་བྱེད་པའི་དུས་སུ་རྐང་པ་ཆུའི་དྲོད་ཚད་སོ་དགུ་ཙམ་གྱི་ནང་དུ་སྦང་དགོས། ཆུའི་མང་ཉུང་རྐང་པའི་ཉྭ་སྣེར་ཐུག་ན་བཟང་ལ་ཉུང་མཐར་ཡང་ལོང་ཚིགས་ནུབ་པ་དགོས། ཡུན་ནི་རྐང་པའི་མདོག་དམར་ཙམ་གྱུར་པའམ་ལུས་ནས་རྔུལ་ཆུ་ཅུང་ཟད་ཐོན་ཙམ་གྱི་བར་རམ། ཕལ་ཆེར་སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་དུ་སྦང་དགོས།
ཕན་ཡོན། རྐང་པའི་ནང་ངོས་ཀྱི་མཁལ་རྩ་དང་། མཆིན་རྩ། མཆེར་རྩ་བཅས་རྩ་ལམ་སངས་ཤིང་རྒྱུ་བ་དང་། ཁྲག་གི་དྲོད་སྐྱེད་ཅིང་གྲང་བ་ཞི་ལ་ཁྲག་གསོ་བའི་ནུས་པ་ཐོན་པ། དེ་བཞིན་ལུས་ཀྱི་རྩ་རྒྱུད་སངས་ལ་གྲང་རླུང་དང་སྙིགས་མ་རྣམས་ཕྱིར་འབྱིན་ཞིང་། ལུས་ཀྱི་དྲོད་ཚད་སྙོམས་པ། ངལ་དུབ་སངས་པར་བྱེད་པས་བཅུད་ལེན་དངོས་སུ་བསྟེན་པ་ལས་ལྷག་པའི་ལུས་ཁམས་བདེ་ཞིང་ཚེ་རིང་བར་བྱེད་པའི་ཕན་ཡོན་ལྡན་པའོ།། །།

སེམས་ཅན་ནད་པ་ཇི་སྙེད་པ།།  མྱུར་དུ་ནད་ལས་ཐར་གྱུར་ཅིག།
འགྲོ་བའི་ནད་རྣམས་མ་ལུས་པ།།  རྟག་ཏུ་འབྱུང་བ་མེད་པར་ཤོག།
བདག་གིས་ནམ་མཁའ་ཇི་སྲིད་འགྲོ་ཀུན་དང་།།  ཁྱད་པར་སྐལ་དམན་སྡུག་བསྔལ་གྱུར་པ་ལ།།
ཕན་འདོགས་སྙིང་རྗེའི་དམ་བཅའ་འདི་འཛིན་ན།།  མཁྱེན་ནུས་བརྩེ་བའི་དབང་བསྐུར་བདག་ལ་སྩོལ།།

 སྨན་རམས་པ་བསྟན་འཛིན་མཐའ་ཡས་ཀྱིས་ ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༨ ཉིན་ཕུལ། དགེ་ལེགས་འཕེལ།



མཐའ་མའི་འདོན་ཐེངས་།: 24.02.2021 ཉིན། 3:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།