སྨན་རྩིས་དྲ་བ། - ཆེད་རྩོམ།

རིན་ཆེན་རིལ་བུའི་ཕན་ཡོན་དང་བསྟེན་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.05.2022
ཆེད་རྩོམ། >>

 

༄༅། །རིན་ཆེན་རིལ་བུ་རྣམས་ཀྱི་ཕན་ཡོན་དང་བསྟེན་ཚུལ་སྙིང་པོར་དྲིལ་བ་བདུད་རྩིའི་ཟླ་སྣང་ཞེས་བྱ་བ་བཞུགས་སོ།།

-    འཇམ་དབྱངས་མཁྱེན་བརྩེ་དབང་པོ།

ཨོཾ་ཨཐཱ།

གྲུབ་པའི་བདུད་རྩིས་ཡིད་ཅན་གདུང་སེལ་བ།།

དབང་བཅུ་མངའ་བའི་ཕྲིན་ལས་གཟུགས་ཅན་བཞིན།།

གང་དུ་སྣང་གྱུར་སྨན་གྱི་ནོར་བུ་ལ།།

བཏུད་ནས་ཕན་ཡོན་བསྟེན་ཐབས་མདོ་ཙམ་བྲི།།

 

དེ་ལ་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས། གྲུབ་པའི་སྔགས་དང་སྨན་སོགས་ནི། །འཕྲལ་དུ་ཡིད་ཆེས་བྱེད་པ་ཡིས། །འཆི་བདག་རྣམ་པར་བསལ་བར་བྱ། །ནོར་བུ་སྔགས་དང་སྨན་གྲུབ་དང་། །བཅུད་ལེན་སྟོབས་ཀྱིས་བདག་ཉིད་ནི། །འཆི་བདག་ཕ་རོལ་གནོན་མཐོང་སྟེ། །རིག་འཛིན་གྲུབ་པ་ཇི་བཞིན་ནོ། །ཞེས་དང་། གང་ཕྱིར་ནོར་བུའི་མཐུ་ལ་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་དང་། འཇིག་རྟེན་ན་ནི་དངོས་གཞན་གང་། །སྔགས་ཀྱིས་མི་འགྲུབ་དེ་ཡོད་མིན། །ཡང་དག་དད་དང་མངོན་བརྩོན་ལ། །སྔགས་རྣམས་ཡིད་བཞིན་ནོར་བུ་མཚུངས། །ཞེས་དང་། སྨན་རྣམས་ཀྱི་ནི་མཐུ་ལ་ཡང་། །སོམ་ཉི་བྱ་བར་རིགས་མིན་ཏེ། །གང་ཕྱིར་སྨན་གྱི་ནུས་པ་ནི། །བསམ་མི་ཁྱབ་པར་ཀུན་ཏུ་སྣང་། །ཞེས་སོགས་རྒྱ་ཆེར་བསྔགས་པ་ལྟར་ངོ་བོ་ནོར་བུ་རིན་པོ་ཆེ་དང་། བཅུད་ལེན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གྲུབ་པའི་དངུལ་ཆུ་དང་། རོ་ནུས་ཞུ་རྗེས་ཕུན་སུམ་ཚོགས་པར་སྦྱར་བའི་སྨན་གྱི་རིལ་བུ་གང་ཞིག རང་བཞིན་རྡོ་རྗེའི་སྔགས་ཀྱི་མཐུས་བྱིན་གྱིས་བརླབས་པ་ན། བྱེད་ལས་མཐོང་ཚོར་མྱང་ཞིང་མགུལ་དུ་འཆང་བ་ཙམ་གྱིས་ཀྱང་ནད་གདོན་བར་ཆད་ཐམས་ཅད་སེལ་བ་དང་། བཀྲ་ཤིས་ཤིང་དོན་གྲུབ་པ་དང་། ཚེ་དང་ལུས་ཀྱི་བཅུད་ལེན་དུ་འགྱུར་བ་སོགས་ཡོན་ཏན་བསྔགས་པ་མཐའ་ཡས་པའི་བདུད་རྩི་སྨན་གྱི་ནོར་བུ་རིན་ཆེན་རིལ་བུའི་ཚུལ་ལས་བརྩམས་ཏེ་ཅུང་ཟད་བརྗོད་ན་གཉིས། ཕན་ཡོན་དང་། བསྟེན་ཚུལ་ལོ།།

དང་པོ། ཕན་ཡོན།

དང་པོ་ལ་གཉིས། སྤྱི་དང་བྱེ་བྲག་གོ། དང་པོ་ནི། དཔལ་ལྡན་རྒྱུད་ལས། ཞི་བྱེད་ཀུན་གྱི་ལོག་གནོན་རིན་པོ་ཆེ། །ཁྲག་མཁྲིས་བད་རླུང་བཞི་བརྒྱ་རྩ་བཞིའི་ནད། །མགོ་དང་བྱང་ཁོག་ཡན་ལག་རྨ་རྣམས་དང་། །དམུ་འོར་མཛེ་འབྲས་གག་ལྷོག་གཉན་ནད་དང་། །ཀླུ་གཉན་རྒྱལ་པོ་ལ་སོགས་འབྱུང་པོའི་གདོན། །རིན་པོ་ཆེ་ཡིས་མི་སེལ་གང་ཡང་མེད། །ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར། །ཞེས་པས་མཚོན་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་གསུངས་སོ།།

གཉིས་པ་ལ་དྲུག་ལས། དང་པོ་གྲུབ་ཆེན་ཨོ་རྒྱན་པའི་དགོངས་པ་གཙོར་གྱུར་རིན་ཆེན་རིལ་ནག་ཆེན་མོའི་ཕན་ཡོན་ནི། དཔལ་ལྡན་ཟུར་མཁར་བ་ཆེན་པོ་དྷརྨ་སྭཱམཱིས། སྦྱོར་བ་འདི་ནི་རིལ་ནག་ཆེན་པོ་ཞེས་བྱ་སྟེ། ཡོན་ཏན་བརྗོད་ཀྱིས་མི་ལོང་བ་དང་ལྡན་པས་རྒྱལ་ཁམས་ཡོངས་ལ་གྲགས་པའོ། །དམ་ཚིག་དང་ལྡན་པས་བསྟེན་ན་ནད་མེད་པ་ལ་སྲུང་བའི་མཆོག་ཏུ་འགྱུར་ཏེ། མི་ཚེ་འདི་ཡི་དུག་རིགས་ཐུབ། འཁྲུགས་དང་ཚད་རྙིང་སོགས་གཞན་གྱིས་གསོ་བར་དཀའ་བའི་ནད་ཐམས་ཅད་སྦྱོར་བ་འདིས་མི་སེལ་བ་འགང་ཡང་མེད་དོ། །ཅེས་གསུངས་པ་ལྟར་སྦྱར་དུག་གཙོ་བོར་གྱུར་བའི་ནད་རིགས་ཐམས་ཅད་ལ་བསྔགས་ཤིང་། གདོན་ཐམས་ཅད་འཇོམས། བཅུད་ལེན་གྱི་མཆོག་ཏུ་འགྱུར། ཁྱད་པར་ཁོང་ནད་ཚ་ཤས་ཅན་དང་། སྨན་གཞན་གྱིས་ཕན་པར་དཀའ་བའི་ནད་གདོན་ཤས་ཆེ་བ་སོགས་ལ་མཆོག་ཏུ་བསྔགས། ལུས་ལ་འཆང་བས་སྲུང་བའི་རྒྱལ་པོ་འགྲུབ་བོ། །འོན་ཀྱང་བསིལ་ཁ་ཅུང་མཐོ་བས་གྲང་རླུང་གི་ཁམས་མཐོ་བ་དང་། བྱིས་པ་དང་རྒན་པོ་སོགས་ལ་འཕྲོད་དཀའ་ཙམ་སྣང་ངོ་།།

            གཉིས་པ་དཔལ་ལྡན་རྒྱུད་ལས་གཙོ་བོར་གསུངས་པའི་རིན་ཆེན་མང་སྦྱོར་ཆེན་མོའི་ཕན་ཡོན་ནི། ཕྲིན་ལས་ཀྱི་རྒྱུད་ལས། དུག་ནད་ཀུན་ལ་མང་སྦྱོར་ཆེན་མོ་མཆོག །ཅེས་སྦྱར་བ་དང་། གྱུར་པ་དང་། དངོས་ཀྱི་དུག་སོགས་དུག་རིགས་ཐམས་ཅད་ལ་མཆོག་ཏུ་ཟབ་པར་མ་ཟད། བསིལ་དྲོད་སྙོམས་པས་ཁོང་ནད་ཀྱི་རིགས་ཕལ་ཆེར་ལ་ཕན་པ་ཤིན་ཏུ་ཆེ་བ་ཡིན་ནོ།།

            གསུམ་པ་གྲུབ་ཆེན་ཨོ་རྒྱན་པའི་གདམས་ངག རྗེ་རང་བྱུང་རྡོ་རྗེའི་ཐུགས་བཅུད་ཡང་ཟབ་རིན་ཆེན་རིལ་བུའི་ཕན་ཡོན་ནི། དཔལ་དྷརྨ་སྭཱམཱིའི་གསུང་ལས་བྱུང་བ་ལྟར་མདོར་བསྡུ་ན། ཐུན་མོང་དུ་ནད་མེད་ཀྱིས་བསྟེན་པའི་ཕན་ཡོན་དང་། ནད་པ་ལ་བཏང་བའི་ཕན་ཡོན་ནོ། །དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་ལས། གླང་པོའི་སྟོབས་དང་ཉི་ཟླའི་ཚེ། །ལྷ་ཡི་ལང་ཚོ་འཛིན་པར་འགྱུར། །ཞེས་གསུངས་པ་ལྟར་ལུས་སྟོབས་རྒྱས། མདངས་གསལ། སྐྲ་དཀར་ཉུང་དུ་འགྲོ། གཉེར་མའང་རང་ཞིར་འགྲོ། སོ་ཚགས་དམ་དུ་འགྲོ། མིག་ལ་སོགས་པའི་དབང་པོ་གསལ་དུ་འགྲོ། ཚ་གྲང་བཀྲེས་སྐོམ་བཟོད་པ་སོགས་ཡོན་ཏན་མང་དུ་འབྱུང་བ་མངོན་དུ་གྲུབ། ནང་དུ་རྩ་ཁ་འཛིན་སྡོམ་བྱེད། སྟེང་གདོན་དང་འོག་གདོན་སོགས་གདོན་གྱི་རིགས་ཐམས་ཅད་སྲུང་བ་དང་། རིམས་སོགས་ནད་རིགས་ཐམས་ཅད་སྲུང་བ་དང་། ཐ་མ་ཆམ་པ་ཡང་མི་འོང་བ་མྱོང་བས་གྲུབ་བོ། །གཉིས་པ་ནི། འདི་ནད་རིགས་གང་ལ་བཏང་ཡང་མཆོག་ཏུ་ཕན་པ་ཞིག་ཡིན་ལ། ཁྱད་པར་ནད་ཇི་ལྟར་ཆེ་བ་དང་། ནད་རྙིང་པར་གཏོགས་པ་དང་། སྨན་གཞན་བཏང་བའི་ནུས་པ་ཟད་ནས་བོར་བ་སོགས་ཉེས་པ་ཆེ་བ་ཙམ་ལ་འདིས་ཕན། དེ་ལས་ཀྱང་བརྟན་གཡོའི་དུག་ཐམས་ཅད་ལ་ཆེས་ཆེར་བསྔགས་སོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་གཞུང་རྩ་བའི་རྡོ་རྗེའི་ཚིག་ལས། འདི་ཡི་རིམ་པས་ནང་ལ་ཡང་། །སྲོག་རྩོལ་དྷཱུ་ཏིའི་ལམ་དུ་འཆིངས། །ཞེས་རླུང་སེམས་དབུ་མར་ཐིམ་ནས་ཡང་དག་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཆ་རྐྱེན་དུ་བསྔགས་པས་མཚོན་བསམ་གྱིས་མི་ཁྱབ་བོ།།

            བཞི་པ་དབང་རིལ་ཤེལ་དཀར་མཆོད་རྟེན་དུ་གྲགས་པའི་ཕན་ཡོན་ནི། གཞུང་ལས། ལེགས་པར་བསྟེན་པའི་ཕན་ཡོན་ནི། །དུག་རིགས་ཤ་སྦྱོར་རྩི་སྦྱོར་དང་། །སྔོ་སྦྱོར་སྤུ་སྦྱོར་ས་རྡོའི་སྦྱོར། །ཤིང་སྦྱོར་རིན་པོ་ཆེ་ཡི་སྦྱོར། །ཆུ་སྦྱོར་ཚ་སྦྱོར་གྲང་སྦྱོར་སོགས། །མདོར་ན་དུག་རིགས་གང་ཡིན་ཀྱང་། །མི་ཐུབ་གཅིག་ཀྱང་ཡོད་མ་ཡིན། །གསོ་དང་སྲུང་བ་གཉིས་ཀ་བྱེད། །ཅེས་སོགས་གསུངས་པ་ལྟར་དུག་རིགས་ཐམས་ཅད་ལ་མཆོག་ཏུ་བསྔགས་ཤིང་། ཁོང་ནད་ཀྱི་རིགས་གང་ལའང་ཕན་ནོ།།

            ལྔ་པ་དབང་རིལ་རིན་ཆེན་རྟ་རི་མའི་ཕན་ཡོན་ནི། སྨན་སོ་སོའི་ཡོན་ཏན་དང་ནུས་པ་སོགས་རྒྱས་པར་དཀར་ཆག་ཏུ་གསལ་བ་ལྟར་ལ། མདོར་བསྡུ་ན། སྦྲུལ་ལ་སོགས་པ་སྲོག་ཆགས་དུག །བོང་ང་ལ་སོགས་བཙན་དུག་དང་། །ཆུ་དུག་རླངས་དུག་ས་ཡི་དུག །རྫི་དུག་ཤ་དུག་གྱུར་པའི་དུག །སྒོང་དུག་མུ་སྟེགས་ངན་སྔགས་དུག །སྦྱར་དུག་ལོ་ཟླར་ཞེན་པ་སོགས། །དུག་རིགས་ཐམས་ཅད་འདི་ཡིས་འཇོམས། །ཞེས་གསུངས་པ་ལྟར་དང་། གཞན་ཡང་གསོ་དཀའ་བའི་ཁོང་ནད་རིགས་ཕལ་ཆེར་ལ་བསྔགས་སོ།།

            དྲུག་པ་བསམ་འཕེལ་རིན་ཆེན་རིལ་བུའི་ཕན་ཡོན་ནི། ཇི་སྐད་དུ། རིན་ཆེན་སྨན་གྱི་སྦྱོར་བ་ཁྱད་པར་ཅན། །འདི་ཡི་ཕན་ཡོན་བརྗོད་ཀྱིས་མི་ལོང་ཡང་། །མདོར་བསྡུས་ཚ་གྲང་འདུ་བ་འཁྲུགས་པའི་ནད། །ཡུན་རིང་གསོ་དཀའ་སྨན་པས་བོར་བ་དང་། །ཁྱད་པར་རྩ་དཀར་རིང་(རེངས་)འཁུམས་འཁྲུགས་པ་འཇོམས། །བྱེར་བ་བསྡུ་ཞིང་རྙིང་པ་གཏིང་ནས་འདོན། །མཁལ་ཚད་རྩ་འགྲམ་ཁྲག་རླུང་གཟེར་མདའ་གཅོག །སྟེང་གདོན་གཟའ་དང་བར་གདོན་རྒྱལ་པོ་བཙན། །འོག་གདོན་ཀླུ་ཡི་རིགས་རྣམས་ཐམས་ཅད་སེལ། །རྨ་རྙིང་སུརྱ་རྐང་འབམ་ཞ་འཁུམ་སོགས། །ཕྱི་ནང་ཕལ་ཆེའི་ནད་ལ་བསྔགས་པ་སྟེ། །མགུལ་དུ་འཆང་ན་སྲུང་བའི་རྒྱལ་པོར་འགྱུར། །དྲི་ཚོར་ཙམ་གྱིས་དགོན་བགེགས་འབྱུང་པོ་འབྲོས། །དེ་ཕྱིར་བསམ་འཕེལ་ཡིད་བཞིན་རིན་པོ་ཆེ། །སྨན་གྱི་ནོར་བུ་རྒྱུན་ཤེས་སྨན་པའི་ལུགས། །གསོ་རིག་རྒྱ་མཚོ་བསྲུབས་པའི་བདུད་རྩི་སྟེ། །དྲང་སྲོང་འཚོ་ཐབས་ཤེས་པའི་སྙིང་ནོར་ཡིན། །ཞེས་སོགས་བསྔགས་པ་ལྟར་ནད་གདོན་རིགས་སྤྱི་དང་། ཁྱད་པར་རྩ་དཀར་གྲིབ་ཤས་ཅན་གྱི་རིགས་ལ་མཆོག་ཏུ་བསྔགས་ཤིང་། གཟའ་གདོན་སོགས་ལའང་ཆེས་ཆེར་ཕན་པ་མྱང་བས་གྲུབ་བོ།།

གཉིས་པ། བསྟེན་ཚུལ།

གཉིས་པ་ཇི་ལྟར་བསྟེན་པའི་ཚུལ་ལ། སྤྱིར་རིན་ཆེན་རིལ་བུའི་རིགས་ཕལ་ཆེར་དུག་ནད་ཁོ་ནའི་གཉེན་པོར་བསྔགས་པས། དེ་ལ་སྲུང་བ་ལྟར་བསྟེན་ཚུལ། གསོ་བ་ལྟར་བསྟེན་ཚུལ་སོགས་མང་དུ་བཤད་ཅིང་། བྱེ་བྲག་གསོ་བ་ལའང་། དང་པོར་ཐང་གིས་བྱེར་བ་བསྡུ། བར་དུ་རིན་ཆེན་གྱི་སྦྱོར་བས་བསད། ཐ་མ་བཤལ་གྱིས་དག་པར་སྦྱོང་བས་མཚོན་རྒྱ་ཆེར་གསུངས་པ་གཞུང་དང་མན་ངག་ཕྱག་ལེན་གྱིས་གཏན་ལ་ཕབ་པས་ཤེས་པར་འགྱུར་གྱི་ཡི་གེ་ཉུང་ངུས་མཚོན་པར་མི་ནུས་ལ། འདིར་ཐུན་མོང་དུ་བཏང་ཚུལ་རྒྱུན་གྱི་ལག་ལེན་མདོ་ཙམ་བཤད་ན། དུག་སོགས་ལ་མར་ངོའི་ཟླ་ཟད་ལ་བཏང་བའི་གནད་ཡོད་ཀྱང་། སྤྱིར་གཟའ་ཚེས་ཤིན་ཏུ་བཟང་བར་ལེགས་ཤིང་། སྡུད་སྨིན་གྱི་ཐང་སྨན་གང་རིགས་ཞག་བརྒྱད་ཙམ་གོང་ནས་བཏང་ཞིང་། ཁྱད་པར་ཞག་གསུམ་ནས་གཡེར་འབྲུ་བདུན་ཙམ་གྱི་ཐང་རྩ་ཁ་འབྱེད་པ་ལ་བཏང་། གཤོམ་ནི། སྟན་དཀར་དྲི་མེད་སྟེང་དུ་འབྲུ་དཀར་གྱི་གཡུང་དྲུང་གཡོན་འཁྱིལ་བྲི། དེའི་སྟེང་ལྷུང་བཟེད་ནང་དུ་འབྲུ་བཟང་པོ་བླུགས། དེ་ནང་དཀར་ཡོལ་གས་ཆག་མེད་པ་ཞིག་ཏུ་ཚ་ཤས་ཅན་ལ་ཁ་ཆེའི་གྲུང་ཆུ། གྲང་ཤས་ཅན་ལ་སེ་འབྲུའི་ཁུ་བ། སྤྱིར་བཏང་ཆང་བཟང་པོ་ཁྱོར་གང་ཙམ་ནང་རིལ་བུ་བཞག དེ་སྟེང་དར་དམར་གྱིས་ཁ་བཅད། དེ་སྟེང་ཆོས་གོས་བྱིན་ལྡན་བརྒྱད་ལྟེབ་སྟེང་དུ་སྨན་བླའི་སྐུ་ཞལ་རང་ལ་བསྟན། གཞན་ཡང་སྨན་རྒྱུད་ཀྱི་དཔེ་དང་མཆོག་གསུམ་གྱི་རྟེན་གང་འབྱོར་མདུན་དུ་རྣམ་ལྔས་གཙོས་པའི་མཆོད་པ་ཅི་འབྱོར་བཤམ། མདོ་ལུགས་ལྟར་ན་བདེ་གཤེགས་བདུན་གྱི་སྨོན་ལམ་ཆོ་ག་དང་། སྔགས་ལུགས་ལྟར་ན་རྒྱས་པར་སྙིང་ཐིག་སྡུག་བསྔལ་མུན་སེལ་ལྟར་རམ། བསྡུས་པ་སྒྲུབ་ཐབས་དངོས་གྲུབ་བང་མཛོད་ཀྱི་ཆོ་ག་བྱས་ལོ་མ་ཡིན་པར་བཏང་ནས། བྱེ་བྲག་གི་དམིགས་འདུན་དང་སྙིང་རྗེའི་བསམ་སྦྱོར་དང་ལྡན་པས་གཟུངས་སྔགས་ཅི་མང་བཀྲ་ཤིས་བཅས་བྱའོ། །དེ་ནས་གླུད་གཏོར་རམ་སྦྱོང་བ་བགེགས་བསྐྲད་དང་བཅས་མཚམས་ཐོ་ལྡན་པས་འགྲིམ་འགྲུལ་འཛེམ། ནང་པར་བདུད་རྩི་ཐུན་མཚམས་དང་ལྡན་པའི་ཚེ། སྨན་པའིོ་ལག་གཙང་མར་བྱས་ཏེ། སྲིན་མཛུབ་ཀྱི་རིལ་བུ་བཤིགས་ནས་ནད་པ་ཁ་ཤར་དུ་ཕྱོགས་པའི་སྔས་མགོ་ཁྲིའུའི་ཁར་བཟང་པོའི་འདུག་སྟངས་ཀྱིས་འཁོད་དེ་སྨན་སྣོད་ལག་གཡོན་དུ་ཐོགས་ལ།

༈ སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། ཞེས་སོགས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ།

༈ རང་ཉིད་བཻཌྰུརྱ་འོད་སྨན་གྱི་རྒྱལ། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུར་ལྡན། །སྤྲུལ་པའི་སྐུ་མཆོག་ཕྱག་གཡས་ཨ་རུ་ར། །གཡོན་པས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །པད་ཟླའི་གདན་བཞུགས་སངས་རྒྱས་བྱང་ཆུབ་སེམས། །དྲང་སྲོང་བཀའ་སྲུང་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །མདུན་གྱི་སྨན་སྣོད་བདུད་རྩིའི་ལྷུང་བཟེད་གསལ། །ཐུགས་ལས་འོད་ཟེར་དཔག་མེད་འཕྲོས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །ལྷ་མིའི་དྲང་སྲོང་འཇིག་རྟེན་སྐྱོང་རྣམས་ཀུན། །སྤྲིན་ལྟར་སྤྱན་དྲངས་མདུན་མཁར་བཞུགས་ནས་ཀྱང་། །བཀྲ་ཤིས་དང་བཅས་སྨན་མཆོག་བྱིན་བརླབས་ནས། །ཚེ་ཡི་བཅུད་བསྡུས་སྨན་མཆོག་ཉིད་ལ་ཐིམ། །འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །སྐུ་མདོག་མཐིང་ག་བཻཌྰུརྱ་ཡི་འོད། །སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་ལྡན། །རླུང་མཁྲིས་བད་ཀན་ནད་ཀྱིས་གདུངས་པ་ལ། །ནད་ཀྱི་གཉེན་པོར་ཕྱག་གཡས་ཨ་རུ་ར། །ཕྱག་གཡོན་བདུད་རྩིའི་ལྷུང་བཟེད་པར་བུ་བསྣམས། །བཻཌྰུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །མངོན་ཤེས་སྙིང་རྗེས་འགྲོ་མཆོག་འདུ་བ་སྙོམས། །དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟ་བུ་དང༌། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ནི། །ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད། །ཚེ་ལ་བར་དུ་གཅོད་པ་ཞི་བ་དང༌། །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །བསམ་པའི་བར་དུ་གཅོད་པ་ཞི་བར་མཛོད། །ཨོཾ་ནམོ་བྷགཝཏེ་བྷཻཥཛྱེ་གུརུ་བཻཌཱུརྱ་པྲབྷ་རཱཛཱཡ་ཏཐཱགཏཱཡ་ཨརྷཏེ་སམྨྱཀྶཾབུདྡྷཱ་ཡ། ཏདྱཐཱ། ཨོཾ་བྷཻཥཛྱེ། བྷཻཥཛྱེ། མཧཱ་བྷཻཥཛྱེ། བྷེཥཛྱེ་རཱཛཱཡ། སམུདྒཏེ་སྭཱཧཱ། ཞེས་གཟུངས་ལན་བདུན་བཟླས། དེ་ནས་སྨན་ཕུད་མཐེབ་སྲིན་གྱིས་འཐོར་ཞིང་། ཆོས་དབྱིངས་རྣམ་དག་ལྷུན་གྲུབ་གཞལ་ཡས་ནས། །རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་ལ། །སྨན་མཆོག་བདུད་རྩིའི་མཆོད་པ་འདི་ཕུལ་བས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །རྒྱུན་ཤེས་བུ་སོགས་དྲང་སྲོང་མཆོག་རྣམས་དང་། །འཚོ་བྱེད་གཞོན་ནུ་ཀླུ་སྒྲུབ་དཔའ་བོའི་ཞབས། །ཟླ་དགའ་ལ་སོགས་གྲུབ་པ་མཆོག་རྣམས་དང་། །ཁྲི་སྲོང་ལྡེའུ་བཙན་གྲྭ་མངོན་གཡུ་ཐོག་མགོན། །མཁས་པའི་ཁྱུ་མཆོག་བྱང་ཟུར་རྣམ་གཉིས་སོགས། །དངོས་བརྒྱུད་དྲང་སྲོང་སྨན་པའི་ཚོགས་རྣམས་ལ། །སྨན་ཕུད་བདུད་རྩི་མཆོག་གི་མཆོད་པ་འབུལ། །གཞན་ཡང་ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་དང་། །སྨན་སྐྱོང་བཀྲ་ཤིིས་ཚེ་རིང་མ་ལ་སོགས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་འཁོར་བཅས་ལ། །སྨན་ཕུད་བདུད་རྩིའི་མཆོད་པ་འདི་ཕུལ་བས། །སྨན་རྣམས་བདུད་རྩིར་འགྱུར་བར་མཛད་ནས་ཀྱང་། །དྲི་ཐོས་ཙམ་གྱིས་རྡོ་རྗེའི་ལུས་ཐོབ་ནས། །བདག་སོགས་འགྲོ་ཕན་རླབས་ཆེན་ཡོངས་སྤྱད་ཅིང་། །འགྲོ་ཀུན་སྨན་རྒྱལ་གོ་འཕང་མྱུར་ཐོབ་ཤོག །ཀཱཡ་ཝཱཀ་ཅིཏྟ་མཧཱ་སརྦ་སིདྡྷི་ཕལཧོཿ ཞེས་བརྗོད་ཅིང་དངོས་གྲུབ་བླང་བའི་ཚུལ་དུ་སྨན་ཅུང་ཟད་རང་གི་ལྕེ་ལ་བཞག་རྗེས། བདག་གི་ལེགས་བྱས་དགེ་བ་འདིས་མཚན་ཏེ། །ནད་རིགས་མི་མཐུན་ཕྱོགས་རབ་ཀུན་ཞི་ཞིང་། །བསམ་པའི་དོན་ཀུན་འབད་མེད་འགྲུབ་པ་དང་། །གཙོ་བོ་ཁྱོད་བཞིན་བྱང་ཆུབ་རེག་གྱུར་ཅིག །ཅེས་སྨོན་ལམ་གདབ།

སྤྲོ་ན་སྟོང་ཆེན་རབ་འབྱམས་ལས་གསུངས་པའི་ཚིགས་བཅད་དང་སྔགས་ཀྱང་བརྗོད། སྨན་བླའི་གཟུངས་དང་རྟེན་འབྲེལ་སྙིང་པོ་བཟླ་བཞིན་པས་བཏང་བའི་མཐར། རླུང་ལས་གྱུར་དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །ཀུན་ལ་རྟག་ཏུ་དགེ་བར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་གྱུར་ཅིག །འགྲོ་བའི་ནད་རྣམས་མ་ལུས་ནི། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཅེས་སོགས་བསྔོ་སྨོན་ཁྱད་པར་བ་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་ཚིགས་བཅད་དང་། འབད་དང་རྩོལ་བས་མ་གོས་པའི། །ཞེས་སོགས་བརྗོད་ཅིང་མེ་ཏོག་འཐོར། ཆུ་བསྐོལ་ཧུབ་གང་ཙམ་གྱིས་སྣོད་དེ་ཉིད་བཤལ་ལ་འཐུང་། དེ་ནས་གོས་ཤིན་ཏུ་དྲོ་བར་བགོས་ཏེ་ལུས་རྔུལ་ངེས་བྱས་ནས་ཉལ། རྔུལ་བྱུང་བ་རྣམས་རིམ་བཞིན་བལ་སོགས་ཀྱིས་ལེགས་པར་ཕྱིས། ལུས་མ་རྔུལ་ན་ཆུ་ཚོད་གཉིས་ཙམ་ནས་ཇ་རྒོད་ཚ་མོ་ཅན་ཕོར་ཆུང་གང་བཏུང་བ་གནད། དེ་ནས་མར་ཁུ་བཙག་བཅད་ནང་དོམ་མཁྲིས་ཐུན་ཆུང་བཏབ་ནས་འཐུང་། ཞག་བདུན་ཙམ་ལ་འགྲིམ་འགྲུལ་དང་ཟས་རིགས་ཇི་ལྟར་འཛེམ་ཐུབ་ན་ལེགས། གཞན་ཡང་སྒོག་བཙོང་ལ་ཕུག །ཁ་ཚ་རུལ་སུམ་(སུངས་)དང་སྔོ་ངད་ཀྱི་རིགས། ཁྱད་པར་དངུལ་ཆུ་བཤིག་པའི་རྫས་དང་། ཆབ་སྐྱུར་ཆགས་སྤྱོད་སོགས་ནི་ཡུན་རིང་དུ་འཛེམ་པ་གལ་ཆེ། གཞན་ཡང་ནད་གཞི་ཆེ་ཆུང་གི་བཏང་ཚུལ་བློ་གྲོས་ཀྱིས་དཔྱད་དགོས་པའོ། །

རིལ་བུ་ཉིད་ཀྱིས་ནམ་དུའང་ནམ་མཁའ་མི་མཐོང་བ་དང་། ཁྱི་དང་བུད་མེད་ཀྱི་སྒྲ་ཙམ་ཡང་ཚོར་མི་ཉན་ཅིང་། བུད་མེད་ལ་བླུད་དུས་སྐྱེས་པས་སྟེར་དགོས་པ་ཡིན་ནོ། །གཞན་ཡང་བཅུད་ལན་གྱི་ཚུལ་དུ་བསྟེན་པ་སོགས་རྒྱ་ཆེར་གཞུང་དང་མན་ངག་རྣམས་ལས་ཤེས་པར་བྱ་ཞིང་། མདོར་ན་རིན་ཆེན་རིན་ཐང་དང་བྲལ་བའི་སྨན་གྱི་ནོར་བུ་མཆོག་ཏུ་གྱུར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ལས་གྲུབ་པར་ཤེས་པས་གཅེས་སྤྲས་སུ་འཆང་ཞིང་། གུས་པས་མཆོད། ཚུལ་བཞིན་དུ་བསྟེན་ན་འཕྲལ་དང་ཡུན་གྱི་རྒུད་པ་ཞི་ཞིང་། ཕན་བདེའི་དགེ་མཚན་རྒྱས་པར་འགྱུར་བ་ནི་ངེས་པའོ།།

དེ་ལྟར་རིན་ཆེན་སྦྱོར་བའི་ཕན་ཡོན་དང་།།

བསྟེན་ཚུལ་ཅུང་ཟད་བརྗོད་པའི་ལེགས་བྱས་ཀྱིས།།

བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་།།

འགྲོ་ཀུན་སྲིད་ཞིའི་དགེ་མཚན་འགྲུབ་གྱུར་ཅིག།

སརྦདཱ་ཤྲེཡོ་བྷབཏུ།།  འཇམ་དབྱངས་མཁྱེན་བརྩེས།། །།





 

 

མཐའ་མའི་འདོན་ཐེངས་།: 23.05.2022 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།