སྨན་རྩིས་དྲ་བ། - ཆེད་རྩོམ།

རབ་བྱུང་བཅུ་བདུན་པའི་མིང་འདོགས་ཀྱི་བསམ་འཆར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.08.2020
ཆེད་རྩོམ། >>

 

བོད་ལྗོངས་སྨན་རྩིས་ཁང་ནས་དྲི་བ་བྱུང་བའི་ལན་རབ་བྱུང་བཅུ་བདུན་པའི་མིང་འདོགས་ཀྱི་བསམ་འཆར་མདོ་ཙམ་ཞུས་པ།

དེ་ཡང་རང་རེ་བོད་གངས་ཅན་གྱི་ལྗོངས་སུ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དང་། འགྲེལ་ཆེན་དྲི་མེད་འོད་ནི་རབ་བྱུང་དང་བོའི་མགོ་ལ་གྱི་ཇོ་ལོ་ཙཱ་བས་བོད་ཀྱི་སྐད་དུ་ཐོག་མར་བསྒྱུར་བ་ནས་བཟུང་དུས་འཁོར་ལུགས་ཀྱི་སྐར་རྩིས་ཀྱི་ཆ་ཡན་ལག་རིམ་གྱིས་དར་སྤེལ་བྱུང་། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་སྟོད་འགྲེལ་ལས། །རབ་བྱུང་རྣམ་བྱུང་དཀར་པོ་དང་། །ཞེས་སོགས་དྲུག་ཅུའི་གྲངས་ཚང་བའི་མིང་བརྡ་དེ་མ་ཧཱ་ཙི་ནའི་ལུགས་ཀྱི་ཁམས་ལྔ་ཕོ་མོ་གཉིས་སུ་ཕྱེ་བའི་བཅུ་དང་། །ལོ་སྐོར་བཅུ་གཉིས་ཀྱི་སྲོག་ཆགས་བྱི་གླང་སོགས་སོ་སོར་སྦྱར་བའི་ལོ་རྒན་དྲུག་ཅུ་དང་ལྟོ་སྤྲད་བའི་རྩི་ཚུལ་འདི་ཡང་རྩིས་ལ་མཁས་པའི་དམ་པ་རྣམས་ནས་རིམ་གྱིས་དར་སྤེལ་བྱས་པ་མ་གཏོགས། །དུས་འཁོར་བོད་ལ་བྱུང་བའི་ལོ་དེ་ག་ནས་ཁྱབ་སྤེལ་དུ་བཏང་བ་ཞིག་ག་ན་ཡིན། །དེའི་སྟབས་ཀྱིས་སྤྲོས་པ་ལ་ཐུགས་མཉེས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་ཀྱི་སྐུ་རིང་ནས་མཁས་པ་སོ་སོའི་བསྟན་བཅོས་ཀྱི་ལྗགས་རྩོམ་གྲུབ་པའི་སྦྱར་བྱང་དུ་རབ་བྱུང་ག་གེ་མོ་དང་། །དེའི་བགྲང་བྱ་ག་གེ་མོ་དང་། །སྟོད་འགྲེལ་དང་རྒྱ་ནག་གི་ལུགས་ཀྱི་ལོ་ག་གེ་མོ་སོགས་ཞིབ་ཏུ་བརྗོད་པའི་སྲོལ་འདི་བྱུང་བ་མ་གཏོགས་སྔོན་གྱི་བསྟན་བཅོས་རྣམས་ཀྱི་མཇུག་ཏུ་དེ་འདྲའི་ཞིབ་མོ་ཞིག་བཀོད་པ་མཐོང་རྒྱུ་མེད། །བོད་ཀྱི་ཀུན་མཁྱེན་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་རྩོམ་དག་གི་མཇུག་ཏུ་རབ་བྱུང་གང་ཡིན་མི་གསུང་བར། དཔེར་ན། ཁྱུ་མཆོག་གི་ལོ་ལ་ཁྲོ་ཕུ་བ་བུ་སྟོན་ཆེན་ཆེན་གྲུབ་ཀྱིས་སྦྱར། །ཞེས་པ་ཙམ་ལས་མཐོང་རྒྱུ་མེད། ཐམས་ཅད་མཁྱེན་པ་རྗེ་ཙོང་ཁ་བའི་ལམ་རིམ་ཆེན་པོ་དང་སྔགས་རིམ་ཆེན་མོ་ལྟ་བུའི་བསྟན་བཅོས་ཆེ་ཁག་དེ་དག་གི་མཇུག་ཏུའང་ནམ་བརྩམས་པའི་ལོ་གསལ་ཁ་བཀོད་མེད། དེའི་རྒྱུ་མཚན་ནི་དུས་དེར་རབ་བྱུང་དང་སྦྱར་བའི་རྩི་སྲོལ་དར་ཁྱབ་མིན་པའི་གནས་ཚུལ་འདི་ལ་ཐུག་ཡོད། །

རབ་བྱུང་དང་བོ་ནས་རབ་བྱུང་བཅུ་གཅིག་པ་ལ་ཐུག་གི་བར་ལོ་དྲུག་བརྒྱ་ཐམ་པའི་རིང་ལ་རབ་བྱུང་རྩི་བའི་སྲོལ་ག་དེ་དར་ཁྱབ་ཏུ་མ་བྱུང་ཞིང་གྲངས་ཀྱི་མངོན་བརྗོད་སྦྱར་བ་དེ་བས་ཀྱང་མ་བྱུང་ལ། །རབ་བྱུང་བཅུ་གཅིག་པ་ལ་བརྗོད་བདེ་བའི་ཆེད་དུ་མངོན་བརྗོད་ཀྱི་མིང་དང་སྦྱར་ནས་རབ་དྲག་ཅེས་པའི་ཐ་སྙད་འདོགས་པའི་མགོ་ཚུགས་ཏེ་དེའི་ལོ་དྲུག་ཅུའི་རིང་ལ་མིང་དེ་བཀོལ་བ་ནས་བཟུང་རབ་བྱུང་བཅུ་གཉིས་པ་ལ་རབ་ཉི། །རབ་བྱུང་བཅུ་གསུམ་པ་ལ་རབ་འདོད། །རབ་བྱུང་བཅུ་བཞི་བ་ལ་རབ་ཡིད། །རབ་བྱུང་བཅོ་ལྔ་བ་ལ་རབ་ཚེས། །བདག་ཅག་གི་མི་རབས་འདིའི་རབ་བྱུང་བཅུ་དྲུག་པ་ལ་རབ་རྒྱལ་ཞེས་བོད་ཆོལ་ཁ་གསུམ་གྱི་རྩིས་ལ་མཁས་པའི་དབང་པོ་རྣམས་ལྷན་ཅིག་ཏུ་འཚོགས་ནས་གྲོས་འཆམ་བྱུང་བ་མ་ཡིན་ཡང་། །བརྗོད་བདེ་དང་གྲགས་ཆེ་བའ་རིག་པའི་ལམ་པོ་ཆེར་བགྲོད་པ་ལ་ཐུན་མོང་གི་རེ་འདུན་གཅིག་པའི་དབང་གིས་དཀའ་ཚེགས་ཅི་ཡང་མ་བྱུང་བར་ཚང་མས་ཁས་བླངས་ཏེ་ཡིག་ལམ་ནས་བསྐོལ་སྤྱོད་བྱས་དང་བྱེད་མུས་བྱུང་བ་དེ་ལྟ་ཞིག་རེད། །དེའི་ཕྱིར་ཐོག་མར་རབ་དྲག་ཅེས་རབ་བྱུང་བཅུ་གཅིག་པ་ལ་མངོན་བརྗོད་ཀྱི་མིང་འདོགས་བརྗོད་བདེ་བྱུང་བ་འདི་ནི་རྩིས་རིགས་གོང་འཕེལ་བྱུང་བ་བརྡ་མཚོན་བསྙོན་དུ་མེད་པའོ། །

རབ་བྱུང་དང་བོའི་སྐབས་སུ་རྩིས་རིག་འདི་དེ་ཙམ་གྱིས་དར་ཁྱབ་མེད་པའི་སྟབས་ཡིན་ན་མ་གཏོགས། །དེ་དུས་ནས་དར་ཁྱབ་ཏུ་ཡོད་ན་རབ་བྱུང་དང་པོ་ལ་རབ་གཟུགས་དང་།་།རབ་བྱུང་གཉིས་པ་ལ་རབ་མིག་དང་། རབ་བྱུང་གསུམ་པ་ལ་རབ་མེ་སོགས་ཀྱི་ཐ་སྙད་བཏགས་ན་མི་རུང་བ་ག་ལ་ཡིན། །

ད་ལྟ་རང་རེའི་མི་རབས་འདི་ལ་ཡུན་རིང་མི་འགྱང་བར་ལོ་གསུམ་གྱི་རྗེས་སུ་རབ་བྱུང་བཅུ་བདུན་པ་སླེབས་པ་ལ་ཉེ་བའི་དུས་འདིར། སྐར་རྩིས་ལ་རྣམ་དཔྱོད་ཀྱི་འཇུག་པ་ཅུང་ཟད་ཅིག་ཡོད་པའི་བག་ཆགས་ཅན་ཞིག་ཡིན་ཕྱིན་དེའི་མིང་འདོགས་ལ་སྔོན་བྱོན་མཁས་པ་ཚོའི་ཞབས་རྗེས་དེར་རང་རང་གི་རྐང་རྗེས་ཀྱི་རི་མི་རེ་ཡང་འགོད་འདོད་སྐྱེ་བ་ལ་སུས་ཀྱང་དགག་ཏུ་མེད་པ་ཞིག་ཡིན་ནོ། དེའི་ཕྱིར་བདག་གིས་ལོ་བཅུ་ཕྲག་གསུམ་ཙམ་གྱི་སྔོན་དེར་རྒྱ་རྩིས་ཀྱི་གོ་དོན་ཞེས་པའི་རྩིས་ཀྱི་ཡིག་ཆ་ཞིག་བྲིས་པ་དེར། །ཆ་ཐམས་ཅད་ལ་བསམ་བློས་ཁྱབ་པའི་ཁུལ་བྱས་ནས་བཅུ་བདུན་གྱི་མངོན་བརྗོད་བཙལ་བར་ཁུངས་ཐུབ་ཅིག་མཐོང་རྒྱུ་མ་བྱུང་། དེས་ན་ད་ལྟའི་སྤྱི་ཚོགས་འདི་ལ་གསར་སྐྲུན་དང་བཅོས་བསྒྱུར་གྱི་སྙིང་སྟོབས་ཆེན་པོ་འཛིན་ཐུབ་པ་ཞིག་ཡིན་ན་དེ་ལ་ཕོ་སྐྱེས་པའི་མཚན་སྙན་ཐོབ་པ་ཡིན་ཙ་ན། །སྔོན་ཆད་ཡོངས་སུ་གྲགས་པའི་མིང་གི་མངོན་བརྗོད་ཅིག་མ་ཡིན་ཀྱང་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཉན་ཐོས་ཀྱི་ས་ཞེས་བྱ་བའི་གཞུང་ན་དགེ་སྦྱོང་གི་རྒྱན་བཅུ་བདུན་ཞེས་པ་བགྲངས་ཡོད་དེ། དེ་བཅུ་བདུན་ནི། ཉན་ས་ལས། དད་པ་དང་ལྡན་པ་དང་། གཡོ་མེད་པ་དང་། ནད་ཉུང་བ་དང་། །བརྩོན་འགྲུས་རྩོམ་པའི་རང་བཞིན་ཅན་དང་། །ཤེས་རབ་རྣོ་བ་དང་། འདོད་པ་ཉུང་བ་དང་། ཆོག་ཤེས་པ་དང་། །གསོ་སླ་བ་དང་། དགང་སླ་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། མཛེས་པ་དང་། དྲོད་རིག་པ་དང་། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང་། །མཁས་པའི་རྟགས་དང་ལྡན་པ་དང་། བཟོད་པ་ཆེ་བ་དང་། དེས་པ་དང་། གྱ་ནོམ་པའོ། །ཞེས་གསུངས་པ་འདི་ལ་སྦྱར་རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཅེས་བཏགས་ན་ཆ་ཐམས་ཅད་ནས་འོས་པར་བསམས། རྒྱན་གྱི་ཡི་གེ་རྒྱན་ཆའི་དོན་ཡིན་པས་སྔོན་འཇུག་བ་ཡིག་མི་འཐོབ་བོ། །

དེ་ལ་རྟོག་དཔྱོད་དང་ལྡན་པ་ལ་ལས། རྒྱན་ཅེས་པ་ཡོངས་གྲགས་ལ་དྲུག་གི་མངོན་བརྗོད་ཡིན་པས་བཅུ་བདུན་ལ་དྲུག་གི་མངོན་བརྗོད་སྦྱར་ན་མི་འགྲིག་སྙམ་ན། སྐྱོན་མེད་དེ། རིག་གནས་ལ་ཚད་མ་རིག་པའི་བཤད་ཚུལ་ལྟར་ཁྱབ་མཐའ་འཛིན་མི་དགོས་པར་གཞུང་ཁུངས་མ་རྣམས་ལས་གསུངས་ཡོད་དོ། དེ་ཡང་ཡིན་ཏེ། རྒྱུད་སྟོད་སྨད་ཀྱི་ཚོགས་འདོན་དུ་གསུངས་པའི་གསང་འདུས་མི་བསྐྱོད་རྡོ་རྗེའི་མངོན་རྟོགས་ན། །དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ།  དོ་ཤལ། སེ་མོ་དོ། འོག་པག་སྟེ་རན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་བྱས་པ། ཞེས་གསུངས་པ་ལྟར་ན་རྒྱན་ཅེས་པ་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གདུ་བུ། མཆོད་ཕྱིར་ཐོགས། ཐལ་ཆེན་ཏེ་རུས་པའི་རྒྱན་དྲུག་ཁོ་ན་ལ་གོ་མི་དགོས་པར་བརྒྱད་ཀྱི་མངོན་བརྗོ་ལ་ཡང་འཇུག་པས་དེ་ལ་ལན་ཇི་ལྟར་གདབ། རྒྱན་དྲུག་ཅེས་པ་བདེ་མཆོག་གི་རུས་པའི་རྒྱན་དྲུག་ཁོ་ལ་ཡང་གོ་མི་དགོས་ཏེ། རབ་བྱུང་གི་གྱོན་པ་སྟོད་འགག་གི་བསེ་རུའི་རྭ་རྒྱན། རྟ་ཕོའི་རྣ་རྒྱན། བྱ་རོག་མིག་རྒྱན། བུམ་པའི་མགུལ་རྒྱན། གླང་ཆེན་མཆེ་རྒྱན། ཤེས་རབ་སྒོ་རྒྱན་ཏེ་འདི་དྲུག་ལ་ཡང་གོ་རབ་བྱས་ན་ཤིན་ཏུ་རུང་ངོ་། །

དེར་མ་ཟད་སྨིན་གླིང་ལོ་ཆེན་གྱི་མཛད་པའི་རྩིས་གཞུང་ཉིན་བྱེད་སྣང་བར། འཇིག་རྟེན་དུས་དང་ཡོན་ཏན་དང་། །མེ་དང་རྩེ་མོ་ཅན་རྣམས་གསུམ། ཞེས་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་གྱི་མངོན་བརྗོད་ལ་དུས་བཀོད་པ་དང་། །དེའི་འོག་ཏུ། །རྒྱ་མཚོ་ཆུ་གཏེར་ཆུ་བོ་དུས། །ཞེས་དཔྱིད་དབྱར་སྟོན་དགུན་ཏེ་དུས་ཚིགས་བཞིའི་མངོན་བརྗོད་ལ་དུས་བཀོད་པ་དང་། དེའི་འོག་ཏུ། རོ་དང་བྲོ་བ་དུས་མཚམས་དྲུག །ཅེས་དགུན། དགུན་སྨད། དཔྱིད། སོ་ག་དབྱར། སྟོན་ཏེ་དུས་དྲུག་གི་མངོན་བརྗོད་ལ་ཡང་དུས་བཀོད་ཡོད་པས་འདི་དག་ལ་གནད་དུ་ཐིངས་པའི་ལན་ཇི་ལྟར་གདབ། དེ་བཞིན་དུ། གཟའ་གླིང་ཐུན་རི་དྲང་སྲོང་བདུན། ཞེས་དང་། རྩ་བུག་གཟའ་གཏེར་སྲིན་པོ་དགུ། ཞེས་གཟའ་བདུན་དང་དགུ་གཉིས་ཀའི་མངོན་བརྗོད་དུ་བཀོད་ཡོད་པ་འདི་དག་ལ་ཚིག་སྐྱོན་ཕྲ་མོ་དང་བྲལ་བའི་ལན་ཇི་ལྟར་གདབ་སྟེ་འདི་འདྲ་བ་ཤིན་ཏུ་མང་ངོ་། །དེ་ཡང་ཧ་ཅང་གུ་དོག་པའི་རང་ལུགས་འཛིན་པལ་དགོས་པ་ཆེན་པོ་མེད་དེ། དཔེར་ན། ཤར་ཕྱོགས་ཀྱི་ཨ་མས་བཙས་པའི་བུ་ཆུང་ལ་བཀྲ་ཤིས་རབ་བརྟན་ཞེས་མིང་བཏགས་པའི་རྗེས་ནས། །ནུབ་ཕྱོགས་ཀྱི་ཨ་མས་བཙས་པའི་བུ་ཆུང་ལ་བཀྲ་ཤིས་རབ་བརྟན་ཞེས་མིང་འདོགས་མི་ཆོག་པའི་རྒྱུ་མཚན་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་མ་རྙེད་དོ། འདི་གནད་དུ་ཁེལ་ཞིང་དགོད་བྱོ་བའི་དཔེར་མཚོན་ཞིག་མ་ཡིན་ནམ། །

དེས་ན་བདག་གི་བསམ་པར་བཅུ་བདུན་ལ་མིང་གི་མངོན་བརྗོད་དགེ་སྦྱོང་གི་རྒྱན་བཅུ་བདུན་དང་སྦྱར་ནས་མིང་བཏགས་ཏེ་རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་སྨྲས་ན་མཁྱེན་སྤྱན་ཡངས་པའི་རྩིས་ཀྱི་མཁས་དབང་རྣམ་ཐུགས་དགྱེས་པ་ཆེན་པོ་སྐྱེད་པ་གོར་མ་ཆག་སྙམ་པ་ཡིན། འོན་ཀྱང་གཟིགས་རྒྱ་དང་ལྟ་རྒྱ་ཆེ་བའི་རྣམ་དཔྱོད་ཅན་དག་གིས་འདི་མ་ཡིན་པའི་བཅུ་བདུན་ལ་མིང་གི་མངོན་བརྗོད་ཟློས་སྦྱོན་མེད་པ་དང་། ཁ་གསལ་བརྗོད་བདེ། ཀུན་གྱིས་ཁས་ལེན་བྱེད་ཐུབ་པ་རེ་སྟོན་རྒྱུ་ཡོད་ན་རྗེས་སུ་ཡི་རང་ཞུ་རྒྱུ་ལས་གཞན་དུ་ཅི། དེ་འདྲའི་མིང་གི་མངོན་བརྗོད་འདོགས་རྒྱུ་མེད་པར་རབ་བྱུང་བཅུ་བདུན་རང་ཟེར་རྒྱུ་ཡིན་ཕྱིན། རབ་ཚེས་དང་རབ་རྒྱལ་ལྟ་བུའི་བཟོ་ལྟ་དང་ལྡན་པའི་ཁང་བརྩེགས་མཐོན་པོ་ལས་ཐང་ལ་ལྷུང་བའི་ཉམས་ཐོན་པས་དེའི་ཐད་ནས་བཤད་ན། ང་ཚོའི་མི་རབས་འདི་དག་སྔོན་བྱོན་མཁས་པ་ཚོའི་མདུན་ནས་གདོང་སྨད་དེ་འདུག་པ་ལས་མགྲིན་པ་གཟེངས་སུ་བསྟོད་མ་ཐུབ་པའི་མངོན་རྟགས་དང་། རིག་གནས་དར་སྤེལ་གྱི་ལྡོག་ཟླའི་སྐྱོན་ཡང་མི་འདོད་བཞིན་དུ་འཁུར་བ་ལས་གསར་བརྗེའི་བསལ་བློ་སྐྱེ་མ་ཐུབ་པའི་མངོན་རྟགས་མ་ཡིན་ནམ། །

ཤེས་བྱ་བ་ནི་རྨོངས་བློར་ཤར་བའི་བསམ་འཆར་ཕྲན་བུ་ཞིག་སྟེ་མཁས་དབང་རྣམས་ཀྱིས་ཞིབ་དཔྱོད་མཛད་པར་ཞུ།

ཞེས་བོད་ལྗོངས་སྨན་རྩིས་ཁང་གི་མཚན་འཛིན་ཧུའེ་ཀྲང་གི་གོ་གནས་འཛིན་པ་ཚེ་ཏན་ཞབས་དྲུང་ནས་ཤིང་བྱི་ལོའི་ཧོར་ཟླ་དང་བོའི་ཡར་ཚེས་ལ་བྲིས།། །།


དཔྱད་རྩོམ་འདི་ ༡༩༨༤ ལོའི་(མི་རིགས་སྐད་ཡིག་གི་བྱ་བ་)དུས་དེབ་དང་བོ་ལས་བཏུས།




མཐའ་མའི་འདོན་ཐེངས་།: 03.09.2020 ཉིན། 4:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།