སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

ཡུང་བའི་ཕན་ཡོན་སྙིང་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.05.2022
བོད་ཀྱི་སྨན་རྫས་རིག་པ། >>


༄༅། །སྨན་རྫས་སྒ་སེར་རམ་ཡུང་བའི་ཕན་ཡོན་ཕྱོགས་བསྡུས།

སྨན་རམས་པ་བསྟན་འཛིན་མཐའ་ཡས།


དང་པོ། བོད་ཀྱི་གསོ་བ་རིག་པ་ལས།
རོ།
 ཚ་ལ་ཁ་བ། ཞུ་རྗེས། བསིལ་བ། 
ནུས་པ།
 རྒྱུད་བཞི་ལས། ཡུང་བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཞེས་གསུངས་པ་བཞིན་ལུས་ཀྱི་ཟུངས་ཁྲག་གསོ་ཞིང་གཙང་མ་བཟོ་བ་དང་། གཅིན་སྙིའི་ནད། ཁ་ཟས་མ་འཕྲོད་པ་དང་སྨན་རྫས་སོགས་ཀྱི་དུག་བཅས་ལ་ཕན་ཞིང་། པགས་པའི་ཟ་འཕྲུག་དང་། རྨ་གསོ། ཕོ་བ་དང་འབྲས་སྐྲན་སོགས་ཀྱི་རྨ་རྙིང་གི་རུལ་མྱག་གཅོད་པ། གཉན་འཇོམས་ཀྱི་ནུས་པ་ཆེ་བས་སོ་རྙིལ་དང་། ཕོ་བ། གཞང་འབྲུམ། དྲེག་གྲུམ་རུས་ཚིགས་སོགས་ཀྱི་གཉན་ཁའི་རིགས་ཐམས་ཅད་འཇོམས་པར་བྱེད། མཆིན་ནུས་གསོ་ལ་མཁྲིས་ཁུ་རྒྱུ་བར་བྱེད།  མདོར་ན་མིའི་ལུས་ཀྱི་ནད་འགོག་མ་ལག་གི་བྱེད་ནུས་སྐྱེད་པས་ནད་རིགས་མང་པོ་གསོ་བཅོས་དང་སྔོན་འགོག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པས་རྒྱུན་དུ་ཚད་རན་པོ་བསྟེན་ཏེ་ལུས་ཀྱི་བདེ་ཐང་གོང་འཕེལ་དུ་གཏོང་དགོས།


གཉིས་པ། ཀྲུང་ལུགས་སྨན་གཞུང་ལས།

རོ། ཚ་ལ་ཁ་བ། རང་བཞིན། དྲོ་བ།
ནུས་པ། ཁྲག་འཇུ་ལ་རླུང་རྒྱུ་བར་བྱེད། རྩ་ལམ་འབྱེད་ཅིང་ན་ཟུག་གཅོག ཁྱད་པར་རྩིབ་ལོགས་ཀྱི་ཟུག་གཟེར་དང་། བྲང་ཁོག་ཁེངས་པ། སྙིང་གཟེར་རྒྱག་པ། ཟླ་མཚན་འགག་པ། ཟླ་མཚན་སྐབས་ན་ཟུག་བྱེད་པ། མངལ་སྐྲན། གྲང་རླུང་གིས་ཚིགས་གཞི་ན་བ། རྡབ་སྐྱོན་གྱི་སྐྲངས་ཟུག་སོགས་ལ་ཕན་པ་དང་། མཆིན་པ་གསོ་ལ་མཁྲིས་ཁུ་རྒྱུ་བར་བྱེད།

   
གསུམ་པ། རྒྱ་གར་ཚེ་ཡི་རིག་བྱེད་ལས།
རོ།
 ཁ་ལ་བསྐ་བ། རང་བཞིན། ཡང་བ་དང་སྐམ་པ། ནུས་པ། དྲོ་བ།
བཏུང་ན་རླུང་མཁྲིས་བད་ཀན་གསུམ་སྙོམས་པར་བྱེད། ཟུངས་ཁྲག་གསོ་བ་དང་། ཁྲག་གཙང་མ་བཟོ་བ། ཁྲག་ཞག་གཅོག གཅིན་སྙི་དང་། དུག་ནད། ཕོ་བ་དང་གཅིན་ལམ་སོགས་ཀྱི་གཉན་ཁ་ཐམས་ཅད་གཅོག ན་ཟུག་སེལ། ཕོ་བའི་མེ་དྲོད་དང་འཇུ་སྟོབས་སྐྱེད། བཤང་འགག་དང་། བརྗེད་ངས་ཆེ་བ། སེམས་ངལ། པགས་ནད་ཟ་འཕྲུག་སོགས་སེལ་ལ་པགས་མདངས་གསོ། རྨ་གསོ། ཕོ་བ་རྒྱུ་ལོང་གི་རྨ་རྙིང་གསོ། ནད་དུག་དང་སྲིན་ནད་སེལ། མཆིན་ནད། དྲེག་གྲུམ་གྱི་ནད་བཅས་སེལ་བ། ན་ཟུག་རིགས་གཅོག་ལ་ལུས་སྐེམ་པར་བྱེད། བྱུག་ན་འབུ་སྲིན་གྱིས་སོ་རྒྱག་པ་དང་། སྐྲངས་པ་ཞི་བར་བྱེད། ཁྱད་པར་པགས་འབྲས་དང་ནུ་འབྲས་སོགས་མང་པོར་ཕན་ཞིང་། མིའི་ལུས་ཀྱི་ནད་འགོག་མ་ལག་གི་བྱེད་ནུས་སྐྱེད་པས་རྒྱུན་དུ་ཚད་རན་པར་བསྟེན་ན་ནད་རིགས་མང་པོ་གསོ་བཅོས་དང་སྔོན་འགོག་བྱེད་པར་ཕན་ཡོན་ཡོད་པར་གསུངས།

མང་དྲག་ན། རླུང་དང་མཁྲིས་པ་འཕེལ་བར་བྱེད།


བཞི་པ། དེང་དུས་ཚན་རིག་པས་ཞིབ་འཇུག་བྱས་པར།
 

ཀྲར་མར་ཨིཀ་(Turmeric)གམ་སྒ་སེར་ནང་ཁར་ཁུས་མེན་(Curcumin)ཞེས་པའི་རྫས་ཡོད་པས། གཉན་ཁའི་རིགས་གཅོག་པ་དང་། འཇུ་བྱེད་མ་ལག་གི་ནུས་པ་སྐྱེད་པ། ཁྲག་ཞག་གཅོག་ལ་ཁྲག་གི་འཁོར་སྐྱོད་ཇེ་ལེགས་སུ་གཏོང་བས་སྙིང་སྲུང་སྐྱོབ་བྱེད། མཆིན་པའི་ནུས་པ་གསོ་བ། ཟ་འཕྲུག་སེལ་ཞིང་པགས་པ་གསོ་བ། རྒས་ཁ་སྲ་བ། སེམས་ངལ་སེལ་ཞིང་གཅིན་སྙི་དང་རྨ་གསོ་བ། དྲེག་གྲུམ་རུས་ཚིགས་ཀྱི་ན་ཟུག་གཅོག་པ།  ཀླད་པའི་བྱེད་ལས་ཇེ་ལེགས་སུ་གཏོང་བས་དྲན་ཤེས་བརྟན་པར་བྱེད། འབུ་སྲིན་གྱིས་སོ་བརྒྱབ་པ་དང་ནད་འབུ་དང་ནད་དུག་འགོག་སྲུང་བྱེད། ལུས་སྐེམ་པར་བྱེད། འབྲས་སྐྲན་རིགས་མང་པོ་གསོ་བཅོས་དང་སྔོན་འགོག་བྱེད་པར་ཕན། མདོར་ན་མིའི་ལུས་ཀྱི་འདུ་སྲུང་ངམ་ནད་འགོག་མ་ལག་གི་ནུས་པ་གསོ་བས་ནད་རིགས་མང་པོ་གསོ་བཅོས་དང་སྔོན་འགོག་བྱེད་པར་ཕན།


བེད་སྤྱོད་བྱ་ཚུལ།
༡། སྒ་སེར་གྱི་ཕྱེ་མ་གྷ་རམ་ ༠་༥ ནས་གྷ་རམ་ ༣ བར་སྔ་དགོང་གང་རུང་ལ་ཆུ་ཁོལ་དང་འོ་མ་སྐོལ་བ་གང་རུང་ནང་བླུགས་ནས་འཐུང་དགོས། ཡང་ན། རྒྱུན་དུ་ཁ་ཟས་གཡོ་སྦྱོར་གྱི་སྐབས་སུ་སྨན་སྣ་དང་མཉམ་དུ་འདེབས་དགོས།
༢། འོ་མ་ཕོར་བ་གཉིས་ནང་སྒ་སེར་ཕྱེ་མ་ཇ་ཐུར་གཅིག་དང་། བཅའ་སྒའི་ཕྱེ་མ་ཇ་ཐུར་གཅིག་བཅས་བསྐོལ་རྗེས། དྲོ་འཇམ་གྱི་སྐབས་སུ་སྦྲང་རྩི་ཐུར་མ་གང་བླུགས་ནས་འཐུང་བ་དང་། དགོང་མོ་ཡིན་ན་ཛཱ་ཏི་དང་། ཤིང་ཚ། སུག་སྨེལ་བཅས་ཀྱི་ཕྱེ་མ་ཉུང་ཙམ་རེ་དང་། དེའི་ནང་དགོས་ན་ཞུན་མར་ཐུར་མ་ ༢ བླུགས་ནས་མཆོད་ན་གཉིད་ཁུག་པར་ཕན། 
༣། སྒ་སེར་ཆ་གཅིག་ལ་སྦྲང་རྩི་ཆ་གསུམ་མཉམ་བསྲེས་ཀྱིས་འཐུང་ན་གྲང་བ་སེལ་ལ་ནད་འགོག་མ་ལག་གི་ནུས་པ་སྐྱེད་པར་བྱེད།
༣། སྔོ་ཚལ་གྱི་ཁུ་བའི་ནང་སྒ་སེར་ཕྱེ་མ་ཇ་ཐུར་གང་དང་བྱི་རུག་པའི་ལོ་མ་འགའ་བཅས་འཐུང་ན་ནད་འབུའི་རིགས་སེལ་ནས་སྔོན་འགོག་བྱེད་ཐུབ།
༤། ཆུ་ཁོལ་ཕོར་བ་གཉིས་ནང་སྒ་སེར་ཇ་ཐུར་ ༡ དང་སྦྲང་རྩི་ཇ་ཐུར་ ༡ བླུགས་པ། དེ་ནས་ལིམ་བུའི་ཁུ་བ་དང་ཕོ་བ་རིལ་གྱི་ཕྱེ་མ་བཅས་བསྲེས་ནས་བཏུང་དགོས།
༥། སྒ་སེར་དང་། ཤིང་ཚ། ཛཱ་ཏི། ལི་ཤི། སུག་སྨེལ་བཅས་བག་ལེབ་ནང་བཅུག་ན་ཞིམ་པོ་ཡོད།
༦། སྒ་སེར་ནང་ཕོ་རིལ་ཉུང་ཙམ་(ག་སེར་གྷ་རམ་ ༢༠༠༠ཡོད་ན། ཕོ་བ་རིལ་གྷ་རམ ༢༠)བསྲེས་ན་སྒ་སེར་གྱི་ནུས་པ་ཆ་ཚང་ཁྲག་ཏུ་འགྲོ་ཐུབ་པར་རམ་འདེགས་བྱེད་པའི་བཤད་སྲོལ་ཡང་ཡོད།

 

དོ་སྣང་བྱེད་དགོས་པ། ཁྲག་སླ་བར་བྱེད་པས་བུད་མེད་སྦྲུམ་མ་དང་། ཕྲུ་གུར་འོ་མ་སྤྲོད་པའི་དུས། ཁྲག་ཤོར་སླ་བ། མཁྲིས་པ་རྒྱས་པ། གཅིན་སྙིའི་མངར་ཚད་དམའ་བ་བཅས་ཀྱི་སྐབས་སུ་མཚམས་འཇོག་གམ་གཟབ་ནན་བྱ་དགོས།
ཐུན་ཚད་ཆེ་དྲག་ན། བྲང་ཚ་ཆུ་སྐྱུར་ལངས་པ་དང་། ཞེ་མེར་ལངས་བ། མགོ་ཡུ་འཁོར་བ། བཤལ་བ་བཅས་འབྱུང་བས་ཉུང་དུ་གཏོང་དགོས།




མཐའ་མའི་འདོན་ཐེངས་།: 24.05.2022 ཉིན། 11:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།