སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

ལས་བྱེད་ཞབས་ལོ་སུམ་ཅུ་འཁོར་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 11.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

ཞབས་ལོ་སུམ་ཅུ་འཁོར་བའི་སྨན་རྩིས་ལས་བྱེད་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།

༡། སྨན་རམས་པ་ལྷ་དབང་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་ལྷ་དབང་ལགས་ཕྱི་ལོ་ ༡༩༣༢ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱེས་ཡོད་པ་དང་།  དགུང་ལོ་དྲུག་གི་སྟེང་རྩེ་པོ་ཏ་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་རབ་ཏུ་བྱུང་ཡོད་ཅིང་།  དམ་པ་དེ་ཉིད་ཕྱི་ལོ་ ༡༩༦༡ ལོར་དྷ་ས་དབུས་སྨན་རྩིས་ཁང་གི་སྐབས་དང་པོའི་སྨན་པའི་སློབ་ཕྲུག་ཡིན་ལ། སྨན་སློབ་ཐོན་རྗེས་དབུས་སྨན་སྦྱོར་ཁང་དང་འཛིན་སྐྱོང་གི་བཀའ་བཀོད་བཞིན་ཕྱི་ལོ་ ༡༩༧༢ ལོར་བལ་ཡུལ་གློ་སྒྲིགས་འཛུགས་སུ་སྨན་པའི་འགན་ཁུར་ཞུས་པ་དང་ཆབས་ཅིག་བལ་ཡུལ་སྤོག་ར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་འང་སྐབས་སྐབས་སུ་ནད་པར་བརྟག་དཔྱད་སྨན་བཅོས་གནང་བས་གློ་སྒྲིག་འཛུགས་དང་དེར་ཡོད་ཡུལ་མི་དང་བོད་མི་རྣམས་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། 

ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༡ ནས་ ༡༩༨༦ ཟླ་ ༦ ཚེས་ ༣༠ བར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཡན་ལག་སྨན་ཁང་དུ་སྨན་པའི་ལས་འགན་བཞེས། སྤྱི་ལོ་ ༡༩༨༧ ལོར་བལ་ཡུལ་ཀཐ་མན་ཀྲུ་ཡན་ལག་སྨན་ཁང་སོགས་སུ་འགན་འཛིན་སྨན་པའི་ཕྱག་ལས་གནང༌། ཕྱི་ལོ་ ༡༩༨༨ ལོར་བྷེལ་ཀོབ་ཡན་ལག་སྨན་ཁང་དུ་གནས་སྤོས་ཀྱིས་ས་གནས་དེར་ཡན་ལག་འགན་འཛིན་གྱི་ལས་ཁུར་ཞུས་ཏེ་ ༡༩༩༢ བར་བཞུགས། ཕྱི་ལོ་ ༡༩༩༢ ལོར་ཀལླི་གལ་ཡན་ལག་སྨན་ཁང་གི་འགན་འཛིན་དུ་གནས་སྤོས་བྱས་ཏེ་ ༡༩༩༣ བར་ས་གནས་དེ་རུ་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་བ་ ༩ པར་དབུས་སྨན་རྩིས་ཁང་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་སྨན་པའི་འགན་འཁུར་རྐང་བཞེས་གནང་བ་དང༌། ཕྱི་ལོ་ ༡༩༩༨ ཟླ་ ༧ ཚེས་ ༡ ནས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་ནས་ཕྱི་ལོ་ ༢༠༠༣ ཟླ་ ༢ ཚེས་ ༢༨ བར་འགན་བཞེས་གནང༌། ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡ ནས་ ༢༠༠༥ ཟླ་ ༦ ཚེས་ ༣༠ བར་སྡེ་ཚན་གྱི་འགན་འཛིན་སྨན་པ་ལྷ་དབང་ལགས་སྐུའི་བབ་དང་བསྟུན་སྡེ་ཚན་གྱི་སློབ་སྟོན་པའི་ལས་ཁུར་གནང༌། ཕྱི་ལོ་ ༢༠༠༥ ཟླ་ ༧ ཚེས་ ༡ ནས་ཆོད་གན་ཐོག་སློབ་སྟོན་པར་མུ་མཐུད་བསྐོ་བཞག་གནང༌།

ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡ ནས་བསྐྱར་དུ་ལོ་གཅིག་རིང་ཆོད་གན་ཐོག་ལས་འགན་རང་འཇགས་བསྐོ་བཞག་གནང་འདུག སྨན་རམས་པ་ལྷ་དབང་ལགས་དམ་པ་དེ་ཉིད་ཀྱིས་སྐུ་ཚེའི་རིང་སྨན་རྩིས་ཁང་དུ་ལྷག་བསམ་གཡོ་མེད་ཀྱི་རང་འཁྲིའི་ཞུ་སྒོ་རྣམས་འཐུས་ཚང་དང་ལེགས་སྒྲུབ་གནང་ཡོད། མདོར་ན་ཁོང་གི་ལྷག་བསམ་ཟོལ་མེད་ཀྱིས་སྨན་རྩིས་ཁང་དུ་ལས་དོན་ཆེ་ཕྲ་གང་གི་ཐད་དུ་ལྷོད་གཡེང་དང་སྣང་ཆུང་མི་བྱ་བར་ཧུར་ཐག་བརྩོན་སེམས་ཆེན་པོས་ལོ་ངོ་བཞི་བཅུ་ལྷག་གི་རིང་གསོ་བ་རིག་པའི་བསྟན་པ་སྤེལ་ཐབས་དང་ནད་ཅན་འགྲོ་བ་མང་པོ་སྨན་བཅོས་ཀྱི་སྲི་ཞུ་ཧུར་ཐག་བསྒྲུབས་ཏེ་ཕྱི་ལོ་ ༢༠༠༨ ལོར་སྐུ་ཚེའི་འཕེན་པ་རྫོགས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྐབས་ྋགོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དབུ་བཞུགས་ཐོག་རྗེས་དྲན་གྱི་ཚུལ་དུ་ལེགས་གསོལ་བྱ་དགའ་ཞིག་ཀྱང་གནང་ཡོད་པ་བཅས་ལོ་རྒྱུས་མདོ་ཙམ་མོ།།

༢། ྋསྐུའི་བླ་ཞབས་ཟུར་བ་སྨན་རམས་པ་པདྨ་རྡོ་རྗེ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་པདྨ་རྡོ་རྗེ་མཆོག་ནི། ཕྱི་ལོ་ ༡༩༥༠ ལོར་བོད་ལྷོ་བྲག་མངའ་ཁུལ་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པར་བརྟེན་འབྲུག་བརྒྱུད་རྒྱ་གར་རྡོ་རྗེ་གླིང་དུ་བཙན་བྱོལ་ལ་འབྱོར། དེའི་སྐབས་བོད་མི་སྟོང་ཕྲག་མང་པོ་སྐྱབས་བཅོལ་དུ་འབྱོར་བར་བརྟེན། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་རླབས་ཆེན་གྱི་དགོངས་གཞི་དང་།  རྒྱ་གར་གཞུང་གི་རོགས་རམ། རང་གཞུང་གི་མཛད་གཙོ་རྣམ་པའི་ལྷག་བསམ་ཆེན་པོའི་དྲིན་ལ་བརྟེན་རྡོ་གླིང་དུ་བོད་མི་སྐྱབས་བཅོལ་བའི་བུ་ཕྲུག་རྣམས་ཀྱི་ཆེད་དུ། ཕྱི་ལོ་ ༡༩༦༠ ལོར་སྐྱབས་བཅོལ་བོད་མིའི་སློབ་གྲྭ་ཞེས་པ་ཆེད་འཛུགས་གནང་བའི་ཁོངས་སུ་སློབ་ཞུགས་གནང་།

སྐབས་དེར་སློབ་གྲྭའི་གནས་སྟངས་ཤིན་ཏུ་སྐྱོ་པོ་ཡིན་ནའང་།  དབུ་ལས་རྣམ་པ་ལྷག་བསམ་ཤིན་ཏུ་ཆེ་བ་དང་།  དགེ་རྒན་རྣམས་ཀྱང་བཀྲིན་འཇལ་དུ་དཀའ་བའི་ཐུགས་བརྩེ་ཆེན་པོ་དང་།  སློབ་ཕྲུག་རྣམས་ལ་གང་ཅིའི་ཐད་རང་གི་བུ་ཕྲུག་དངོས་ལས་ལྷག་པའི་བྱམས་སྐྱོང་དང་ཐུགས་སྣང་ཆེན་པོ་མཛད་པ་རྣམས་ཁོང་གི་ད་ལྟའང་བསམ་ཞིང་སྙིང་བཅང་ཞུ་བཞིན་ཡོད་ཅེས་གསུང་གི་འདུག

ཕྱི་ལོ་ ༡༩༦༥ དང་དེ་རྗེས་བཅས་སུ་རང་གཞུང་ཆོས་རིག་ལྷན་ཁང་ནས་བཞུགས་སྒར་དྷརྨ་ཤཱ་ལཱའི་བོད་གཞུང་སྨན་རྩིས་ཁང་དུ་བོད་སྨན་སྦྱོང་འདོད་ཡོད་མཁན་རྣམས་ལ་གོ་སྐབས་ཡོད་པའི་གསལ་བསྒྲགས་ཤིག་བོད་མིའི་སློབ་གྲྭ་ཚང་མར་བཀའ་ཁྱབ་གནང་བ་བཞིན། ཁོང་ཕྱི་ལོ་ ༡༩༦༨ ལོ་མཇུག་ཏུ་སློབ་གྲྭའི་འཛིན་རིམ་བརྒྱད་པའི་ལོ་འཁོར་ཡིག་རྒྱུགས་འབུལ་ལམ་ཞུས་ཟིན་པའི་རྗེས་བོད་གཞུང་སྨན་རྩིས་ཁང་གི་སློབ་གྲྭར་འཛུལ་རྒྱུགས་བཏང་།  དེ་ཡང་སྐབས་དེར་རྒྱུགས་གཞི། སྙན་སུམ། ཆོས་འབྱུང་།  རྒྱལ་རབས་སོགས་འབུལ་བཞེས་གནང་རྗེས་སྨན་རྩིས་ཁང་གི་སྐབས་གཉིས་པའི་སློབ་མའི་ཁོངས་སུ་ཚུད།

སྐབས་དེར་སྨན་རྩིས་སློབ་གྲྭ་ནི་དྷརྨ་ཤཱ་ལཱའི་དེ་སྔ་ྋསྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གི་བཞུགས་གནས་ཀྱི་འདབས་སུ་ཅོབ་ར་ཧའོ་སེ་ཞེས་པར་ཆགས་ཡོད། སློབ་གཉེར་དང་ལྷག་པར་དུ་དཔེ་ཆ་བློ་འཛིན་བྱེད་མཁན་ལ་ཆེད་དུ་དམིགས་པ་ལྟ་བུའི་གནས་ཤིག་ཡིན་པ་རེད།

 

སྐབས་དེར་སློབ་གྲའི་གནས་སྟངས་ཅུང་ཞན་ཡང་ཁོང་ཚོ་སློབ་ཕྲུག་རྣམས་ཀྱི་སྤྱི་མཐུན་བསོད་ནམས་ཀྱི་བགོ་སྐལ་དུ་སྨན་རྩིས་རིགས་གནས་ཚང་མའི་དགེ་རྒན་དགེ་བའི་བཤེས་གཉེན་ཆེན་པོ་སྐུ་ངོ་བར་གཞིས་ཕུན་ཚོགས་དབང་རྒྱལ་ལགས་སམ། སྤྱིར་བཏང་ཁྱིམ་པ་པཎྜི་ཏ་ཞུ་བ་དེ་ཐོབ་ཡོད་པ་དང་།  ཁོང་གི་དྲུང་ནས་བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི། མཆོད་བརྗོད། མན་ངག་ལག་ལེན་གྱི་ཆ་དང་།  ཞར་ལ་སྙན་སུམ་དག་ཡིག་སོགས་སློབ་ཁྲིད་ཐོབ་ཡོད་པ་དང་།  སློབ་ཁྲིད་ཀྱི་ཞོར་དུ་སློབ་ཕྲུག་ཚོ་རེས་མོས་ཀྱིས་ནད་པ་རྣམས་ཀྱི་ཞབས་ཕྱིར་འགྲོ་དགོས་པ། སྐབས་དེའི་ནད་གསོ་ཁང་གི་སྨན་པ་གཙོ་བོ་སྨན་པ་ལྷ་དབང་ལགས་སམ་བྱམས་པ་བསོད་ནམས་ལགས་དམ་པ་དེ་ཡིན། ཁོང་གིས་ནད་པའི་རྩ་ཆུ་དང་།  ནད་རྟགས། སྨན་བཅོས་བྱ་ཕྱོགས་སྐོར་ལ་དམར་ཁྲིད་དང་ལམ་སྟོན་བཀའ་སློབ་ཀྱང་ལྷུག་པོར་གནང་གི་ཡོད་པས་ཁོང་ལ་བློ་བསྐྱེད་དང་ཕན་ཐོགས་གང་ལེགས་བྱུང་འདུག རྒན་བར་གཞིས་མཆོག་སྐབས་རེ་འཛིན་གྲྭར་ཕེབས་མ་ཐུབ་པའི་དུས་སུ་སློབ་མ་རྣམས་སྨན་སྦྱོར་ཁང་དུ་བཅར་དགོས་པ་དང་། སྐབས་དེར་སྨན་སྦྱོར་ཁང་གི་འགན་འཛིན་བླ་སྨན་དམ་པ་འཇམ་དབྱངས་བཀྲ་ཤིས་ལགས་ཡིན། ཁོང་ནི་སྨན་རྒྱུ་གཙང་བཟོ་གནང་རྒྱུ་སོགས་ལ་ཞིབ་ཚགས་དང་ཐུགས་སྣང་ཤིན་ཏུ་ཆེན་པོ་གནང་མཁན་ཞིག་ཡིན། སྐབས་གཅིག་ཁོང་ཚོས་གུར་གུམ་གཙང་མ་བཟོ་སྐབས་ཁོ་རང་ཆེད་ཕེབས་ཀྱིས་སློབ་མ་རྣམས་ལ་སྨན་རྒྱུ་འདི་ཚོ་གཙང་མ་ཡག་པོ་བཟོ་དགོས། སྨན་རྒྱུའི་ནང་ཐལ་རྡུལ་དང་སྤུ་སོགས་མང་པོ་ཡོད། དེ་ཚོ་གཙང་མ་སྤུས་དག་མ་བཟོས་ན། སྨན་བཟོས་ཟིན་པའི་རྗེས་སྨན་འདི་ཚོ་ཆེ་བ་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞལ་དུ་འགྲོ་བ་དང་།  ཐ་ནའང་སོ་སོའི་ཁར་འགྲོ་རྒྱུར་སོང་དམ་དོན་ཡག་པོ་བྱེད་དགོས། སྨན་རྒྱུ་གཙང་བཟོ་བྱེད་རྒྱུ་འདི་སྨན་གྱི་ནུས་པར་ཁྱད་པར་འགྲོ་བ་དང་།  ལྷག་པར་དུ་བསོད་ནམས་གསོག་རྒྱུའི་གཞི་ཡང་ཡིན་ཞེས་བཀའ་སློབ་ལམ་སྟོན་ནན་པོ་གནང་ཞེས་གསུངས།

སྐབས་དེའི་སྨན་སྦྱོར་ཁང་གི་ལས་བྱེད་མང་ཆེ་བ་དྭང་སློབ་ཟུར་པ་ཡིན་པ་དང་། ཁོང་རྣམས་ཕྱག་ལས་ལ་རང་འགུལ་གྱིས་ཧུར་བརྩོན་ཆེ་བ་དང་།  ཕྱག་ལས་གནང་གིན་གནའ་རབས་བོད་ཀྱི་དགོད་བྲོ་བའི་ལོ་རྒྱུས་དང་།  གཏམ་དང་།  གཏམ་དཔེ་དང་།  སྒྲུང་སོགས་སྣ་ཚོགས་བཤད་ཤེས་པ། གསོལ་ཇ་བཞེས་བག་དེ་འདྲ་ཡང་ཁོང་རྣམས་རེས་མོས་ཀྱིས་སྦྱིན་བདག་འདོན་རེས་གནང་གི་ཡོད་པ་རེད་འདུག

སྐབས་རེ་རྒན་བར་གཞིས་མཆོག་ནད་གསོ་ཁང་དུ་ནད་པ་རྣམས་ལ་བརྟག་དཔྱད་དང་སྨན་བཅོས་གནང་སྐབས་སློབ་ཕྲུག་རྣམས་ལ་ནད་པ་རེ་རེའི་རྩ་དང་།  ཆུ་རྟགས་དང་།  ནད་རྟགས་ལ་འགྲེལ་བཤད་གནང་བ་དང་།  སྨན་བཅོས་སྐབས་ཐོག་མར་ཟས་སྤྱོད་གཉིས་ཀྱི་ཐོག་ནས་སྐས་གདངས་མས་འཛེག་ལྟ་བུར་རིམ་བཅོས་བྱ་དགོས་པའི་ནན་ཏན་བཀའ་སློབ་གནང་གི་ཡོད་འདུག དེ་ཡང་དང་ཐོག་ནས་ཟས་སྤྱོད་ལ་དོ་སྣང་མེད་པའི་སྨན་དཔྱད་ཤུགས་ཆེན་གནང་གི་མེད་པ་དེ་ནི་གཞུང་ལུགས་ནས་གསུང་བའི་ནད་གསོ་ཚུལ་དང་ཤིན་ཏུ་མཐུན་པའི་གདམས་པ་ཟབ་མོ་ཞིག་ཡིན་ཞིང་།

ཕྱག་དཔེ་བཀའ་ཁྲིད་གནང་དུས་སུ་སློབ་མ་ཚོར་ཐུགས་བརྩེའི་མཛུབ་མདངས་ཆེན་པོའི་ངང་།  ཚིག་རྐང་རེ་རེར་ཡང་དཔེ་དང་སྦྲགས་ནས་འགྲེལ་བཤད་ཟབ་མོ་གནང་གི་ཡོད་ཅིང་།  ལྷག་པར་དུ་དོགས་གཅོད་ཞུ་དགོས་རིགས་ལ་འགྲེལ་བཤད་ནན་པོ་གནང་ཡོད་འདུག སྐབས་དེའི་སྨན་རྩིས་ཁང་འཛིན་སྐྱོང་ལས་བྱེད་ཀྱི་ཁོངས་སུ་ཨིན་སྐད་ཤེས་མཁན་མེད་སྟབས་ཕྱིའི་སྐུ་འགྲོན་ཕེབས་པ་ལ་སོགས་པའི་སྐབས་ཀུན་ཏུ་འཛིན་སྐྱོང་གི་དགོས་མཁོའི་སྐབས་ཁོང་རང་འཛིན་གྲྭ་ནས་དགོངས་པ་ཞུས་ཏེ་གསུང་སྒྱུར་ཞུ་བར་ཡང་ཡང་བཅར་དགོས་བྱུང་འདུག

སྨན་སློབ་རྣམས་ལོ་ལྟར་སྨན་འཐོག་ལ་དྷ་སའི་དབུ་རྩེ་སོགས་སུ་འགྲོ་དགོས་ཤིང་།  སྨན་འཐོག་ལ་བསྐྱོད་སྐབས་དམིགས་བསལ་གྱི་མཐུན་རྐྱེན་གང་ཡང་མེད་པས། ཆར་གོས། ཇུར་རྟ་སོགས་སོ་སོས་གྲ་སྒྲིག་བྱེད་དགོས་པ་མ་ཟད། བཟའ་བཅའ་ཡང་ཁེ་ས་ནས་ཉོས་ཏེ་སོ་སོས་འཁྱེར་དགོས་ཀྱི་ཡོད། རི་རྩེར་ཇུར་རྟ་ཟེ་ཁ་བྲལ་ནས་རྩ་སྐུད་ཀྱིས་བསྡམས། སླར་སྐུད་པ་ཆད་ནས་སྡོམ་དགོས་པ་སོགས་བྱུང་འདུག ཁོང་གི་འཛིན་གྲྭ་གཅིག་པའི་བུ་མོ་ཚོ་གཞས་དང་ཞབས་བྲོར་དགའ་པོ་དང་སྣང་བ་སྐྱིད་པོ་ཞེ་དྲག་ཡོད་པས་སྨན་འཐོག་སྐབས་སུའང་ཁོང་རྣམས་ཀྱིས་སྨན་སྒྲུག་གིན་གླུ་ལེན་གྱིན་སྣང་བ་སྤྲོ་པོའི་ངང་ལུས་ངལ་ཆེ་ཡང་སེམས་ལ་དགའ་སྤྲོས་གང་ཡོད་པ་རེད།།

སྐབས་དེ་དུས་ལོ་ལྟར་ཟླ་དྲུག་དང་ལོ་འཁོར་རྒྱུགས་འབུལ་བྱེད་དགོས་ཀྱི་ཡོད་པ་ལས་ཟླ་གསུམ་ཡིག་རྒྱུགས་མེད་པ་འདྲ། སྐབས་དེར་སྨན་དཔེ་ཤིན་ཏུ་དཀོན་པོ་ཡིན་པས། སློབ་ཚན་དང་འབྲེལ་བ་ཡོད་པའི་དཔེ་ཆ་མང་ཆེ་བ་སློབ་མ་ཚོས་དཔེ་བཤུས་བརྒྱབ་པ་དེ་འདྲ་ཡིན་འདུག སྨན་པ་ཚེ་རིང་རྡོ་རྗེ་ལགས་དང་བུ་མོ་ཚོ་དཔེ་ཆ་བཤུ་རྒྱུར་སྒྱིད་པོ་ཡོད། ཁོང་གིས་ཕབ་བཤུས་དེ་ཙམ་གནང་མ་ཐུབ་པའི་དབང་གིས་མན་ངག་ལྷན་ཐབས་ཀྱི་རྒྱུགས་འབུལ་སྐབས་རྒྱུགས་ཚད་ལོན་ཙམ་ལས་བྱུང་མེད་སྟབས་དགེ་ལས་རྣམ་པ་ཐུགས་བདེ་པོ་མ་བྱུང་བར་ཟུར་དུ་འདྲི་རྩད་ཀྱང་གནང་འདུག ༼སྐབས་དེར་ཁོང་ལ་ལྷན་ཐབས་ཀྱི་དཔེ་ཆ་མེད་པ་དང་།  དཔེ་བཤུས་མ་བགྱིས་པས་ལྷན་ཐབས་དཔེ་ཆ་དེ་ཙམ་བལྟ་རྒྱུ་མ་བྱུང་ཡང་།  མན་ངག་རྒྱུད་ཀྱི་ནད་རྟགས་ཟུར་བཏོན་བྱས་པའི་དཔེ་དེབ་ལ་དྭགས་ནས་པར་བཏབ་པ་ཞིག་ཐོབ་པ་དེ་སྤྱན་བསྟར་ཞུས་ཏེ་དེ་བློ་འཛིན་བྱེད་ཀྱི་ཡོད་ཞུས་པས་ཁོང་རྣམས་ཐུགས་བདེ་པོ་བྱུང་འདུག༽ ཕྱིས་སུ་ཁོང་རང་ལ་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་པར་བཏབ་གནང་བའི་རྒྱུད་གསུམ་གྱི་དེབ་གཅིག་དང་།  ལ་དྭགས་སྨན་པ་བཀྲིས་ཡར་འཕེལ་ལགས་ཀྱིས་ལྡི་ལིར་པར་བསྐྱོན་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སྔོན་ཆ་ཚང་ཞིག་བསྩལ་ཐོབ་བྱུང་བ་དེ་གཉིས་ཀྱིས་སློབ་སྦྱོང་ལ་ཕན་ཐོགས་ཆེན་པོ་བྱུང་འདུག

ཕྱི་ལོ་ ༡༩༧༤ ལོར་ཐོན་རྒྱུགས་ཆེན་པོ་བཏང་ཡོད་ཅིང་། རྒྱུགས་བཞེས་གནང་མཁན་གྱི་ཁོངས་སུ་ཆོས་དོན་ལྷན་ཁང་གི་སྐུ་ཚབ་སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་།  སློབ་གྲྭའི་རྒན་བར་གཞིས་ཕུན་ཚོགས་དབང་རྒྱལ་མཆོག བླ་སྨན་འཇམ་དབྱངས་བཀྲིས་མཆོག་སོགས་ཡིག་རྒྱུགས་ཚོགས་ཆུང་གི་སྐུ་འདུན་དུ་སློབ་ཚན་ལྟར་རྒྱུགས་འབུལ་ཞུ་དགོས་ཁག་གི་ཐོག་རྒྱུད་གསུམ་ཆ་ཚང་ངག་ཐོག་ནས་རྒྱུགས་འབུལ་ཞུས་འདུག་པས་དེ་ནི་བཙན་བྱོལ་ནང་རྒྱུད་གསུམ་རྒྱུགས་འབུལ་ཞུ་མཁན་ཐོག་མ་དེ་ཡིན་འདུག

ཡང་སློབ་གྲྭའི་སྐབས་དང་།  ཐོན་རྒྱུགས་ཆེན་པོ་ཟིན་རྗེས་སོགས་སུ་སྨན་རྩིས་ཁང་གི་སྨན་པ་སྐུ་བགྲེས་བླ་སྨན་འཇམ་དབྱངས་བཀྲ་ཤིས་མཆོག་དང་།  སྨན་པ་བློ་བཟང་བཀྲིས་ལགས། སྨན་པ་ཁྲོ་དགའ་རིན་པོ་ཆེ་མཆོག སྨན་པ་བློ་བཟང་སྒྲོལ་མ་མཆོག སྨན་པ་ལྷ་དབང་ལགས་སམ་བྱམས་པ་བསོད་ནམས་སོགས་དེའི་སྐབས་ཀྱི་སྨན་པ་མཁས་མྱོང་ཅན་ཕལ་ཆེ་བའི་ལྷན་དུ་ནད་པར་བརྟག་བཅོས་དང་ཉམས་གསོག་གི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དང་།  འཛིན་གྲྭ་གཅིག་པ་རྣམས་རྡོ་གླིང་དུ་ལོ་འཁོར་གུང་གསེང་ཞིག་ལ་བསྐྱོད་སྐབས་སྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེ་མཆོག་ལ་རྒྱུད་བཞིའི་ལྗགས་ལུང་ཞིག་སྐྱབས་འཇུག་ཞུས་པར་གྲ་སྒྲིག་འགྲོ་སོང་ཡོང་རྫོགས་རིན་པོ་ཆེ་མཆོག་གིས་སྐྱབས་འཇུག་གནང་ནས་རྒྱུད་ཀྱི་ལྗགས་ལུང་བཀའ་དྲིན་ཐོབ་འདུག

རྡོར་གླིང་གུམ་པ་རིར་བཞུགས་པ་བྱ་བྲལ་བ་སྨན་རྩིས་ལ་མཁས་པ་བླ་མ་དབང་ལགས་ཞུ་བའི་དྲུང་ནས་ཕྱི་རྒྱུད་ཀྱི་རྩ་མདོ་ཆུ་མདོ་ལན་གཅིག་ཞིབ་པར་བཀའ་ཁྲིད་ཞུས་ཡོད་པ་དང་།  ཡང་སྨན་པ་ལྷ་དབང་ལགས་ཀྱི་དྲུང་ནས་རྩ་ཆུའི་བརྟག་ཐབས་བཀའ་ཁྲིད་དང་མྱོང་ཁྲིད་ཞུས་འདུག

སྨན་སློབ་ཐོན་པའི་རྗེས་སྨན་རྩིས་ཁང་འཛིན་སྐྱོང་ཀྱིས་དྷ་སར་བོད་སྨན་དོན་གཉེར་ཅན་ཕྱི་རྒྱལ་བ་རྣམས་ལ་བོད་སྨན་ངོ་སྤྲོད་ཀྱི་ལས་བཀོད་གནང་།  ཞོར་དུ་དྷ་སྟེང་ཡན་ལག་སྨན་ཁང་དུ་སྨན་པའི་ལས་ཁུར་ཡང་ཞུས།

བལ་ཡུལ་མཆོད་རྟེན་དུ་ཡན་ལག་སྨན་ཁང་ཆེད་བཙུགས་གནང་པ་དེའི་འགན་འཛིན་གྱི་ལས་ཁུར་ཞུས། དེ་རྗེས་དྷ་སར་ཕྱིར་ལོག་གིས་དྷ་སྟེང་ཡན་ལག་སྨན་ཁང་དུ་སྨན་པའི་ལས་ཀ་མུ་མཐུད་ཞུས། ཕྱི་ལོ་ ༡༩༧༥ ལོར་ བླ་སྨན་འཇམ་དབྱངས་བཀྲ་ཤིས་ལགས་དང་ལྷན་དུ་རྟ་དབང་དུ་སྨན་འཐོག་ལ་བསྐྱོད། རྟ་དབང་གི་དབུ་རྩེ་སྨོན་པ་བརྒྱ་ལམ་ཟེར་བའི་རི་རྩེ་སོགས་སུ་སྨན་འཐོག་བྱས། དེའི་སྐབས་ཁོང་ཚོ་ལུག་རྫིའི་ཁང་པ་ཆུང་ཆུང་ཞིག་ཡོད་པ་དེའི་ནང་བསྡད། ནུབ་ཅིག་ཨེམ་རྗེ་ལགས་ཕོ་གླང་གིས་སྙུང་ནས་སྐུ་ངལ་ཆེན་པོ་བྱུང་སོང་ཡང་ཆབ་ཁོལ་དང་དྲོད་དུགས་སོགས་བསྐྱོན་ནས་རིམ་པས་དྭངས། རྟ་དབང་དང་འབུམ་སྡེ་ལ་ཁུལ་དུ་བླ་སྨན་པ་མཆོག་གིས་ནད་པ་མང་པོར་སྨན་བཅོས་གནང་། ནད་པ་ཁ་ཤས་ལ་ངན་ཁྲག་གཏར་གྱིས་དྲངས་པ་དང་།  མེ་བཙའ། གསེར་ཁབ། གསེར་ཏེལ་སོགས་དཔྱད་ཀྱིས་བཅོས་གནང་བ་དེས་ཁོང་ལ་མཐོང་མྱོང་ཡག་པོ་བྱུང་འདུག

སྐབས་ཤིག་ལ་སྨན་པ་བློ་བཟང་ཆོས་འཕེལ་དམ་པ་དང་ལྷན་དུ་བྷན་དཱ་ར་བོད་མིའི་གཞིས་ཆགས་སུ་བསྐྱོད་སྐབས། མགྲོན་ཁང་ལ་སྡོད་རྒྱུ་སོགས་ཀྱི་མཐུན་རྐྱེན་མེད་པས་མེ་འཁོར་གྱི་བབས་ཚུགས་དང་།  འགྲུལ་འཁོར་སྣུམ་འཁོར་གྱི་འཇོག་ཡུལ་སོགས་སུ་ཉལ་དགོས་པ་སོགས་འགྲུལ་བཞུད་ཀྱི་དཀའ་ངལ་ཆེན་པོ་བྱུང་ཡོད་ནའང་། ས་གནས་སུ་འབྱོར་སྐབས་སྨན་པ་བློ་ཆོས་ནས་ནད་པ་མང་པོར་བརྟག་དཔྱད་སྨན་བཅོས་གནང་སྟངས་ཀྱི་མྱོང་བ་གང་ལེགས་ཐོབ་འདུག

ྋགོང་ས་སྐྱབས་མགོན་ཆེན་པོས་ལ་དྭགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་སྐབས། སྨན་རྩིས་ཁང་ནས་དེ་གར་གཞིས་ཆགས་དང་ཆོས་ཞུ་བ་ཚོའི་སྨན་བཅོས་ཞབས་ཞུའི་ཆེད་ཁོང་དང་སྨན་པ་ཡེ་ཤེས་མཁའ་འགྲོ་གཉིས་སྨན་པ་ཡེ་ཤེས་བསོད་ནམས་ལགས་ཀྱི་ཕྱག་རོགས་སུ་བཏང་གནང་བས་ཁོང་གིས་ནད་པ་མང་པོར་བརྟག་དཔྱད་དང་སྨན་བཅོས་གནང་སྟངས་སོགས་ལས་ཉམས་སྣང་ཆེན་པོ་བྱུང་བར་གསུངས།

ཕྱི་ལོ་ ༡༩༧༧ ནས་བཟུང་བླ་སྨན་ཟུར་པ་བཀྲིན་བརྗོད་ལས་འདས་པ་འཚོ་བྱེད་སློབ་དཔོན་ཆེན་པོ་ཡེ་ཤེས་དོན་ལྡན་ལགས་ཀྱི་དྲུང་ནས་རྒྱུན་དུ་ནད་པར་རྩ་ཆུའི་བརྟག་ཐབས། ནད་པར་སྨན་དཔྱད་ཀྱི་ལག་ལེན་གནང་སྟངས་དང་།  སྨན་གཏོང་ཚུལ་ཡང་།  བསམ་ཚད་དྲན་ཚད་མིན་པར་གསོ་རིག་བླ་མ་བརྒྱུད་པའི་ཕྱག་ལེན་ལྟར་གྱི་ཉམས་མྱོང་དང་།  གསོ་བ་རིག་པའི་རྒྱུད་བཞི་ལས་དཔལ་ལྡན་རྒྱུད་ཆེན་མན་ངག་རྒྱུད་ཀྱི་ཟབ་ཁྲིད་སོགས་སློབ་ཁྲིད་དང་སྨན་བླའི་རྗེས་སྣང་།  ལག་ལེན་དང་དཔེ་ཐོག་དོགས་འདྲི་སོགས་ཇི་སྙེད་ཞུས་ཡོད་པ་མ་ཟད། ཚུག་སོགས་མེ་བཙའ་དང་།  སྨན་སྦྱོར་གྱི་སྐབས་སུའང་གནད་འགག་མང་པོ་གསལ་བཤད་གནང་བ། དཔེར་ན། རྒན་ལགས་ཀྱིས་ནད་པར་གཟི་ཚུག་མང་པོ་སྐྱོན་པའི་ལམ་སྟོན་ལྟར་བྱས་ན་སྤྱིར་བཏང་ཚུག་ལ་རིགས་མང་པོ་ཡོད་ཀྱང་།  རྩ་དཀར་ཆུ་སེར་གྱི་ནད་ལ་སེང་ཚུག་དང་།  གཉན་ཤས་ཆེ་བར་སྐྱེར་པའི་ཚུག་བྱེད་ན་ཕན་ཐོགས་ཆེ་བ་ཡོད་པ་སོགས་དང་།  སྨན་སྦྱོར་སྐབས་སུ་དཔེར་ན་རུ་རྟ་དྲུག་པ་སྦྱོར་སྐབས་ཤིག་ལ་ཀ་ར་བསྣན་མ་སོང་བར་དོགས་འདྲི་ཞུས་པས། དེང་སང་གི་དུས་གཉན་ཤས་ཆེ་བས་ཀ་ར་དེ་མ་བསྣན་ན་དགེ་མཚན་ཡོད་པ་སོགས་གཞུང་དུ་གཉན་ལ་དཀར་མངར་གནོད་ཅིང་དུག་གིས་འཇོམས་གསུངས་པ་དང་མཐུན་པའི་ལམ་སྟོན་གནང་།  དེའི་སྐབས་སྨན་རྩིས་པ་ཚོས་སོ་སོའི་ལས་ཀ་མིན་པ་གཞན་ཡང་དགོས་མཁོ་དང་བསྟུན་ནས་བྱེད་དགོས་ཀྱི་ཡོད། དཔེར་ན་སྨན་རྩིས་ཁང་བུའི་ཉལ་ཁང་གསར་རྒྱག་སྐབས་ཨར་རྒྱབ་ཀྱི་མི་མེད་པར་ཁོང་རང་ལ་ཨར་རྒྱབ་ཀྱི་ལས་ཁུར་བྱེད་དགོས་གསུངས་པ་བཞིན་དུས་ཡུན་གང་མཚམས་ཞུས་འདུག

སྨན་རྩིས་ཁང་གིས་དིལླིར་སྨན་ཁང་འཛུགས་འཆར་གྱི་སྔོན་དུ་ཕྱི་ལོ་༡༩༨༢ ལོར་དིལླི་བོད་ཁང་དུ་བདུན་ཕྲག་གཅིག་གི་སྨན་སྒར་ཞིག་གོ་སྒྲིག་གནང་།  དེའི་སྐབས་ཀྱི་སྨན་པར་བླ་སྨན་སྐུ་བགྲེས་བསྟན་འཛིན་ཆོས་གྲགས་མཆོག།ཁྲོ་དགའ་རིན་པོ་ཆེ་མཆོག སྨན་པ་ཟླ་སྒྲོན་ལགས་དང་ལྷན་དུ་ཉིན་རེར་ནད་པ་བརྒྱ་ཕྲག་ཁ་ཤས་ལ་བརྟག་དཔྱད་སྨན་བཅོས་ཞུས། དེ་རྗེས་དིལླིི་མ་ཡུར་ཝི་ཧར་ཞེས་པའི་གྲོང་སྡེ་གསར་པ་དེར་རྒྱ་གར་གཞུང་ནས་སྨན་རྩིས་ཁང་ལ་ཁང་མིག་ཁ་ཤས་དམིགས་བསལ་དགོངས་བཞེས་གནང་བ་དེའི་ནང་ལས་ཤག་དང་།  དེ་ནས་ཁོང་ཚོ་སྨན་ལས་མི་བརྒྱད་སྣུམ་འཁོར་འཁོར་ལོ་གསུམ་ཅན་ཞིག་གླས་ནས་དེའི་ནང་དིལླིི་བོད་ཁང་དུ་སྨན་ཁང་ལ་ཉིན་ལྟར་ལས་བཅར་ཞུ་དགོས་ཀྱི་ཡོད། དེ་རྗེས་རྡ་སར་གནས་སྤོས་ཀྱིས་དྷ་སྟེང་གི་སྨན་པའི་ལས་ཁུར་ཞུས། ཕྱི་ལོ་ ༡༩༨༤ ལོར་རྒྱ་གར་བྱང་ཤར་ཨི་ཊ་ནགར་ནང་པའི་ཆོས་ཚོགས་ཀྱི་རེ་བསྐུལ་བཞིན་འཛིན་སྐྱོང་གིས་ས་གནས་སུ་ཡན་ལག་སྨན་ཁང་གསར་འཛུགས་ཀྱི་ཆེད་དུ་ཁོང་དང་སྨན་པ་ཡེ་ཤེས་མཁའ་འགྲོ་གཉིས་བཏང་།  དེ་གར་ལོ་ལྔ་ཙམ་སྨན་པ་དང་འགན་འཛིན་ལས་ཁུར་ཞུས། དེའི་རིང་རྟ་དབང་དང་།  བུམ་སྡེ་ལ། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས། མེའོ། ཏེ་ཛུ། སྨན་ཆུ་ཁ་དང་།  ཨ་སམ་གྱི་ས་ཁུལ་མང་ཆེ་བར་ཆེད་བཅར་གྱིས་ནད་པ་མང་པོར་སྨན་བཅོས་ཞུས། ཨ་སམ་ཏིན་སུ་ཁེ་ཡ་ཞེས་པའི་ས་གནས་སུ་རྒྱ་གར་བ་རྒན་པོ་ཞིག་ཟུངས་ཁྲག་ཐིག་ལ་སོང་ནས་མལ་སར་ལྷུང་བ་ཞིག་ལ་མའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་སྨན་སྐོར་ལ་འགྲོ་ཞོར་དུ་བལྟས། བདུན་གཅིག་གི་སྨན་སྤྲད་ནས་ཕྱིར་ལོག་སྐབས་ཟུངས་ཁྲག་ཚད་གཞི་ལྔ་ཙམ་འཕར་བ་སོགས་ནང་མི་རྣམས་དགའ་ཚོར་ཤིན་ཏུ་ཆེན་པོ་བྱུང་བ་དང་།  རིམ་བཞིན་ཁྲག་གི་འབྲས་ནད་དེ་ལས་ཐར། ཁོང་དང་ནང་མི་སྤུན་མཆེད་རྣམས་བོད་སྨན་ལ་དད་གུས་བླ་ན་མེད་པ་བསྐྱེད་པ་དང་དེ་ལ་བརྟེན་ནས་སྨན་སྒར་ཁ་ཤས་གོ་སྒྲིག་གནང་།  ཡང་ཨ་སམ་གྱི་ས་ཁུལ་ནའུ་གང་ཞེས་པར་རྒན་མོ་སྐྱེ་ལམ་འབྲས་ནད་ཀྱིས་ཟིན་ནས་ཕྱི་ལུགས་སྨན་བཅོས་ཀྱིས་ཚེའི་དུས་བཀག་ཅན་ཞིག་ལ་བོད་སྨན་གྱིས་ཚེ་བསྲིང་བ་དང་།  ཕན་ཐོགས་གང་ལེགས་བྱུང་བ་སོགས་དེ་ཁུལ་སྨན་བཅོས་ཀྱིས་ནད་པ་ལ་བོད་སྨན་གྱི་ཕན་པའི་ལོ་རྒྱུས་མང་པོ་ཡོད། རྒྱ་གར་བྱང་ཤར་ཁུལ་དུ་དུས་ད་ལྟའང་བོད་སྨན་གྱི་སྨན་བཅོས་ལ་ཡིད་ཆེས་ཆེན་པོ་ཡོད།

ཡང་ཨ་རུ་ན་ཅཱལ་མངའ་སྡེའི་མི་དྲག་ཅིག་གི་གཅེན་མོ་རླུང་ནད་ཀྱིས་བརྒྱལ་འབོགས་སོང་ནས་ཧ་ལམ་གསོན་པའི་རེ་བ་མེད་པ་ལྟ་ལ་རླུང་དུགས་གྱིས་རླུང་གསང་མནན་པ་དང་།  རླུང་སྨན་གྱིས་བདུག་བྱས་པས་བརྒྱལ་འབོགས་སངས་ནས་ཐམས་ཅད་དགའ་ཞིང་བོད་སྨན་གྱི་ནུས་པར་ཤིན་ཏུ་ངོ་མཚར་བྱུང་།  སྐབས་དེའི་རྟ་དབང་དགོན་པའི་མཁན་རིན་པོ་ཆེས་ཐུགས་སྐུལ་ནན་པོ་གནང་བ་བཞིན་ཨི་ཊ་ན་གར་དགོན་པར་རྟ་དབང་དགོན་པའི་དགེ་འདུན་པ་ཁ་ཤས་ཡོད་པ་རྣམས་ལ་ཕྱི་དྲོའི་དུས་གསེང་ནམ་ཡིན་ལ་བོད་སྨན་སློབ་ཁྲིད་གནང་པས་དགེ་འདུན་པ་དེ་ཚོར་ཕན་ཐོགས་གང་ལེགས་བྱུང་།  དེའི་གྲལ་གྱི་སློབ་མ་གཅིག་རྗེས་སུ་སྨན་རྩིས་ཁང་མཐོ་སློབ་ལ་འཛུལ་ཞུགས་ཀྱིས་སློབ་གཉེར་མུ་མཐུད་བྱས་པས་དེང་སང་ས་གནས་སུ་སྨན་པའི་འགན་ཁུར་གང་ལེགས་ཞུ་བཞིན་ཡོད།

འཛིན་སྐྱོང་གི་དགོས་མཁོ་བཞིན་ཁོང་དང་སྨན་པ་ཡེ་ཤེས་མཁའ་འགྲོ་གཉིས་ཨི་ཊ་ནགར་ནས་ཀ་ཏ་ཡན་ལག་སྨན་ཁང་གསར་འཛུགས་ཀྱི་སྨན་པ་དང་།  འགན་འཛིན་ལ་བཀོད་སྒྲིག་གནང་།  ཁོང་གཉིས་ནས་གནས་སུ་ལོ་དྲུག་ཙམ་རིང་ཉིན་རེར་ནད་པ་བརྒྱ་ཕྲག་བརྒལ་བར་སྨན་བཅོས་ཞུས། སྨན་ཁང་གི་ཁོར་ཡུག་ལ་དུག་སྦྲང་མང་བ་དང་།  ཆར་ཞོད་ཀྱི་སྐབས་སྨན་སྤྲོད་ཁང་ནང་ཆུ་འཛུལ་བ་དང་།  གློག་མི་བརྟན་པའི་དཀའ་ངལ་ཆེན་པོ་ཡོད་ཀྱང་།  སྐབས་དེའི་སྨན་ལས་ཚོས་ཆུ་དང་དུག་སྦྲང་སྲུང་ཐབས་སུ་རྐང་པར་འགྱིག་ཤོག་གོན་པ་དང་།  གློག་མེད་པས་ཡང་ལ་སྤར་ནས་ལས་ཀ་བྱེད་པ་སོགས་དཀའ་ངལ་འཛེམས་མེད་ཀྱིས་སོ་སོའི་ལས་འགན་ལྷག་བསམ་རྣམ་དག་གིས་ཞུས། ཁོང་ཀ་ཏ་ཡན་ལག་སྨན་ཁང་དུ་བཞུགས་སྐབས་ས་གནས་དེ་ཙམ་དུ་མ་ཟད། ནུབ་བངྒལའི་ས་ཁུལ་གཞན་མང་པོ་དང་།  བི་ཧར། ཀ་རྡོར་སྒང་གསུམ་སོགས་ནས་ཀྱང་ཆེད་བཅར་ཞུ་མཁན་ནད་པ་མང་པོ་བྱུང་ཡོད།

དེ་ཚོ་ནི་འཚོ་ཐབས་འདྲ་མིན་དང་ལས་སྣེ་འདྲ་མིན་ཤ་སྟག་རེད། སྐབས་དེའི་མངའ་སྡེའི་བློན་ཆེན་མཆོག་དང་།  ཁོང་གི་ལྕམ་དང་།  ཉེན་རྟོག་པའི་སྤྱི་ཁྱབ་གཙོ་བོ་དང་།  མངའ་སྡེའི་གློག་བརྙན་འཁྲབ་མཁན་གྲགས་ཅན་དང་། གཞས་མ་གྲགས་ཅན་སོགས་སྨན་བཅོས་བསྟེན་གཏུག་གནང་མཁན་མང་པོ་བྱུང་འདུག ས་ཁུལ་དུ་གནས་སྡོད་རྒྱ་མི་རིགས་མང་པོ་ཞིག་ཀྱང་སྨན་བཅོས་སུ་བཅར་གྱི་ཡོད་པ་སོགས་ས་གནས་དེར་བོད་སྨན་དང་བོད་པའི་སྨན་པའི་གྲགས་པ་རབ་དུ་འབར་པའི་ལོ་རྒྱུས་མང་པོ་ཡོད། དཔེར་མཚོན་ཙམ་ཞུ་ན། གནད་ཡོད་དཔོན་རིགས་ཞིག་གི་སྐུ་མཆེད་བེུད་སྙིང་རྩ་འགགས་པ་དང་།  ཟ་ཁུ་གཅིན་སྙིའི་ནད་གཞི་མཐོ་བ། སྙིང་ནད་ཀྱིས་ལུས་འགུལ་བསྐྱོད་ཙམ་གྱིས་ཀྱང་འགྲོ་མི་འཕེར་བ་ཞིག་བོད་སྨན་བསྟེན་ནས་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་ཡོད། མངལ་འབྲས་ཀྱི་ནད་པ་ཞིག་བོད་སྨན་གྱིས་དྲག་བསྐྱེད་ཆེན་པོ་བྱུང་ནས་དུས་ད་ལྟའང་འཚོ་བཞིན་གནས་པ། བོད་སྨན་གྱི་བརྟག་ཐབས་དང་བཅོས་ཐབས་ཀྱི་ཕན་ཐོགས་ཆེ་བར་བརྟེན་སྐབས་དེའི་ Telegraph ཞེས་པའི་བརྙན་དེབ་ཀྱི་མདུན་ཤོག་ཏུ་ Miracle man ཞེས་ཆེ་བརྗོད་གནང་ཡོད་པ། ཀ་ཏར་སྡོད་རིང་ཚོགས་པ་གྲགས་ཅན་ཁག་འགའི་ནང་བོད་སྨན་ངོ་སྤྲོད་ཀྱི་གཏམ་བཤད་བྱེད་དུ་སོང་བ་སོགས་དེ་ཁུལ་བོད་སྨན་དང་འབྲེལ་བའི་མི་དམངས་དང་།  རང་རེའི་རྩ་ཆེའི་གསོ་བ་རིག་པའི་རིག་གཞུང་མི་ཉམས་གོང་འཕེལ་གྱི་སླད་ཞབས་འདེགས་གང་ལེགས་བཞག་ཡོད། གཞན་ཡང་སྙིང་རྗེའི་བདག་ཉིད་ཆེན་མོ་མ་ངྷར་ཊེ་རི་སའི་མཇལ་ཁ་དང་།  ཁོང་གི་སྐུ་འཁོར་རྣམས་ལའང་སྨན་བཅོས་གང་བཟང་ཞུས་མྱོང་།

ཕྱི་ལོ་ ༡༩༩༣ ལོར་ཀ་ཏ་ནས་ས་ལུ་སྒ་ར་ཡན་ལག་སྨན་ཁང་དུ་གནས་སྤོས་ལ་སོང་།  ཐོག་མར་དེ་གར་འབྱོར་སྐབས་ཡུལ་པ་རྣམས་ལ་བོད་སྨན་གྱི་གོ་སྟོབས་དེ་ཙམ་མེད་པས་དེ་མུར་སྡོད་བདེ་མ་བྱུང་བས། ཐོག་མར་ཤི་ལི་གུ་རི་ Rotary Club ཞེས་པར་འབྲེལ་བ་ཞུས་ཏེ་ཚོགས་པ་དེའི་ཚོགས་མི་ཤེས་ཡོན་ཅན་བརྒྱ་ལྷག་ཙམ་ལ་བོད་སྨན་གྱི་གཞི་རྩའི་བརྟག་དཔྱད་དང་སྨན་བཅོས་བྱེད་སྟངས། རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་བའི་ཕན་ཐོགས་ཇི་ཡོད་སོགས་ངོ་སྤྲོད་གཏམ་བཤད་ཆུ་ཚོད་གཉིས་ཙམ་དང་དྲི་བ་དྲིས་ལན་བཅས་གནང་བས་ཚོགས་པའི་དབུ་བཞུགས་རྣམས་དང་ཚོགས་མི་རྣམས་ཐུགས་ཤིན་ཏུ་དགྱེས་པོ་བྱུང་བ་དང་།  ཡང་ནེ་པ་ལི་སྐད་ཀྱི་གསར་ཤོག་སུན་ཅ་རི་ཞེས་པ་ཞིག་ཡོད་པ་དེའི་ཡིག་ཚང་དུ་བཅར་ནས་འབྲེལ་ཡོད་མགོ་འཁྲིད་ལ་བོད་སྨན་ངོ་སྤྲོད་དང་།  དེ་གའི་རྩོམ་འབྲི་པའི་ཐུགས་རེ་བཞིན་ཁོང་གི་སྐུ་ཁམས་ལ་བརྟག་དཔྱད་ཞུས་པ་སོགས་ཀྱིས་ཐུགས་མོས་ཆེན་པོ་བྱུང་།  གསར་ཤོག་དེའི་ནང་བོད་སྨན་སྐོར་གནས་ཚུལ་ཞིབ་གསལ་བཀོད་པ་སོགས་ཀྱིས་རིང་མིན་ས་ལུ་སྒར་སྨན་ཁང་དུ་ཉིན་རེར་ནད་པ་བརྒྱ་ཕྲག་བརྒལ་བ་སྨན་བཅོས་སུ་བཅར། ཉེ་འཁྲིས་ཀྱི་ས་གནས་ཀ་རྡོར་སྒང་གསུམ། འབྲུག་ཡུལ། བལ་ཡུལ། བངྒལ་དེ་ཤེ་སོགས་ནས་ཀྱང་ནད་པ་མང་པོ་འབྱོར་བ་སོགས་ས་གནས་དེར་ཡང་སྔར་བཞིན་ཕྱི་ནང་གི་ནད་པ་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོའི་སྙན་པ་ཤིན་ཏུ་རྒྱས་པོ་བྱུང་ཡོད།

དེ་ཁུལ་སྨན་བཅོས་ཞུས་པའི་ཕན་ཐོགས་ཀྱི་ལོ་རྒྱུས་དཔེར་མཚོན་ཙམ་ཞུས་ན། སྒང་ཏོག་ནས་ཡིན་པའི་ནད་པ་ཀླད་གྲིབས་ཀྱིས་ལངས་འདུག་མི་ཐུབ་པ་ཞིག་སྨན་བཅོས་ཀྱིས་སངས་དྲག་སོང་བ་ད་ལྟའང་ས་གནས་སུ་བཞུགས་ཡོད། མཐོ་སློབ་ཞིག་གིི་སློབ་དཔོན་སྙིང་ནད་སྙིང་རྩ་འགགས་ནས་གཤགས་བཅོས་དགོས་པ་ཞིག་བོད་སྨན་གྱིས་དྲག་བསྐྱེད་ཆེན་པོ་བྱུང་ནས་གཤགས་བཅོས་བྱེད་མི་དགོས་པ་བྱུང་།  ཇ་ཤིང་གི་ལས་བྱེད་མཐོ་རིམ་ཞིག་གི་ལྕམ་སྐུའི་མགུལ་དུ་ལྦ་བ་བྱུང་བ་དིལླིར་གཤགས་བཅོས་ཆེད་གཟིམ་ཁང་ནས་ཕེབས་ཐོན་གྱིས་ལམ་ཞོར་དུ་ཕེབས་ནས་བརྟག་བཅོས་ཞུས་པས་དིལླིིར་ཕེབས་རྒྱུ་དུས་འགྱངས་གནང་སྟེ། ཉིན་བཅོ་ལྔའི་ནང་སྨན་བཅོས་ཀྱིས་ལྦ་བ་མེད་པར་གྱུར་བ་སོགས་ནད་པར་སྨན་བཅོས་ཞུས་པའི་ལོ་རྒྱུས་ཀྱི་དེབ་ཆེན་བརྒྱ་ལྷག་ཀ་ལི་ཀ་ཏ་དང་།  བརྒྱ་ལྷག་ས་ལུ་སྒར་ཡན་ལག་སྨན་ཁང་སོ་སོར་ཡོད་པས་དེ་དག་སྨན་པ་གཞོན་པ་རྣམས་ལ་ཕན་འདོགས་ཆེན་པོ་ཡོད་ངེས་སུ་མཐོང་། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་ལུ་སྒར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དུ་ཞབས་སོར་འཁོད་སྐབས་ནད་དེབ་འདི་རྣམས་ལ་ཐུགས་ཞིབ་ཀྱིས་ཐུགས་དགྱེས་པོ་གནང་འདུག

ས་ལུ་སྒར་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དེ་དགོས་མཁོ་ཞུ་སྐུལ་གནང་མཁན་ཐོག་མ་ནི་ས་གནས་ནང་པའི་ཆོས་ཚོགས་རེད་འདུག དེ་ཡང་ཚོགས་གཙོ་བསོད་ནམས་ལྷུན་གྲུབ་ལགས་སྐུ་ཁམས་ཅུང་བདེ་མིན་གྱིས་ཀ་ལི་ཀ་ཏ་སྨན་རྩིས་ཁང་ཡན་ལག་སྨན་ཁང་དུ་སྨན་བཅོས་ལ་ཕེབས། དེ་དུས་ཀ་ཏར་ཡན་ལག་སྨན་ཁང་ལ་ནད་པ་བསྟེན་གཏུག་ཞུ་མཁན་མང་པོ་གཟིགས་ནས་ཁོང་གིས་ཀ་ལི་ཀ་ཏ་རྒྱ་གར་ཁྲོད་དུ་བཙུགས་པའི་བོད་པའི་སྨན་ཁང་ལ་ནད་པ་མང་པོ་བཅར་གྱི་འདུག་པས་ས་ལུ་སྒ་ར་ལའང་ཡན་ལག་སྨན་ཁང་ཞིག་ཞུས་ན། སྨན་རྩིས་ཁང་གིས་དགོངས་བཞེས་གནང་ངེས་དགོངས་ནས་རིམ་བཞིན་འབད་རྩོལ་དང་།  ཁོ་རང་ཚོས་ཀྱང་ལོ་ཤས་མཐུན་འགྱུར་སྦྱར་ནས་ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འཛུགས་བྱུང་བ་ཞིག་རེད། ས་གནས་མང་པོ་ནས་ནད་པ་མང་པོ་ཡོད་པར་བརྟེན་སྤྱིར་ས་ལུ་སྒ་ར་དེ་སྔར་ལུང་ཁུག་ཅིག་ཡིན་ནའང་།  གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་།  སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ལ་ནད་པ་བསྟེན་གཏུག་ཞུ་མཁན་མང་པོ་བྱུང་བས་རིམ་པས་ས་གནས་འདི་གྲགས་ཆེན་ཞིག་ཆགས་པ་རེད་ཅེས་ཡུལ་པ་ཚོས་ངོས་ལེན་གནང་གི་ཡོད།

ཁོང་གིས་ས་ལུ་སྒར་ཡན་ལག་སྨན་ཁང་གི་འགན་འཛིན་གྱི་ལས་ཁུར་སྐབས་འཛིན་སྐྱོང་བཀའ་འབྲེལ་ལྟར་ཀ་རྡོར་སྒང་གསུམ་ར་ཝང་ལ། ཇེ་གའོན་སོགས་ཀྱི་ཡན་ལག་སྨན་པ་གཞོན་པ་རྣམས་ལ་ལམ་སྟོན་དང་སྨན་བཅོས་རོགས་པ་བྱེད་དུ་ཡང་ཡང་བསྐྱོད་ཡོད་ཅིང་།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ས་ལུ་སྒར་དུ་དཔལ་དུས་ཀྱི་འཁོར་ལོ་བཀྲིན་ཆེ་སྐབས་ཁོང་གིས་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པ་སོགས་དམིགས་བསལ་འགན་ཁུར་གྱིས་ཚོགས་ཆུང་ལ་ཕྱར་གྲུ་མཉམ་འདེགས་ཞུས་ཡོད།

ཕྱི་ལོ་ ༢༠༠༠ ལོར་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱིས་ཁོང་སྨན་རྩིས་ཁང་གི་དྲུང་ཆེར་བསྐོ་བཞག་གནང་།  དྲུང་ཆེའི་ལས་ཁུར་ལོ་གསུམ་རིང་ཞུས་སྐབས་རྒྱ་གར་རྒྱལ་ས་ཆེ་ཁག་ལ་བོད་སྨན་ངོ་སྤྲོད་དང་།  ས་གནས་རྒྱ་གར་ཡུལ་པ་རྣམས་ལ་སྨན་བཅོས་ཀྱི་ཞབས་འདེགས། བོད་གཞུང་སྨན་རྩིས་ཁང་འདི་བཞིན་རྒྱ་གར་མང་ཚོགས་ཀྱིས་རྒྱ་ཆེར་ཤེས་ཐབས་སུ་བོད་སྨན་གྱི་སྨན་སྒར་ (Medical Camp) རེ་ལོ་ལྟར་གོ་སྒྲིག་ཐུབ་ན་སྙམ་ནས་དྭང་ཐོག་བོམ་བེ་དང་།  གུ་ཇ་རཏ་ཁུལ་སོགས་ས་ཁུལ་གང་འཚམས་ཤིག་ལ་གོ་སྒྲིག་ལན་འགའ་ཞུས་ཐུབ་པ་བྱུང་ཡོད། དྲུང་ཆེའི་ལས་ཁུར་ཟིན་རྗེས་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་།  རིམ་པས་སྡེ་ཚན་གྱི་སློབ་སྟོན་པ་དང་ད་ལྟ་བོད་གཞུང་སྨན་རྩིས་ཁང་རིག་གཞུང་གི་སློབ་སྟོན་པ་དང་།  དམིགས་དཀར་གསོ་རིག་ཞིབ་འཇུག་དང་ནད་བཅོས་ཉམས་ཞིབ། ཕབ་སྒྱུར་སྡེ་ཚན་གྱི་སློབ་སྟོན་པར་བསྐོ་བཞག་གནང་།  བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་པོའི་ལས་ཁུར་ཡང་ཞུས།

འཛིན་སྐྱོང་གི་བཀའ་འབྲེལ་དང་སྐབས་རེ་བོད་གཞུང་འཕྲོད་བསྟེན་ལྷན་ཁང་གིས་ཐུགས་རེ་གནང་བ་བཞིན་རྒྱ་གར་བྱང་ཤར་ཁུལ་བོད་མིའི་གཞིས་སྒར་ཡོང་རྫོགས་དང་ལྷོ་ཕྱོགས་གཞིས་སྒར་ཁག གཞན་ཡང་ལ་དྭགས་སོགས་ཧི་མ་ལའི་རི་རྒྱུད་ཁག་བཅས་བོད་སྨན་ལ་ཡིད་ཆེས་ཡོད་སའི་རྒྱ་གར་རྒྱལ་ཡོངས་སུ་མང་ཚོགས་ཀྱི་འཕྲོད་བསྟེན་སློབ་གསོ་དང་བརྟག་དཔྱད་སྨན་བཅོས། མྱོས་རྫས་སྔོན་འགོག ཟས་སྤྱོད་ལམ་སྟོན་སོགས་འཕྲོད་བསྟེན་དང་འབྲེལ་བའི་ལས་དོན་ཆེད་སྐོར་སྐྱོད་ཐེངས་མང་གནང་སྟེ་ལུས་ཅན་རྣམས་ཀྱི་མི་འདོད་སྡུག་བསྔལ་ནད་ལས་གྲོལ་བར་མཛད་པའི་ལོ་རྒྱུས་བརྗོད་ལས་འདས་པས་རེ་རེ་བཞིན་འགོད་ཐབས་བྲལ་ཡང་གང་འཚམས་ཤིག་དེབ་ཕྲེང་སྟོད་ཆའི་ནང་གི་སྨན་སྐོར་ཕྱོགས་སྐྱོད་སྐབས་སུ་བཀོད་ཡོད།

དེ་བཞིན་དུ་ཡོ་རོབ་ནང་གི་རྒྱལ་ཁབ་ཕལ་མོ་ཆེ་དང་ཨ་རི་དང་ཁ་ཎ་ཌ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་དང་། ཨུ་རུ་སུའི་ནང་དང་ཉི་ཧོང་སོགས་ལྷོ་ཤར་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་ཕལ་མོ་ཆེ་བཅས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་གཞུང་སྒེར་གཉིས་ཀྱི་ངོ་བོའི་ཐོག་ནས་ཐེངས་མང་སྨན་སྐོར་དུ་བསྐྱོད་དེ་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་ཆེན་འདྲ་མིན་ནང་མཉམ་ཞུགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་རིན་ཐང་དང་ཕན་ནུས་ལས་བརྩམས་པའི་གསུང་བཤད་དང་དྲི་བ་དྲིས་ལན། བགྲོ་གླེང་། གཞན་ཡང་ཞི་དྲག་དཔོན་རིགས་དང་མང་ཚོགས་བཅས་ལ་བརྟག་དཔྱད་སྨན་བཅོས་གནང་བ་སོགས་འགྲོ་དོན་རྒྱ་ཆེར་བསྐྱངས་པའི་ལོ་རྒྱུས་གང་འཚམས་ཤིག་དེབ་ཕྲེང་དང་པོའི་ནང་དུ་བཀོད་ཡོད་པས་དེ་ནས་ཤེས་པར་གྱིས།

སྐུ་ཚེ་གང་པོ་ནད་ཅན་མང་པོར་མི་འཇིགས་སྲོག་གི་སྦྱིན་པའི་ལས་ལ་འཇུག་བཞིན་ཞོར་དུ་བརྩམས་ཆོས་ཀྱང་གང་མང་ཞིག་ཡོད་དེ། དེ་ཡང་བོད་སྨན་དང་འབྲེལ་བའི་དཔྱད་རྩོམ་ཁག་ནི། སྨན་པ་གསར་བུ་བའི་ལམ་ཡིག་འཕྲོད་བསྟེན་ལག་དེབ་མི་འདྲ་བ་གཉིས། སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་ལག་དེབ། ཛ་དྲག་གི་སྔོན་འགྲོའི་སྨན་བཅོས་ལག་དེབ། གཉན་ནད་རེག་དུག་སྐོར་ལག་དེབ། སཱ་ཧ་རའི་ཐུགས་བཅུད་གསོ་རིག་རྒྱུད་ཆེན་མན་ངག་རྒྱུད་ཀྱི་དཀའ་འགྲེལ། དབྱིན་སྐད་ནང་གི་རྩོམ་དེབ་ཁག་ནི། Spiritual Medicine of Tibet སོགས་མི་ཉུང་བ་ཡོད།

གཞན་ཡང་དུས་ཚོད་ནམ་བྱུང་ལ་དོན་གཉེར་ཅན་དུ་མར་སློབ་ཁྲིད་གནང་མུས་ཡིན་པ་དང་། ཁོང་གི་དངོས་སློབ་གཙོ་བོ་སྨན་པ་ཡེ་ཤེས་མཁའ་འགྲོ་ལགས་རང་གི་ཉམས་མྱོང་གི་ལེགས་ཆ་གང་ཡོད་བརྒྱུད་སྤྲོད་གནང་ཡོད་པ་མ་ཟད། སྨན་པ་གཞོན་པ་མང་པོར་མཐོང་བརྒྱུད་མན་ངག་གང་ཡོད་གནས་མུས་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

༣། ྋསྐུའི་བླ་ཞབས་སྨན་རམས་པ་ཟླ་བ་སྒྲོལ་མ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་ཟླ་བ་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༤༩ ལོར་བོད་དབུས་གཙང་ཁུལ་རིན་སྤུངས་རྫོང་ཁོངས་གཙང་རོང་གླེ་དབང་བཀྲ་ཤིས་སྒང་ཞེས་པའི་ཁྱིམ་ཚང་དུ་ཕ་དབང་འདུས་དང་མ་པདྨ་སྒྲོལ་མ་གཉིས་ཀྱི་སྲས་མོར་འཁྲུངས། ཁོ་མོ་བྱིས་པའི་དུས་ནས་ཕ་མ་དང་ཁ་བྲལ་རྐྱེན་སྲུ་མོ་དང་མཉམ་དུ་སྒང་ཏོག་ཏུ་སླེབས་ཏེ་ ༡༩༦༡ ནས་ ༡༩༦༩ བར་རྡོར་གླིང་བོད་གཞུང་སློབ་གྲྭར་བསྐྱོད།

༡༩༦༩ ལོར་དྷ་ས་སྨན་རྩིས་མཐོ་སློབ་ཁང་དུ་འཛུལ་ཞུགས་ཀྱིས་བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་སློབ་དཔོན་ཆེན་མོ་བར་ཞི་ཕུན་ཚོགས་དབང་རྒྱལ་གྱི་དྲུང་དུ་སུམ་རྟགས་སྙན་གསུམ། དག་ཡིག བཤེས་སྤྲིངས། སྐར་ནག་རྩིས་དང་བཅས་པ་དང་། དེ་བཞིན་དགེ་བཀྲ་ཤིས་ལགས་ཀྱི་མདུན་དུ་རྒྱུད་བཞིའི་དཀའ་འགྲེལ། བླ་སྨན་འཇམ་དབྱངས་བཀྲ་ཤིས་ལགས་ཀྱི་དྲུང་དུ་སྨན་སྦྱོར་གྱི་ལག་ལེན་ཐོག་སྨན་རྒྱུ་ངོ་སྤྲོད་དང་། སྨན་རྒྱུ་སྐམ་གསེད། གཙང་སེལ་བྱེད་སྟངས། རིལ་བུ་བཟོ་སྟངས། རིལ་རྩི་དང་རིལ་ཕྱག་རྒྱག་སྟངས་སོགས་ཀྱི་ལག་ལེན་དམར་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་དུ་ཐོབ། ༡༩༧༥ ལོར་སྨན་པ་དཀའ་བཅུ་པའི་གནས་རིམ་དང་པོར་སློབ་ཐོན་བྱུང་རྗེས་སྨན་པ་གྲགས་ཅན་ཨ་མ་བློ་བཟང་སྒྲོལ་མ་མཆོག་དང་མཉམ་དུ་བརྟག་དཔྱད་ཁང་དུ་ཟླ་ཤས་རིང་ཉམས་གསོག་ཞུས། དེའི་རྗེས་སྨན་རྩིས་ནད་གསོ་ཁང་གི་སྨན་པ་གཞོན་པའི་ལས་འགན་སྟེང་རྒྱ་གར་ཚེ་ཡི་རིག་བྱེད་པའི་སྨན་པས་བོད་སྨན་ལ་ཉམས་ཞིབ་བྱེད་པར་ལས་རོགས་ལོ་གསུམ་ལ་ཞུས།

༡༩༧༨ ནས་དྷ་སྟེང་ཡན་ལག་སྨན་ཁང་གི་བརྟག་དཔྱད་སྨན་པའི་ལས་འགན་དང་། དེ་ནས་ ༡༩༨༦ བར་དྷ་སྟེང་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་འགན་ཞུས། སྐབས་དེར་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་བོད་ནས་གསར་དུ་འབྱོར་ཏེ་དྷ་སྟེང་ཡན་ལག་སྨན་ཁང་དུ་ཕྱག་ལས་གནང་བའི་གོ་སྐབས་ལ་བརྟེན་ཁོང་གི་དྲུང་ནས་ནད་གཞི་བརྟག་དཔྱད་སྨན་བཅོས་ཀྱི་ལག་ལེན་དང་། ཁྱད་པར་དུ་གསེར་ཏེལ་དང་།  གཟི་ཚུགས་སོགས་དང་། སྤྲ་མེ་རྒྱག་སྟངས། དེ་བཞིན་གཏར་ཁ་རྒྱག་སྟངས་སོགས་ཀྱི་ལག་ལེན་མང་དག་ཅིག་ལ་ཉམས་མྱོང་གསོག་རྒྱུའི་གོ་སྐབས་ཐོབ། གཞན་ཡང་སྐབས་དེར་ཨིན་ལནཌའི་ཨོག་ས་ཕོ་ཊ་ཡུ་ནི་ཝར་སི་ཀྲི་ཡི་སྨན་པ་མེ་རི་རན་ནས་ཁོང་གི་ཉམས་ཞིབ་རྩོམ་ཡིག་ཆེད་བོད་སྨན་གྱིས་གྲུམ་བུར་ཕན་ནུས་བརྟག་ཕྱིར་ནད་པ་གྲངས་ ༡༠༥ སྨན་རམས་པ་ཟླ་སྒྲོན་ལགས་ཀྱིས་བོད་སྨན་གྱིས་སྨན་བཅོས་བྱས་པར་བདུན་ཕྲག་རེ་རེ་བཞིན་མེ་རི་རན་ནས་ཕྱི་ལུགས་ཚན་རིག་དང་མཐུན་པའི་སྒོ་ནས་དྲག་སྐྱེད་ཇི་ཙམ་ཡོད་མེད་ཀྱི་བརྟག་དཔྱད་ཞུས་མཐར་ཟླ་གསུམ་སྨན་བཅོས་ཀྱི་རྗེས་སུ་བོད་སྨན་གྱིས་གྲུམ་བུའི་ནད་གཞིར་ཕན་སྐྱེད་བརྒྱ་ཆ་ ༨༠ ཙམ་ཡོད་ལུགས་དང་། དེ་བཞིན་ཕྱི་ལུགས་སྨན་གྱིས་གྲུམ་བུའི་ཟུག་བཅོག་གི་ཕན་ནུས་ཤིན་ཏུ་མྱུར་བ་དང་།  བོད་སྨན་གྱིས་ཡན་ལག་འགུལ་སྐྱོད་ལ་ཕན་ནུས་ཆེ་བ་བྱུང་ཡོད་པ་སོགས་ཀྱི་སྡོམ་ཚིག་ཐོན་ཡོད། དེ་རྗེས་ ༡༩༩༦ ལོར་སླར་ཡང་མེ་རི་རན་གྱི་སློབ་མ་ཞིག་ནས་རླུང་གི་ནད་ལ་བོད་སྨན་གྱིས་ཕན་ནུས་བརྟག་ཞིབ་བྱ་རྒྱུའི་སྔོན་འགྲོའི་རེ་སྐུལ་ཞུས་པ་ལྟར་རླུང་གི་ནད་པ་ཉི་ཤུ་རྩ་བཞིར་སྨན་བཅོས་དང་བརྟག་དཔྱད་ཞུས་འབྲས་སུ་ཟླ་གསུམ་ལ་སྨན་བཅོས་ཞུས་རྗེས་ནད་པ་གྲངས་བཅུ་དྲུག་ལ་བོད་སྨན་གྱིས་ཕན་ཐོགས་བྱུང་ནས་ནད་གཞི་དྲག་ཏུ་སོང་བ་དང་། ནད་པ་ ༥ ནད་གཞི་རང་འཇགས་དང་། ནད་པ་ ༣ ལ་གློ་བུར་རྐྱེན་འཕྲད་ཀྱིས་ནད་ཚབ་ཆེ་རུ་སོང་བའི་སྡོམ་ཚིག་ཐོན། ༡༩༨༧ ལོར་སྨན་རམས་པ་ཆུང་བ་གནས་རིམ་དང་པོའི་ཐོག་སློབ་ཐོན་གྱིས་ཆེས་མཐོའི་སྨན་རྩིས་ཚོགས་ཆུང་གི་ཚོགས་མིའི་གྲས་སུ་བསྐོ་བཞག་གནང་།

༡༩༩༨ ནས་ ༢༠༠༨ བར་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྨན་པའི་ལས་ཁུར་ཞུས་ཏེ་ཟ་ཁུ་གཅིན་སྙིའི་ནད་གཞི་དང་། མཆིན་ནད་དུག་ཐབས་སྐོར། འབྲས་ནད་སྤྱི་དང་ཡང་སྒོས་ཕོ་བ་དང་བསམ་སེའི་འབྲས་ནད་སོགས་ལ་ཉམས་ཞིབ་གནང་།  ༡༩༩༨ ལོར་རྒྱ་གར་ཀ་ཏ་སྲོལ་རྒྱུན་སྨན་ལུགས་ཀྱི་ཚོགས་པ་ནས་བོད་ཀྱི་གསོ་རིག་འཛིན་པ་རྒན་གྲས་འགའ་ལ་གསེར་གྱི་རྟགས་མ་དང་ལག་འཁྱེར་བཅས་གནང་སྲོལ་འདུག་པ་བཞིན་ཁོང་ལ་གསེར་གྱི་རྟགས་མ་གནང་སོན་བྱུང་།  ༢༠༠༢ ལོར་བུད་མེད་བླ་སྨན་ཞབས་ཞུ་བ་ཐོག་མ་དེ་འདེམས་ཐོན་བྱུང་བ་ནས་བཟུང་སྐུ་སྒེར་ནས་ཞལ་པར་ནམ་འབྱོར་ལ་ལྷག་བསམ་ཟོལ་མེད་ཀྱིས་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་ཞབས་ཞུ་ཁུར་འཁྱེར་གྱིས་ ༢༠༠༦ ལོར་ཁུ་ནུར་གསུང་ཆོས་སྐབས་དང་། དེ་བཞིན་ ༢༠༠༨ ལོར་རྡོར་གདན་དུ་དུས་དབང་གནང་སྐབས། ༢༠༠༩ ལོར་ཨ་རིའི་ཝ་ཤིན་ཀྲོན་དུ་གསེར་གྱི་རྟགས་མ་བཞེས་སྐབས་བཅས་ལ་ཞབས་ཞུའི་སྐལ་བཟང་ལེགས་ཐོབ་ཀྱིས་སྐུ་བཅར་ཞུས།  ༢༠༠༢ ལོར་ཨ་རིའི་མེ་ཌེ་སིན་དུ་བགྲེས་སོང་གཉིས་ནས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཞིག་དབུ་འབྱེད་གནང་རྒྱུའི་འཆར་གཞི་དང་།  དེའི་ཆེད་ཁོང་ལོ་གཉིས་རིང་གཏོང་དགོས་པའི་རེ་འདུན་ཞུས་པ་བཞིན་སྨན་རྩིས་ཁང་གིས་ཁོང་ཛ་དྲག་ངང་གཏོང་གནང་ཞུས་ཀྱང་ས་ཁམས་དང་གནམ་གཤིས་སོགས་ཀྱི་རྐྱེན་གྱིས་གཟུགས་ཁམས་བདེ་མིན་དབང་གིས་ཕྱིར་ལོག་བྱ་དགོས་པ་བྱུང་།

༢༠༠༨ ལོར་རང་ལོ་ ༦༠ དང་ཞབས་ལོ་ཧྲིལ་བོ་ ༣༣ འཁོར་ཏེ་སྨན་རྩིས་ཁང་གི་སྒྲིག་སྲོལ་བཞིན་བགྲེས་ཡོལ་ཞུས་ཐོབ་ཡོད་ཅིང་།  ཁོང་གིས་སྨན་རྩིས་ཁང་དུ་ལས་ཁུར་ཞུས་པའི་དུས་ཡུན་དེའི་ནང་བོད་རིགས་དང་།  རྒྱ་གར་གྱི་ཡུལ་མི་ཨ་རི་བ་སོགས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་སོགས་ལ་ནད་བཅོས་བརྟག་དཔྱད་ཞུས་པར་མ་ཟད། རྒྱ་གར་ནང་ལོགས་དིལླིི་དང་། ཀ་ཏ། མོམ་བཻ། ཨེཧ་མ་ད་བཱད། རྡོར་གདན། ལ་དྭགས། སྤི་ཏི། ཁུ་ནུ་སོགས་སུ་སྨན་སྐོར་དང་སྨན་གྱི་འགྲེམས་སྟོན། འཕྲོད་བསྟེན་སློབ་གསོ་སོགས་ཀྱི་ཆེད་དུ་ལན་མང་བསྐྱོད། དེ་བཞིན་བོད་མིའི་གཞིས་སྒར་བྷེལ་ཀོབ་དང་། མོན་གྷོ། ཨོ་རི་ས། ཀལླི་གལ། ཧུན་སུར། བྷན་དཱ་ར། མེན་པཌ་སོགས་ལའང་སྨན་རྩིས་ཁང་གི་བཀོད་སྒྲིག་འོག་ནད་པར་བརྟག་དཔྱད་སྨན་བཅོས་དང་འཕྲོད་བསྟེན་གྱི་སློབ་གསོ་བྱེད་པར་ཐེངས་གཉིས་ལ་ཕེབས། གཞན་ཡང་ ༡༩༨༧ དང་ ༡༩༩༩ ལོར་རིམ་བཞིན་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་ཀྱི་ཕྱག་རོགས་དང་ནད་པར་གསུང་སྒྱུར་ཞུ་ཆེད་དབྱིང་ལནཌ་དང་། ཨ་རིར་ཕེབས་ཏེ་བླ་སྨན་མཆོག་གི་གསུང་བསྒྱུར་དང་ནད་པར་བརྟག་དཔྱད། རྩ་ཆུ་བརྟག་ཐབས་སྐོར་གྱི་གཏམ་བཤད་སོགས་གནང་བ་དང་། ༡༩༨༨ ནས་ད་ལྟའི་བར་ཧོ་ལནཌ་དང་། ཨ་རི། ཡུ་རོབ་རྒྱལ་ཁབ་ཨུ་རྩ་པེ་ཀིས་ཐན། ནུབ་ཀོ་རི་ཡ། ལྷོ་ཨ་མི་རི་ཀ ཨཛར་བེཡི་ཇན། ལ་ཏ་བིི་ཡ། སྭི་ཌན་བཅས་སུ་བསྐྱོད་དེ་ནད་པར་བརྟག་དཔྱད་དང་། སྔོ་སྨན་གྱི་འགྲེམས་སྟོན། བོད་སྨན་གྱི་རྒྱལ་རབས་ལོ་རྒྱུས་དང་རྩ་ཆུའི་བརྟག་ཐབས། བཤད་རྒྱུད་ལེའུ་སོ་གཅིག་པ་སྨན་པའི་ཀུན་སྤྱོད་སྐོར་སོགས་ཀྱི་གཏམ་བཤད་ཐེངས་མང་པོར་གནང་། 

༡༩༩༠ ལོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོོ་རུ་ཅེ་རི་ནོ་པལ་གྱི་དུག་རྫས་ཕོག་པའི་ནད་པ་རྣམས་ལ་སྨན་བཅོས་ཞུ་བར་བཅར་སྐབས་ཨུ་རུ་སུའི་སྲིད་འཛིན་བོ་རིས་ཡལ་སན་མཆོག་མོ་ཊ་བརྡབ་སྐྱོན་གྱིས་སྙུན་མནར་གྱིས་གཟིམ་མལ་དུ་ལུས་སྐབས་ཁོང་གིས་བོད་ལུགས་གསོལ་སྨན་ཕུལ་ཏེ་ཉིན་བཅོ་ལྔ་ཙམ་གྱི་རྗེས་སུ་དྲག་སྐྱེད་བྱུང་ནས་སྲིད་འཛིན་མཆོག་ལས་ཁུངས་སུ་ལས་བཅར་ཞུ་ཐུབ་པ་བྱུང་བའི་སྐོར་སྲིད་འཛིན་མཆོག་ནས་སྐུ་སྒེར་ཡིག་ཚང་དུ་ཕྱག་བྲིས་སུ་ཕུལ་བ་སོགས་ཕན་རླབས་ཆེན་པོ་བྱུང་། མི་མང་གི་འཕྲོད་བསྟེན་ཆེད་དུ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་དང་། ཨ་རིའི་རླུང་འཕྲིན། ནོར་ཝེ་རླུང་འཕྲིན་ཁང་། དྷ་ཤོད་རྒྱ་གར་རླུང་འཕྲིན་ཁང་། ལཏ་བི་ཡ་རླུང་འཕྲིན་ཁང་བཅས་སུ་ཆམ་རིམས་ནད་དང་། ནད་གཞི་མང་དག་ཅིག་ངོ་སྤྲོད་དང་། སྔོན་འགོག་བྱེད་སྟངས་དང་སྨན་བཅོས། སྤངས་བླང་གི་ཤེས་བྱ་སོགས་བོད་སྐད་དང་། ཨིན་སྐད། ཧིན་སྐད་བཅས་ཀྱི་ཐོག་ནས་བཅར་འདྲི་གནང་བ་ཁག་ལ་ལན་འདེབས་ཞུས་ཏེ་རླུང་འཕྲིན་ཁང་ནས་དུས་ཐོག་རྒྱང་བསྲིང་ཞུས། དེ་བཞིན་མི་མང་གི་འཕྲོད་བསྟེན་ཆེད་དུ་བོད་ཀྱི་དུས་བབ་དང་། སྤྱི་ཚོགས་མེ་ལོང་། བོད་ཀྱི་བང་ཆེན། ཨ་རིའི་བི་རི་ཡ་མཐོ་སློབ་ཀྱི་དུས་དེབ་སོགས་ཚགས་ཤོག་ཁག་ནང་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་དང་། ལོ་རྒྱུས། ཆང་རག་གི་ཉེས་སྐྱོན། མི་སོ་སོའི་རང་བཞིན་ལ་གཞིགས་པའི་ཟས་སྤྱོད་སྤངས་བླང་། ཁྲག་ཤེད་སོགས་ནད་གཞི་ཁག་ཅིག་གི་ངོ་སྤྲོད་དང་སྔོན་འགོག་བྱ་ཐབས་བཅས་ཀྱི་སྐོར་བཅར་འདྲི་གནང་བར་ལན་འདེབས་གནང་བ་དང་རྩོམ་ཡིག་ཕུལ་བ་རྣམས་ཚགས་ཤོག་སྟེང་འདོན་སྤེལ་ཞུས། གཞན་སྨན་རྩིས་ཁང་གི་དུས་དེབ་ཁག་ནང་འདོན་སྤེལ་ཆེད་བཀའ་ཁྱབ་གནང་དོན་བཞིན་གྲུམ་བུའི་ཉམས་ཡིག་དང་། གྲུམ་བུའི་དཔྱད་ཡིག ཕོ་བ་སྨུག་པོ། དམུ་ཆུའི་ནད་སྐོར། མཁྲིས་སྐྲན་ནམ་མཁྲིས་རྡོ། ཁྲག་ཤེད་ཀྱི་ནད་སོགས་ཀྱི་སྐོར་ལ་རྩོམ་ཡིག་བྲིས་ཏེ་དུས་དེབ་ནང་འདོན་སྤེལ་དང་སྨན་རྩིས་ཁང་གི་ཚོགས་ཆེན་དང་། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཟབ་སྦྱོང་དང་ཚོགས་ཆེན། ཝ་ཎ་མཐོ་སློབ་ཀྱི་སྨན་རམས་པའི་ཟབ་སྦྱོང་།  སྨན་རྩིས་མཐོ་སློབ་ཟབ་སྦྱོང་། བུ་ཁྱིམ་མ་མའི་ཟབ་སྦྱོང་། གསོག་སྒར་སློབ་ཐོན་རྣམས་ཀྱི་ཟབ་སྦྱོང་སོགས་ལའང་བོད་སྨན་སྐོར་ངོ་སྤྲོད་སློབ་ཁྲིད་གནང་བ་སོགས་ཀྱི་ཞབས་འདེགས་ལྷུར་ལེན་གང་ལེགས་གནང་བ་བཅས་སོ།།

༤། སྨན་རམས་པ་བསོད་ནམས་ལྷ་མོ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་པ་བསོད་ནམས་ལྷ་མོ་ལགས་ཕྱི་ལོ་ ༡༩༧༥ ལོར་སྨན་རྩིས་ཁང་ནས་སྨན་པ་དཀའ་བཅུ་བའི་སློབ་མཐར་ཕྱིན་ཏེ་ཕྱི་ལོ་ ༧༣ ནས་བཟོ་གྲྭའི་སྨན་ཁང་རང་འཇགས་ཡིན་པ་མཇུག་སྐྱོང་གནང་སྟེ་ ༡༩༨༤ བར་བསྡད། ཞོར་དུ་ཌལ་ཧོར་སློབ་གྲྭའི་སྨན་པའི་ཚབ་དུ་བཞུགས་ཏེ་སྔ་དགོང་གཉིས་སུ་སློབ་ཕྲུག་ཚོར་ཁབ་རྒྱག་པ་དང་རྨ་དཀྲིས་བརྒྱབ་རྒྱུ་སོགས་ཕྱི་ལུགས་སྨན་བཅོས་གནང་བ་དང་། ཉིན་གུང་བཟོ་གྲྭའི་སྨན་ཁང་དུ་ཕྱིར་ལོག་ནས་ནད་པ་མང་པོར་བོད་ལུགས་ཀྱི་བརྟག་དཔྱད་སྨན་བཅོས་གནང་བ་སོགས་ལྷག་བསམ་ཀྱི་རང་མདངས་ཀུན་ནས་རྒྱས་ཏེ་ས་གནས་དེ་གའི་མི་མང་ལ་ཕན་ཐོགས་གང་ཆེ་བྱུང་བ་མ་ཟད། ལས་དོན་ཆུང་ཙག་ས་གནས་མི་མང་གི་གཤིན་རྩིས་སྐོར་རྒྱུ་སོགས་ཀྱི་ཐད་ཀྱང་དོ་སྣང་ཆེན་པོས་ཕྱག་རོགས་ཧུར་ཐག་གནང་བ་སོགས་ལས་དོན་དག་འཐུས་ཚང་དང་གྲ་འགྲིག་པོ་བྱུང་བའི་ས་གནས་སློབ་གྲྭའི་སློབ་སྤྱིས་མཚོན་ཡུལ་མི་རྣམས་ཀྱིས་བསྔགས་བརྗོད་ཐོབ།

ཕྱི་ལོ་ ༡༩༨༣ ཙམ་ནས་བོད་གཞུང་དབུས་སྨན་རྩིས་ཁང་གི་སྐུ་ཚབ་དང་བླ་སྨན་རྣམ་པའི་གསུང་བསྒྱུར། ཆེད་དུ་ནད་པར་བརྟག་དཔྱད་གནང་བར་ཕེབས་པ་སོགས་རླབས་ཆེན་གྱི་བྱ་བཞག་རྒྱས་འགོ་ཚུགས། ལོ་དེར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་། སྨན་པ་པ་སངས་ཡོན་ཏན། སྨན་པ་བསོད་ནམས་ལྷ་མོ་སོགས་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་བོམ་བཻ་རུ་བསྐྱོད་དེ་ལས་དོན་གང་ལེགས་འགྲུབ་ཡོད། སྐབས་ཤིག་ལ་བླ་སྨན་ཀུན་འགྱུར་ལགས་དང་། སྨན་པ་ཟླ་སྒྲོན་ལགས། སྨན་པ་བསོད་ནམ་ལྷ་མོ་སོགས་སྨན་ལས་ཁ་ཤས་ལྷན་དུ་བསྐྱོད་པ་དང་། ༡༩༨༥ ལོར་བླ་སྨན་བསྟན་ཆོས་དང་།  སྨན་པ་བསོད་ནམས་ལྷ་མོ་སོགས་སླར་ཡང་བོམ་བཻ་རུ་བསྐྱོད་དེ་སྔོན་གྱི་རྡོ་རྗེ་ཕ་ལམ་གྱི་ཚོང་པ་དེ་དང་འབྲེལ་བ་ཞུས་པ་སོགས་གོང་གསལ་གྱི་ལོ་དུས་དེར་སྨན་པ་སྐོར་སྐྱོད་མང་ཤོས་ཆགས་ཡོད་པ་རེད། ཕྱི་ལོ་ ༡༩༨༥ ལོར་སྨན་པ་བསོད་ནམས་ལྷ་མོ་ལགས་ྋསྐུའི་བླ་སྨན་བསྟན་ཆོས་ལགས་ཀྱི་གསུང་བསྒྱུར་དུ་འཛམ་གླིང་རྒྱལ་སྤྱིའི་ཚོགས་འདུར་བཅར་བ་དང་།  ཕྱི་ལོ་ ༡༩༩༠ ལོར་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་དང་ལྷན་དུ་རྒྱལ་སྤྱིའི་རང་བྱུང་སྨན་གྱི་ཚོགས་ཆེན་དིལླིིར་ཚོགས་པར་བསྐྱོད་པ་མ་ཟད། ཚོགས་ཆེན་དུ་མཉམ་ཞུགས་གནང་སྐབས་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་དང་ཕན་ནུས་སོགས་ལས་འཕྲོས་ཏེ་གཏམ་བཤད་གནང་བས་བོད་ཀྱི་གསོ་རིག་ལ་དྲིལ་བསྒྲགས་དང་གདེང་འཇོག་གི་ཚད་གཞི་མཐོན་པོ་བྱུང་།  དེ་བཞིན་ལོ་ལྟར་སྨན་རྩིས་ཁང་གི་བླ་སྨན་རྣམས་གྱི་གསུང་བསྒྱུར་གྱིས་མཚོན་ཚོགས་ཆེན་མང་པོར་ཞུགས་ཏེ་བོད་ཀྱི་གསོ་བ་རིག་པའི་ཉག་ཕྲ་བའི་དུས་རབས་ནང་སྨན་པ་རྒན་གྲས་དག་དང་ལྷན་དུ་སྨན་རམས་པ་བསོད་ནམས་ལྷ་མོས་ཀྱང་སྐུ་ངལ་ཚད་མེད་བསྐྱོན་ཏེ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ནང་ནམ་ཡང་ཡལ་མེད་རྗེས་ཤུལ་བཞག་ཡོད།

ཕྱི་ལོ་ ༡༩༨༥ ནས་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་སིམ་ལ་ཡན་ལག་སྨན་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་སྐབས་ཉིན་རེར་ནད་པ་བདུན་ཅུ་ནས་བརྒྱད་ཅུ་བར་བརྟག་དཔྱད་སྨན་བཅོས་གནང་བ་མ་ཟད། དབུས་ནས་སློབ་མཐར་ཕྱིན་པའི་སྨན་པ་གསར་པ་མང་པོ་ཞིག་སྨན་པ་བསོད་ནམས་ལྷ་མོ་ལགས་ཀྱི་རྩར་བཏང་གི་ཡོད་པ་རེད། ཕྱི་ལོ་ ༡༩༩༥ ལོར་སིམ་ལ་ཡན་ལག་སྨན་ཁང་ནས་གནས་སྤོས་ཀྱིས་དིལླི་ནི་ཛ་མུ་དིན་དུ་བླ་སྨན་ཀུན་དགའ་འགྱུར་མེད་ཀྱི་ཚབ་ཏུ་བསྐོ་བཞག་གནང་བ་དེའི་རིང་ས་གནས་ཀྱི་རིང་ཐུང་ལ་མ་འཛེམས་པར་གྲོང་ཁྱེར་གཞན་དང་གཞན་ནས་སྨན་ཁང་འདིར་ནད་པ་ཆེད་ཕེབས་ཀྱིས་བརྟག་དཔྱད་གནང་བ་སོགས་སྨན་པ་བསོད་ནམས་ལྷ་མོས་སྨན་བཅོས་གནང་ཐབས་ལ་ནད་པ་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ།

ཕྱི་ལོ་ ༡༩༩༩།༤།༡༩ ནས་ཌེ་རཱ་ཌུན་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་བ་བཞིན་ལས་ཁུར་ཞུ་བཞིན་ཡོད་པ་མ་ཟད། ཉིན་རེར་ནད་པ་མང་པོ་བསྟར་ཕྲེང་བསྒྲིགས་ཏེ་འཚང་ཁ་ཤིག་ཤིག་བརྟག་དཔྱད་གནང་བར་ཕེབས་པ་སོགས་སྨན་པས་ཕྱག་ལས་གནང་མུས་ཡིན།

ཕྱི་ལོ་ ༡༩༩༠ ལོ་ནས་ཕྱག་རོགས་སྨན་པ་རྣམ་དང་ལྷན་དུ་ནོར་ཝེ་དང་། སྭི་ཌེན། ཌེན་མཱརྐ་སོགས་རྒྱལ་ཁབ་རྣམས་ལ་སྔ་ཕྱིར་ལན་མང་ཕེབས་སྟེ་ཡུན་རིང་བཅོས་སྡུག་སོང་ཞིང་ཕྱི་ལུགས་སྨན་གྱིས་ཕན་ནུས་མ་ཐོན་པའི་ནད་པ་དང་སྤྱིར་བཏང་གི་ནད་པ་སོགས་ནད་པ་ཧ་ཅང་མང་པོར་བརྟག་དཔྱད་སྨན་བཅོས་གནང་བས་མཚོན་བགྲོ་གླེང་དང་འགྲེམས་སྟོན་སོགས་གནང་བས་ས་གནས་དེ་གར་བོད་གྱི་གསོ་རིག་གི་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བ་མ་ཟད། འབྲེལ་ཡོད་སྦྱིན་བདག་རྣམ་པས་ཡང་ནས་ཡང་དུ་སྨན་པ་བསོད་ནམས་ལྷ་མོ་འདན་འདྲེན་ཞུས་པ་སོགས་འདོད་བློ་ཁེངས་པ་དང་བོད་ཀྱི་གསོ་རིག་ལ་དགའ་མོས་ཆེན་པོ་གནང་འདུག སྨན་སྐོར་འདི་དག་ཁྲོད་སྨན་པ་བསོད་ནམས་ལྷ་མོ་ལགས་ཀྱིས་དབུས་སྨན་རྩིས་ཁང་ལ་སྨན་པའི་ལག་དོད་དང་སྨན་ཡོན་སོགས་ལས་བྱུང་བ་སོགས་ཁྱོན་བསྡོམས་ཨ་སྒོར་ ༡༦༩༢༧༧།༠༠ ཕུལ་ཡོད་ལ། སྒོར་འདི་དག་གིས་སྨན་རྩིས་ཁང་གི་དཔལ་འབྱོར་ཡར་རྒྱས་སོགས་ལ་ཕན་ནུས་ཆེན་པོ་ཐོབ་ཡོད་ལ། དབུས་སྨན་རྩིས་ཁང་གི་སྙན་གྲགས་དང་སྨན་པ་རྒན་གྲས་རྣམས་ཀྱིས་འབད་བརྩོན་གནང་བ་ལ་བརྟེན་ནས་ཕྱི་རྒྱལ་ཁག་ཏུ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དར་རྒྱས་སུ་འགྲོ་བཞིན་པ་དཔེ་མཚོན་འདི་གཅིག་བུའི་ཐོག་ནས་ཀྱང་གསལ་བོར་མཚོན་ཐུབ།

མདོར་བསྡུས་ན་སྦྱངས་འབྲས་ཕུལ་དུ་བྱུང་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་རམས་པ་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱི་ལོ་ ༡༩༧༥ ལོར་དབུས་སྨན་རྩིས་ཁང་ནས་སྨན་པ་དཀའ་བཅུ་བ་སློབ་མཐར་ཕྱིན་པ་ནས་བཟུང་། ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༢ ཉིན་སྨན་རམས་པ་ཆུང་བའི་ཡིག་རྒྱུགས་ཕུལ་བས་སྨན་རམས་པ་ཆུང་བའི་ལག་ཁྱེར་ཐོབ་པ་དང་།  ༡༩༩༨ ལོར་སྨན་རམས་པ་འབྲིང་བའི་ཡིག་རྒྱུགས་ཕུལ་བས་གྲུབ་འབྲས་གང་ལེགས་བྱུང་སྟེ་སྨན་རམས་པ་འབྲིང་བའི་ལག་ཁྱེར་ཐོབ་པ་སོགས་སྦྱངས་པའི་འབྲས་བུ་ཁག་དང་། དབུས་ཀྱི་བཀའ་འབྲེལ་བཞིན་ཡན་ལག་ཁག་ཏུ་ནད་པར་བརྟག་དཔྱད་གནང་བས་མཚོན་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་སྨན་སྐོར་དང་ཚོགས་འདུ། འགྲེམས་སྟོན་དང་། ཟབ་སྦྱོང་གནང་བ་སོགས་ཉམས་མྱོང་གིས་ཕྱུག་པ་མ་ཟད། མི་ཚེ་ཕྱག་ལས་ལ་གཏད་ཅིང་དབུས་སྨན་རྩིས་ཁང་གིས་མཚོན་མིའི་རིགས་ལ་ཞབས་ཞུ་བསྒྲུབས་ཏེ་ཞབས་ལོ་ ༣༨ ལྷག་འགོར་ཡང་ད་དུང་མུ་མཐུད་དེ་ཞབས་ཞུ་གནང་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ།།

༥། སྨན་རམས་པ་ཚེ་རིང་རྡོ་རྗེ་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་ཚེ་རིང་རྡོ་རྗེ་ལགས་བོད་ལྗོངས་ཀོང་པོ་སྨན་ལུང་དང་ཉེ་བ་རྡོ་གཞོང་འབོད་པར་སྐྱེས། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ཁབ་ལ་རྒྱ་དམར་གྱིས་སྨྱོ་ཧམ་ཆེན་པོས་བཙན་འཛུལ་གནང་སྐབས་ཕ་མ་གཉིས་དང་ལྷན་དུ་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ཤིང་། རྡོ་རྗེ་གླིང་གཏན་སློབ་ནས་འབྲིང་རིམ་སློབ་གྲྭ་ཐོན།

ཕྱི་ལོ་ ༡༩༦༩ ལོར་དྷ་ས་སྨན་རྩིས་ཁང་གི་མཐོ་སློབ་ཏུ་འཛུལ་ཞུགས་གནང་སྟེ་མཁས་དབང་སྨན་རྩིས་སློབ་དཔོན་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་གི་དྲུང་ནས་གསོ་རིག་དང་། བརྡ་དག འབྱུང་རྩིས། བཤེས་སྤྲིངས་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་སྟེ་ཕྱི་ལོ་ ༡༩༧༤ ལོའི་ལོ་མཇུག་ལ་སྨན་གཞུང་རྒྱུགས་སྤྲོད་ཀྱིས་སྨན་པ་དཀའ་བཅུ་པ་ཐོན། དེ་རྗེས་ཕྱི་ལོ་ ༡༩༧༥ ལོར་མ་ན་ལི་དང་། པཏ་ལི་ཀུལ། ཀུ་ལུ་ས་ཁུལ་དུ་སྨན་པའི་ལས་འཁུར་ཐོག་མར་ཞུས། ཕྱི་ལོ་ ༡༩༧༦ ནས་ཕྱི་ལོ་ ༡༩༧༩ བར་དབྱར་ཟླ་གསུམ་རིང་ལ་དྭགས་གཞིས་ཆགས་སུ་སྨན་སྐོར་དང་། དགུན་ཁ་དང་དཔྱིད་ཟླ་གསུམ་རྡ་ས་སྨན་ཁང་དུ་ལས་བྱེད་ལས་ཚབ་གནང་སྟེ་སྨན་སྤྲོད་སྨན་སྦྱིན་སོགས་ཞུས།

ཕྱི་ལོ་ ༡༩༨༠ ནས་ ༡༩༩༨ བར་ཨོ་རི་ས་ཕུན་ཚོག་གླིང་དང་། དྷ་སྟེང་སྨན་ཁང་།  བྷེེལ་ཀོབ་གཞིས་ཆགས་གཉིས། མོན་གྷོ་འདོད་རྒུ་གླིང་།  བདེ་སྐྱིད་གླིང་ཡན་ལག་སྨན་ཁང་ ༼ཁྱབ་ཁོངས་སུ་མ་སུ་རི་བོད་ཀྱི་སློབ་གྲྭ་གཉིས་དང་། བོད་མིའི་སྡོད་སྒར། དོན་འགྲུབ་གླིང་གཞིས་ཆགས་བཅས་ཡོད།༽བཅས་སུ་སྔ་ཕྱིར་འགན་འཛིན་སྨན་པ་དང་སྨན་ལས་སོགས་ཀྱི་ལས་ཁུར་རབ་དང་རིམ་པར་ཞུས་པས་ས་གནས་ཀྱི་མང་ཚོགས་ཀྱི་འདོད་བློ་ཁེངས་པའི་སྨན་པའི་ཕྱག་ལས་གནང་།  གཞན་དབུས་སྨན་རྩིས་ཁང་ལ་ཡང་སྨན་དཔེ་དཀོན་པ་སོགས་ཀྱི་དཀའ་ངལ་ལ་གཟིགས་ཏེ་སྨན་པ་ཚེ་རིང་རྡོ་རྗེ་མཆོག་ནས་བོད་ནས་དཔེ་དེབ་བཻ་སྔོན་སྟོད་སྨད་གཉིས་དང་། ཤིན་ཏུ་དཀོན་གྲས་སྨན་གྱི་ཚིག་མཛོད་གཡུ་དགོངས་རྒྱན། ཤིན་ཏུ་དཀོན་གྲས་གུ་རུ་རིན་པོ་ཆེའི་གསུང་། བདུད་རྩི་བུམ་ཆུང་པོད་གཅིག ཀོང་ཡུལ་ཡོན་ཏན་རྒྱ་མཚོ་དང་།  མི་ཕམ་རིན་པོ་ཆེས་མཛད་པ་བཙོ་ཐལ་དང་།  དངུལ་ཆུ་བཙོ་བཀྲུ་ལག་ལེན་ཟིན་བྲིས་པོད་གཅིག མི་ཕམ་གསུང་འབུམ། གསོ་རིག་རྒྱུད་བཞིའི་དཀའ་མཆན། ལེ་ཚན་དཔེ་ཐུང་གཅིག སྨན་པ་ཚེ་རིང་རྡོ་རྗེ་ཁོང་ཉིད་ཀྱིས་བསྒྱུར་བསྒྲིགས་རྒྱ་གར་ནང་གི་ཟས་སྤྱོད་སྨན་སྐོར་སོགས་དེབ་སྣ་གྲགས་ཅན་ཁག་ཅིག་རིན་མེད་དུ་འགྲེམས་སྤེལ་གནང་བ་སོགས་སྤྱི་དོན་ལ་ཕན་པའི་ལས་ཀ་མང་དུ་བསྒྲུབས།

ཕྱི་ལོ་ ༡༩༩༨ ལོར་དབུས་སྨན་རྩིས་ཁང་གི་བཀའ་འབྲེལ་བཞིན་སྨན་རྩིས་མཐོ་སློབ་ཀྱི་སློབ་སྤྱིའི་ལས་ཁུར་ཞུས་པ་མ་ཟད། ༢༠༠༡ ལོར་དཔར་སྐྲུན་སྡེ་ཚན་དང་། རྗེས་སུ་གསོ་རིག་ཞིབ་འཇུག་སྡེ་ཚན་དུ་ལས་ཁུར་ཞུས།

ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་སྦིར་ཡན་ལག་སྨན་ཁང་དང་།  དེའི་ཁྱབ་ཁོངས་སུ་ཅོན་ཏ་ར་བོད་མིའི་གཞིས་སྒར། རྫོང་སར་ཆོས་སྡེ། སུ་ཇཱ་བོད་ཁྱིམ་སློབ་གྲྭ། སྤོན་ཌོ་བོད་མིའི་སྡོད་སྒར། མཚོ་པདྨ་གྲོང་སྡེ། རི་ཁྲོད་བཀྲིས་ལྗོངས་བོད་མིའི་སྡོད་སྒར་བཅས་སུ་སྨན་པའི་འགན་འཁུར་ཞིབ་ཚགས་གནང་སྟེ་ཁུར་དུ་བླངས་པས་མཚོན་ལན་རེར་འགན་འཛིན་དང་སྐབས་རེར་སྨན་ལས་པ་སོགས་ལས་ཁུར་གང་བབ་ལ་འབད་བརྩོན་གྱིས་བསྒྲུབས། མདོར་ན་མི་ཚེ་གང་བོར་སྨན་རྩིས་ཁང་དང་བོད་གཞུང་མང་གཉིས་ལ་ཞབས་འདེགས་ཞུས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༠ ཉིན་བགྲེས་ཡོལ་དུ་ཕྱིན་ཏེ་ད་ལྟ་ལས་བྱེད་བགྲེས་ཡོལ་ཁང་དུ་ལས་རུང་སོགས་ཁ་འདོན་དགེ་སྦྱོར་ལ་འབད་མུས་སུ་བཞུགས་པ་བཅས་སོ།།

༦། ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་གི་ལོ་རྒྱུས་སྙིང་བསྡུས།

སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ནི་ཕྱི་ལོ་ ༡༩༥༧ ཟླ་ ༨ ཚེས ༡༥ ཉིན་སྟོད་དིང་རི་ནས་ཕ་ཚེ་དབང་དང་མ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ༡༩༦༠ ལོར་བཙན་བྱོལ་དུ་འབྱོར་ཏེ་ ༡༩༦༢ ནས་ ༡༩༧༢ བར་ཌལ་ཧོར་བོད་གཞུང་གཏན་སློབ་ཁང་དུ་གཞི་རིམ་འཛིན་གྲྭ་བཅུ་པ་བར་བོད་ཡིག་དང་ཨིིན་ཡིག་ཧིན་ངྷི་བཅས་ཀྱི་ཐོག་ནས་རྨང་གཞིའི་སློབ་སྦྱོང་གནང་། ༡༩༧༢ ལོར་ཌལ་ཧོར་གཏན་སློབ་ཁང་ནས་དྷརྨ་ཤཱ་ལཱར་བོད་གཞུང་སྨན་རྩིས་ཁང་དུ་སྨན་སློབ་སྐབས་གསུམ་པར་འཛུལ་ཞུགས་ཀྱིས་ལོ་ངོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་དང་སྐར་དཔྱད་རྩིས་ཀྱི་གཞུང་ལུགས་རིག་ལྡན་སྙིང་གི་ཐིག་ལེ་སོགས་སྨན་རྩིས་རིག་པའི་གཞུང་ལུགས་གཉིས་ལ་སྦྱང་བ་མཐར་སོན་གྱིས་སྨན་པ་དཀའ་བཅུ་པ་དང་རྩིས་པ་དཀའ་བཅུ་པ་སློབ་ཐོན་གནང་།

ཕྱི་ལོ་ ༡༩༧༨ ལོར་ལྷོ་ཕྱོགས་མེ་སོར་བྷེལ་ཀོབ་བོད་མིའི་གཞིས་སྒར་ལུགས་ཟུང་བསམ་འགྲུབ་གླིང་ཡན་ལག་སྨན་ཁང་དུ་སྨན་པ་རྣམ་གྲྭ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱི་སར་ཉམས་གསོག་དང་ལག་ལེན་ལོ་གཅིག་རིང་ཞུས། སྐབས་དེ་ནས་སྨན་རྩིས་ཁང་གི་བརྟག་དཔྱད་སྨན་པར་བསྐོ་བཞག་གནང་སྟེ་ལོ་གཉིས་ལ་ས་གནས་དེ་གའི་ཡན་ལག་སྨན་པའི་འགན་ཁུར། ཕྱི་ལོ ༡༩༨༠ ལོར་དྷ་སར་འབྱོར་ནས་སྔ་དགོང་ནད་གསོ་ཁང་གི་ནད་པར་བརྟག་དཔྱད་སྨན་པའི་ལས་འགན་དང་། ཆུ་ཚོད་དགུ་པ་ནས་སྨན་སྦྱོར་ཁང་ནས་བཟོ་སྦྱོར་བྱས་ཟིན་པའི་གསོལ་སྨན་རྣམས་རྩིས་ལེན་གྱིས་སྨན་གཉེར་དོ་དམ་པའི་ལས་འགན་དང་སྦྲགས་བརྒྱུད་ཐོག་ཡན་ལག་སྨན་ཁང་ཁག ༡༨ ཙམ་ལ་དགོས་ངེས་ལྟར་གསོལ་སྨན་གཏོང་རྒྱུ་དང་ཡིག་ཟམ་བརྒྱུད་ནད་པར་སྨན་གཏོང་རྒྱུ། གཞན་ཡང་ས་གནས་སྨན་པའི་རྐང་ཚབ་དང་ཡིག་སྐྱེལ་དེ་བཞིན་དུ་ཚེ་རྩིས་ཨིན་བསྒྱུར་དང་ྋགོང་ས་ལྷ་མིའི་རྣམ་འདྲེན་མཆོག་བོད་མིའི་གཞིིས་སྒར་ཁག་ལ་ཆིབས་བསྒྱུར་གནང་སྐབས་ྋསྐུའི་བླ་སྨན་དམ་པ་རྣམས་ཀྱི་ཕྱག་རོགས་དང་སྨན་སྤྲོད་ཀྱི་ལས་ཁུར་ཞུས། ༡༩༨༢ ལོར་བོད་སྨན་གྱི་བདུན་ཕྲག་ཅེས་རྒྱ་གར་རྒྱལ་ས་དིལླིིར་སྨན་རྩིས་འགྲེམས་སྟོན་དང་མཉམ་དུ་ནད་པར་བརྟག་དཔྱད་སྨན་བཅོས་ཀྱིས་དུས་ཐུང་ཞིག་གི་ནང་ནད་གཞི་རྙིང་པ་མང་པོ་ཞིག་ལ་ཧ་ཅང་ཕན་ཐོགས་ངེས་ཅན་ཞིག་བྱུང་སྟབས་རྒྱ་གར་མང་ཚོགས་ནས་ཡིག་ངག་གཉིས་ཐོག་ནས་གཏན་འཇགས་ཡན་ལག་སྨན་ཁང་ཞིག་ཡོང་བའི་རེ་སྐུལ་ཞུས་པ་བཞིན། སྐབས་དེའི་སྨན་རྩིས་ཁང་གི་དབུ་འཛིནྋསྐུའི་གཅེན་པོ་སྐུ་ངོ་སྟག་ལྷ་བློ་བཟང་བསམ་གཏན་ལགས་ནས་བསྟན་པ་དང་འགྲོ་བའི་དོན་ལ་དགོོངས་པ་ཆེ་བཞེས་ཀྱིས་རྒྱ་གར་རྒྱལ་སའི་ནང་བོད་སྨན་བསྟེན་གཏུགས་བྱ་ཡུལ་གྱི་ཡན་ལག་སྨན་ཁང་དང་པོ་དེ་དིལླིི་བོད་པའི་ཁང་བའི་ནང་གསར་འཛུགས་ཞུས། སྐབས་དེར་དིལླིི་ཡན་ལག་སྨན་ཁང་དུ་སྨན་པ་མང་པོ་ཞིག་བསྐོ་བཞག་བྱས་ཀྱང་སྒེར་གྱི་དཀའ་ངལ་ལ་བརྟེན་གཏན་འཇགས་སྨན་པ་ཞིག་སྡོད་མཁན་མ་བྱུང་སྟབས་ ༡༩༨༤ ནས་ཁོང་དིལླིི་ཡན་ལག་སྨན་ཁང་དུ་གཏན་འཇགས་བརྟག་དཔྱད་སྨན་པར་བསྐོ་བཞག་གནང་པ་དང་། ལོ་དེར་སྨན་རམས་པ་ཆུང་བར་ཡིག་རྒྱུགས་ཀྱི་ལམ་ནས་གནས་སྤར།

༡༩༩༥ ལོར་ས་གནས་དེ་གའི་ཡན་ལག་འགན་འཛིན་སྨན་པ་རུ་བསྐོ་བཞག་གནང་། ༡༩༩༨ ལོར་སྨན་རམས་པ་འབྲིང་བར་ཡིག་རྒྱུགས་ཀྱིས་གནས་སྤར་ཞུས། ༡༩༨༤ ནས་ ༢༠༠༡ བར་མི་ལོ་ ༡༨ རིང་རྒྱ་གར་གྱི་རྒྱལ་ས་དིལླིི་རུ་བོད་ལུགས་སྲོལ་རྒྱུན་བརྟག་དཔྱད་སྨན་པའི་ཞབས་ཞུ་ཞུས་པར་ཉིན་ལྟར་ནད་པ་གྲངས་ཉུང་མཐར་ ༧༠ དང་མང་ཤོས་ ༡༥༠ ཙམ་ལ་སྨན་བཅོས་བྱས་པས་ཡན་ལག་སྨན་ཁང་དེ་ནི་སྨན་རྩིས་ཁང་གི་ཡོང་འབབ་ཆེ་ཤོས་ཀྱི་ཡན་ལག་སྨན་ཁང་ཞིག་ཏུ་ཆགས། དེ་ཙམ་དུ་མ་ཟད་གཟའ་ཉི་མར་མུམ་བཻེ་དང་།  ཅི་ན་ཡེ། ཇེཡ་པུར་བཅས་སུ་ནད་པ་སྒེར་སོ་སོའི་རེ་སྐུལ་གནང་བ་བཞིན་ནད་སྐོར་ཕྱོགས་སྐྱོད་ཀྱི་དངུལ་འབབ་ཡོངས་རྫོགས་ཡན་ལག་སྨན་ཁང་གི་ཁོངས་སུ་བརྩིས་ཏེ་རྩིས་པར་རྩིས་སྤྲོད་ཞུས། སྐབས་དེར་ཕྱི་ལུགས་སྨན་གྱིས་བཅོས་ཐབས་མེད་པའི་ནད་གཞི་རྙིང་ཤོས་དག་ལ་བོད་སྨན་གྱིས་ཕན་ཐོགས་བྱུང་བ་དང་། གཞན་ཁོང་གིས་ནད་པར་སྙིང་རྗེ་དང་བྱམས་བརྩེ་སོགས་ལྷག་བསམ་ཟོལ་མེད་ཀྱིས་ནད་བཅོས་བརྟག་དཔྱད་གང་ལེགས་ཞུས་པར་བརྟེན་པོ་ལན་གཞུང་ཚབ་དང་། རུ་སུའི་གཞུང་ཚབ། ཨ་རིའི་གཞུང་ཚབ། ཨིན་ཇིའི་གཞུང་ཚབ། གཞན་ཡང་རྒྱ་གར་གྱི་སྲིད་བློན་དང་།  སྲིད་འཛིན། ཕྱི་སྲིད་དང་ནང་སྲིད་ཀྱི་བློན་ཆེན། དྲག་པོའི་བློན་ཆེན། གློག་བརྙན་འཁྲབ་མཁན་དང་། རོལ་དབྱངས་མཁས་ཅན་སོགས་སྐད་གྲགས་ཅན་གྱི་མི་སྣ་དང་དེ་དག་གི་ནང་མི་སྤུན་མཆེད་སོགས་ཀྱིས་མཚོན་མི་མང་པོ་ཞིག་གིས་བོད་སྨན་ལ་ཡིད་ཆེས་དང་དགའ་ཞེན་བྱེད་པ་མ་ཟད། བོད་སྨན་ནི་ཕྱི་མི་རྣམས་ཀྱིས་ནད་གསོའི་སྲོག་སྐྱོབ་ཀྱི་རེ་བ་ཆེན་པོ་བྱེད་ཡུལ་ཞིག་དུ་གྱུར།

དེ་ལྟ་བུའི་བོད་སྨན་གྱི་མཚན་སྙན་ཆེས་ཆེར་རྒྱས་པ་ལ་བརྟེན་དིལླིི་ཡན་ལག་སྨན་ཁང་དུ་བསྟེན་གཏུགས་བྱེད་མི་ཇེ་མང་དུ་གྱུར་ཏེ་ཉིན་ལྟར་མཚན་ཡོལ་ཆུ་ཚོད་ ༣ ཙམ་ནས་སྨན་པར་བསྟེན་གཏུགས་ཀྱི་མིང་ཐོ་མ་བརྒྱབ་ན་ཉིན་དེར་སྨན་པར་བསྟེན་རྒྱུའི་གོ་སྐབས་མི་རག་པ་སོགས་རྒྱ་གར་གྱི་མི་མང་ཡོངས་ནས་རྒྱ་གར་ཚེའི་རིག་བྱེད་ལས་ཀྱང་བོད་སྨན་ལ་དགའ་མོས་བྱེད་པ་ཞིག་ཏུ་གྱུར། ༢༠༠༡ ལོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བླ་སྨན་ཞབས་ཞུ་བར་བསྐོ་བཞག་དང་སྦྲག་སྨན་སྦྱོར་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་། སྨན་སྦྱོར་འགན་འཛིན་སྐབས་ཕྱག་ལས་གནང་བའི་སྐོར་སྨན་སྦྱོར་ཁང་གི་ལོ་རྒྱུས་སུ་གསལ། ༢༠༠༤ ལོར་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་གཞོན་པར་བསྐོ་བཞག་གནང་། སྐབས་དེར་སྨན་རྩིས་པ་སོ་སོར་དགོས་ངེས་ཀྱི་ཟབ་སྦྱོང་གང་དགོས་ཐེངས་གཅིག་ལ་ཟབ་སྦྱོང་གནང་། དེ་ཙམ་དུ་མ་ཟད་སྨན་རྩིས་ཁང་གི་མཐོ་སློབ་ཏུ་འཛུལ་ཞུགས་བྱེད་པའི་སྒྲོམ་གཞི་ལ་དེང་དུས་དང་མཐུན་པའི་འགྲོ་ལུགས་ལྟར་མ་མཐའ་ཡང་ཚད་ལྡན་སློབ་གྲྭ་ནས་འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་མེད་ན་འཛུལ་ཞུགས་བྱེད་མི་ཆོག་པའི་སྒྲིག་སྲོལ་བཙུགས། ༢༠༠༧ ལོར་སྨན་རྩིས་ཁང་གི་སློབ་སྤྱིར་བསྐོ་བཞག་གནང་། དེ་སྔ་སོག་པོའི་སློབ་ཕྲུག་མང་པོ་ཞིག་ལ་སྨན་རྩིས་གཉིས་ཀྱི་སློབ་སྦྱོང་བྱ་རྒྱུ་གོ་སྐབས་ཕུལ་བའི་ནང་ནས་ཁ་ཤས་ཤིག་ནས་འགྲོ་ལུགས་ལྟར་སློབ་སྦྱོང་དང་སྒྲིག་འཛུགས་དེ་བཞིན་ལོ་འཁོར་ཡིག་རྒྱུགས་བཅས་ཚུལ་མཐུན་བརྒྱ་ཆ་མ་ལོན་པའི་རིགས་ལ་གོ་སྐབས་ཐེངས་རེེར་ཕུལ་ནས་ཀྱང་མ་སོན་ན་སྨན་པའི་ལག་འཁྱེར་ཐོབ་ཐབས་མེད་པ་གཏན་འབེབས་ལག་བསྟར་ཞུས།

 ༢༠༠༨ ལོར་མཁས་པའི་སློབ་སྟོན་ཞེས་པ་སྨན་སྦྱོར་ཁང་དང་སྔོ་སྦྱོར་ཁང་སྨན་རྩིས་མཐོ་སློབ་ཁང་གསུམ་དང་དེ་བཞིན་དུ་སྨན་པ་གཞོན་པ་རྣམས་ལ་ནད་བཅོས་ལག་ལེན་ཐོག་དཀའ་ངལ་དང་དོགས་འདྲིར་གསལ་བཤད་དང་ནད་པར་སྨན་གཏོང་རྒྱུའི་ལམ་སྟོན་བྱ་མིར་བསྐོ་བཞག་གནང་བ་ལྟར་ཐུགས་ཕན་གསོས་པ་བྱུང་། ༡༩༩༥ ཟླ་ ༡༢ ཚེས་ ༡ ནས་ ༡༩༩༦ ཟླ་ ༣ ཚེས་ ༡༧ བར་རྒྱ་གར་རྒྱལ་ཡོངས་ཚན་རིག་བརྟག་དཔྱད་སྨན་ཁང་ནང་ཟླ་བ་གསུམ་གྱི་རིང་གྲགས་ཅན་ཕྱི་ལུགས་སྨན་པ་ས་མིར་ནན་དུ་དང་། ཀོ་ཅི་པ་ལ། པན་དྲེ། སུ་མན་མུ་ཀུ་ད་བཅས་ཀྱི་ས་ནས་ཕོ་བ་དང་མིད་པ་མཁྲིས་པ་རྒྱུ་མ་བུ་སྣོད་གློ་བ་སོགས་ཀྱི་དབང་རྟེན་དུ་འབྲས་ནད་དང་གཅོང་གི་ནད་གཞི་གང་ཕོག་པ་ལ་བརྟག་དཔྱད་འཕྲུལ་ཆས་གང་དང་གང་གི་སྒོ་ནས་ནད་ངོས་འཛིན་ཐབས་དང་བཅོས་ཐབས་གང་བྱེད་དགོས་སོགས་ཀྱི་ཤེས་ཡོན་དང་གོ་རྟོགས་ཇེ་མཐོར་བཏང་། ཁོང་གི་ཨ་ནེ་ལྷག་པ་ཞེས་པ་དེས་ཁོང་ཁེ་ན་ཊར་ལེན་སྐབས་སྨན་རྩིས་ཁང་གི་སྐུ་ངོ་བློ་བཟང་བསམ་གཏན་ལགས་ནས་ཁོང་རང་ཉིད་ཀྱང་ཕྱི་རྒྱལ་ནས་རྒྱ་གར་ལ་ཕེབས་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་བ་བཞིན་སྐབས་དེར་ཕྱི་རྒྱལ་ལ་མ་སོང་བར་བརྟེན་ ༡༩༨༩ ལོར་སྐུ་ངོ་མཆོག་ནས་སུད་སི་པད་མ་ཉེར་བརྒྱད་གྱིས་རེ་སྐུལ་ཐོག་ནས་ཛུ་རིག་གཙུག་ལག་སློབ་གཉེར་ཁང་དུ་ནད་པར་བོད་ལུགས་ངོས་ནས་བརྟག་དཔྱད་དང་ཤེས་ཡོན་གོ་བསྡུར་ཞུ་རྒྱུའི་གོ་སྐབས་གནང་།

 ༡༩༩༠ ནས་ ༡༩༩༣ བར་སྨན་རྩིས་ཁང་ནས་ཧོ་ལནཌར་ལོ་རེེར་ཐེངས་གསུམ་ལ་ནད་པར་བརྟག་དཔྱད་སྨན་བཅོས་ཆེད་གཏོང་མཛད་པ་ལྟར་ཕར་ཕྱོགས་སུ་ཁ་ལག་དང་སྡོད་གནས་སོགས་ཀྱི་མཐུན་རྐྱེན་མེད་ནའང་ཅི་གསུང་བཀའ་སྒྲུབ་ཀྱིས་ཞབས་འདེགས་ཞུས་ཏེ་རྒྱལ་ཁབ་དེར་བོད་སྨན་དར་རྒྱས་ཆེན་པོ་བྱུང་བ་ཙམ་དུ་མ་ཟད་ནད་པ་བསྟེན་མཁན་མང་པོ་ཞིག་རྒྱལ་ཁབ་གཞན་ནས་ཡོང་བ་དང་། དེ་བཞིན་དུ་སྨན་རྩིས་ཁང་ལ་དུས་ཡུན་རིང་པོའི་བར་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་གྱི་ཚོགས་པ་ཞིག་ཆགས། ༡༩༩༠ ལོར་ཨིན་ཡུལ་དུ་བོད་དོན་དགེ་རྩས་རེ་སྐུལ་ཞུས་པ་ལྟར་ལུས་སེམས་དང་རྣམ་ཤེས་ཞེས་པའི་བགྲོ་གླེང་དུ་བཅར་བ་དང་། དེ་རྗེས་ཨིན་ཡུལ་དུ་ལོ་ངོ་གཉིས་ཀྱི་རིང་ལ་ཕེབས་དགོས་པའི་སྐོར་སྨན་ཁང་དྲུང་ཆེ་ཐང་སྤེལ་ལགས་ནས་སྨན་རྩིས་ཁང་གི་གནས་བབ་ལ་གཞིག་ན་རྒྱ་གར་རང་དུ་སྡོད་དགོས་པའི་རེ་སྐུལ་གནང་དོན་ལྟར་ཁོང་གི་ངོས་ནས་ཀྱང་རང་ཉིད་ཀྱི་ལྟོ་གོས་ལ་མ་བལྟས་པར་སྨན་རྩིས་ཁང་གི་གནས་བབ་དང་དགོས་མཁོ་ལ་དམིགས་ནས་ཨིན་ཡུལ་དུ་མ་ཕེབས་པར་རྒྱ་གར་དུ་གནས་སྡོད་ཞུས། གཞན་ཡང་ཁོང་གི་ངོ་ཤེས་སྐུ་ཞབས་ས་གེ་ཨ་ར་སུ་སེ་ཅི་ནས་ཁོང་ལ་དིལླིི་རུ་བོད་སྨན་ཁང་ཞིག་སྒེར་འཛུགས་ཞུ་རྒྱུའི་རེ་སྐུལ་གྱིས་ཨ་སྒོར་ཁྲི་གཅིག་ལག་ཐོག་དུ་གནང་བ་དང་།  དེ་བཞིན་དུ་བོད་རིགས་ཁ་ཤས་ནས་ཀྱང་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཁས་ལེན་བྱས། འོན་ཀྱང་ཁོང་གིས་རང་རེའི་བོད་གཞུང་ཟེར་བ་དེ་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཁོང་རང་ཉིད་དྭ་ཕྲུག་ནས་ཐ་མར་ཕྱི་ནང་གི་མི་རིགས་ཀྱི་ངོ་ཤེས་ཐུབ་པ་ཞིག་ཏུ་གྱུར་བ་ནི་གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲིན་ཡིན་པ་མ་ཟད། ྋགོང་ས་མཆོག་གིས་བཀའ་སློབ་ནང་བཏབ་ས་དེ་ལ་སྨིན་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད་གསུངས་པ་རྒྱུན་དུ་སྙིང་བཅངས་ཀྱིས་རང་ཉིད་ཀྱི་དཀའ་ངལ་དང་འཚོ་བའི་དགོས་མཁོ་མ་བསམ་པར་གཞུང་དོན་གཙོ་བོར་བསམ་ནས་མུ་མཐུད་དིལླིི་རུ་ཡན་ལག་སྨན་ཁང་ནས་ཞབས་ཞུ་བྱེད་པའི་ལས་དོན་ལ་ཧུར་ཐག་གནང་བར་ཕྱིས་སུ་ས་གེ་ཨ་ར་སུ་སེ་ཅི་ནས་ཁྱེད་ཀྱིས་དངུལ་དེ་དགོས་མཁོ་ལྟར་བེད་སྤྱོད་མི་བྱེད་ན་གཞན་ལ་གནང་གི་ཡིན་ཞེས་གསུང་དོན་ལྟར་ ༡༩༩༥ ཟླ་ ༡༢ ཚེས་ ༡༧ ཉིན་ཨ་སྒོར་དེ་དག་ཆ་ཚང་བོད་གཞུང་ཆོས་དོན་ལྷན་ཁང་གི་དྲུང་ཆེ་མཁས་གྲུབ་ལགས་ཀྱི་ཕྱག་ཏུ་ཕུལ།

གཞན་ཁོང་གིས་ ༢༠༠༡ ནས་ད་ལྟའི་བར་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༥ ནས་ ༨།༤༥ བར་ཕྱི་ནང་མི་རིགས་དབྱེར་མེད་ཀྱི་ནད་པ་གྲངས་ ༣༠ ནས་ ༤༠ བར་ལ་ཁོང་རང་ཉིད་ཀྱི་ལས་ཤག་ཏུ་བརྟག་དཔྱད་ཀྱིས་ལག་དོད་དང་སྨན་རིན་རྣམས་ཚང་མ་སྨན་རྩིས་ཁང་ནས་བཞེས་ཀྱིན་ཡོད་པ་དང་། ད་ལྟའི་བར་དུ་ཕྱི་རྒྱལ་ཡུལ་གྲུ་གང་མང་དང་རྒྱ་གར་རྒྱལ་ཡོངས་བཅས་ལ་གཞུང་འབྲེལ་སྨན་སྐོར་སོགས་ཕེབས་པའི་ལོ་རྒྱུས་ཤིན་ཏུ་མང་བས་ཡོད་ཚད་འགོད་ཐབས་བྲལ། ཕྱི་ལོ་ ༢༠༡༠ ལོར་བོད་གཞུང་སྨན་རྩིས་ཁང་གི་སྐབས་བཅུ་བཞི་པའི་ངེས་སྟོན་པར་བསྐོ་བཞག་གནང་སྟེ་ལས་འགན་མཇུག་སྐྱོང་མུས་ཐོག་སྔ་དྲོ་ཆུ་ཚོད་ལྔ་པ་ཙམ་ནས་ནད་པ་ལྔ་བཅུ་དྲུག་ཅུར་བརྟག་དཔྱད་གནང་བཞིན་པ་མ་ཟད། གུང་སེང་གི་སྐབས་ཏེ་རེས་གཟའ་སྤེན་པ་གཉིས་པ་དང་བཞི་པ་ཉི་མ་མང་ཆེ་བར་སྦིར་དང་རྫོང་གསར་གྱི་དགེ་འདུན་གྲངས་ ༥༠ ཙམ་ལ་ལག་དོད་མེད་པར་བརྟག་དཔྱད་ཞུ་བ་བཅས་ཀྱི་ལས་ཁུར་ཞུ་བཞིན་ཡོད་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ།།

༧། སྨན་རམས་པ་འབྲིང་བ་རྣམ་རྒྱལ་ཚེ་རིང་མཆོག་གི་ལོ་རྒྱུས་སྙིང་བསྡུས།

ྋསྐུའི་བླ་ཞབས་ཟུར་བ་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་ནི་༼ཡོངས་གྲགས་སུ་རྣམ་རྒྱལ་ཟེར༽ ཕྱི་ལོ་ ༡༩༥༦ ལོར་བོད་ལྷོ་ནུབ་སྟོད་སྐྱིད་གྲོང་གནས་ཤར་ཞེས་པའི་གྲོང་གསེབ་ཆུང་ངུ་ཞིག་ཏུ་ཕ་ཚེ་དབང་བསྟན་འཛིན་དང་མ་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་གི་ཕ་ཡུལ་ནི་མེ་ཏོག་སྣ་ཚོགས་བཞད་པའི་སྤང་ལྗོངས་དང་མཐའ་འཁོར་དུ་སྤང་རི་དང་ཤིང་ནགས་འཛོམས་པོ་ཡོད་པ་སོགས་ཁོར་ཡུག་ཡིད་དུ་འོངས་པ་ཞིག་ཡིན་ཞིང་།

ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་དམར་པོས་གདུག་རྩུབ་བཙན་ཤེད་ཀྱིས་བོད་ལྗོངས་ཡོངས་རྫོགས་ཧམ་ཟས་བཙན་འཕྲོག་བྱས་ཏེ་བོད་མི་རྣམས་གསོད་རྡུང་འཛིན་གསུམ་གྱིས་གངས་ཅན་སྐྱིད་པའི་ཡུལ་ལྗོངས་ཁྲག་གི་འཇིག་རྟེན་ཏུ་བསྒྱུར་བའི་དུས་ངན་སྡུག་ཐུག་ཅིག་ཤར་བར་བརྟེན། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གཙོས་བོད་མི་འབུམ་ལ་ཉེ་བ་ཕྱིའི་རྒྱལ་ཁབ་རྒྱ་བལ་འབྲུག་གསུམ་ནང་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཞིང་སྐབས་དེར་བྱེས་འབྱོར་བོད་མི་རྣམས་སྤྱི་མཚུངས་ལྟར་ཡུལ་ལུང་གོམས་གཤིས་དང་།  ས་ཆུ་མ་འཕྲོད་པ། ཚ་གྲང་ལ་མ་གོམས་པ། སྐད་དང་འཚོ་རྟེན་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་ལ་གདོང་ལེན་བྱེད་དགོས་བྱུང་བ་དང་།  དེ་བཞིན་གཞིས་ལུས་བོད་མི་རྣམས་ཀྱིས་ཀྱང་རྒྱ་དམར་གྱིས་སློབ་གསོ་ཆེན་པོའི་ལས་འགུལ་དང་རིག་གནས་གསར་བརྗེ་ཞེས་པའི་མིིང་སྙན་འོག་སྡུག་སྦྱོང་མནར་གཅོད་མི་སྤྱོད་ལས་འདས་པའི་དཀའ་ངལ་ཚད་མེད་མྱང་བའི་རྐྱེན་ཕྱི་ལོ་ ༡༩༦༧ ལོར་ཁོང་ཡང་སྐྱིད་པའི་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཕེབས། སྐབས་དེར་བལ་བོད་ས་མཚམས་དང་ཉེ་བ་ཤབ་རུ་ཞེས་པར་རང་གཞུང་ནས་གཞིས་ཆགས་དང་སློབ་གྲྭ་གསར་འཛུགས་གནང་བའི་ཁོངས་ཀྱི་སློབ་གྲྭ་དེར་བསྐྱོད་ནས་བོད་གཞུང་གི་སློབ་གྲྭ་དང་སྤྱི་མཚུངས་བོད་ཡིག་དང་། ཨིན་ཡིག ཨང་རྩིས། ནེ་པ་ལི་སོགས་ཀྱི་སྐད་ཡིག་ལ་སྦྱང་བ་བྱེད་རྒྱུའི་གོ་སྐབས་བྱུང་།

དེ་དུས་ཁོང་གི་ཕ་འདས་གྲོང་ལ་སོང་སྟབས་ཨ་མ་ལགས་གཅིག་པོས་བུ་ཕྲུག་གསུམ་གྱི་འཚོ་རྟེན་སྦྱོར་རྒྱུའི་མཚོན་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་པར་བརྟེན། ཁོང་ནི་བུ་སྤུན་གསུམ་ལས་རྒན་ཤོས་ཡིན་པའི་ཆ་ནས་དུས་ཡུན་དེའི་རིང་སློབ་སྦྱོང་བྱ་ཞོར་དུ་སྐབས་རེར་ཨར་ལས་སོགས་གླ་ལས་ངལ་རྩོལ་ལ་སོང་ནས་ཨ་མ་ལགས་སུ་ཕྱག་རོགས་ཐུགས་ཕན་གསོས་པ་དང་།  སྤྱིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཡང་སྒོས་རང་གཞུང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་སྐབས་རེ་གོས་ཕོགས་སོགས་སྐྱོབས་གསོ་གནང་ཐོབ་བྱུང་བར་བརྟེན་འཚོ་གོས་གནས་མལ་གྱི་དཀའ་ངལ་མི་ཉུང་བ་ཞིག་ལ་གདོང་ལེན་བྱས་ཏེ་ལྟོ་གོས་སོགས་འགྲིག་ཙམ་དང་སློབ་སྦྱོང་ཡང་འཐུས་ཤོར་མ་སོང་པར་མུ་མཐུད་དུ་མཇུག་སྐྱོང་བྱེད་ཐུབ་པ་བྱུང་།  སྟབས་ལེགས་པ་ཞིག་ལ་ལས་སྨོན་དབང་གིས་དེ་སྔོན་གཞིས་ཆགས་ཀྱི་གཞིས་མགོ་དང་སློབ་སྤྱི་གཅིག་ལྕོག་ཡིན་པ་རྒན་བློ་བཟང་བསྟན་འཛིན་ལགས་རང་གཞུང་གིས་རྡ་ས་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་གནས་སྤོས་བསྐོ་བཞག་གནང་བའི་རྗེས་ཀྱི་ལོ་སྟེ་ ༡༩༧༣ ལོར་རྒན་ལགས་ཀྱིས་སྨན་པ་རྣམ་རྒྱལ་ཚེ་རིང་ལགས་ལ་སྨན་རྩིས་ཁང་དུ་སློབ་སྦྱོང་བྱེད་འདུན་ཡོད་ན་གོ་སྐབས་གནང་རྒྱུ་ཡིན་སྐོར་སྐབས་དེའི་བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་སྐུ་ངོ་དོན་གྲུབ་རྣམ་རྒྱལ་ལགས་བརྒྱུད་བཀའ་གནང་བ་ལྟར་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢ ཉིན་ཆེད་བཅར་གྱིས་དངོས་སུ་སྨན་རྩིས་ཁང་དུ་སྨན་སློབ་སྐབས་གསུམ་པའི་ཁོངས་སུ་འཛུལ་ཞུགས་བྱེད་ཐུབ་པ་བྱུང་།

དེ་ནས་བཟུང་ཕྱི་ལོ་ ༡༩༧༨ བར་ལོ་ངོ་ལྔའི་རིང་བཅུ་ཕྲག་རིག་པར་དོན་གྱི་མཁས་དབང་པཎ་ཌི་ཏ་བར་ཞི་ཕུན་ཚོགས་དབང་རྒྱལ་ལགས་མཆོག་གི་སྐུ་མདུན་ནས་སྨན་དང་། སྐར་ནག་རྩིས། སྙན་ངག སུམ་རྟགས། དག་ཡིག ནང་ཆོས་ནས་བཤེས་སྤྲིངས་བཅས་སྦྱོང་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ། དུས་ཡུན་དེའི་ནང་སློབ་སྦྱོང་བྱེད་བཞིན་པའི་མུར་ལོ་གཉིས་ཀྱི་རྗེས་ཏེ་ཕྱི་ལོ་ ༡༩༧༥ ཟླ་དཀྱིལ་ནས་བཙན་བྱོལ་བོད་གཞུང་གི་བཀའ་དགོངས་ལྟར་བོད་རིགས་གཞོན་ནུ་ཚང་མ་ཟླ་དྲུག་དམག་སྦྱོང་དུ་འགྲོ་དགོས་བྱུང་བ་བཞིན་སྨན་རྩིས་ཁང་ནས་ཁོང་དང་མཉམ་དུ་བུ་དྲུག་ཙམ་ཆེད་རྫོང་གནང་ནས་གནམ་མཆོངས་སོགས་ཀྱིས་མཚོན་པའི་འཇབ་དམག་གི་སྦྱོང་བརྡར་ཆ་ཚང་བྱས་ཏེ་མཐར་ཟླ་བཅུ་འགོར་རྗེས་སླར་རྡ་ས་སྨན་རྩིས་ཁང་དུ་ཕྱིར་ལོག་གིས་སློབ་སྦྱོང་མུ་མཐུད་གནང་། འོན་ཀྱང་དམག་སྦྱོང་ཞོར་དུ་སྔ་དགོང་གཉིས་དང་གུང་གསེང་སྐབས་ཁོང་ཚོ་ཚང་མ་ཟླ་བཅུའི་དུས་ཡུན་ཁ་གསབ་ལྟ་བུར་རྣམ་གཡེང་དུ་མ་བཏང་བར་རང་སྦྱོང་ཧུར་བརྩོན་བྱས་རྗེས་ལོ་འཁོར་རྒྱུགས་སྤྲོད་མ་ཆད་པར་སྤྱི་མཚུངས་ལྟར་འབུལ་ཐུབ་ནའང་སྐབས་དེར་ལག་འཁྱེར་གཏན་འབེབ་མེད་སྟབས་དཀའ་བཅུ་པའི་ལག་འཁྱེར་ཐོབ་མེད། འོན་ཀྱང་དེང་དུས་དང་མཐུན་པའི་ལག་འཁྱེར་ཞིག་མེད་ན་མ་འོངས་པའི་མདུན་ལམ་བརླག་པར་འཇིགས་ཏེ་ཁོང་ཚོ་སྐབས་གསུམ་པའི་སློབ་ཐོན་རྣམས་སློབ་ཐོན་རྗེས་ཙམ་ནས་མ་འོངས་ལག་འཁྱེར་བཟོ་བར་གཏན་འབེབས་བྱེད་ཕྱོགས་སྐོར་གྲོས་བསྡུར་རིམ་པར་བྱས་ཏེ་སྨན་རྩིས་ཁང་གི་དབུ་འཛིན་རིམ་པར་སྙན་སྒྲོན་སྐུལ་ལྕག་ཡང་ནས་ཡང་དུ་ཞུས་ཀྱང་དོན་འབྲས་བྱུང་མེད་ཀྱང་།  

ཕྱི་ལོ་ ༡༩༨༣ ལོར་དགེ་བའི་བཤེས་གཉེན་ཆེན་པོ་རྒན་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དགོངས་པ་རྫོགས་པའི་རྗེས་ཁོང་གི་སྲས་བགྲེས་པ་རྩེ་དྲུང་བར་ཞི་ངག་དབང་བསྟན་སྐྱོང་མཆོག་ཡབ་དམ་པའི་དགོངས་རྫོགས་ཆེད་རྡ་སར་ཕེབས་བསྟུན་བོད་གཞུང་སྨན་རྩིས་ཁང་གི་འབུ་འཛིན་གཞོན་པར་བསྐོ་བཞག་གནང་རྗེས། སྐབས་གསུམ་པའི་སློབ་ཐོན་ཐུན་མོང་ནས་སྔོན་གྱི་ལས་དོན་མཇུག་སྐྱོང་ཆེད་སྐུ་ངོ་མཆོག་ལ་དེ་སྔོན་ནས་ཁོང་ཚོས་བསམ་བློ་གཏོང་སྟངས་དང་གོང་རིམ་ལ་ཡིག་ངག་གཉིས་ཐོག་སྙན་གསེང་རིམ་པར་ཞུས་སྐོར་སྙན་སྒྲོན་ནན་ཞུས་ལྟར་ཞལ་བཞེས་ཀྱིས་འཕྲལ་མར་མཁས་པའི་ཚོགས་ཆུང་ཞིག་ཟུར་འཛུགས་གནང་སྟེ་གཡུ་ཐོག་རྙིང་མའི་རྣམ་ཐར་ནང་གསལ་སྨན་པའི་གནས་རིམ་ལ་གཞི་མར་བཞག་ཐོག་ཚོགས་ཆུང་ནས་སྨན་པ་དཀའ་བཅུ་པ་སོགས་ཀྱི་གནས་རིམ་འཆར་ཟིན་བཟོ་བཀོད་ཞུས་ཏེ་སྐུ་ངོ་མཆོག་ལ་ཕུལ་ནས་ཐུགས་ཞིབ་ཀྱིས་སྨན་རྩིས་ཁང་གི་སྒྲིག་གཞི་གསར་པའི་ཟིན་བྲིས་དང་སྦྲགས་གཟིམ་ཆུང་ལ་སྙན་ཞུས་ཀྱིས་ཆོག་མཆན་ཐོབ་མཚམས་དངོས་སུ་ལག་བསྟར་གྱིས་ཕྱི་ལོ་ ༡༩༨༧ ལོར་ཁོང་ཚོ་དང་ཁོང་ཚོའི་སྔ་རྗེས་སུ་སློབ་ཐོན་པ་སོ་སོར་སྨན་པ་དཀའ་བཅུ་པ་དང་སྨན་རམས་པ་ཆུང་བའི་ལག་འཁྱེར་སྤྱི་མཚུངས་ལྟར་དངོས་སུ་ཐོབ་པ་ནས་ད་བར་རྒྱུན་སྐྱོང་བྱས་དང་བྱེད་བཞིན་པ་ཡིན། མདོར་ན་ལོ་ལྔའི་རིང་སློབ་སྦྱོང་སྐབས་སྟོན་དཔྱིད་གཉིས་ལ་རྡ་སའི་ཉེ་འཁོར་དུ་སྨན་འཐོག་འགྲོ་རྒྱུ་དང་། དབྱར་དུས་ཆར་རླུང་དང་ལྟོག་སྐོམ་གྱི་ངལ་བ་གང་ལའང་མ་འཛེམས་པར་དྷ་སའི་རི་རྩེ་དང་མ་ན་ལི་སོགས་སྐབས་བསྟུན་ས་གནས་འདྲ་མིན་ལ་ཆེད་གཏོང་གིས་སྨན་རྒྱུའི་འབྱུང་ཁུངས་ས་གནས་གསར་པ་འཚོལ་ཞིབ་དང་ཆབས་ཅིག་སྔོ་སྨན་ངོ་སྤྲོད་དང་སྦྲགས་སྨན་རྒྱུ་འཐུ་སྒྲུབ་ཆེད་གཉེར་གྱིས་ལྷག་བསམ་རྣམ་དག་ཐོག་ཞབས་ཞུ་བསྒྲུབས། ཕྱི་ལོ་ ༡༩༧༨ ལོར་སྨན་རྩིས་སློབ་ཐོན་རྗེས་ཁོང་ཚོ་སྐབས་གསུམ་པའི་སློབ་ཐོན་རྣམས་སྨན་རྩིས་གཉིས་ཀར་སློབ་གཉེར་བྱས་པར་སོང་སྨན་སྦྱོར་སྨན་པ་དང་། བརྟག་དཔྱད་སྨན་པ། སྐར་རྩིས་ཚན་པ་བཅས་སྡེ་ཚན་གསུམ་དུ་དབྱེ་སྟེ་ལས་བཀོད་གནང་། སྐབས་དེར་ཁོང་ལ་སྐར་རྩིས་པ་ཞིག་བྱེད་རྒྱུའི་ཐུགས་འདུན་ཆེ་ཡང་གོང་རིམ་ནས་ཡིག་རྒྱུགས་ཨང་རིམ་ལྟར་དང་པོ་དང་གཉིས་པ་གཉིས་སྨན་སྦྱོར་ཁང་གི་སྨན་པ་བྱེད་དགོས་པས་པ་སངས་ཡོན་ཏན་དང་ཁོང་གཉིས་རིམ་བཞིན་ཨང་དང་པོ་དང་གཉིས་པ་ཡིན་སྟབས་སྨན་སྦྱོར་ཁང་དུ་འགྲོ་དགོས་བྱུང་།

སྨན་སྦྱོར་ཁང་གི་སྨན་པ་ཙམ་མ་ཡིན་པར་སྨན་རྩིས་ཁང་ཁྱོན་ཡོངས་ཀྱི་སྨན་རྩིས་པ་རྒན་གཞོན་བར་གྱི་ཟམ་པ་ལྟ་བུའི་མཚམས་སྦྱོར་ཆད་ལ་ཉེ་བའི་གཉན་འཕྲང་ཅན་གྱི་དུས་ནས་བཟུང་ཕྱི་ལོ་ ༡༩༩༢ ལོ་བར་ཉག་ཕྲའི་དུས་སྐབས་སུ་སྨན་སྦྱོར་ཁང་གི་སྨན་པ་དང་། སྨན་སྦྱོར་འགན་འཛིན་ལས་རོགས། འགན་འཛིན་བཅས་ཐེག་པ་རིམ་འཛེགས་ཀྱིས་སྨན་སྦྱོར་ཁང་གི་ལས་དོན་ཆེ་ཕྲ་གང་ཅིའི་ཐད་ལྷག་བསམ་རྣམ་དག་ཐོག་ཞབས་ཞུ་བསྒྲུབས་ཏེ་གཞུང་སྒེར་གཉིས་ལ་ཕན་པ་མི་དམན་པ་བྱུང་། བརྒྱུད་རིམ་དེའི་ནང་ྋརྒྱལ་བའི་བླ་སྨན་པ་མཚོ་སྣ་ཨེམ་རྗེ་ཞིང་གཤེགས་འཇམ་དབྱངས་བཀྲ་ཤིས་ལགས་ཀྱི་སྐུ་མདུན་ནས་སྨན་རྒྱུ་ངོ་སྤྲོད་དང་སྨན་སྦྱོར་སྡེབ་སོགས་ཀྱི་གཞི་རིམ་ལག་ལེན་མཐོང་རྒྱུན་ཞུས་པ་དང་། ཕྱི་ལོ་ ༡༩༨༢ ནས་ ༡༩༩༡ བར་མཁས་དབང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐུ་མདུན་ནས་སྨན་སྦྱོར་གྱི་ལག་ལེན་ཆེ་ཕྲ་དག་ཞུ་ཐུབ་པ་བྱུང་།

སྨན་སྦྱོར་ཁང་དུ་ཞབས་ཞུའི་དུས་ཡུན་དེའི་ནང་རྒྱུན་ལྡན་སྨན་རྒྱུ་མཁོ་སྒྲུབ་བྱ་རྒྱུ་དང་། རིན་ཆེན་རིལ་བུ་སོགས་སྨན་སྦྱོར་སྡེབ་བྱེད་རྒྱུའི་མཚོན་པའི་ཉིན་རེའི་བྱེད་སྒོ་མཐའ་དག་བཀོད་སྒྲིག་དང་སྟངས་འཛིན་བྱ་རྒྱུ་དེ་ཡིན་ཞིང་། ལྷག་པར་སྨན་སྦྱོར་བ་ཞིག་བྱེད་པ་ལ་དངུལ་ཆུ་བཙོ་ཐལ་ཆེན་མོའི་ལག་ལེན་མཐོང་གོམས་མེད་དུ་མི་རུང་བ་ཞིག་ཡིན་སྟབས་སྐུའི་བླ་སྨན་སྨན་པ་བསྟན་འཛིན་ཆོས་གྲགས་མཆོག་རྒྱ་དམར་བཙོན་འོག་ནས། ཕྱི་ལོ་ ༡༩༨༠ ལོར་བཙོན་གྲོལ་ཐོབ་ཏེ་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་དང་བསྟུན་བཀའ་ཕེབས་ལྟར་ཕྱི་ལོ་ ༡༩༨༢ ལོར་འཕགས་ཡུལ་དྷ་སར་ྋརྒྱལ་བོའི་ཕོ་བྲང་ཉེ་འདབ་དབེན་གནས་སུ་བླ་སྨན་ཞིང་གཤེགས་མཁས་དབང་བསྟན་འཛིན་ཆོས་གྲགས་ལགས་དབུ་བཞུགས་ལམ་སྟོན་འོག་ཀོང་སྤྲུལ་རིན་པོ་ཆེའི་ཕྱག་བཞེས་སྒོ་ནས་ལྕགས་བརྒྱད་ཁམས་བརྒྱད་ཀྱི་སྲེག་ཐལ་དང་དངུལ་ཆུ་བཙོ་ཐལ་ཆེན་མོའི་ལག་ལེན་མཐོང་མྱོང་དམར་ཁྲིད་ཐེངས་དང་པོ་ཐོབ། དེ་མཚུངས་ཕྱི་ལོ་ ༡༩༨༧ ལོར་སྨན་སྦྱོར་འགན་འཛིན་མཁས་དབང་ཞིང་གཤེགས་རྒན་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལམ་སྟོན་འོག་ལྕགས་བརྒྱད་སོགས་སྲེག་ཐལ་བཟོ་ཚུལ་གྱིས་མཚོན་པའི་དངུལ་ཆུ་བཙོ་ཐལ་ཆེན་མོའི་ལག་ལེན་དམར་ཁྲིད་ཐེངས་གཉིས་པ་ཞུ་ཐུབ་པ་བྱུང་། དངུལ་ཆུ་བཙོ་ཐལ་ལག་ལེན་ཐེངས་གསུམ་པ་ནི་ཕྱི་ལོ་ ༡༩༩༩ ལོར་ཁོང་རང་ཉིད་ཀྱིས་འགན་འཁུར་རྐང་ལེན་ཐོག་གསེར་དངུལ་སོགས་ལྕགས་བརྒྱད་ཁམས་བརྒྱད་སྲེག་ཐལ་བཟོ་ཚུལ་དང་རིན་ཆེན་བཙོ་ཐལ་ལག་ལེན་ལམ་ལྷོང་ལྡན་པའི་སྒོ་ནས་ཀི་ལོ་ ༡༡༠ ཙམ་བཟོ་སྐྲུན་ཞུས་ཏེ་རིན་ཆེན་རིལ་བུའི་རིགས་མུ་བཐུད་བཟོ་སྦྱོར་ཐུབ་པ་བྱུང་ཞིང་།  དེ་བཞིན་དངུལ་ཆུ་ཚ་འདུལ་དང་གྲང་འདུལ་གྱི་ལག་ལེན་ཡང་ཐེངས་མང་བྱ་རྒྱུ་བྱུང་། སྨན་སྦྱོར་འགན་འཛིན་རྒན་བསྟན་རྣམ་ལགས་དགོངས་པ་རྫོགས་པའི་རྗེས་ཏེ། ཕྱི་ལོ་ ༡༩༩༢ ལོར་ཁོང་སྨན་སྦྱོར་སྡེ་ཚན་ནས་དགོངས་པ་ནན་ཞུས་ཀྱིས་མཐར་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེའི་ལས་གནས་སུ་བསྐོ་བཞག་གནང་བར་ལོ་གསུམ་རིང་ལས་ཁུར་ཞུས།

དེ་ནས་ནད་ཐོག་བརྟག་དཔྱད་སྨན་ཁང་ཞིག་ཏུ་གནས་སྤོས་ཞུས་དོན་ལྟར་སྤྱི་ལོ་ ༡༩༩༥ ལོར་རྒྱ་གར་བྱང་ཤར་ཤི་ལོང་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་བཏང་གིས་དེ་གར་ལོ་གཉིས་མ་ཟིན་ཙམ་བསྡད་ཡུན་རིང་རིས་མེད་ནད་པ་མང་པོར་བརྟག་དཔྱད་སྨན་བཅོས་ཀྱིས་ཕན་ཐོགས་མི་དམན་པ་བྱུང་། དེ་རྗེས་དགོས་དབང་གིས་ཁོང་དབུས་སུ་ཆེད་འབོད་གནང་སྟེ་ནད་བཅོས་ཉམས་ཞིབ་དང་པར་སྐྲུན་སྡེ་ཚན་དུ་ལས་བསྒྱུར་གནང་ནས་རིང་པོར་མ་སོང་པར་སྨན་རྩིས་ཁང་གི་ལོ་འཁོར་ཚོགས་ཆེན་སྐབས་ཕྱོགས་མཐའི་ཡན་ལག་སྨན་ཁང་གི་འགན་འཛིན་རྣམས་ནས་ཡན་ལག་སྤྱི་ཁྱབ་འགན་འཛིན་དུ་མང་མོས་འདེམས་བསྐོ་གནང་སྟེ་ལས་ཁུར་ཞུ་མུར་འཛིན་སྐྱོང་ནས་སླར་ཡང་སྨན་སྦྱོར་ཁང་དུ་ལོ་ཤས་འགྲོ་དགོས་ཞེས་ནན་བསྐུལ་གནང་དོན་ལྟར་མི་འགྲོ་ཀ་མེད་ཀྱིས་ཁས་ལེན་ལས་ཁུར་ཞུ་དགོས་བྱུང་། ཕྱི་ལོ་ ༢༠༠༡ ལོ་འགོར་སྨན་རྩིས་མཐོ་སློབ་ཏུ་ལས་བསྒྱུར་གྱིས་སློབ་སྤྱིར་བསྐོ་བཞག་གནང་བ་ལྟར་གཙོ་བོ་སྨན་རྩིས་སློབ་མ་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་སྔོ་སྨན་ངོ་སྤྲོད་ཡང་དག་ཡོང་བའི་ཕྱིར་སྨན་འཐོག་གོ་སྒྲིག་ཞུ་རྒྱུ་སོགས་ལྷག་བསམ་རྣམ་དག་གིས་ཞུས་ཡོད། ལྷག་པར་ལོ་གཅིག་ལྷག་གི་རིང་སྐབས་དེའི་སྨན་སློབ་ལོ་རིམ་གསུམ་པ་དང་བཞི་པ་རྣམས་ལ་སློབ་ཁྲིད་བྱ་རྒྱུའི་མཚོན་པའི་མཐོ་སློབ་ཀྱི་བྱེད་སྒོ་ཆེ་ཕྲ་མཐའ་དག་གང་ཐུབ་ཞུས་ཡོད།

ལོ་འདི་གའི་ཕྱི་ལོ་ཟླ་ ༨ ཚེས་ ༢༠ ཉིན་གཟིམ་ཆུང་ནས་སྐུ་སྒེར་ཡིག་ཚང་བརྒྱུད་ྋསྤྱི་ནོར་ྋགོང་ས་ྋ་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུ་བཅར་བླ་སྨན་ཞབས་ཞུ་བར་བསྐོ་བཞག་བསྩལ་བ་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ བར་མི་ལོ་བཅུའི་རིང་ྋསྐུའི་འཕྲོད་བཞེས་ཐོག་ཞབས་ཞུ་སྒྲུབ་རྒྱུའི་སྐལ་བཟང་གི་གོ་སྐབས་བླ་ན་མེད་པ་སྤྱི་བོའི་རྒྱན་ཏུ་བཀུར་ཏེ་རང་ནུས་གང་འཇོན་གྱིས་འབད་བརྩོན་ཆེས་ཆེར་གནང་། ཕྱི་ལོ་ ༢༠༠༦ ཟླ་དགུ་པའི་ནང་སྨན་རྩིས་འཚོལ་ཞིབ་ཚོགས་ཆུང་གིས་འགན་འཛིན་གཞོན་པའི་འོས་གཞི་བཏོན་ཁོངས་ནས་སྨན་རྩིས་འགན་འཛིན་ལྷན་ཚོགས་ཀྱིས་ཁོང་སྨན་རྩིས་ཁང་གི་འགན་འཛིན་གཞོན་པར་འོས་འདེམས་བསྐོ་བཞག་གནང་བར་སྐབས་འཕྲལ་དགོངས་པ་མཐའ་ནན་ཞུས་ཀྱང་དགོངས་འཁྲོལ་མ་ཐོབ་པར་བརྟེན་ལོ་བཞི་ལྷག་ཙམ་འགན་འཛིན་གཞོན་པའི་ལས་ཁུར་ཞུས་རྒྱུན་རིང་ལྷག་བསམ་རྣམ་དག་གིས་ལས་ཁུར་ཐོག་ཧུར་བརྩོན་གནང་།  གོང་གསལ་སྡེ་ཚན་ཁག་གི་འགན་འཛིན་བྱེད་ཞོར་དུ་སྨན་རྩིས་རིག་གཞུང་ལྷན་ཚོག་ཀྱི་ཚོགས་གཙོ་དང་།  ཚོགས་གཞོན། རྒྱུན་དྲུང་། སྨན་རྩིས་པའི་གནས་སྤར་བསྐྱར་སྒྲིག་ཚོགས་ཆུང་གི་ཚོགས་མི། སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་། ས་ཁང་ཚོགས་ཆུང་།  སྨན་རྩིས་སློབ་མ་གསར་བསྡུའི་ཚོགས་ཆུང་། ལས་བྱེད་གནས་སྤར་དང་བཀོད་སྒྲིག་ཚོགས་ཆུང་སོགས་ཚོགས་ཆུང་འདྲ་མིན་ནང་མཉམ་ཞུགས་བྱས་ཡོད། དེ་བཞིན་སྨན་རྩིས་ཁང་གཞུང་འབྲེལ་ཐོག་ཡུ་རོབ་རྒྱལ་ཁབ་ཁག་ལྔ་ཙམ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གསུམ་བཅས་ཀྱི་ནང་ཆེད་རྫོང་གནང་བ་ལྟར་ནད་པར་བརྟག་དཔྱད་སྨན་བཅོས་དང་གཏམ་བཤད་སོགས་མི་ལོ་སུམ་བཅུའི་རིང་ལས་དོན་ཧུར་ཐག་བྱས་སྟེ་མཐར་རྒས་ཡོལ་ཞུས་ནང་མི་བུ་ཕྲུག་རྣམས་ཨ་རིར་བསྐྱོད་ནས་ལོ་བརྒྱད་ཙམ་སོང་བ་བཅས་ཀྱི་གནས་སྟངས་འོག་སྐུ་སྒེར་ཡིག་ཚང་བརྒྱུད་གཟིམ་ཆུང་ལ་ཨ་རིར་འགྲོ་སྡོད་ཆོག་པའི་སྙན་སེང་ཞུས་པར་བཀའ་འཁྲོལ་ཐོབ་པར་བརྟེན་ད་ལྟ་ཨ་རིར་བཞུགས་ཡོད་པ་བཅས་སོ།།

༨། ྋསྐུའི་བླ་རྩིས་ཟུར་བ་རྩིས་རིག་སློབ་དཔོན་ཆེན་མོ་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་གི་ལོ་རྒྱུས་སྙིང་བསྡུས།

རྩིས་རིག་སློབ་དཔོན་ཆེན་མོ་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་ནི་ ༡༩༣༩ ལོར་ལྷ་ལྡན་སྦྲ་ཞོལ་དུ་འཁྲུངས་ཤིང༌། ནར་སོན་རྗེས་དགེ་བཤེས་དཔལ་འབར་དགེ་བཤེས་ཀྱི་མདུན་ནས་སྐར་ནག་རྩིས་དང༌། སྙན་སུམ་སོགས་རིག་གནས་འགའ་ལ་སྦྱང་པ་གནང་ཞིང༌། བཙན་བྱོལ་དུ་འབྱོར་རྗེས་འབྲུག་ཐིམ་བུ་བཙན་བྱོལ་བོད་གཞུང་དོན་གཅོད་ཁང་གི་ཁོངས་སློབ་དགེའི་ལས་འཁུར་ཞབས་ཞུ་གནང༌། ལས་ཞོར་དུ་སེར་བྱེས་བྱ་བྲལ་དགེ་བཤེས་ངག་དབང་གྲགས་པའི་དྲུང་དུ་སྐར་རྩིས་རི་མོ་སྔར་སྦྱངས་པ་རྣམས་ལ་བསྐྱར་སྦྱོང་ཞུས།

ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཞུགས་སྟེ་ལོ་དེར་དགེ་ཆེ་དམ་པ་དུས་འཁོར་བའི་མདུན་དུ་གང་ཤེས་རྒྱུགས་འབུལ་ཞུས་པ་དང༌། ལོ་དེར་སྨན་རྩིས་སློབ་གྲྭ་གཉིས་ཕྱོགས་བསྒྲིལ་མཛད་སྐབས་རྩིས་པ་ངོ་མར་བསྐོ་བཞག་གནང༌།

༡༩༦༨ ལོར་སྐར་དཔྱད་རྩིས་རིག་སྡེ་ཚན་འགན་འཛིན་གྱི་ཐུགས་འགན་བཞེས་ཤིང་མི་ཚེའི་རིང་བོད་སྤྱི་དོན་དང་སྨན་རྩིས་ཁང་གི་ཞབས་ཞུ་བསྒྲུབས་ཡོད་པ་དང༌། མེ་གླང་ ༡༩༩༧ ལོ་དཀྱིལ་ཙམ་ནས་སྐུ་གཟུགས་བདེ་མིན་གྱིས་སྨན་བཅོས་འདྲ་མིན་ཞུས་ཀྱང་སྐུ་ཁམས་དྭངས་བསྐྱེད་མ་བྱུང་བར་དགུང་གྲངས་ ༥༨ མེ་གླང་ཕྱི་ལོ་ ༡༩༩༧ ཟླ་ ༡༡ ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས། དམ་པ་དེས་སྨན་རྩིས་ཁང་དུ་ལོ་ངོ་སུམ་ཅུའི་རིང་རྩིས་རིག་བསྟན་པའི་སྟེང་མི་ཚེ་གང་པོ་ལེགས་སྐྱེས་སུ་ཕུལ་ཡོད་པ་མ་ཟད། སྐབས་མཚམས་ཤིག་ལ་སྐར་རྩིས་ཁང་དུ་ཁོང་ཉིད་མི་གཅིག་རྐང་གཅིག་ལ་ཐུག་ཀྱང་དཔའ་ངར་ཞུམ་པ་མེད་པར་ངལ་བ་ཆེ་བསྐྱེད་ཀྱིས་ནུས་ཤུགས་རྩལ་འདོན་གནང་སྟེ་རྩིས་རིག་གི་བསྟན་པའི་རྒྱུད་འཛིན་པ་མི་ཉུང་བ་སྐྱེད་བསྲིངས་ཀྱིས་མཚོན་སྐར་དཔྱད་རྩིས་རིག་བསྟན་པ་ལ་མཛད་རྗེས་དང་བཀའ་དྲིན་ཤིན་ཏུ་ཆེ་བས། བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཉིན༌གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད་པ་བཅས་སོ།།

 

༩། དྲུང་ཟུར་རྩིས་རམས་པ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་གི་ལོ་རྒྱུས་སྙིང་བསྡུས། 

རྩིས་རམས་པ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་ཕྱི་ལོ་ ༡༩༤༤ གཏིང་སྐྱེས་རྫོང་ཁོངས་རྒྱལ་མཁར་དུ་འཁྲུངས། བཙན་བྱོལ་དུ་མ་ཕེབས་བར་དུ་ཡབ་ཀྱིས་གཙོས་དགེ་རྒན་ཁ་ཤས་ཀྱི་མདུན་ནས་སུམ་རྟགས་དང༌། དགུ་མཐའི་བསྒྱུར་བཀོད་སོགས་སྦྱངས་པ་དང༌། ཕྱི་ལོ་ ༡༩༦༨ ཟླ་༡༠ ནང་ཤེལ་དཀར་ནས་བྲོས་བྱོལ་དུ་ཕེབས་ཏེ། ཕྱི་ལོ་ ༡༩༧༡ ཟླ་ ༥ ཚེས་ ༡ ཉིན་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཞུགས་ཏེ་ལོ་གཉིས་ཙམ་རིང་ཕྱེད་ལས་བྱེད་དང་ཕྱེད་སློབ་ཕྲུག་གི་ངོ་བོའི་ཐོག་ནས་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་གི་དྲུང་ནས་རྩིས་གཞུང་རིགས་ལྡན་སྙིང་ཐིག་སྟེང་ནས་ལྔ་བསྡུས་དང་གཟའ་ལྔ༌། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་གྱི་སྔོན་འགྲོ། གཞན་ཡང་སུམ་ཅུ་པ་དང་རྟགས་འཇུག དག་ཡིག་ངག་སྒྲོན། སྙན་ངག་མེ་ལོང་མའི་ལེའུ་བར་པ་དོན་རྒྱན་སོ་ལྔ་བཅས་བཀའ་ཁྲིད་ཞུས་པ་དང༌། དེ་རྗེས་རིམ་པ་བཞིན་ཨར་ལས་ལྟ་རྟོགས་པ་དང༌། སྨན་རྩིས་ཁང་གི་དྲུང་ཆེ་དང་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་ལས་རོགས་སོགས་ལོ་མང་ཞབས་ཞུ་ཞུས་པ་དང༌། ཕྱི་ལོ་ ༢༠༠༠ ལོ་འགོར་སྐར་རྩིས་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་ལྟར་ལས་འཁུར་ཞུས། ཕྱི་ལོ་ ༢༠༠༥ ལོར་རྒས་ཡོལ་ཐོན་ཡང་འཛིན་སྐྱོང་གི་དགོས་དབང་གིས་ལོ་གཉིས་རྒས་ཡོལ་ཕྱིར་འགྱངས་ཐོག་སྐར་རྩིས་སྡེ་ཚན་གྱི་སློབ་སྟོན་པར་བསྐོ་བཞག་གནང་བ་དང༌། དེ་རྗེས་སླར་ཡང་ལོ་གཉིས་རྒས་ཡོལ་ཕྱིར་འགྱངས་ཞུས་མཐར་ཕྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༡ ནས་རྒས་ཡོལ་ཆ་ཚང་ཐོན་ཏེ་ཅོང་ཏ་ར་སྨན་རྩིས་ཁང་གི་ལས་བྱེད་བགྲེས་ཡོལ་ཁང་དུ་གནས་སྤོ་གནང༌།

ཁོང་གིས་ལོ་ངོ་སུམ་ཅུ་སོ་ལྔ་ཙམ་དུ་སྨན་རྩིས་ཁང་གི་ཕྱག་ལས་གནང་ཡོད་སྟབས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཉིན་ྋགོང་ས་མཆོག་དབུ་བཞུགས་ཐོག་མི་ཚེ་ཧྲིལ་བོ་སྨན་རྩིས་ཁང་ཏུ་ཞབས་ཞུ་ཞུས་པར་ཚད་འཛིན་གྱི་ལེགས་གསོལ་བྱ་དགའ་ཞིག་འབུལ་རྒྱུ་གཏན་འཁེལ་ཡོད་ཀྱང་ལེགས་གསོལ་བྱ་དགའ་དེ་བཞིན་བཞེས་མ་ཐུབ་པར་ཕྱི་ལོ་ ༢༠༡༡་ཟླ་ ༣ ཚེས་ ༡༨ ཉིན་ཏེ་མཛད་སྒོ་དངོས་མ་སླེབས་གོང་གི་ཉིན་བཞི་བར་སྐུའི་འཕེན་པ་རྫོགས་པའི་བློ་ཕམ་གྱི་སྐྱོ་གནས་ཐོན་ཡོད་པ་བཅས་སོ།།

༡༠། ལས་བྱེད་བློ་བཟང་བཀྲ་ཤིས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བློ་བཟང་བཀྲ་ཤིས་ལགས་ནི་ཕྱི་ལོ་ ༡༩༦༩ ཙམ་ནས་སྨན་རྩིས་ཁང་དུ་ལས་མིའི་ངོ་བོའི་ཐོག་ལས་ཞུགས་བྱས་ཡོད་ཅིང་། ཕྱི་ལོ་ ༡༩༧༡ ལོ་ནས་ལས་བྱེད་ངོ་མར་བསྐོས་པ་ནས་ཕྱི་ལོ་ ༢༠༠༥ བར་ཏེ་སྨན་རྩིས་ཁང་གི་གནས་བབ་ཉག་ཕྲ་བའི་སྐབས་ནས་སྨན་རྒྱུ་འཐུ་སྒྲུབ་དང་གཙང་བཟོ། རིལ་སྒྲིལ་སོགས་ཀྱི་ལས་དོན་སྣ་མང་ལ་ཞུགས་ཏེ་ལས་དོན་ལ་ལྷག་བསམ་རྣམ་དག་ཞུས་ཡོད་པས། སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོའི་ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཀའ་དྲིན་ལེགས་གསོལ་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་བཅས་སོ།།

༡༡། ལས་བྱེད་འཕྲིན་ལས་རྣམ་རྒྱལ་གྱི་ལོ་རྒྱུས་སྙིང་བསྡུས།

འཕྲིན་ལས་རྣམ་རྒྱལ་ནི་ཕྱི་ལོ་ ༡༩༤༠ ལོར་བོད་དབུས་ལྷོ་བྲག་ཏུ་སྐྱེས། ཕྱི་ལོ་ ༡༩༧༩ ལོར་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་སྨན་སྦྱོར་ཁང་དུ་ལས་བཅར་ཞུས། ༡༩༨༢ ལོར་ཕོ་བྲང་དུ་རིན་ཆེན་རིགས་བཙོ་བསྲེག་ལས་ཀར་ཞུགས། ཕྱི་ལོ་ ༡༩༨༨ ལོར་བླ་སྨན་བསྟན་འཛིན་ཆོས་གྲགས་ལྷན་དུ་ཟངས་མཁར་ས་ཁུལ་དུ་ཟླ་བ་གཉིས་རིང་སྨན་རྩ་སྨན་ཐོག་སྐོར་སྐྱོད་དུ་བཅར་རྗེས། སྨན་སྦྱོར་ཁང་དུ་ལས་བཅར་མུ་མཐུད་ཞུས། ཁོང་ལས་བཅར་ཞུས་པའི་རིང་སྨན་འཐོག་ཏུ་ཐེངས་ ༢༣ ཕྱིན་པ་སོགས་ཀྱིས་མཚོན་པའི་ལས་ཁུར་ལ་ཧུར་བརྩོན་ཞུས་ཏེ་ད་ལྟ་རྒན་ཡོལ་དུ་བཞུགས་པ་བཅས་སོ།།

༡༢། གསང་སྔགས་བསྟན་འཛིན་གྱི་ལོ་རྒྱུས་སྙིང་བསྡུས།

གསང་སྔགས་བསྟན་འཛིན་ནི། ཕྱི་ལོ་ ༡༩༧༥ ནས་སྨན་རྩིས་ཁང་དུ་འཛུལ་ཞུགས་བྱས་ཏེ་ཐོག་མར་སྨན་སྦྱོར་ཁང་དུ་ལས་ཀ་བྱས་ཤིང་། དེ་རྗེས་འཕྲུལ་གཏོང་ཁང་དུ་ཟླ་གསུམ་རིང་ལས་ཀ་བྱས། ཕྱི་ལོ་ ༡༩༧༧ ལོར་སྨན་རྩིས་ཁང་གི་ལས་བྱེད་དངོས་སུ་བསྒྱུར་ཐོག་ལོ་དེ་ནས་ ༡༩༨༦ བར་ྋགོང་ས་མཆོག་གི་གསོལ་སྨན་བཟོ་སྦྱོར་གྱི་འགན་འཁུར་ཞུས། ལོ་དེར་གསོལ་སྨན་བཟོ་རྒྱུ་དེ་རྣམ་རྒྱལ་གྲྭ་ཚང་ལ་ཕུལ་ཡང་ཟླ་དྲུག་གི་རྗེས་རྣམ་རྒྱལ་གྲྭ་ཚང་ནས་གསོལ་སྨན་བཟོ་མ་ཐུབ་པའི་རྐྱེན་གྱིས་སླར་ཡང་རྒན་ཡོལ་མ་ཐོབ་བར་གསོལ་སྨན་རྒྱུའི་འགན་ཁུར་ཞུས་པ་བཅས་སོ།། །།

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།