སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

འགན་འཛིན་སྐབས་བཅུ་གཅིག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

འགན་འཛིན་སྐབས་བཅུ་གཅིག་པའི་སྐབས།

(01/07/1997 - /12/2001)

ཀ༽འགན་འཛིན་གྱི་ངོ་སྤྲོད་མདོ་ཙམ།

འགན་འཛིན་བཅུ་གཅིག་པ་སྐུ་ངོ་པདྨ་དགྲ་འདུལ་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་སྟོད་སྐྱིད་གྲོང་དོལ་པོ་ཞེས་པའི་གྲོང་གསེབ་ཆུང་ངུ་ཞིག་ཏུ་གཞུང་རྒྱུགས་ཞིང་པའི་ནང་མིར་སྐྱེས་ཤིང་། ༡༩༦༥ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་ྋགོང་ས་མཆོག་དང་རང་གཞུང་གི་བཀའ་དྲིན་འོག་གཞི་རིམ་སློབ་གྲྭ་ནས་བཟུང་མཐོ་རིམ་བར་སློབ་སྦྱོང་གནང་།  ལྷག་པར་ཕྱི་ལོ ༡༩༧༩ ལོ་བེངྒ་ལོར་མཐོ་སློབ་ནས་རྩིས་རིག་པའི་(B.Com)ཐོག་ལ་ཆེད་སྦྱོང་སློབ་མཐར་ཕྱིན་ཏེ་ཕྱི་ལོ་ ༡༩༨༡ ནས་རང་གཞུང་གི་སྲི་ཞུར་ཞུགས། ལྷག་པར་རང་གཞུང་དབུས་རྩིས་ཞིབ་ལྷན་ཁང་སོགས་སུ་ཕྱག་ལས་ལོ་མང་གནང་། ཕྱི་ལ་ ༡༩༩༧ ཟླ་ ༧ ཚེས་ ༡ ནས་དྲུང་འཕར་གནས་རིམ་ཐོག་སྨན་རྩིས་ཁང་གི་འགན་འཛིན་དུ་བསྐོ་བཞག་གནང་བ་བཞིན་ལོ་ངོ་བཞིར་ལྷག་བསམ་ཆེ་བསྐྱེད་གནང་། ཕྱི་ལོ་ ༢༠༠༡ ལོར་རྩིས་ཞིབ་ལྷན་ཁང་གི་དྲུང་ཆེ། དེ་ནས་མ་སུ་རི་བོད་ཁྱིམ་འགན་འཛིན། དེའི་རྗེས་རང་གཞུང་འཕྲོད་བསྟེན་དྲུང་ཆེ་བཅས་གནང་བ་བཅས་མི་ལོ་ཉེར་ལྔའི་རིང་གཞུང་ཞབས་ཞུས་ཏེེ་ད་ལྟ་བགྲེས་ཡོལ་ངལ་གསོར་ཁ་
ཎ་ཌར་བཞུགས་མུས་ཡིན་པ་བཅས་ངོ་སྤྲོད་མདོ་ཙམ་མོ།།

 

ཁ༽གནས་བབས་སྤྱི།

ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༧ ཚེས་ ༡ ཉིན་དབུ་འཛིན་ཚེ་རིང་བཀྲ་ཤིས་མཆོག་ལོ་གསུམ་རིང་འགན་འཛིན་གྱི་ཕྱག་ལས་གནང་རྗེས་དགོངས་ཞུས་ཀྱིས་ཨ་རིར་ནང་མི་ཟླ་སྒྲིལ་ཁོངས་ཕེབས་གཏན་འཁེལ་བའི་ཚབ་ཏུ། བོད་གཞུང་རྩིས་ཞིབ་ལྷན་ཁང་གི་ཟུང་འབྲེལ་དྲུང་ཆེ་པད་མ་དགྲ་འདུལ་མཆོག་དྲུང་འཕར་དུ་གནས་འཕར་གྱིས་སྨན་རྩིས་ཁང་གི་དབུ་འཛིན་དུ་བསྐོ་བཞག་གནང་ཞིང༌། ཕྱི་ལོ་ ༢༠༠༠ ལོར་སྨན་རམས་པ་པདྨ་རྡོ་རྗེ་མཆོག་སྨན་རྩིས་ཁང་གི་དྲུང་ཆེར་བསྐོས་ཤིང་།  དེ་ནི་སྨན་པ་ཞིག་དྲུང་ཆེར་བསྐོས་པ་ཐོག་མ་དེ་ཡིན།

 

ཕྱི་ལོ་ ༡༩༩༧ ལོ་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་གདན་ཞུས་ཆིབས་བསྒྱུར་བསྐྱངས་པ་ཐེངས་དང་པོའི་ལོ་དེ་ཡིན་ལ་དུས་དེ་ནས་བཟུང་བོད་ཀྱི་རིག་གཞུང་སྤྱི་དང་ཁྱད་པར་སྨན་རྩིས་རིག་གཞུང་ཁུལ་དེར་དར་ཁྱབ་ཡོང་ཐབས་སྔར་ལས་སྟབས་བདེར་གྱུར། དབུ་འཛིན་འདིས་ཕྱི་ལོ་ ༡༩༩༧ ཟླ་་ ༧ ཚེས་ ༡ ནས་ ༢༠༠༡ ཟླ་ ༡༢ བར་ཏེ་ལོ་ངོ་བཞི་དང་ཟླ་ངོ་ལྔ་རིང་བོད་གཞུང་སྨན་རྩིས་ཁང་ལ་ལས་ཀ་བྱེད་ཕྱོགས་ཀྱི་ཆ་ནས་སྔར་རྒྱུན་བཞིན་འཛིན་སྐྱོང་དང་རིག་གཞུང་སྡེ་ཚན་གཉིས་ཡོད། འཛིན་སྐྱོང་ཁོངས་སུ་དབུས་འཛིན་སྐྱོང་དང་། དངུལ་རྩིས་སྡེ་ཚན། དི་ལླི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན། ནང་ཞིབ་སྡེ་ཚན། སྨན་མཛོད་དང་སྨན་ཚོང་སྡེ་ཚན། ས་ཁང་དང་ཆུ་གློག་ཚན་པ་བཅས་ཡོད། དབུས་འཛིན་སྐྱོང་ཁོངས་སུ་སློབ་ཡོན་འབྲེལ་མཐུད་ཚན་པ། གསར་འཕྲིན་ཚན་པ། སྤྱི་ཐབ། སྦྲགས་ཁང་ཚན་པ་བཅས་ཡོད། ཡན་ལག་སྤྱི་ཁྱབ་ཡིག་ཚང་སྡེ་ཚན། རིག་གཞུང་སྡེ་ཚན་ཁོངས་སུ་སྨན་རྩིས་མཐོ་སློབ་སྡེ་ཚན། (ཁྱབ་ཁོངས་དཔེ་མཛོད་ཁང) སྨན་སྦྱོར་སྡེ་ཚན། སྐར་དཔྱད་རྩིས་རིག་སྡེ་ཚན། ནད་བཅོས་ཉམས་ཞིབ་སྡེ་ཚན། སྨན་རྫས་ཉམས་ཞིབ་སྡེ་ཚན།༼ཁྱབ་ཁོངས་འགྲེམས་སྟོན་ཁང་།༽ སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན། ༼སྡེ་ཚན་འདི་ཕྱིི་ལོ་ ༡༩༩༥ ལོར་རྩོམ་སྒྲིག་དང་པར་སྐྲུན་སྡེ་ཚན་གྱི་ངོ་བོར་བཙུགས་ཤིང་། ༢༠༠༤ ལོར་གསོ་རིག་ཞིབ་འཇུག་སྡེ་ཚན་གྱི་ངོ་བོར་བསྒྱུར།༽ སྔོ་སྦྱོར་ཉམས་ཞིབ་ཚན་པ་དེ་འགན་འཛིན་འདིའི་སྐབས་སུ་སྡེ་ཚན་གྱི་ངོ་བོར་བཙུགས་པ་དང་། ཕབ་སྒྱུར་ཚན་པ་གསར་འཛུགས་ཞུས། སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་བཅས་ཡོད། དབུ་འཛིན་འདིའི་ལས་ཡུན་མཇུག་མ་རྫོགས་བར་དུ་ཡན་ལག་སྤྱི་ཁྱབ་ཡིག་ཚང་གི་ཁོངས་སུ་ཡན་ལག་སྨན་ཁང་བཞི་བཅུ་ཞེ་གཉིས་ཡོད། སྐབས་དེར་དབུས་མ་ལག་དང་བཅས་པའི་ནང་ལས་བྱེད་ ༡༣༣ གསར་ཞུགས་བྱུང་བས་སྐབས་དེར་ལས་གྲངས ༤༨༦ ཡོད།

 

སྔར་བཞིན་བོད་གཞུང་སྨན་རྩིས་ཁང་ལ་བགྱིད་སྒོ་གང་མང་ཡོད་པའི་ནང་ནས་གཙོ་ཆེ་ཤོས་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་མེད་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་འཕྲོད་བཞེས་ལས་ལྷག་མེད་པ་བཞིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་བློ་བཟང་དབང་རྒྱལ་མཆོག བླ་སྨན་གཞོན་པ་ཀུན་དགའ་འགྱུར་མེད་བཅས་ནས་སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨན་རྣམས་རྒྱུད་གཞུང་མན་ངག་དང་མཐུན་པར་སྐབས་འཕྲལ་སོ་སོར་སྦྱོར་འབུལ་ཞུ་གནང་མཛད་པ་དང་། སྐར་རྩིས་སྡེ་ཚན་གྱི་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་དང་།  རྒྱལ་ནང་བློ་བཟང་ནོར་བུ་གཉིས་ཀྱིས་རིམ་པས་ལོ་རེའི་ྋསྐུའི་དགུང་ཀེག་ཀེག་རྩིས་སོགས་ཀྱི་ཞུ་སྒོ་མཐའ་དག་ཞུས་ཡོད།

 

ཕྱི་ལོ་ ༡༩༩༧ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་།         ཕྱི་རྒྱལ་བ་རྒྱ་གར་སོགས་ལོ་དེའི་ནང་ནད་པའི་གྲངས་ ༧༤༨༦༧༢ ལ་སྨན་པ་རྣམ་པས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་ནད་གཞི་ངོས་འཛིན་གྱིས་སྨན་བཅོས་གནང་ཡོད་ལ། དེའི་ནང་དུ་རང་གཞུང་གི་སྲི་ཞུ་ལས་བྱེད་དང་ཉམ་ཐག བྱ་བྲལ་བ། བོད་ནས་གསར་དུ་འབྱོར་བ་བཅས་ནད་པ་གྲངས་ ༩༦༦༨ ལ་བརྟག་དཔྱད་སྨན་བཅོས་གནང་ཡོད་པ་མ་ཟད་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་ལ་སྨན་རིན་ཕྱེད་བཅག་གནང་ཡུལ་ནད་པ་གྲངས་ ༤༩༦༢༣ བཅས་སྨན་བཅོས་གནང་བ་བཅས་ཁྱོན་བསྡོམས་ནད་པ་གྲངས་ ༤༨༦༧༢ བརྟག་དཔྱད་སྨན་བཅོས་བྱས། ལོ་དེའི་སྨན་རྩིས་ཁང་དངུལ་ལ་རྩིས་ཀྱི་ཆ་ནས་རྩིས་ལོ་མགོ་འཛུགས་སྐབས་དངུལ་ལྷག་སྒོར་ ༣༡༡༩༩༤༤༧།༠༢ ཡོད་པ་དང་། རྩིས་ལོའི་བྱུང་སྒོར་ ༨༩༡༦༦༢༣༩།༣༩ དང་། རྩིས་ལོའི་སོང་སྒོར་ ༧༨༧༨༥༧༩༢།༧༦ སོང་བས་ལྷག་བསྡད་སྒོར་ ༤༡༥༧༩༨༩༣།༦༦ ཡོད།

 

ཕྱི་ལོ་ ༡༩༩༨ ལོར་ཁྱབ་ཁོངས་དབུས་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེའི་བོད་རིགས་དང་།  ཕྱི་རྒྱལ་བ་རྒྱ་གར་སོགས་ལོ་དེའི་ནང་ནད་པ་གྲངས་ ༣༠༤༩༧༢ ལ་སྨན་པ་རྣམ་པས་བལྟ་རེག་དྲི་བ་གསུམ་གྱི་སྒོ་ནས་སྨན་བཅོས་གནང་། སྨན་སྦྱིན་དང་ཕྱེད་བཅག་གནང་ཡུལ་མི་གྲངས་ ༤༩༦༢༣ ལ་དངུལ་བསྒྱུར་སྒོར་ ༥༠༦༩༧༣༧།༢༦ སོང་བ་དང་། སྨན་སྦྱིན་དང་། ཕྱེད་བཅག སྨན་དོད་ཡོད་པ་བཅས་ཁྱོན་བསྡོམས་དངུལ་བསྒྱུར་སྒོར་ ༢༩༤༧༡༩༢༦།༣༠ བྱུང་ཡོད།

 

ལོ་དེར་སྨན་རྩིས་ཁང་ལ་དངུལ་རྩིས་ཀྱི་ཆ་ནས་རྩིས་ལོ་འགོ་འཛུགས་སྐབས་དངུལ་ལྷག་སྒོར་ ༤༡༥༧༩༨༩༣།༦༦ ཡོད་པ་དང་། རྩིས་ལོའི་བྱུང་སྒོར་ ༡༩༥༥༠༩༠༡༣།༠༦ དང་། རྩིས་ལོའི་སོང་སྒོར་ ༡༩༤༦༨༡༣༥༤།༤༦ སོང་བས་ལྷག་བསྡད་སྒོར་ ༤༢༤༠༧༥༥༢།༢༦ ཡོད།

 

ཕྱི་ལོ་ ༡༩༩༩ ལོར་ཁྱབ་ཁོངས་དབུས་དང་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེའི་བོད་རིགས་དང་། ཕྱི་རྒྱལ་བ་རྒྱ་གར་སོགས་ལོ་དེའི་ནང་ནད་པ་གྲངས་ ༥༦༤༡༩༦ དངུལ་བསྒྱུར་སྒོར་ ༨༠༢༨༢༧༡།༦༩ བྱུང་བ་དང་། དེའི་ནང་སྨན་སྦྱིན་དང་ཕྱེད་བཅག་གཏོང་ཡུལ་ནད་པ་གྲངས་ ༣༩༣༡༠༠ དངུལ་བསྒྱུར་སྒོར་ ༡༡༣༩༩༩༤།༦༥   སོང་ཡོད་འདུག་ལ། རིན་ཆེན་རིལ་བུའི་ཐོག་ནས་བྱུང་བ་དངུལ་འབབ་སྒོར་ ༨༨༣༢༠༦༣།༠༠ དང་ཕྱིར་ཚོང་ཅ་དངོས་ནས་བྱུང་བ་སྒོར་ ༣༡༦༣༨༣༦།༠༠ བཅས་བྱུང་འདུག། གོང་གསལ་སྨན་དོད་དང་། རིལ་ཆེན་རིལ་བུ། ཕྱིར་ཚོང་ཅ་དངོས་སོགས་ནས་ཁྱོན་བསྡོམས་དངུལ་བསྒྱུར་སྒོར་ ༤༢༩༡༠༡༧༦།༠༤ བྱུང་ཡོད།  

 

ལོ་དེར་སྨན་རྩིས་ཁང་དངུལ་རྩིས་ཀྱི་ཆ་ནས་རྩིས་ལོ་མགོ་འཛུགས་སྐབས་དངུལ་ལྷག་སྒོར་ ༤༢༤༠༧༥༥༢།༢༦ ཡོད་པ་དང་། རྩིས་ལོའི་བྱུང་སྒོར་ ༢༢༣༦༩༧༤༣༡།༠༨ དང་། རྩིས་ལོའི་སོང་སྒོར་ ༢༡༡༤༩༣༡༤༠།༥༦ སོང་བས་ལྷག་བསྡད་སྒོར་ ༥༧༤༦༨༤༩༣།༢༣ ཡོད།

 

ཕྱི་ལོ་ ༢༠༠༠ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་ཁོངས་ནས་སྨན་སྦྱིན་དང་། སྨན་སྦྱིན་ཕྱེད་བཅག་གཏོང་ཡུལ་ནད་པ་མི་གྲངས་ ༡༣༦༦༠༩ བཅས་ཀྱི་ནད་གྲངས་ལས་ནད་པ་གཞན་གྱི་ཁ་གྲངས་ལག་སོན་མ་བྱང་བས་འགོད་ཐབས་བྲལ།

 

ཕྱི་ལོ་ ༢༠༠༡ ལོར་ཁྱབ་ཁོངས་ངྷ་ས་སྟེང་ཤོད་ཡན་ལག་སྨན་ཁང་གཉིས་ཀྱིས་མཚོན་ཕྱོགས་མཐའི་ཡན་ལག་སྨན་ཁང་ཁག་ཏུ་ནད་པ་བསྟེན་གཏུགས་བྱེད་མཁན་རང་རེ་བོད་རིགས་དང་། ཕྱི་རྒྱལ་བ་རྒྱ་གར་སོགས་ལོ་དེའི་ནང་ནད་པ་གྲངས་ ༤༣༦༧༡༨ ལ་བརྟག་དཔྱད་སྨན་བཅོས་དང་། སྨན་སྦྱིན་དང་། སྨན་སྦྱིན་ཕྱེད་བཅག་གཏོང་ཡུལ་ནད་པ་མི་གྲངས་ ༡༣༦༦༠༩ བཅས་སུ་རིན་མེད་སྨན་སྦྱིན་དང་། གྲྭ་བཙུན་སྔགས་གསུམ་ལ་སྨན་རིན་ཕྱེད་བཅགས་གནང་བར་བསྡོམས་སྒོར་ ༥༩༣༧༣༧༣།༤༤ བཏང་འདུག སྨན་དོད་ཡོད་པ་མི་གྲངས་ ༣༠༠༡༠༩ ལ་ནད་བཅོས་བརྟག་དཔྱད་བྱས་པ་ལས་བྱུང་སྒོར་ ༢༥༤༠༨༨༨༢།༠༣ བྱུང་བས། ལོ་དེའི་སྨན་རྩིས་ཁང་དངུལ་རྩིས་ཀྱི་ཆ་ནས་བྱུང་ཧིན་སྒོར་ ༤༦༥༨༥༩༧༧།༥༦ བྱུང་ཡོད་འདུག ལོ་དེར་སྨན་རྩིས་ཁང་དངུལ་རྩིས་ཀྱི་ཆ་ནས་རྩིས་ལོ་མགོ་འཛུགས་སྐབས་དངུལ་ལྷག་སྒོར་ ༥༧༤༦༨༤༩༣།༢༣ ཡོད་པ་དང་། རྩིས་ལོའི་བྱུང་སྒོར་ ༢༦༢༥༢༤༨༢༧།༦༣ དང་། རྩིས་ལོའི་སོང་སྒོར་ ༢༥༥༤༦༥༧༧༤།༠༣ སོང་བས་ལྷག་བསྡད་སྒོར་ ༨༣༡༦༩༣༡༣།༦༦ ཡོད། 

 

ག༽གལ་ཆེའི་ལས་གཞི།

༡༽རིག་གཞུང་དང་འབྲེལ་བའི་སྐོར།

སྔར་ཕྱི་ལོ་ ༡༩༨༤ ལོ་ནས་བོད་གཞུང་སྨན་རྩིས་ཁང་གི་སྨན་རྩིས་ཆེད་ལས་པའི་གཞུང་ཚད་དང༌། གནས་འཕར་འགྲོ་ལུགས་ཀྱི་རྩ་འཛིན་ཡིག་ཆའི་ཟིན་བྲིས་གཏན་འབེབས་འཆར་འབུལ་ཕྱག་རྟགས་ཕེབས་ཟིན་ནའང༌། སྐབས་དེའི་འཆར་འབུལ་ཁོངས་སུ་ཕྱག་དཔེ་མང་པོ་ཞིག་ཐབས་འཚོལ་མ་ཐུབ་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་སྨན་རྩིས་པ་རྣམས་རྒྱུགས་འབུལ་གྱི་ལམ་ནས་གནས་འཕར་འགྲོ་རྒྱུར་ལོ་མང་ནར་འགྱངས་ལུས་འདུག་པ་དེས་ཆེད་ལས་པ་སྤྱི་ཡོངས་ཀྱི་གནས་འཕར་འགྲོ་སྟངས་ལ་འགོག་རྐྱེན་དང༌། ཁྱད་པར་དུ་དཀའ་བཅུ་བའི་གཞུང་ཚད་ཐོན་ཏེ་ལོ་ངོ་བཅུ་གྲངས་ཟིན་པ་རྣམས་གནས་འཕར་འགྲོ་བར་འགལ་རྐྱེན་འབྱུང་ཉེན་གྱིས། དབུ་འཛིན་པདྨ་དགྲ་འདུལ་མཆོག་ནས་ཕྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༡༢ ཚེས་ ༨ འཁོད་སྐུ་སྒེར་དྲུང་ཆེ་བརྒྱུད་ྋསྐྱབས་མགོན་རིན་པོ་ཆེར་ལྷ་ྋསྙན་སྒྲོན་ཕུལ། དེ་ཡང་རབ་བྱུང་བཅུ་དྲུག་པའི་ཕྱི་ལོ་ ༡༩༨༤ ལོར་སྨན་རྩིས་པ་གནས་སྤར་གནང་ཕྱོགས་ཀྱི་འཆར་འབུལ་རྩ་འཛིན་དགོངས་དོན་གནང་དགོས་དེ་ལྟར་ཡང༌།

 

འཆར་གསལ་དཔེ་དེབ་ཁག་ཅིག་ཐོབ་མིན་དང༌། བར་སྐབས་ནས་སྨན་རྩིས་ཁང་གི་འཛིན་སྐྱོང་དཀའ་ངལ་གྱིས་ད་བར་སྨན་རྩིས་པ་རྣམས་གནས་སྤར་གནང་ཐུབ་པ་བྱུང་མི་འདུག་པས་སྨན་པ་སོ་སོར་ཡང་ལོ་མང་གནས་སྤར་མ་ཐོབ་པ་བློ་ཕམ་གྱི་རང་བཞིན་དང༌། སྨན་རྩིས་ཁང་གི་འཛིན་སྐྱོང་སྲ་བརྟན་ཚགས་ཚུད་དང་སྒོས་སུ་སྨན་པ་སོ་སོར་ཡང་མིང་གནས་མཚུངས་པའི་གོ་བབ་སྒྲིག་རྒྱུ་བཅས་ནས། ད་ལན་སྐབས་གཅིག་རིང་དམིགས་བསལ་ཐོག་གཤམ་འཁོད་དོན་ཚན་རྣམས་ལག་ལེན་ཆོག་པའི་སྐྱབས་འཇུག་ཅི་ནས་ཡོང་བ་ཞེས་ཞུ་སྙིང་ཞིབ་ཕྲ་དོན་ཚན་བདུན་འཁོད་པའི་སྙིང་པོར། ད་ཡོད་སྨན་པ་བགྲེས་པ་རྣམས་ལ་ྋསྐུའི་བླ་སྨན་རྣམ་གཉིས་ནས་ངག་རྒྱུགས་བཞེས་ཏེ་གནས་སྤར་འགྲོ་ཐུབ་ཐབས་དང༌། སྐབས་གཉིས་པ་དང་གསུམ་པའི་སྨན་རམས་པ་ཆུང་བ་རྣམས་དང༌། སྐབས་ལྔ་བ་དང་དྲུག་པའི་ལས་ཐོག་སྨན་པ་དཀའ་བཅུ་བ། སྐབས་གསུམ་པ་དང་བཞི་བའི་ལས་ཐོག་རྩིས་པ་དཀའ་བཅུ་བ་རྣམས་བཅས་ལ་ཟླ་གཅིག་ཟབ་སྦྱོང་སྤྲད་དེ་ཡིག་རྒྱུགས་ཚོགས་ཆུང་ནས་སྐབས་གཅིག་རིང་དམིགས་བསལ་རྒྱུགས་གཞིའི་ཐོག་དགོངས་བཞེས་གནང་རྒྱུ། དེ་རྗེས་ཀྱི་སློབ་ཐོན་རིམ་བྱོན་རྣམས་ལ་གནས་རིམ་འཕར་ཕྱོགས་དང་འགྲོ་ལུགས་རྣམས་བོད་རབ་བྱུང་བཅུ་དྲུག་པའི་ཕྱི་ལོ་ ༡༩༨༤ ལོའི་འཆར་གཞི་ལག་ལེན་འཁེལ་མ་ཐུབ་པ་དང་གནས་དུས་རྒྱུས་འགྲོའི་འགྱུར་བཅོས་དགོས་ཁག་གི་འགྲོ་ལུགས་གཏན་འབེབས་གནང་རྒྱུའི་འཆར་ཟིན་ ༩༩ ཟླ་ ༦ ཚེས་ ༣༠ ནང་ཚུན་ཆོག་མཆན་སྙན་སེང་ཞུ་རྒྱུ་ཞུས་ན་འཐུས་མིན་ཞེས་པར་ཕྱག་རྟགས་སྤྱི་སྩོལ་བྱུང་བ་བཞིན།

 

སྨན་རམས་པ་དང་རྩིས་རམས་པ་འབྲིང་བ་རྣམས་གནས་སྤར་སྔོན་དུ་སོང་བའི་སྒོ་ནས། དེ་འཕྲོས་སྨན་རམས་པ་ཆུང་བ་ཟླ་བ་ལགས་དང༌། སྨན་རམས་པ་ཆུང་བ་པདྨ་རྡོ་རྗེ་ལགས། སྨན་རམས་པ་ཆུང་བ་རྣམ་རྒྱལ་ཚེ་རིང་ལགས། སྨན་རམས་པ་ཆུང་བ་ངག་དབང་མཁྱེན་བརྩེ་ལགས། སྨན་རམས་པ་ཆུང་བ་ཚེ་དབང་རྟ་མགྲིན་ལགས། སྨན་རམས་པ་ཆུང་བ་ཚེ་རིང་རྡོ་རྗེ་ལགས། སྨན་རམས་པ་ཆུང་བ་བསོད་ནམས་ལྷ་མོ་ལགས། སྨན་རམས་པ་ཆུང་བ་ཟླ་བ་སྒྲོལ་མ་ལགས། སྨན་རམས་པ་ཆུང་བ་ཚེ་རིང་ཆོས་སྐྱིད་ལགས་བཅས་མི་གྲངས་དགུ་ལ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནས་ཐུགས་འགན་རྐང་བཞེས་ཀྱིས་ཟླ་གཅིག་ཙམ་གྱི་རིང་གཞུང་གི་གནད་ཟབ་མོ་ཁག་ལག་ལེན་དམར་ཁྲིད་ཀྱི་ཚུལ་དུ་བསྩལ་གནང་བ་དང་སྦྲགས། ཟླ་ ༦ ཚེས་ ༢༩ ནས་བཟུང་ཉིན་གསུམ་རིང་རྒྱུགས་བཞེས་ཚོགས་ཆུང་གིས་སྨན་རམས་པ་འབྲིང་བར་འཕར་བའི་ཡིག་རྒྱུགས་བཏང་བ་ལེགས་གྲུབ་བྱུང་སྟེ་སྨན་རམས་པ་འབྲིང་བའི་མཚན་གནས་སུ་གནས་སྤར་གནང་བ་དང༌། དེ་བཞིན་དཀའ་བཅུ་བའི་གཞུང་ཚད་ཐོན་ཏེ་ལག་ལེན་ནང་ལོ་བཅུ་གྲངས་ཕྱིན་ཟིན་པ་སྐབས་ལྔ་པའི་སྨན་པ་སྤེན་པ་ཚེ་རིང་ལགས་དང༌། སྨན་པ་ཐོགས་མེད་དཔལ་འབྱོར་ལགས། སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས། སྨན་པ་བསྟན་པ་ཆོས་འཕེལ་ལགས། སྨན་པ་ཡེ་ཤེས་རྡོ་རྗེ་ལགས། སྨན་པ་བློ་བཟང་ཚུལ་ཁྲིམས་ལགས། སྨན་པ་ཐུབ་བསྟན་རྒྱལ་མཚན་ལགས། སྨན་པ་རྡོ་རྗེ་རབ་བརྟན་ལགས། སྨན་པ་བློ་བཟང་ཆོས་འབྱོར་ལགས། སྨན་པ་བསྟན་འཛིན་ནོར་བུ་ལགས། སྨན་པ་བཀྲ་ཤིས་དབང་འདུས་ལགས། སྨན་པ་བསྟན་འཛིན་བདེ་བྱེད་ལགས། སྨན་པ་ཟླ་བ་ཆོས་སྒྲོན་ལགས། སྨན་པ་སྐལ་ཆོས་ཁྱུ་གསར་ལགས། སྨན་པ་ཀརྨ་སྒྲོལ་མ་ལགས། སྨན་པ་བསྟན་འཛིན་ལྷ་སྒྲོན་ལགས། སྨན་པ་དབྱངས་ཅན་ལགས། སྨན་པ་སྐྱིད་འཛོམས་ལགས་བཅས་མི་གྲངས་བཅོ་བརྒྱད་ལ་ཟླ་ ༧ ཚེས་ ༡ ནས་ ༢༧ བར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་སྨན་རམས་པ་ལྷ་དབང་རྣམ་གཉིས་ནས་རྒྱུད་གཞུང་གི་དཀའ་གནད་ཁག་མདུད་གྲོལ་དང༌། སྤྱི་ཁོག་དང་གལ་འགངས་ཆེ་ས་རྣམས་ཐུགས་ཞིབ་ཚགས་པོས་ཟབ་འཁྲིད། མན་ངག་ཁག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་གནང་བ་དང་སྦྲགས། ཕྱི་ཟླ་ ༧ ཚེས་ ༢༨ ནས་ཉིན་གསུམ་རིང་གནས་འཕར་རྒྱུགས་བཏང་སྟེ་སྨན་རམས་པ་ཆུང་བར་གནས་སྤར་གནང་བ་དང༌། ཡང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་སྨན་རམས་པ་ལྷ་དབང་རྣམ་གཉིས་ནས་སྐབས་དྲུག་པའི་སྨན་པ་དཀའ་བཅུ་བའི་ཡིག་རྒྱུགས་ཁོངས་སྨན་པ་བསྟན་འཛིན་ཚེ་དཔལ། སྨན་པ་པ་སངས་ལྷ་མོ། སྨན་པ་བསྟན་འཛིན་སྐྱིད་པ། སྨན་པ་བསྟན་འཛིན་སྐྱིད་འཛོམས། སྨན་པ་བསྟན་འཛིན་གྲགས་པ། སྨན་པ་རྡོ་རྗེ་ཚེ་བརྟན། སྨན་པ་ཚེ་རིང་ནོར་བུ། སྨན་པ་བསོད་ནམས་རྡོ་རྗེ། སྨན་པ་ཚེ་རིང་དོན་གྲུབ། སྨན་པ་ཡེ་ཤེས་མཁའ་འགྲོ། སྨན་པ་བློ་བཟང་ཆོས་དར། སྨན་པ་ཀུན་བཟང་སྒྲོལ་མ། སྨན་པ་འཇམ་དབྱངས་བཀྲ་ཤིས། སྨན་པ་ཉི་མ་ཚེ་རིང༌། སྨན་པ་བློ་བཟང་བསྟན་པ་བཅས་ལ་ཟླ་གཅིག་གི་རིང་གཞུང་བཤད་ཟབ་འཁྲིད་ཁག་སྔོན་དུ་སོང་བའི་སྒོ་ནས་ཕྱི་ལོ་ ༡༩༩༩ ཟླ་ ༣ ཚེས་ ༢༩ ཉིན་ནས་བཟུང་ཉིན་གསུམ་གྱི་རིང་རྒྱུགས་བཞེས་ཚོགས་ཆུང་ནས་འབྲི་རྒྱུགས་བླངས་ཏེ་ལེགས་གྲུབ་བྱུང་བ་དང༌། དེ་བཞིན་སྐབས་གསུམ་པ་དང་བཞི་བའི་རྩིས་པ་དཀའ་བཅུ་བ་ཚེ་རིང་ཆོས་འཛོམས། རྩིས་པ་ལྷ་དབང་ཚེ་རིང༌། རྩིས་པ་རྡོ་རྗེ་དབང་རྒྱལ། རྩིས་པ་དཀོན་མཆོག་བསྟན་འཛིན། རྩིས་པ་བྱམས་པ་སྐལ་བཟང་སྐབས་དེར་ཕྱི་རྒྱལ་དུ་བཞུགས་ཡོད་སྟབས། རྗེས་སུ་ཟླ་གཅིག་རིང་ནང་སྦྱོང་བྱས་ཏེ་རྒྱུགས་འབུལ་ཞུས་པ་བཅས་ལ་རྩིས་རམས་པ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་ནས་སྐར་ནག་དབྱངས་གསུམ་རྩིས་ཀྱི་དཀའ་གནད་དང་དོགས་གནས་ཁག་ལ་ཟབ་འཁྲིད་གཞུང་བཤད་ཟླ་གཅིག་རིང་གནང་རྗེས་རྒྱུགས་བཞེས་ཚོགས་ཆུང་ནས་འབྲི་རྒྱུགས་བླངས་པ་བརྒྱུད་རྩིས་རམས་པ་ཆུང་བར་གནས་སྤར་བཅས་གནང་ཐུབ་པ་བྱུང་བ་ནི། ཉེ་བའི་ལོ་རྒྱུས་ཐོག་ཆེད་ལས་པར་གཞུང་ངོས་ནས་གཅིག་གྱུར་གྱི་ཡིག་རྒྱུགས་གཏོང་ཐེངས་དང་པོ་དེ་ཡིན་ཞིང༌། བོད་རབ་བྱུང་བཅུ་དྲུག་པའི་ཕྱི་ལོ་ ༡༩༨༤ ལོར་གཞུང་ཚད་གཏན་འཁེལ་བྱས་པ་ནས་བཟུང་འདས་པའི་དབུ་འཛིན་དྲུག་ཙམ་གྱིས་བཀྲོལ་མ་ཐུབ་པའི་སྨན་རྩིས་ཁང་གི་དཀའ་གནད་ཆེ་ཤོས་དེ་བདེ་བླག་ངང་མདུད་བཀྲོལ་གྱིས་སླད་ཕྱིན་འཛིན་སྐྱོང་དང༌། ཆེད་ལས་ཕྱོགས་གཉིས་ཀར་མདུན་སྐྱོད་ཀྱི་ལམ་ཆེན་ཡངས་པོ་ཞིག་ཕྱེ་ཐུབ་པ་བྱུང་བ་རེད། དེ་སྐབས་སྨན་རམས་པ་འབྲིང་བའི་ཡིག་ཚད་ཨང་དང་པོ་སྨན་པ་ཟླ་བ་ལགས་དང༌། སྐབས་ལྔ་བའི་སྨན་རམས་པ་ཆུང་བའི་ཡིག་ཚད་ཨང་དང་པོ་སྨན་པ་སྤེན་པ་ཚེ་རིང་ལགས། སྐབས་དྲུག་པའི་སྨན་རམས་པ་ཆུང་བའི་ཡིག་ཚད་ཨང་དང་པོ་སྨན་པ་བསྟན་འཛིན་སྐྱིད་འཛོམས་ལགས། རྩིས་རམས་པ་ཆུང་བའི་ཡིག་ཚད་ཨང་དང་པོ་རྩིས་པ་ཚེ་རིང་ཆོས་འཛོམས་ལགས་བཅས་ནས་བླངས་ཡོད་པ་རེད།

 

          དེ་རྗེས་ཀྱི་སློབ་ཐོན་རིམ་བྱུང་རྣམས་ཀྱི་ཆེད་མ་འོངས་ལག་བསྟར་བྱ་རྒྱུའི་སྨན་རྩིས་ཀྱི་གཞུང་ཚད་ལམ་ནས་གནས་འཕར་འགྲོ་ལུགས་ཀྱི་སྒྲིག་གཞི་གཏན་འབེབས་ཇི་བྱུང་རྩོམ་སྒྲིག་དང་དཔར་སྐྲུན་སྡེ་ཚན་ནས་དེབ་གཟུགས་སུ་བསྒྲིགས་ཏེ་འབྲེལ་ཡོད་ཚང་མར་འགྲེམས་སྤེལ་ཞུས་ཡོད་པ་སྟེ། དང་པོ། དེ་ཡང་གཏན་འབེབས་གནང་བ་བཞིན་ལག་བསྟར་གནང་གཏན་འཁེལ་བའི་སྨན་པ་དཀའ་བཅུ་བའི་གཞུང་ཚད་ནི་སྔར་ཡོད་སྨན་རྩིས་མཐོ་སློབ་ཀྱི་གཞུང་ཚད་རང་འཇགས་ཡིན་པ་དང༌།

 

གཉིས་པ། སྨན་རམས་པ་ཆུང་བའི་གཞུང་ཚད་ནི། བཤད་འཁྲིད་ཁོངས་སུ་རྒྱུད་བཞི་གཙོ་བོར་བཞག་ཡོད་པ་དང༌། ལག་ལེན་དམར་འཁྲིད་ཁོངས་སུ་རྩ་དང༌། ཆུའི་བརྟག་ཐབས། སྨན་མར་དང་ཁཎྜ་བཟོ་སྟངས། དུགས་ལུམས་བྱུག་པའི་བཟོ་སྟངས་དང་རྒྱག་ཚུལ་གྱི་ལག་ལེན། གཏར་བསྲེག་གཉིས་ཀྱི་མཐོང་རྒྱུད་ལག་ལེན། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་ཁྲོག་སྨན་འཁྲུངས་དཔེ་ཡིད་བཞིན་འདོད་འཇོའི་བུམ་བཟང༌། ལུས་ཐིག་ཟླ་བ་ནོར་བུ་བཅས་དང༌། ལོ་རྒྱུས་ཁོངས། གསོ་རིག་ཀུན་འདུས་ནང་ཡོད་པའི་ལོ་རྒྱུས་སྙིང་བསྡུས་བཅས་ཡིན།

 

གསུམ་པ། སྨན་རམས་པ་འབྲིང་བའི་གཞུང་ཚད་ནི། བཤད་འཁྲིད་ཁོངས་སུ་རྒྱུད་བཞི་གཞིར་བཞག་སྟེང༌། མན་ངག་ལྷན་ཐབས་ལས་གཉན་རིམས་བཅོ་བརྒྱད། སྨན་དང་འབྲེལ་ཡོད་ནང་དོན་རིག་པའི་སྐོར། ལམ་གྱི་གཙོ་བོ་རྣམ་གསུམ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཤེལ་ཕྲེང་བཅས་དང༌། ལག་ལེན་དམར་འཁྲིད་ཀྱི་ཁོངས་སུ། ཕྱི་རྒྱུད་ལས་ལས་ལྔའི་སྔོན་འགྲོ་སྣུམ་འཆོས་དང་བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ་སྟེ་ལས་ལྔ། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ལག་ལེན་གཅེས་བཏུས། ལོ་རྒྱུས་ཁོངས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་བཅས་ཡིན།

 

བཞི་པ། སྨན་རམས་པ་ཆེ་བའི་གཞུང་ཚད་ནི། བཤད་འཁྲིད་ཁོངས་སུ་དཔལ་ལྡན་རྒྱུད་བཞི་གཞིར་བཞག་སྟེང༌། གཡུ་ཐོག་ཡོན་ཏན་མགོན་པོའི་ཆ་ལག་བཅོ་བརྒྱད། སྐྱེམས་པ་ཚེ་དབང་གིས་མཛད་པའི་རྒྱུད་བཞིའི་འགྲེལ་བ། ཡན་ལག་བརྒྱད་པའི་འགྲེལ་བ་ཟླ་ཟེར་བཅས་དང༌། ལག་ལེན་དམར་འཁྲིད་ཀྱི་ཁོངས་སུ། དངུལ་ཆུ་བཙོ་ཐལ་གྱི་ཁྲིད་ལུང་དང་ལག་ལེན། རྩ་སྦྱོང་གི་ལག་ལེན། སྨན་དང་འབྲེལ་ཆགས་ནང་དོན་རིག་པའི་སྐོར། གཡུ་ཐོག་སྙིང་ཐིག་གི་ཆོས་འཁོར་ལས་བླ་སྒྲུབ་སྡུག་བསྔལ་མུན་སེལ་དང༌། སྨན་སྒྲུབ་དྲང་སྲོང་དགོངས་རྒྱན་བཅས་ཡིན།

 

ལྔ་བ། མཁས་དབང་འཚོ་བྱེད་སློབ་དཔོན་ཆེན་མོ། གསོ་བ་རིག་པའི་སྐོར་རྩོམ་གཞི་གང་རུང་ཞིག་གི་ཐོག་རིག་གཅིག་རྐང་འཛིན་གྱི་བསྟན་བཅོས་ཚད་ལྡན་ཤོག་ལྷེ་རེར་ཚིག་འབྲུ་སུམ་བརྒྱ་བྱས་པ་ཤོག་གྲངས་བརྒྱ་དང་ལྔ་བཅུ་ལས་མི་ཉུང་བ་བརྩམས་བྲིས་ཁུངས་ལྡན་བྱུང་ན་དང༌། ཡང་ནྋརྒྱལ་བའི་བླ་སྨན་པ་ཐད་བསྐོས་གནང་རིགས་ལ་འཚོ་བྱེད་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་རྒྱུ་ལས་གཞུང་ཚད་དམིགས་བསལ་མི་དགོས་པ་གཏན་འཁེལ་ཡོད་པ་རེད།

 

ཡང་རྩིས་པའི་གཞུང་ཚད་གཏན་འབེབས་བྱས་པ་ཁག་ལས།

དང་པོ། རྩིས་པ་དཀའ་བཅུ་བའི་གཞུང་ཚད་ད་ཡོད་སྨན་རྩིས་མཐོ་སློབ་ཁང་ནས་གཏན་འབེབས་གནང་བའི་གཞུང་ཚད་ལྟར་ཡིན་ཞིང༌།

གཉིས་པ། རྩིས་རམས་པ་ཆུང་བའི་གཞུང་ཚད་ནི། སྐར་རྩིས་ཁོངས། ཚེས་ཞག་གཟའ་ཚེས་སྐར་སྦྱོར་བྱེད་པ་སྟེ་ཡན་ལག་ལྔའི་གོ་དོན། ཉིན་ཞག་ལྔ་བསྡུས་ཀྱི་གོ་དོན། ཁྱིམ་ཞག་ལྔ་བསྡུས་ཀྱི་གོ་དོན། ཚེས་ཞག་སྒྲ་གཅན་གྱི་གོ་དོན། ཉིན་ཞག་སྒྲ་གཅན་གྱི་གོ་དོན། ཁྱིམ་ཞག་སྒྲ་གཅན་གྱི་གོན་དོན། ཉིན་ཞག་གཟའ་ལྔ་སྟེ་བཀྲ་ཤིས་དང༌། བླ་མ། དལ་འགྲོ། ཟླ་སྲས། དཀར་པོ་བཅས་ཀྱི་དལ་བ་དང༌། མྱུར་བའི་གོ་དོན། དུ་བའི་ལོངས་སྤྱོད་རི་མོ་རྒྱག་ཚུལ་གྱི་ལག་ལེན་དང༌། དེའི་གོ་དོན་ཕྱི་ནང་གཞན་གསུམ་ལ་སྦྱར་ཚུལ་གྱི་མན་ངག་བཅས། ཁྱིམ་ཞག་གཟའ་ལྔའི་དལ་མྱུར་གྱི་གོ་དོན་བཅས་དང༌། འབྱུང་རྩིས་ཁོངས། བཻ་དཀར་ལས་ཚེ་རབས་ལས་རྩིས་ཀྱི་རྒྱས་བཤད་འདོན་སྟངས་ལག་ལེན། ཀེག་རྩིས་དང༌། བག་རྩིས། ནད་རྩིས། གཤིན་རྩིས་བཅས་ཀྱི་རྒྱས་བཤད་འདོན་སྟངས་བཅས་དང༌། དབྱངས་འཆར་ཁོངས་སུ། ཀུན་གཟིགས་དབྱངས་འཆར་ཆེ་མོ་ཤེལ་གྱི་མེ་ལོང་ལས་སྐབས་དང་པོ་འབྲས་རྩིས་འདོད་འབྱུང་ནོར་བུའི་ལྗོན་པ་རྒྱས་པའི་བརྩི་ཚུལ་དང་ལག་ལེན་བཅས་སོ།།

གསུམ་པ། རྩིས་རམས་པ་འབྲིང་བའི་གཞུང་ཚད་ནི། སྐར་རྩིས་ཁོངས་ནས་ཉིན་བྱེད་སྣང་བའི་ཞག་གསུམ་རྣམ་དབྱེའི་སྐོར། གཟའ། ཉི། ཟླ། སྦྱོར་བ། བྱེད་པ་ལྔ་དང༌། གཟའ་ལྔ། སྒྲ་གཅན། དུ་བ་བཅས་རྣམ་གྲངས་བཅུ་གཉིས་པོ་ཉིན་ཚེས་ཁྱིམ་གསུམ་གྱི་དབྱེ་བ་ས་བཅད་སོ་དྲུག་པོའི་རི་མོའི་ལག་ལེན་དང་གོ་དོན། འབྱུང་རྩིས་ཁོངས། བཻ་དཀར་ས་བདག་གི་ལེའུའི་ལག་ལེན། ཨ་ཁུ་ཤེས་རབ་རྒྱ་མཚོའི་རྒྱ་རྩིས་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་གྱི་རི་མོའི་ལག་ལེན། དབྱངས་འཆར་ཁོངས། ཀུན་གཟིགས་ཤེལ་གྱི་མེ་ལོང་ལས། སྐབས་གཉིས་པ་རྩིས་ཕྲན་མེ་ཏོག་གཞོན་ནུའི་ཕྲེང་བ་དང༌། སྐབས་གསུམ་པ་དུས་སྦྱོར་བརྟག་པ་བླང་དོར་གསལ་བའི་མིག་བཟང་གཉིས་ཀྱི་བརྩི་ཚུལ་དང་ལག་ལེན། ནང་ཆོས་ཁོངས། རྒྱལ་སྲས་ལག་ལེན་སོ་བདུན་མ་བཅས་ཡིན།

བཞི་བ། རྩིས་རམས་པ་ཆེ་བའི་གཞུང་ཚད་ནི། སྐར་རྩིས་ཁོངས། ཉིན་བྱེད་སྣང་བའི་སྟོང་འཇུག་དང་ངེས་པ་སླར་སྐྱེ་ཚུལ་སྐོར་ས་བཅད་བརྒྱ་དང་བརྒྱད་ཀྱི་རི་མོའི་ལག་ལེན་དང་གོ་དོན། འབྱུང་རྩིས་ཁོངས། བཻ་དཀར་ས་དཔྱད་ལེའུའི་ལག་ལེན་དང༌། འབྱུང་རྩིས་ཁོག་འབུབས་ཀྱི་གཞུང་བཤད། དབྱངས་འཆར་ཁོངས། ཀུན་གཟིགས་ཤེལ་གྱི་མེ་ལོང་ལས་སྐབས་བཞི་པ་ཕ་རོལ་གཡུལ་འཇོམས་རྩིས་རིག་འབར་བའི་རྡོ་རྗེ་དང༌། སྐབས་ལྔ་བ་ཡུལ་སྡེ་སྤྱི་དང་བྱེ་བྲག་གི་སྐྱེ་དགུའི་བདེ་དོགས་ལུང་སྟོན་པ་རིན་ཆེན་སྒྲོན་མེ་གཉིས་ཀྱི་བརྩི་ཚུལ་དང་ལག་ལེན། ནང་ཆོས་ཁོངས། དུས་འཁོར་སྒྲུབ་ཐབས་སྐོར་བཅས་སོ། །       

ལྔ་པ།  རྩིས་རིག་སློབ་དཔོན་ཆེན་མོ། རིགས་གཅིག་རྐང་འཛིན་གྱིས་རྩིས་རིག་དཀར་ནག་དབྱངས་གསུམ་གང་རུང་ཞིག་གི་ཐོག་བསྟན་བཅོས་ཚད་ལྡན་ཤོག་ལྷེ་རེར་ཚིག་འབྲུ་སུམ་བརྒྱ་བྱས་པ་ཤོག་ལྷེ་བརྒྱ་དང་ལྔ་བཅུ་ལས་མི་ཉུང་བ་བརྩམས་བྲིས་ཁུངས་ལྡན་བྱུང་ན་དང༌། ཡང་ན། ྋརྒྱལ་བའི་སྐུའི་བླ་རྩིས་པར་བསྐོ་བཞག་གནང་རིགས་ལ་མཁས་དབང་རྩིས་རིག་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་རྒྱུ་ལས་གཞུང་ཚད་དམིགས་བསལ་མི་དགོས་པར་གཏན་འཁེལ་གནང་བ་དང༌། ཡང་གོ་རིམ་སོ་སོར་འཕར་ལུགས་ཇི་ཡོད་དང་འཕར་སྟངས་སོགས་ཀྱང་ཞིབ་ཕྲ་བཀོད་ཡོད་པ་རེད།

 

ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༡༡ ཚེས་ ༡༠ ནས་ ༡༧ བར་ཨ་རིའི་ནིའུ་ཡོག་གསོ་རིག་མཐོ་སློབ་ཀྱི་སེམས་ཁམས་རིག་པའི་སློབ་དཔོན་ཆེན་མོ་ Dr Eliaa Sinaiko མཆོག་ནས་སྨན་རྩིས་དགེ་སློབ་མི་གྲངས་དྲུག་ཅུ་ཙམ་ལ་དེང་དུས་ཚན་རིག་གི་སེམས་ཁམས་རིག་པའི་སྐོར་ལ་སློབ་འཁྲིད་གནང་བས་ནུབ་ཕྱོགས་སེམས་ཁམས་རིག་པའི་རྣམ་བཞག་ལ་རྒྱུས་མངའ་གང་འཚམས་བྱུང་།

 

ཕྱི་ལོ་ ༡༩༩༨ ལོར་སྔ་ཕྱིར་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་གོ་སྒྲིག་གིས་རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་ནས་ཆེད་ལས་སྨན་པ་མཁས་པ་བཞི་གདན་ཞུས་གནང་སྟེ། བོད་སྨན་གྱི་འབྲས་ནད་ཉམས་ཞིབ་བྱེད་སྟངས་དང་། བོད་སྨན་གྱིས་གཅིན་སྙི་ཉམས་ཞིབ་བྱེད་སྟངས་སྐོར་ལ་དུས་ཐུང་ཟབ་སྦྱོང་ཚུགས་ཤིང༌། དེའི་རིང་ཕྱི་ལུགས་ཀྱི་སྨན་བཅོས་ཉམས་ཞིབ་བྱེད་སྟངས་ནས་ལེགས་ཆ་བླངས་ཏེ། སླད་ཕྱིན་གཅིན་སྙི་ནད་བཅོས་ཉམས་ཞིབ་བྱེད་སྟངས་དང༌། ཡིག་ཆ་གཉེར་ཚུལ། རྟེན་དང་ན་སོ་ལ་གཞིགས་ཏེ་ནད་པ་འདེམས་སྟངས། ཉམས་ཞིབ་བྱེད་པའི་དུས་རིམ་ཁག་དང་དེའི་བརྒྱུད་རིམ་ལས་འཕྲོས་པའི་དཀའ་ངལ་སོགས་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོར་གནང༌།

 

གཞན་ཡང་སེམས་ཁམས་རིགས་གཅིག་རྐང་འཛིན་པ་ཨ་རིའི་སྐུ་ཞབས་ཀྲར་ལེ་རི་མཆོག་ནས་དབུས་ཉམས་ཞིབ་སྡེ་ཚན་གྱི་སྨན་ལས་རྣམས་ལ་ཉིན་གསུམ་རིང་ཚན་རིག་ཐོག་ཉམས་ཞིབ་ཀྱི་འགྲོ་སྟངས་ལམ་སྟོན་སློབ་ཁྲིད་དང་།  ཕྱི་རྒྱལ་ཁག་གི་ཆེད་ལས་པ་དང་ཉམས་ཞིབ་པ་སོགས་གདན་ཞུས་ཀྱིས་དེང་རབས་ཕྱི་ལུགས་སྨན་གྱི་ལེགས་ཆ་ལེན་པའི་སྐོར་ལ་གོ་སྒྲིག་ཞུས་པར་མ་ཟད་རང་རེའི་བོད་ཀྱི་ཐུན་མིན་རིག་པའི་གཞུང་ལུགས་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་སྤེལ་གཏོང་ཐབས་སུ་ཉིན་ལྔའི་རིང་ཕྱི་མི་དོ་སྣང་ཅན་མི་གྲངས་ ༡༨ ལ་བོད་སྨན་གྱི་རྨང་གཞིའི་སློབ་ཁྲིད་དང་ཡང་ཕྱི་རྒྱལ་བ་མི་གྲངས་ ༢༥ ལ་བརྗོད་གཞི་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་སློབ་ཁྲིད་བྱས་པ་དང་། ཕྱི་མི་དོན་གཉེར་ཅན་ ༨༥ ལ་སྔ་ཕྱིར་བོད་སྨན་གྱི་ཟབ་སྦྱོང་ཐེངས་གསུམ་སྤྲད་པ་དང་། དེ་བཞིན་མི་གྲངས་ ༡༡ ཙམ་ལ་རྩིས་ཀྱི་ཟབ་སྦྱོང་ཐེངས་གཅིག་སྤྲད་འདུག

 

འགྲོ་ཕན་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་སོ་བདུན་འཁོར་བའི་དུས་དྲན་མཛད་སྒོ་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་གཟབ་རྒྱས་ངང་སྲུང་གཙིི་ཞུས་ཤིང༌། དུས་དྲན་མཛད་སྒོའི་གཙོ་མགོན་དུ་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མ་མཆིས་པ་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ྋསྐུ་ཕྲེང་བཅུ་བཞི་བ་མཆོག་སྨན་རྩིས་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། བོད་ཀྱི་སྲོལ་རྒྱུན་དང་དེང་དུས་ནུབ་ཕྱོགས་ཀྱི་བཟོ་བཀོད་ལག་རྩལ་ཟུང་འབྲེལ་ལས་གྲུབ་པའི་སྨན་དང༌། རྩིས་ཀྱི་འགྲེམས་སྟོན་ཁང་ཐོག་བརྩེགས་གཉིས་ལྡན་ཞིག་གསར་རྒྱག་ལེགས་གྲུབ་ཀྱིས་སྟེང་ཐོག་ཏུ་གཏེར་རྫས་དང༌། སྔོ་སྨན། རྩི་སྨན་སོགས་སྨན་རྒྱུ་ཁག་དང་།  རིན་ཆེན་རིལ་བུའི་གཙོས་པའི་གསོལ་སྨན། སྔོ་སྨན་གྱི་རི་མོའི་ཐང་ཀ་སོགས་དང༌། འོག་ཐོག་ཏུ་སྨན་དང༌། རྩིས་ཀྱི་འགྲེལ་མཚོན་ཐང་ཀ་དང་།  སྨན་རྩིས་ཀྱི་ཆ་དཔྱད་ཁག་སོགས་ཚར་དུ་དངར་བ་སྒྲིག་གཤོམ་ཞུས་ཡོད་པའི་འགྲེམས་སྟོན་ཁང་དེ་བཞིན་ཐོག་མའི་དབུ་འབྱེད་གནང་བ་དང༌། སྨན་སྦྱོར་ཁང་སོགས་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། ཚོགས་ཁང་དུ་ཐུགས་དགྱེས་ཉམས་ཆེན་པོས་སྨན་རྩིས་ཁང་གི་འདས་པའི་ལོ་ངོ་སོ་བདུན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་སྦྲགས་སྨན་རྩིས་ལས་སློབ་ཡོངས་ལ་གསོ་རྩིས་ཀྱི་བསྟན་པ་མུ་མཐུད་ཡར་རྒྱས་གཏོང་ཕྱོགས་དང༌། དུས་དང་རྣམ་པ་ཀུན་ཏུ་ལས་དོན་ཆེ་ཕྲ་གང་ལ་ཡང་ངོ་ལྐོག་རྒྱབ་མདུན་མེད་པར་འབད་འབུངས་ལྷོད་མེད་གནང་དགོས་པ་སོགས་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་འདི་ཕྱི་བླངས་དོར་གྱི་གསུང་གི་བདུད་རྩི་བསྩལ།

 

གཞན་ལོ་འདིར་སྐབས་བཅུ་གཉིས་པའི་གྲངས་ཉེར་དྲུག་དང༌། སྐབས་དྲུག་པའི་རྩིས་སློབ་མི་གྲངས་བདུན་ལོ་གཅིག་སྔོན་ནས་སྨན་རྩིས་མཐོ་སློབ་ཁང་གི་སྨན་དང་རྩིས་ཀྱི་སློབ་མ་བསྡུ་ཕྱོགས་ཀྱི་རྩ་འཛིན་གསལ་བསྒྲགས་བསྐྱངས་པ་བཞིན། ས་མིག་ཟུར་བཅད་ཀྱིས་གཏན་སློབ་ཁག་དང༌། གྲྭ་བཙུན། བོད་ནས་གསར་དུ་འབྱོར་བ། ཧི་མ་ལ་ཡའི་མི་རིགས་བཅས་ཀྱི་སྟེང༌། རང་གཞུང་བཀའ་འབྲེལ་རཱ་ཤི་ཡ་དང་སོག་པོ་བཅས་ཡོང་ཁུངས་སོ་སོ་ནས་བོད་ཡིག་རྨང་གཞི་དྲག་འདེམས་ཀྱིས་བསྡུ་བཞེས་གནང༌།

 

ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༥ ཚེས་ ༡༢ ནས་ ༢༡ བར། ཨ་རི་ནིའུ་ཡོག་གསོ་རིག་མཐོ་སློབ་ཀྱི་སེམས་ཁམས་རིག་པའི་སློབ་ཁང་གི་སློབ་དཔོན་ཆེན་མོ་མཆོག་ནས་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་བཤད་འཁྲིད་གནང་བའི་ཚན་རིག་གི་སེམས་ཁམས་རིག་པའི་སྐོར་གྱི་སྨན་བཅོས་བྱེད་སྟངས་འཕྲོས་མཚམས་དེ་བཞིན་མཇུག་སྐྱོང་གནང༌ཞིང་། དེ་ཡང་སེམས་ནད་ཅན་གྱི་ནད་པ་རྣམས་ཀྱི་ལོ་རྒྱུས་དང་འབྲེལ་བའི་སེམས་ནད་འབྱུང་སྟངས་ཀྱི་བརྒྱུད་རིམ་དང་ཕྱི་ལུགས་ཀྱི་བཅོས་ཐབས་ཅི་བྱས་སྐོར་ནས་དེང་གི་རས་བྱང་བརྙན་པར་བརྒྱུད་ངོ་སྤྲོད་གནང་བས་ཕན་ཐོགས་གང་ལེགས་བྱུང་། འོན་ཀྱང་སེམས་ནད་ཀྱི་རྒྱུ་རྐྱེན་དང་བཅོས་ཐབས་ཐད་ལ་ནང་པའི་གཞུང་ནས་གསུང་བའི་སེམས་ཁམས་རིག་པའི་ལྟ་ཚུལ་དང་མི་འདྲ་བ་ཧ་ཅང་མང་བ་ཁོང་སྐབས་དེར་མཉམ་ཞུགས་བྱས་པ་ལས་གསལ་རྟོགས་བྱུང་།

 

ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༢༠ ཉིན་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གིས་དབུས་དང་ཕྱོགས་ཕེབས་སྨན་པ། དེ་བཞིན་སྨན་རྩིས་སློབ་ཕྲུག་ཡོངས་ལ་ཁོང་གིས་ཆེད་དུ་ལྗགས་རྩོམ་གནང་བའི་གསོ་རིག་ལས་རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་བཞག་དཔེ་འཁྲིད་མཛད་དེ་འཚོ་བྱེད་སྨན་པ་ཡོངས་ཀྱི་བློ་ཡི་བུམ་པར་འཆི་མེད་བདུད་རྩིས་ཚིམས་པར་གནང༌བ་བཅས་སོ།།

 

༢༽ཕྱིའི་འཛུགས་སྐྲུན་སྐོར།

མང་ཚོགས་ཀྱི་འཕྲོད་བསྟེན་དགོས་མཁོ་ལྟར་ཡན་ལག་སྨན་ཁང་གསར་འཛུགས་དང་རྒྱ་བསྐྱེད་ཀྱི་ལས་གཞི། གཞན་ཡང་དབུས་སའི་ཨར་ལས་ཆུང་ཙག་རིགས་དུས་རྒྱུན་ཡོད་མུས་ལྟར་འགན་འཛིན་འདིའི་སྐབས་སུ་ཡང་སྔར་རྒྱུན་བཞིན་ཡན་ལག་སྨན་ཁང་གསར་འཛུགས་དང་ཁང་པ་ཞིག་གསོ་སོགས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད། དེ་ཡང་ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༡ ཉིན་བལ་ཡུལ་ཤར་ཁུམ་བུ་ཁུལ་དུ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་དགོན་པས་གཙོས་ཁུལ་དེའི་མི་མང་གི་ཆེད་དུ་སྨན་ཁང་ཞིག་འཛུགས་ཐུབ་ན་མང་ཚོགས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཀྱི་རེ་སྐུལ་ཞུས་དོན་བཞིན་སྨན་ཁང་ཞིག་གསར་འཛུགས་བསྐྱངས་པ་བཞིན་ད་ལྟ་ཡང་སྨན་ལས་ཆེད་གཏོང་གིས་ས་གནས་མི་མང་ལ་སྨན་བཅོས་ཞབས་ཞུ་ཞུས་དང་ཞུ་བཞིན་ཡོད།

 

ཕྱི་ལོ་ ༡༩༩༨  རྒྱ་གར་དང་འབྲུག་གི་ས་མཚམས་སུ་ཇེ་གའོན་དང་།  ལོར་མོན་རྟ་དབང་གཉིས་ལ་ཡན་ལག་སྨན་ཁང་གཉིས་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༩༩ ལོར་མོན་གྷོ་གཞིས་གྲོང་དྲུག་པའི་ཡན་ལག་སྨན་ཁང་གསར་འཛུགས་ཞུས་པ་མ་ཟད། གར་ཞ་ཇེ་སི་པར་ཡན་ལག་སྨན་ཁང་གསར་འཛུགས་དབུ་འབྱེད་གནང་བ་དང་།  ཕྱི་ལོ་ ༢༠༠༠ ལོར་མེ་ར་ཀྲི་ས་གནས་སུ་ཡན་ལག་སྨན་ཁང་ཞིག་སྒོ་འབྱེད། དེ་བཞིན་ཕྱི་ལོ་ ༢༠༠༡ ལོར་སྦེལ་ཀོབ་སེ་ར་སྨད་གྲྭ་ཚང་དུ་ཡན་ལག་སྨན་ཁང་ཞིག་གསར་དུ་སྒོ་འབྱེད་བྱས་པའི་ཁོངས་ནས་ས་གནས་ཁ་ཤས་སུ་སྨན་ཁང་རེ་ཞིག་ཕྱིར་བསྡུ་བྱེད་དགོས་བྱུང་པ་ལས་ཕལ་མོ་ཆེས་ས་གནས་མི་མང་ལ་ཕན་བདེ་གང་ལེགས་སྒྲུབ་བཞིན་ཡོད། དབུས་བོད་གཞུང་སྨན་རྩིས་ཁང་དུ་རྩིས་ཀྱི་འགྲེམས་སྟོན་ཁང་ཐོག་བརྩེགས་གཉིས་ལྡན་ཞིག་གསར་རྒྱག་ལེགས་གྲུབ་བྱུང་བར་རྩིས་ཁང་གི་གཞི་རྒྱ་ཅུང་ཟད་ཆེ་རུ་གྱུར། ཧུན་སུར་གཞིས་ཆགས་ཀྱི་ཡན་ལག་སྨན་ཁང་གི་ལས་ཤག་གསར་རྒྱག་དང་། མགྲོན་ཁང་ཐོག་བརྩེགས་གཉིས་ཅན་གཅིག འགྲེམས་སྟོན་ཁང་ཐོག་བརྩེགས་གཉིས་ཅན་གཅིག་བཅས་ལེགས་གྲུབ་བྱུང་བ་ལ་བརྟེན་སྨན་ཁང་གི་མཐུན་རྐྱེན་ཇེ་ལེགས་དང་སྨན་ལས་རྣམས་ཀྱི་དཀའ་ངལ་རེ་ཞིག་སེལ་ཐུབ་པར་གྱུར། དེ་བཞིན་དུ་སྨན་རྩིས་ཁང་ལོ་རེ་ནས་ལོ་རེ་བཞིན་གཞི་རྒྱ་ཇེ་ཆེ་དང་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་པར་བརྟེན། འཛིན་སྐྱོང་གི་གཞི་མར་གྱུར་བའི་དངུལ་རྩིས་ཀྱི་འགྲོ་སྟངས་ཀྱང་དུས་དང་མཐུན་པར་རྩིས་ཁྲིམས་ཀྱིས་སྟངས་འཛིན་འོག་ཚད་ལྡན་དང༌། ཁམས་གཙང་དགོས་པར་སོང་ནང་ཞིབ་པ་སྔོན་ཡོད་སྟེང་ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་ལས་བྱེད་འཕར་མ་བསྐོ་འཛུགས་ཀྱིས་ནང་ཞིབ་སྡེ་ཚན་ཞེས་སྡེ་ཚན་གསར་འཛུགས་བྱས་ཏེ་སྨན་རྩིས་ཁང་དབུས་མ་ལག་དང་བཅས་པའི་ཅ་དངོས་སོགས་ཀྱིས་མཚོན་པའི་གཞུང་དངོས་ཐམས་ཅད་ལ་ནང་ཞིབ་ཀྱིས་ལོ་རེའི་ནང་སྙན་ཐོ་རེ་འདོན་དགོས་པའི་ལས་གཞི་ལག་བསྟར་བྱེད་མགོ་ཚུགས་པས་གཞུང་རྒྱུ་བདག་གཅེས་གནང་ཕྱོགས་ཐད་ལ་ཕན་ཐོགས་གང་ལེགས་འབྱུང་བཞིན་ཡོད། གཞན་ཡང་དེ་སྔོན་ཉམས་ཞིབ་ཁོངས་ནས་ལུས་ཕན་གསོ་རིག་ཉེར་མཁོའི་ཐོན་རྫས་ཁག་ཅིག་གསར་བཟོ་འདོན་སྤེལ་གནང་བ་དེ་དག་སྤྱི་ཚོགས་ཁྲོད་འགྲོ་རྒྱུགས་ཆེ་ཞིང༌། ཕྱི་ནང་མི་རིགས་མང་པོས་དེ་དག་གི་ཕན་ཡོན་དང༌། དགེ་མཚན་ལ་སྔར་ལས་ལྷག་པའི་དོ་སྣང་དང་ཤེས་རྟོགས་བྱུང་བའི་རྐྱེན་གྱིས་འཛད་སྤྱོད་བྱེད་པའི་གྲངས་འབོར་ཇེ་ཆེར་འཕེལ་ཏེ་བསྔགས་བརྗོད་དང་མུ་མཐུད་མངགས་ཉོ་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང༌། ཉམས་ཞིབ་རང་ལ་ཡང་ནད་བཅོས་ཉམས་ཞིབ་ཀྱིས་གཙོས་ལས་དོན་སྣ་མང་ཞིག་སྤེལ་དགོས་པས་མི་འགྲོ་དང་དུས་ཚོད་གཉིས་ཀྱི་ཆ་ནས་འཁོར་མིན་ལ་བརྟེན། ཕྱི་ཟླ་ ༧ ཚེས་ ༡ ནས་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གསར་འཛུགས་གནང་ཞིང༌། སྡེ་ཚན་འདི་ནས་གསོ་རིག་ཤ་གསོས་དང༌། རྨ་སྨན། སྐྲ་སྣུམ། སྨན་ཇའི་རིགས། སྤོས་སོགས་བོད་སྨན་གྱི་གཞུང་ལུགས་དང་དེང་དུས་ཚན་རིག་ཟུང་འབྲེལ་གྱིས་སྦྱོར་བཟོ་བྱས་པ་དེ་དག་རྒྱལ་སྤྱིའི་ཚོང་རར་མཁོ་སྤྲོད་ཐུབ་པ་དེས་བོད་སྨན་གྱི་མཚན་སྙན་དང་སྨན་རྩིས་ཁང་རང་ལའང་ཡོང་འབབ་སོགས་དགེ་མཚན་མི་དམན་པ་བྱུང་ཡོད། དེ་ཡང་ ༡༩༨༠ ཙམ་ནས་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་གི་སྟངས་འཛིན་འོག་སྐྲ་སྣུམ་སོགས་ལས་རིགས་ཁག་ཅིག་འགོ་འཛུགས་བྱས་ཏེ་རིམ་པས་རྣམས་གྲངས་ཇེ་མང་དང་། གཞི་རྒྱ་ཆེ་རུ་སོང་བའི་དབང་གིས་ ༡༩༩༩ ལོར་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དང་། ནད་བཅོས་ཉམས་ཞིབ་སྡེ་ཚན་༼༡༩༨༠ ལོར་སྤྱི་ཡོངས་ཉམས་ཞིབ་ཁོངས་སུ་བཙུགས་ཡོད་ཀྱང་ ༡༩༩༩ ལོར་ནད་བཅོས་ཉམས་ཞིབ་སྡེ་ཚན་དུ་བསྒྱུར༽བཅས་གསར་འཛུགས་གནང་ཡོད་པས་ཞིབ་ཕྲའི་གནས་ཚུལ་སྡེ་ཚན་དེའི་སྐབས་སུ་གསལ།

 

གཞན་ཡང་ཕྱི་ལོ་ ༡༩༩༨ ནས་ ༡༩༩༩ བར་སྨན་རྩིས་ཁང་གི་ལས་རྒྱ་དང་གཞི་རྒྱ་རིམ་འཕར་ཐོག་སྨན་པ་དང་། རྩིས་པ་གསར་པ་མང་བོ་ཞིག་སློབ་ཐོན་བྱུང་བར་ལས་ཤག་མ་འདང་བའི་རྐྱེན་གྱིས་ལས་ཤག་ཐོག་བརྩེགས་གསུམ་ཅན་ཞིག་ཨར་ལས་བྱེད་པ་བསྐོོ་འཛུགས་གནང་སྟེ་༢༠༠༠ལོར་ཡོངས་སུ་གྲུབ། ཡང་ལོ་དེར་ཕུན་ཚོགས་ཁང་གསར་ཞེས་པའི་ལས་ཤག་ཐོག་ཚད་ལྔ་ཅན་དང་སྨན་སྦྱོར་ཁང་གི་ཁང་བ་ཁ་ཤས་ཀྱི་ཨར་ལས་མགོ་འཛུགས་བྱས་པར་ཐོག་མའི་འཆར་གཞི་ལྟར་སྤུས་ཚད་ལྡན་པ་མ་བྱུང་བ་སོགས་རྙོག་གླེང་ཆེན་པོ་ལྷག་པར་བརྟེན། ལས་ཤག་གསར་རྒྱག་གྲུབ་རྗེས། ཞིབ་འཇུག་ཚོགས་ཆུང་ཆེད་བསྐོས་ཀྱིས་ཞིབ་འཇུག་བྱས་མཐར་ཐོག་མའི་ཚད་གཞི་ལྟར་ས་ཐིག་ཚད་ལྡན་བྱུང་མེད་པ་གསལ་བོ་བྱུང་བར་བརྟེན་ལས་ཁུར་བ་རྣམས་ལ་ཉེས་ཆད་བཏང་ཡོད་པ་མ་ཟད་སྨན་རྩིས་ཁང་ཨར་ལས་ལྟ་རྟོགས་པ་རྩ་དགོངས་བཏང་བ་སོགས་ཀྱི་ཐབས་སྐྱོའི་གནས་ཚུལ་ཡང་བྱུང་ཡོད། ཞིབ་ཕྲ་ལོ་ ༢༠༠༡ ཟླ་ ༨ ཚེས་ ༢༣ ལ་ཞེས་འཁོོད་པའི་དཔྱད་ཁྲ་བཏང་བའི་ཡིག་ཆར་གསལ་ཡོད།

 

ཕྱིི་ལོ་ ༡༩༩༨ ལོརདི་ལླིི་སྨན་རྩིས་ཕྱིར་ཚོང་ཁང་གི་ཆེད་སྔ་ལོ་དི་ལླི་ཀལ་ཀ་ཇི་ས་གནས་སུ་ས་ཆ་རྒྱ་ཁྱོན་མི་ཊར་གྲུ་བཞི་མ ༡༤༠ རྭ་སྐོར་ཡོད་པ་ཞིག་སྤུས་ཉོ་བྱས་ཡོད་པ་དེར་ས་འོག་ཁང་བ་བཅས་ཐོག་བརྩེགས་བཞི་ཅན་ཞིག་གསར་བསྐྲུན་བྱས། ས་ལུ་སྒ་ར་ཡན་ལག་སྨན་ཁང་དང་ལས་ཤག་ཁང་གླའི་ཐོག་ཡོད་པས་དེའི་དཀའ་ངལ་སེལ་ཆེད་ས་གནས་སུ་ཁང་བ་གསར་རྒྱག་ལེགས་གྲུབ་བྱུང་བ་དང་། ཨོ་རི་ས་ཕུན་ཚོགས་གླིང་གཞིས་སྒར་ནས་ས་ཆ་མཐུན་འགྱུར་གནང་བར་ཕྱི་ལ་ོ ༡༩༩༨ ཟླ་ ༡༢ ཚེས་ ༣ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨོ་རི་སའི་གཞིས་ཆགས་སུ་ྋཞབས་སོར་བཀའ་དྲིན་བསྐྱངས་སྐབས་སྨན་ཁང་པ་རྒྱག་ཡུལ་ས་ཆར་ཞབས་བཅགས་ཀྱིས་བྱིན་རླབས་ཐུགས་སྨོན་བཀའ་དྲིན་བསྐྱངས་པ་ནས་ལས་གཞི་དབུ་འཛུགས་བྱས་ཏེ་ ༡༩༩༩ ལོར་སྨན་ཁང་དང་ལས་ཤག་སོགས་ཨར་ལས་ལེགས་གྲུབ་བྱུང་།

 

གཞན་ཡང་མོན་གྷོ་འདོད་རྒུ་གླིང་དུ་སྔར་ནས་ཡན་ལག་སྨན་ཁང་ཡོད་མུས་ཀྱང་། གདན་ས་གཉིས་ཀྱིས་གཙོས་པའི་ས་གནས་སུ་མི་འབོར་ཆེ་བས་ནད་པ་བསྟེན་གཏུགས་བྱེད་བདེའི་ཆེད་དུ་གཞིས་གྲོང་དྲུག་པའི་ནང་ཡན་ལག་སྨན་ཁང་ཞིག་གསར་འཛུགས་གནང་།

 

ལོ་དེར་སྔོ་སྨན་ཉམས་ཞིབ་སྡེ་ཚན་ནས་བཟོ་སྐྲུན་བྱས་པའི་གསོ་རིག་སྨན་ཇ་སོགས་ཐོན་རྫས་དེ་དག་མངགས་ཉོ་བྱེད་མི་ཇེ་མང་ལ་སོང་བས་སྔར་གྱི་ལས་ཡུལ་ཧ་ཅང་ཆུང་བར་བརྟེན་ཐོན་རྫས་སྦྱོར་བཟོ་བྱེད་ཡུལ་དང་།  སྨན་རྒྱུ་འཇོག་ས། སྨན་པའི་ལས་ཁུངས་སོགས་ཁང་བ་ཐོག་བརྩེགས་གཉིས་ཅན་ཞིག་དང་། ཐབ་ཚང་སྟེང་རླངས་ཐབ་རྫ་རིལ་འཇོག་སའི་ཁང་ཆུང་ཞིག་བཅས་གསར་རྒྱག་གནང་བས་ལས་ཀ་བྱེད་བདེར་གྱུར།

 

གཞན་ཡང་གློག་ཀླད་སོགས་དེང་གི་བརྡ་འཕྲིན་འཕྲུལ་ཆས་རྣམས་འཛམ་གླིང་ཡོངས་ལ་དར་ཁྱབ་ཤུགས་ཆེར་བྱུང་བའི་དབང་གིས་རྒྱ་གར་ནང་དང་ཡང་སྒོས་རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་ལའང་ཕྱི་ལོ་ ༡༩༩༠ ཙམ་ནས་གློག་ཀླད་བེད་སྤྱོད་གཏོང་འགོ་ཚུགས་ཏེ་རིམ་པས་སྔར་གྱི་ལྕགས་པར་འཛུབ་གནོན་སོགས་ཀྱི་ཡིག་ཆས་ཅ་དངོས་རྣམས་བརྗེ་བསྒྱུར་གྱིས་ལས་དོན་ཕལ་ཆེར་གློག་ཀླད་ཅན་གྱི་ཚད་གཞིར་སླེབས་པར་བརྟེན་ཕྱི་ལོ་ ༢༠༠༠ ལོར་གློག་ཀླད་ཚན་པ་གསར་འཛུགས་བྱས་པ་དེས་དེང་གི་དགོས་མཁོ་དང་ཆེས་འཚམས་པར་གྱུར་ཡོད། ཕྱི་ལོ་ ༢༠༠༠ ལོར་ལ་དྭགས་རིག་གཞུང་ཁང་གི་ཆེད་ས་ཆ་བོད་ཁྱིམ་ནས་མཁོ་བཙོང་བྱས་པར་ཧིན་སྒོར་འབུམ་ ༡༥ ཕུལ་ཏེ་བསྟན་འཛིན་རྡོ་རྗེ་ཨར་ལས་ཀྱི་མགོ་བར་བསྐོས་ཏེ་གཞི་རྒྱ་ཆེ་བའི་ཨར་ལས་འགོ་འཛུགས་ཀྱིས་ ༢༠༠༣ ལོར་ལེགས་གྲུབ་བྱུང་བའི་དབུ་འབྱེད་མཛད་སྒོའི་སྟེང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ྋཞབས་སོར་བཀའ་དྲིན་བསྐྱངས་ཏེ་བྱིན་རླབས་རབ་གནས་གནང་བའི་སྐལ་བཟང་ཐོབ་པ་ནས་ད་ལྟ་ལ་དྭགས་རིག་གཞུང་བསྟི་གནས་ཁང་ཞེས་སྙན་པ་ཅུང་ཟད་རྒྱས་བཞིན་ཡོད།

 

སྔར་ནས་ས་གནས་གཞུང་གི་ཁྲིམས་མཐུན་ཡིག་ཆའི་དབང་གིས་མེག་ལོཌ་དུ་སྨན་ཁང་དང་ལས་ཤག་གི་ཨར་པོའི་ལས་གཞི་མཇུག་སྐྱོང་མ་ཐུབ་པར་ལུས་པ་ལོ་དེར་ས་གནས་ནས་གསར་རྒྱག་བྱ་འཐུས་ཆོག་པའི་ཁྲིམས་མཐུན་ཆོག་མཆན་ཐོབ་པར་བརྟེན་ལོ་དེར་མཇུག་སྐྱོང་ཞུས། དབུས་ཀྱི་ལས་ཁུངས་སྟེང་ཐོག་ཏུ་མཆོད་ཁང་ཁང་མིག་བཞི་ཅན་ཞིག་གསར་རྒྱག་དང་།  དབུས་ཡིག་ཚང་མདུན་དུ་རླངས་འཁོར་འཇོག་ཁང་བཟོ་བཅོས་ཀྱིས་དེབ་རིགས་འཇོག་སའི་མཛོད་ཁང་དུ་བཟོ་བཅོས་ཞུས་ཐོག་དེའི་མུ་འབྲེལ་དུ་དེབ་རིགས་དང་སྨན་རྩིས་ཐོན་རྫས་ཚོང་ཁང་ཞིག་ཀྱང་གསར་རྒྱག་ཞུས་པས་ཐོན་དངོས་སོགས་ཕྱི་ཚོང་གི་ཐད་ཕན་ཐོགས་ཡོང་བཞིན་ཡོད། དི་ལླི་ནི་ཛ་མུན་དིན་སྨན་ཁང་དུ་ནད་པ་བསྟེན་གཏུགས་བྱེད་མཁན་མང་བས་དེ་སྔོན་གྱི་ནད་པ་སྒུག་སྡོད་ཁང་དེ་བཞིན་ཆུང་སྐྱོན་ལ་བརྟེན་རྒྱ་བསྐྱེད་ཞུས་པ་དང་།  དེ་བཞིན་དུ་དེ་སྔོན་ནཱག་པུར་སྨན་སྐོར་ཚུགས་ཡུལ་དེ་བཞིན་ཁང་བདག་སྐུ་ཞབས་ཁོབ་ར་གྷ་ཀྲི་ནས་སྨན་རྩིས་ཁང་ལ་འབུལ་ལམ་ཞུས་པ་ལྟར་ས་གནས་ཀྱི་རྒྱ་གར་ནད་པ་མང་པོར་ཕན་རླབས་ཆེན་པོ་བྱུང་ཡང་ཁང་པ་ཆུང་བའི་དབང་གིས་སྨན་ཁང་མདུན་ཕྱོགས་སུ་ས་སྟོང་ཡོད་པར་སྨན་ཁང་རྒྱ་སྐྱེད་ཆོག་པའི་ཁྲིམས་ཐོག་ཡིག་ཆ་དང་། འཆར་ཟིན་བཅས་དབུས་སུ་འབྱོར་དོན་ལྟར་སྨན་ཁང་རྒྱ་བསྐྱེད་བྱས། བདེ་སྐྱིད་གླིང་གི་ཉེ་འཁྲིས་སུ་མཐོ་སློབ་དང་། ནད་གསོ་ཁང་། རྒན་གསོ་ཁང་བཅས་རྒྱག་རྒྱུའི་ས་ཆ་སྤོས་ཉོ་བྱས་ཏེ་ར་བ་བསྐོར་ཡང་ཕྱིས་སུ་ས་ཆའི་གནས་བབ་ལ་དཀའ་ངལ་ཡོད་པ་དང་མཐུན་འགྱུར་གྱི་རོགས་དངུལ་དུས་ཐོག་བཀོད་སྒྲིག་མ་ཐུབ་པ་བཅས་ལ་བརྟེན་ལས་འཆར་དེ་བཞིན་ཕྱིར་འཐེན་བྱས། བྷེལ་ཀོབ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དང་། རྣམ་གྲོལ་གླིང་།  བཀྲ་ཤིས་ལྷུན་པོ་སོགས་ཀྱི་དགེ་འདུན་པ་རྣམས་དང་། ཉེ་འཁྲིས་གཞིས་སྒར་མི་མང་བཅས་ཀྱི་ཆེད་ལོགས་སུ་སྨན་ཁང་ཞིག་གསར་འཛུགས་ཡོང་པའི་རེ་སྐུལ་ལོ་ཤས་སྔོན་ནས་ཞུས་དོན་ལྟར། ཕྱི་ལོ་ ༢༠༠༡ ཟླ་ ༨ ཚེས་ ༡༡ ཉིན་གདན་ས་སེར་སྨད་དུ་འདི་གའི་ཡན་ལག་སྨན་ཁང་ཞིག་དངོས་སུ་གསར་འཛུགས་ཞུས། བོམ་བེའམ་མུམ་བཻ་སྨན་སྐོར་ཞུ་མི་ལྕམ་སྐུ་མ་ཧེ་ཤི་བ་རི་ཡི་ཐབས་ཤེས་འོག་མུམ་བཻ་རུ་འདི་གའི་ཡན་ལག་སྨན་ཁང་ཞིག་གསར་འཛུགས་ཀྱི་འབྲེལ་ལམ་བྱུང་བ་བཞིན་ ༢༠༠༢ ལོར་དངོས་སུ་གསར་འཛུགས་གནང་ཐུབ་པ་བྱུང་བས། ས་གནས་རྒྱ་གར་ནད་པ་བསྟེན་གཏུགས་བྱེད་མཁན་གང་མང་བྱུང་བཞིན་ཡོད་པ་བཅས་སོ།།

 

༣༽སྨན་སྐོར་དང་ཚོགས་ཞུགས་ཚོགས་སྐོང་།

ཕྱི་ལོ་ ༡༩༩༧ ལོར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་།  སྨན་པ་ཟླ་བ་ཆོས་སྒྲོན། རྩིས་པ་ཚེ་རིང་ཆོས་འཛོམས། ཉམས་གསོག་སྨན་པ་ཚེ་རིང་ལྷ་མོ་བཅས་སྔ་ཕྱིར་ཨ་རིའི་མངའ་སྡེ་ Wisconsin ཞེས་པར་ཕེབས་གནང་མཛད་དེ་ནད་པ་གྲངས་ ༨༥ ཙམ་ལ་བརྟག་དཔྱད་སྨན་བཅོས་དང་། ནད་གཞི་ངོ་སྤྲོད། ཟས་སྤྱོད་ཀྱི་སྐོར། བསམ་བློའི་འཁྱེར་སྟངས་དང་། ཀུན་སློང་སོགས་ཀྱི་སློབ་སྟོན་གནང་བར་མ་ཟད། ནད་པའི་བློ་ཡིད་ཚིམས་པའི་སྨན་བཅོས་གང་ལེགས་གནང་། དེ་བཞིན་དུ་ྋསྐུའི་བླ་སྨན་མཆོག་གིས་བོད་སྨན་ལ་དོ་སྣང་ཡོད་མཁན་མི་གྲངས་ ༦༠ ཙམ་ལ་བོད་སྨན་ངོ་སྤྲོད་ཀྱི་གསུང་བཤད་ཐེངས་གསུམ་ལ་གནང་།  Minnesota ཞེས་པའི་མངའ་སྡེ་ལ་ཕེབས་ཏེ་ནད་པ་གྲངས་ ༤༥ ལ་བརྟག་དཔྱད་སྨན་བཅོས་དང་།  གཞན་སྨན་པ་མཁས་ཅན་དང་། སློབ་མ། ནད་པ། མི་སེར་བཅས་བོད་སྨན་ལ་དོ་སྣང་ཅན་མི་གྲངས་ ༧༦ ཙམ་ལྋསྐུའི་བླ་སྨན་ལགས་ཀྱིས་ལུས་སེམས་འབྲེལ་བའི་སྐོར་དང་། བོད་སྨན་གྱི་བརྟག་ཐབས་གསོ་ཐབས་སྐོར། སྐྱེ་སྒོ་བཀག་པའི་ཉེས་སྐྱོན། ད་དུང་ྋསྐུའི་བླ་སྨན་མཆོག་ཁོང་རང་ཉིད་རྒྱ་མིའི་བཙན་གནོན་འོག་བཙོན་ཁང་དུ་བཞུགས་པའི་ལོ་རྒྱུས་སོགས་གསུང་བཤད་ཐེངས་ལྔར་གནང་བས་བོད་ཀྱི་རིག་གཞུང་དང་བོད་མིའི་རྩ་དོན་བཅས་དྲིལ་བསྒྲགས་གང་ལེགས་བྱུང་འདུག སྐབས་དེར་ནད་པ་མི་གྲངས་ ༡༣༠ ཙམ་ལ་བརྟག་དཔྱད་སྨན་བཅོས་ཞུས་པར་སྨན་དོད་ལག་དོད་གསུང་བཤད་སོགས་ཡོང་བ་ཁྱོན་བསྡོམས་ཨ་སྒོར་ ༡༢༠༠༤ གནང་སོན་བྱུང་བ་བཞིན་དབུས་ཡིག་ཚང་དུ་རྩིས་འབུལ་ཞུས།

 

སྨན་པ་ཟླ་བ་ཆོས་སྒྲོན་དང་རྩིས་པ་ཚེ་རིང་ཆོས་འཛོམས་གཉིས་ཡུ་རོབ་ས་ཁུལ་གྱི་རྒྱལ་ཁབ་བཞི་དང་ས་གནས་ཁག་ལྔར་ཕེབས་ཏེེ་བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་བ་རིག་པའི་སྐོར་གྱི་གཏམ་བཤད་དང་ནད་པ་མང་པོར་བརྟག་དཔྱད་སྨན་བཅོས་དང་། རྩིས་འབྲས་བསྐོར་བ། ད་དུང་ནད་པ་ཉམ་ཐག་ཁ་ཤས་ལ་ལག་དོད་མེད་པའི་སྒོ་ནས་རྩིས་འབྲས་དང་། སྨན་སྦྱིན་ཞུས་པར་མ་ཟད་བོད་ཀྱི་གསོ་བ་རིག་པའི་སྐོར་ལ་དོ་སྣང་ཅན་གྱི་སློབ་བུ་འགའ་ཞིག་ལ་ཟབ་སྦྱོང་སོགས་སྤྲད། སྐབས་དེར་མི་གྲངས་ ༣༢༣ ཙམ་ལ་གཏམ་བཤད་ཐེངས་བཞི་དང་།  མི་གྲངས་ ༡༠༠ ཙམ་ལ་སྨན་བཅོས་བརྟག་དཔྱད་དང་། མི་གྲངས་ ༡༠༢ ཙམ་ལ་རྩིས་འབྲས་བརྟག་དཔྱད་ཞུས་པས་སྨན་དོད་ལག་དོད་སོགས་ལས་ཨ་སྒོར་ ༣༦༨༥ ཕ་སྒོར་ ༢༢༦༡༨ ཨིིན་སྒོར་ ༡༣༡༥༼༢༢༧༩༽ བྱུང་བ་དབུས་ཡིག་ཚང་དུ་རྩིས་འབུལ་ཞུས། ལོ་དེའི་ཟླ་ ༥ ཚེས ༣ ནས་ཟླ་ ༦ ཚེས་ ༣ བར་སྨན་རམས་པ་རྣམ་རྒྱལ་ཚེ་རིང་དང་། སྨན་པ་རྣམ་རྒྱལ་ཁྱུ་གསར། སྨན་པ་ཚེ་རིང་ལྷ་མོ་གསུམ་ཕིན་ལན་དུ་བསྐྱོད་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་སྒྲིག་གཤོམ་ཐོག་ཉིན་ལྟར་ནད་པར་རང་ལུགས་ཐུན་མོང་མ་ཡིན་པའི་བརྟག་ཐབས་ཀྱི་སྒོ་ནས་དཔྱད་དེ་གསོལ་སྨན་ཕུལ་བ་དང་། དགོང་དྲོ་འཆར་ཅན་ཆུ་ཚོད་གཉིས་རིང་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་བརྗོད་གཞི་གཙོ་བོ་བོད་སྨན་གྱི་ལྟ་བ་དང་། ལོ་རྒྱུས། ནང་ཆོས་དང་འབྲེལ་བའི་སྐོར། སྨན་པའི་རྒྱུ་དྲུག ལུས་དང་ནད་ཀྱི་མཚན་ཉིད། རྩ་ཆུ་གཉིས་ཀྱི་ལག་ལེན་སོགས་ཀྱི་སྐོར་འགྲེལ་བརྗོད་ཞུས་པར་མ་ཟད། ཞོར་དུ་བོད་དོན་ཆབ་སྲིད་དང་འབྲེལ་བའི་སྐོར་ལའང་དྲི་བ་དྲིས་ལན་འདེབས་གནང་།   ལོ་དེའི་ཟླ་བཅུ་པའི་ནང་བདུན་ཕྲག་གཅིག་རིང་སྨན་པ་དོན་འགྲུབ་ཚེ་རིང་སིང་ག་སྤུར་ལ་བོད་སྨན་གྱི་འགྲེམས་སྟོན་དང་། བརྟག་དཔྱད་ཆེད་མགྲོན་འབོད་བྱུང་བ་ལྟར་བསྐྱོད་ཅིང་།  ས་གནས་སུ་འགྲེམས་སྟོན་དང་ཆབས་ཅིག་ཉིན་གསུམ་ལ་ནད་པ་མི་གྲངས་ ༣༠ སྐོར་ལ་རང་ལུགས་ཐུན་མོང་མ་ཡིན་པའི་རྩ་ཆུའི་ཐོག་བརྟག་དཔྱད་སྨན་བཅོས་བྱས་ཤིང་། འགྲེམས་སྟོན་ལ་གཟིགས་མི་རྣམས་ལ་བོད་སྨན་གྱི་ལོ་རྒྱུས་ངོ་སྤྲོད་ཞིབ་ཕྲ་འགྲེལ་བརྗོད་བྱས་པར་ཚང་མས་དགའ་མོས་དང་དོ་སྣང་ཆེན་པོ་བྱས། ཐེངས་དེ་ནི་སིང་ག་པིར་བོད་སྨན་སྐོར་ཐེངས་དང་པོ་དེ་ཆགས་འདུག་ལ་དྲིལ་བསྒྲགས་ཀྱང་གང་ལེགས་བྱུང་།

 

ཕྱི་ལོ་ ༡༩༩༨ ལོར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་ཨི་ཊ་ལི་དང་། ཨསྟྲིཡ། ཅཻག་གོ་ས་ལ་ཝི་ཡ། སུད་སི། སྭི་ཌེན། ཇར་མུ་ནི། ཕི་རཱན་སི་བཅས་ཡོ་རོབ་རྒྱལ་ཁབ་ཁག་བདུན་དུ་སྐོར་བསྐྱོད་དང་།  ཕི་རཱན་སིའི་གྲོང་ཁྱེར་ནན་སི་ (Nancy) ཡོད་པའི་སྐད་གྲགས་ཅན་གྱི་ཀན་སར་སྨན་ཁང་ཞིག་ནས་མགྲོན་འབོད་བྱུང་བ་ལྟར་སྨན་ཁང་དེའི་ནང་ལྟ་སྐོར་སྟབས་བདེ་ཞིག་བྱས་པར་མ་ཟད། ཁོང་ཚོའི་རེ་བ་སྐོང་ཆེད་གཞི་ལྕིའི་འབྲས་ནད་དམ་ཀན་སར་ནད་པ་འགའ་ཞིག་ལ་བོད་ལུགས་གསོ་རིག་ལུགས་ཀྱི་བརྟག་དཔྱད་དང་ཟས་སྤྱོད་སློབ་སྟོན་ཞུས། དེ་བཞིན་དུ་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་སྨན་པ་བསོད་ནམས་སྒྲོལ་མ། དི་ལླིི་ཕྱིར་ཚོང་ཁང་གི་འབྲེལ་མཐུད་པ་ཟླ་བ་སྒྲོལ་མ་བཅས་ཨི་ཊ་ལི་དང་། སུ་ཛར་ལནཌ། ཅཻག་སྤྱི་མཐུན་རྒྱལ་ཁབ། སྭི་ཌེན། ཨསྟྲིཡ་དང་། ཕི་རཱན་སི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་བདུན་ལ་ནད་པར་བརྟག་དཔྱད་དང་གསུང་བཤད་ཆེད་བསྐོར་སྐྱོད་ཀྱིས་ཨི་ཊ་ལིར་འབྱོར་སྐབས་ནད་པ་མང་པོ་ལ་བླ་སྨན་དབང་རྒྱལ་མཆོག་དང་སྨན་པ་བསོད་ནམས་སྒྲོལ་མ་གཉིས་ཀྱིས་ཁག་གཉིས་ནས་ནད་པར་སྨན་བཅོས་ཞུས་པར་མ་ཟད། ྋསྐུའི་བླ་སྨན་དབང་རྒྱལ་ལགས་ཀྱིས་ཆོས་ཚོགས་འདྲ་མིན་གྱི་དཔེ་མཛོད་ཁང་དང་། དེབ་ཚོང་ཁང་།  རྒྱལ་སྤྱིའི་ཟ་ཆས་དང་སོ་ནམ་པའི་ལས་ཁུངས་སོགས་སུ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་། ལུས་སེམས་གཉིས་ཀྱི་འབྲེལ་བའི་སྐོར། བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་སྐོར་སོགས་གསུང་བཤད་གནང་། དེ་བཞིན་དུ་སུད་སི་གྲོང་ཁྱེར་དུ་ཕེབས་ཏེ་ནད་གྲངས་ ༡༠༩ ལ་བརྟག་དཔྱད་སྨན་བཅོས་དང་། ལུས་སེམས་བར་གྱི་འབྲེལ་བ་དང་། རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་བཞག གསོ་རིག་འབྱུང་ཁུངས་ལོ་རྒྱུས། རྨི་ལམ་གྱི་རྣམ་བཤད་སོགས་ཀྱི་སྒོ་ནས་གསུང་བཤད་གནང་སྟེ་ཕན་ཐོགས་ཆེན་པོ་བྱུང་། སྐབས་དེར་ས་གནས་ཁག་བདུན་དུ་ནད་པ་གྲངས་ ༡༢༥༢ ཙམ་ལ་སྨན་བཅོས་བརྟག་དཔྱད་དང་། གསུང་བཤད་ཐེངས་ ༢༤ ཙམ་གནང་བར་སྨན་དོད་ལག་དོད་གསུང་བཤད་སོགས་ནས་བྱུང་བ་ཨ་སྒོར་ ༨༥༦༢༩ དང་། ཞལ་འདེབས་ནས་བྱུང་བ་ཨ་སྒོར་ ༤ སུད་སྒོར་ ༧༠ ཇར་མན་སྒོར་ ༥༠ སྭི་ཌེན་སྒོར་ ༣༠༠ ཨསྟྲིཡའི་སྒོར་ ༩༠༠༠  ད་དུང་ཇར་མ་ནི་ནད་པ་ཞིག་གི་ཇར་མན་སྒོར་ ༤༠ ཡང་ཇར་མ་ནི་ནད་པ་ཞིག་གིས་ཨ་སྒོར་ ༡༢༥ སུཛར་ལནཌའི་ནད་པ་ཞིག་གིས་སུད་སྒོར་ ༣༧༠ བཅས་དགྱེས་ཚོར་ཆེན་པོས་ཕུལ་འདུག

 

གཞན་ཡང་ལོ་དེར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང༌། ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གིས་གཙོས་སྨན་པ་ཁག་ཅིག་ཨ་རིའི་གྲོང་ཁྱེར་ཁག་བརྒྱད་དང༌། ཕི་རཱན་སི། སྭི་ཌེན། སུད་སི། ནོར་ཝེ། ཇར་མི་ནི་སོགས་ས་ཁུལ་སོ་སོར་སྔ་ཕྱིར་ཆེད་ཕེབས་ཀྱིས་ནད་པར་བརྟག་དཔྱད་སྨན་བཅོས་དང༌བོད་ཀྱི་སྨན་རྩིས་རིག་གཞུང་དྲིལ་བསྒྲགས་རྒྱ་ཆེར་གནང་། གཞན་ཡང་སྨན་པ་བློ་བཟང་ཚུལ་ཁྲིམས་ནོར་ཝེ་ལ་བོད་ཀྱི་གྲོགས་པོ་ཚོགས་པས་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་གཞུང་འབྲེལ་ཐོག་གདན་ཞུ་ཐེངས་ ༡༢ པ་ཞུས་པ་ལྟར་ཆེད་བསྐྱོད་ཀྱིས་ནད་པ་གྲངས་ ༡༦༥ ལ་བརྟག་དཔྱད་དང་སྨན་བཅོས་ཟས་སྤྱོད་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་བར་ས་དེའི་ནད་པ་རྣམས་ལ་བོད་སྨན་གྱིས་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བརྟེན། ད་དུང་མུ་མཐུད་དུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་འདུག དེ་བཞིན་དུ་ལོ་དེར་ས་ལུ་སྒ་རའི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་ཡོ་རོབ་ཁུལ་ནོར་ཝེ་དང་། ཨིན་ལནཌ། སི་པན། ཇར་མ་ནི་བཅས་པར་རིམ་བསྐྱོད་ཀྱིས་ནད་པ་མི་གྲངས་ ༥༨༢ ལ་བརྟག་དཔྱད་སྨན་བཅོས་གནང་བ་དང་། ཟས་སྤྱོད་བསྟེན་ཕྱོགས། ལུས་སེམས་འབྲེལ་བ་ལས་ལུས་ལ་ཕན་གནོད་སོགས་ལས་བརྩམས་ཏེ་གཏམ་བཤད་ཐེངས་གསུམ་གནང་བར་གསར་འགོད་པ་སོགས་མི་གྲངས་ ༣༣༠ ཙམ་འདུ་འཛོམས་ཡོད་པ་དང་། དེ་བཞིན་ནོར་ཝེ་རུ་གསར་ཤོག་དང་། རླུང་འཕྲིན། གཟུགས་མཐོང་རླུང་འཕྲིན་སོགས་བརྒྱུད་བོད་གཞུང་སྨན་རྩིས་ཁང་དང་བོད་ཀྱི་གསོ་བ་རིག་པའི་གཞི་རྩའི་འགྲོ་སྟངས་སྐོར་གཏམ་བཤད་བྱས་པ་དྲིལ་བསྒྲགས་དང་། དཔལ་འབྱོར་འདུ་འགོད་གང་ལེགས་བྱུང་།    

 

དེ་བཞིན་རྒྱ་གར་ས་ཁུལ་མང་པོའི་སྨན་བསྐོར་དུ་འགྲོ་མུས་ལྟར་ལོ་དེར་ལ་དྭགས་བྱང་ཐང་ཁུལ་མང་པོར་སྨན་བསྐོར་ལ་བསྐྱོད། དེ་ཡང་ལ་དྭགས་བྱང་ཐང་ཁུལ་ནི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་སུ་གནས་ཡོད་ཅིང༌། མངའ་རིས་ཆོས་རྒྱལ་རིམ་བྱོན་རྣམས་ནས་དབང་བསྒྱུར་ས་ཁུལ་ཡིན་པ་དེ་ལྟར་ཡང༌། ཉེ་བའི་ལོ་རྒྱུས་ཐོག་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ད་ཆ་རྒྱ་གར་གྱི་བདག་དབང་འོག་གནས་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ཡང་ཆོས་དང་རིག་གཞུང༌། སྐད་ཡིག ས་བབ་སོགས་ཕྱོགས་གང་ཐད་ནས་བོད་དང་འབྲེལ་འདྲིས་ཡོད་པ་བཞིན། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ཡོངས་སུ་དྲག་གནོན་བྱས་རྗེས་རང་རིགས་མི་ཉུང་བ་ཞིག་བཙན་བྱོལ་དུ་ཕེབས་ནས་དེ་ཁུལ་དུ་རྟེན་གཞི་བྱས་ཡོད་པ་དེ་དག་ས་བབ་དང༌། གནམ་གཤིས། འགྲུལ་བཞུད་སོགས་ཕྱི་རོལ་ཡུལ་གྱི་མཐུན་རྐྱེན་ཤིན་ཏུ་ཞན་པར་བརྟེན་སྨན་བཅོས་འཕྲོད་བསྟེན་སོགས་ཧ་ཅང་རྗེས་ལུས་སུ་གྱུར་ཡོད་པའི་གནས་སྟངས་ལ་གཞིགས་ཏེ། ཕྱི་ཟླ་ ༨ ཚེས་ ༢ ནས་ཟླ་གཉིས་ཙམ་གྱི་རིང་དབུས་ནས་སྨན་པ་པ་སངས་དབང་འདུས་ལགས་དང༌། སྨན་སྤྲོད། སྣུམ་འཁོར་བཅས་ཆེད་གཏོང་གནང་སྟེ་བྱང་ཐང་ཁུལ་གྱི་སུམ་མདོ། ཧང་ལེ། ཁྱུང་ལྡིང༌། ཉི་མ། ཀོར་སོག སྤུ་དགའ། རོང་གོ། ཨང་ཁུང༌། ར་ཅན་མགུ་རུ། ས་སྨད། མཁར་ནག བསྟར་ཚང་མགུར། ཅུ་མུར། གྲང་མོ་ཆེ། རོང་སོགས་ས་གནས་ཁག་བཅོ་ལྔ་ཙམ་ལ་ཕྱོགས་བསྐྱོད་ཀྱིས་མང་ཚོགས་ལ་འཕྲོད་བསྟེན་སློབ་གསོ་དང་ནད་པར་བརྟག་དཔྱད་སྨན་བཅོས་བྱས།

 

ཕྱི་ལོ་ ༡༩༩༨ ཟླ་ ༡༢ ཚེས་ ༢༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་ལུགས་ཁག་གི་མི་སྣ་དང་། བླ་ཆེན་ཁག  ལྗོངས་རྒྱུ་བའི་དགེ་འདུན་རྣམ་པ། དེ་བཞིན་སྐུ་མགྲོན་བརྒྱ་ཕྲག་ལྷག་བཅས་བྱང་ཆུབ་ཤིང་དྲུང་དུ་ལྷན་འཛོམས་ཀྱིས་མཛད་སྒོའི་གསུང་བཤད་གྲུབ་མཚམས་རིས་མེད་ཆོས་ལུགས་སོ་སོའི་ལུགས་ལྟར་ཐུགས་སྨོན་གནང་སྟེ་ྋགོང་ས་མཆོག་གིས་བཀའ་སློབ་བསྐྱངས་རྗེས་ྋསྐུ་ངོ་མས་ལྗོངས་རྒྱུའི་དབུ་ཁྲིད་ཀྱིས་བོད་དགོན་པར་ྋཞབས་སོར་བསྐྱངས་སྐབས། ལྗོངས་རྒྱུ་བ་ཚོའི་འཕྲོད་བསྟེན་ཞབས་ཞུའི་སླད་སྨན་པ་དགེ་སློང་བསྟན་འཛིན་མཐའ་ཡས་དགོས་མཁོའི་གསོལ་སྨན་བཅས་ཆེད་རྫོང་ཞུས་པ་ལྟར་སྨན་པས་ཀྱང་ནད་མནར་བ་རྣམས་ལ་དགོང་ལྟར་གསོལ་སྨན་ཞབས་ཞུ་དང་། བགྲེས་པ་ཁག་ཅིག་ཞབས་བསྙུན་པར་རྩ་བྱུགས་ཀྱིས་འཕུར་མཉེ་དང་། སྐམ་ཁབ་སོགས་གང་ལ་དེ་འོས་ཀྱིས་ཞབས་འདེགས་སྨན་སྦྱིན་ཞུས། གཞན་ཡང་ལོ་དེར་སྤྱི་ནོར་ྋགོང་སྋསྐྱབས་མགོན་རིན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ནས་ལོ་ངོ་ ༦༠ དང་། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་པ་ནས་ལོ་ ༥༠ འཁོར་བའི་རླབས་ཆེན་གྱི་མཛད་པ་བཟང་པོར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་གཙི་སྲུང་ཞུ་སླད་བོད་གཞུང་སྨན་རྩིས་ཁང་གིས་ས་གནས་ཁག་ཏུ་སྨན་སྦྱིན་གནང་རྒྱུའི་ཐུགས་གཏན་འཁེལ་བ་བཞིན། ཡན་ལག་སྤྱི་ཁྱབ་འགན་འཛིན་སྨན་པ་ངག་དབང་མཁྱེན་བརྩེ་འབྲས་ལྗོངས་ས་ཁུལ་ལ་ཆེན། ལ་ཆུང་བཅས་ས་གནས་ཁག་ལྔ་ལ་ཕེབས་ཏེ་ནད་པ་མི་གྲངས ༦༩༣ ལ་སྨན་སྦྱིན་གནང་བས་ཡུལ་མི་རྣམས་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། མ་འོངས་པར་ཡང་བསྐྱར་དེ་ལྟར་ཡོང་བའི་རེ་སྐུལ་ཞུས། གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྨན་གྱི་ཚོགས་འདུ་སོགས་ལ་ྋསྐུའི་བླ་སྨན་རྣམས་ཀྱིས་གཙོས་སྨན་པ་རྒན་པ་རྣམས་ཕེབས་བཞིན་པ་ལྟར་ལོ་དེར་སྨན་པ་རྣམ་རྒྱལ་ཁྱུ་གསར་ལགས་ཇར་མ་ནིའི་གྲོང་ཁྱེར་བྷར་ལིན་དུ་ཉིན་གསུམ་གྱི་རིང་ Heiler Mensch Heile Erde ཞེས་པའི་སྨན་གྱི་ཚོགས་འདུར་ཞུགས་ཏེ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་བོད་སྨན་ངོ་སྤྲོད། དམིགས་བསལ་ཟས་སྤྱོད་ཀྱི་སྤངས་བླངས་བྱེད་ཚུལ། བལྟ་རེག་དྲི་གསུམ་གྱི་སྒོ་ནས་ནད་རིགས་བརྟག་ཐབས་བྱེད་ཚུལ་དང་།  ཁྱད་པར་རེག་པ་རྩའི་འགྲོ་ལུགས་འདི་བཞིན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནད་རིགས་བརྟག་དཔྱད་ཀྱི་ལག་རྩལ་ཁྱད་ཐོན་ཞིག་ཡིན་པའི་འགྲེལ་བཤད་ཞུས་པ་དང་། དྲི་བ་དྲིས་ལན་སོགས་གང་ལ་དེ་འཚམས་ཀྱི་ལན་གསལ་བོར་བསྐྱོན་པ་སོགས་ཚོགས་ཞུགས་པ་རྣམས་ཀྱི་འདོད་བློ་དང་མཐུན་པར་བོད་ཀྱི་གསོ་བ་རིག་པ་ངོ་སྤྲོད་རྒྱ་གང་ཆེ་བྱུང་འདུག ཕྱི་ལོ་ ༡༩༩༩ ལོའི་ཕྱི་ཟླ་ ༦ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང༌། ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་གོ་སྒྲིག་གིས་རྒྱ་གར་རྒྱལ་ཡོངས་ཚན་རིག་སྨན་ཁང་ཆེན་མོ་ནས་ཆེད་ལས་སྨན་པ་མཁས་པ་བཞི་གདན་ཞུས་གནང་སྟེ། བོད་སྨན་གྱི་འབྲས་ནད་ཉམས་ཞིབ་བྱེད་སྟངས་སྐོར་ལ་བགྲོ་གླེང་ཟབ་སྦྱོང་ཚུགས་ཤིང༌། ཚོགས་ཕེབས་སུ་དི་ལླིའིི་འགན་འཛིན་སྨན་པ་དང་ཉམས་ཞིབ་སྨན་པ། བེངྒ་ལོར་འགན་འཛིན་སྨན་པ་དང་ཉམས་ཞིབ་སྨན་པ་བཅས་ཀྱི་ཁར་དབུས་ཀྱི་སྡེ་ཚན་ཁག་གི་སྨན་པ་བཅས་ཁྱོན་བསྡོམས་སྨན་པ་མི་གྲངས་ཉི་ཤུ་ཙམ་ཚོགས་ཞུགས་གནང༌། ཚོགས་ཐོག་ནས་གོང་གསལ་ཡན་ལག་གཉིས་སུ་བོད་ཀྱི་གསོ་བ་རིག་པས་དེང་དུས་ཚན་རིག་དང་མཐུན་པའི་ཉམས་ཞིབ་བྱེད་སྟངས་བརྒྱུད་འབྲས་ནད་བྱེ་བྲག་པའི་ཐོག་ལ་སྨན་བཅོས་ཉམས་ཞིབ་གནང་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། ལས་གཞི་གསར་བ་དེར་སྨན་སྦྱོར་རིགས་འགའ་ཡང་ཆེད་དམིགས་སྦྱོར་སྡེབ་བྱེད་རྒྱུ་སོགས་གྲོས་འཆམ་བྱུང༌།

 

ལོ་དེའི་ཟླ་ ༧ ཚེས་ ༢༥ ནས་ཟླ་ ༩ ཚེས་ ༢ བར་སུད་སིའི་རྒྱལ་ས་ཇེ་ནེ་ཝའི་ཉིན་བཅུའི་དུས་སྟོན་སྐབས་སུ། སུད་སི་དོན་གཅོད་ཁང་གི་གོ་སྒྲིག་འོག་བོད་ཀྱི་ཆོས་དང་རིག་གཞུང་འགྲེམས་སྟོན་གནང་བའི་གོ་སྐབས་དང་བསྟུན་ཏེ་སྨན་པ་སྤེན་པ་ཚེ་རིང་ལགས་དང༌། སྐར་རྩིས་པ་ཚེ་རིང་ཆོས་འཛོམས་རྣམ་གཉིས་གདན་ཞུས་ལྟར་ཕྱོགས་བསྐྱོད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་དང་རྩིས་ཀྱི་འགྲེམས་སྟོན་གནང་ཞིང་། དེ་བཞིན་ཟླ་གཅིག་ལྷག་རིང་སྨན་པ་མི་གྲངས་ ༨ ལ་ལ་དྭགས་ས་གནས་སུ་སྐམ་ཁབ་ཟབ་སྦྱོང་དང་སྦྲགས་ལག་ལེན་དམར་ཁྲིད་ཡོང་ཕྱིར་བོད་སྨན་དང་སྨན་ཁབ་རྒྱག་རྒྱུ་ཟུང་སྦྲེལ་གྱིས་ནད་པ་མི་གྲངས་ ༢༠༧༤ ལ་སྨན་བཅོས་བྱས་པར་ཕན་ཐོགས་ཆེན་པོ་བྱུང་།

 

ཕྱི་ལོ་ ༡༩༩༩ ལོར་ས་ལུ་སྒ་རའི་སྨན་ཁང་གི་འགན་འཛིན་སྨན་རམས་པ་པདྨ་རྡོ་རྗེ་ལགས་དང་། སྨན་པ་པ་སངས་དབང་འདུས་སོགས་སྨན་པ་མང་པོ་ཞིག་དམིགས་བསལ་ཆེད་མངགས་བྷན་རྡ་ར་ཁུལ་གྱི་གྲོང་ཁྱེར་དང་།  དེ་བཞིན་མན་སྤར་བཅས་ས་གནས་ཁག་དགུ་དང་། ལ་དྭགས་བྱང་ཐང་འབྲོག་ཁུལ་ས་གནས་ཆེ་ཆུང་ཚང་མར་བསྐོར་སྐྱོད་ཀྱིས་སྨན་བཅོས་ཞུས་པའི་ཐེངས་འདིའི་སྨན་བསྐོར་ཁྲོད་ནད་པ་མི་གྲངས་ ༡༥༣༤ ༼ས་གནས་ཁ་ཤས་སུ་ནད་གྲངས་མི་གསལ༽ ལ་སྨན་བཅོས་ཞུས་པས་ས་གནས་ཡུལ་མིའི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་བྱུང་།

 

གཞན་ཡང་ལོ་དེའི་ཟླ་ ༨ ཚེས་ ༢༧ ནས་ཟླ་ ༡༠ ཚེས་ ༢༨ བར་སྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་ལགས་དང་ཕྱག་རོགས་ཉམས་ཞིབ་འགན་འཛིན་སྨན་རམས་པ་ཟླ་སྒྲོན་ལགས། སྨན་རམས་པ་རྣམ་རྒྱལ་ཚེ་རིང་།  སྨན་རམས་པ་ངག་དབང་མཁྱེན་བརྩེ། སྨན་རམས་པ་བསོད་ནམས་ལྷ་མོ། སྨན་པ་བསོད་ནམས་སྒྲོལ་མ་སོགས་ཨ་རི་དང་། ཁེ་ན་ཌ། ཕ་རན་སི། འཇར་མན་ནི། སུད་སི། ཨེ་ཊ་ལི། ཕྱི་སོག་ཀལ་མིག ནོར་ཝེ། སི་པན། བཅས་པར་བསྐྱོད་དེ་ནད་པར་བརྟག་དཔྱད་སྨན་བཅོས་དང་།  བོད་སྨན་གྱི་ལོ་རྒྱུས་དང༌། ལུས་སེམས་གཉིས་ཀྱི་འབྲེལ་བ། ལུས་ཀྱི་ཆགས་ཚུལ། ནད་ཀྱི་རྒྱུ་རྐྱེན་སོགས་ཀྱི་བརྗོད་གཞིའི་སྟེང་གསུངས་བཤད་ཁག་ ༤༠ གནང་། ཨ་རི་དང་། ཁེ་ན་ཌ། ཕ་རན་སི་བཅས་པར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནས་ནད་པ་བསྟེན་གཏུགས་བྱེད་མཁན་མི་གྲངས་ ༨༩༣  ལ་རང་ལུགས་ཐུན་མོང་མ་ཡིན་པའི་བལྟ་རེག་དྲི་བའི་སྒོ་ནས་ནད་པ་སོ་སོའི་འདོད་བློ་ཁེངས་པའི་བརྟག་དཔྱད་གནང་། ཕྱག་རོགས་སྨན་རམས་པ་ཟླ་སྒྲོན་ལགས་ནས་བོད་ལུགས་ནད་གཞི་བརྟག་ཐབས་སྐོར་སྦྱིན་ཤོག་ཐོག་ནས་ངོ་སྤྲོད་དང་། དེ་བཞིན་བུད་མེད་ཀྱི་འཕྲོད་བསྟེན་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་བཅས་ཀྱང་གནང་བ་དང་། སྨན་པ་བསོད་ནམས་སྒྲོལ་མ་ལགས་འཇར་མཱ་ནི་དང༌། ཕ་རན་སི། སུད་སི། སུད་ཌན། སུད་ཛར་ལན། ཅེག་རི་པཱབ་ལིག ཕིན་ལན། ཨེ་ཊ་ལི་བཅས་ལ་སྔ་ཕྱིར་ཆེད་བསྐྱོད་ཀྱིས་ནད་པ་མི་གྲངས་ ༡༩༨༡ ལ་བརྟག་དཔྱད་སྨན་བཅོས་དང༌། བོད་ཀྱི་གསོ་བ་རིག་པའི་སྐོར་ལ་གཏམ་བཤད་ཐེངས་མང་གནང་ཐུབ་པ་བྱུང༌བས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་སྒྲིག་གཤོམ་དང༌། བལྟ་རེག་དྲི་གསུམ་གྱིས་སྒོ་ནས་རིས་མེད་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས། སྨན་རྩིས་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ཁག་དང༌། ཞོར་དུ་བོད་དོན་དང་འབྲེལ་བའི་ཆབ་སྲིད་གནས་སྟངས་སྐོར་བཅས་གསུང་བཤད་གནང་བ་རྒྱལ་ཁབ་སོ་སོའི་རླུང་འཕྲིན་དང༌། བརྙན་འཕྲིན། གསར་ཤོག་ཁག་བརྒྱུད་དྲིལ་བསྒྲགས་རྒྱ་ཆེར་བྱུང་།

 

གཞན་ཡང་ཟླ་ ༩ ཚེས་ ༡༠ ནས་ཟླ་གསུམ་ལྷག་ཙམ་གྱི་རིང་།  ྋབླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང༌། གསུང་སྒྱུར་སྨན་པ་བསྟན་འཛིན་གྲགས་པ་རྣམ་གཉིས་ཨ་རིའི་ནང་གྲོང་ཁྱེར་ཁག་བདུན་དང༌། ཕི་རཱན་སིའི་ནང་གྲོང་ཁྱེར་བཞི། ཁེ་ན་ཌ་བཅས་པར་ཕྱོགས་ཕེབས་གནང་སྟེ་མཐོ་སློབ་ཁག་དང༌། ཡེ་ཤུའི་ཆོས་ཚོགས། ནང་པའི་ཆོས་ཚོགས། མི་དམངས་བཅས་པར་བོད་སྨན་གྱི་ལོ་རྒྱུས་དང༌། ལུས་སེམས་གཉིས་ཀྱི་འབྲེལ་བ། ལུས་ཀྱི་ཆགས་ཚུལ། ནད་ཀྱི་རྒྱུ་རྐྱེན་སོགས་ངོ་སྤྲོད་གནང་བ་མ་ཟད། རྒྱ་དམར་བཙོན་ཁང་གི་ལོ་རྒྱུས། ྋབླ་སྨན་པ་རང་ཉིད་བཙོན་ཁང་ནང་དཀའ་ངལ་དངོས་བྱུང༌། དེང་སྐབས་བོད་ནང་གི་གནས་སྟངས་སོགས་ཀྱི་བརྗོད་གཞིའི་སྟེང་གསུངས་བཤད་ཁག་ ༤༠ གནང་ཞིང༌། དེ་བཞིན་ནད་པ་བསྟེན་གཏུགས་བྱེད་མཁན་མི་གྲངས་ ༨༩༣ ལ་རང་ལུགས་ཐུན་མོང་མ་ཡིན་པའི་བལྟ་རེག་དྲི་བའི་སྒོ་ནས་ནད་པ་སོ་སོའི་འདོད་བློ་ཁེངས་པའི་བརྟག་དཔྱད་གནང་པ་དང་འབྲེལ་སོ་སོའི་ནད་གཞིར་བབས་བསྟུན་གྱིས་ཟས་དང་སྤྱོད་ལམ་བསྟེན་ཚུལ་གྱི་བསླབ་བྱ་གནང་ཐོག་གསོལ་སྨན་གནང་བར་ཕན་རླབས་ཆེན་པོ་བྱུང་སྟེ་ཡང་བསྐྱར་ཕེབས་གནང་ཡོང་བའི་རེ་འདུན་དང༌། ས་ཁུལ་ཁག་བཞི་ནས་སྨན་ཁང་འཛུགས་གནང་ཡོང་བའི་རེ་སྐུལ་ཀྱང་ཞུས་འདུག

 

གཞན་ཡང་ལོ་དེར་ཕིན་ལན་དང༌། ཨི་ཊ་ལི། སུ་ཛར་ལནཌ། ཅཻག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནི། སྭི་ཌེན། ཨསྟྲིཡ། ཕི་རཱན་སི། ནོར་ཝེ། ཨིིན་ལནཌ། སི་པན། ཀལ་མིག སི་ཀི་ཡ། སིངྒ་པུར་བཅས་རྒྱལ་ཁབ་སོ་སོར་སྨན་རྩིས་ཁང་ནས་སྨན་རམས་པ་རྣམ་རྒྱལ་ཚེ་རིང་དང༌། སྨན་རམས་པ་པདྨ་རྡོ་རྗེ། སྨན་རམས་པ་ཚེ་རིང་ཆོས་སྐྱིད། སྨན་པ་རྣམ་རྒྱལ་ཁྱུ་གསར། སྨན་པ་ཚེ་རིང་ལྷ་མོ། སྨན་པ་བསོད་ནམས་སྒྲོལ་མ། སྨན་པ་དོན་གྲུབ་ཚེ་རིང་སོགས་བསྐོར་བསྐྱོད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཉིས་ཀྱི་འགྲེམས་སྟོན་སྒྲིག་གཤོམ་ངོ་སྤྲོད་དང༌། བལྟ་རེག་དྲི་གསུམ་གྱི་སྒོ་ནས་རིས་མེད་ནད་པ་རྣམས་ལ་བརྟག་དཔྱད་སྨན་བཅོས། སྨན་རྩིས་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ཁག་དང༌། ཞོར་དུ་བོད་དོན་དང་འབྲེལ་བའི་ཆབ་སྲིད་གནས་སྟངས་སྐོར་བཅས་གསུང་བཤད་གནང་བ་ཁག་རྒྱལ་ཁབ་སོ་སོའི་རླུང་འཕྲིན་དང༌། བརྙན་འཕྲིན། གསར་ཤོག་ཁག་བརྒྱུད་དྲིལ་བསྒྲགས་རྒྱ་ཆེར་བྱུང་ཞིང༌། ཞོར་དུ་སྨན་རྩིས་ཁང་ལ་དཔལ་འབྱོར་འདུ་འགོད་ཀྱང་གང་ལེགས་བྱས་འདུག

 

ས་ལུ་སྒ་རའི་འགན་འཛིན་སྨན་པ་སྨན་རམས་པ་པདྨ་རྡོ་རྗེ་ལགས་ཟླ་ ༡༠ ཚེས་ ༡ ནས་ ༣༠ བར་ནོར་ཝེ་དང་ཟླ་ ༡༡ ཚེས་ ༡ ནས་ ༢༡ བར་ཨིན་ལནཌ་དུ་བསྐོར་བསྐྱོད་སྨན་བཅོས་ཆེད་ཕྱོགས་ཕེབས་གནང་སྟེ། ནོར་ཝེ་རུ་ནད་པ་མི་གྲངས་ ༡༦༦ ལ་བརྟག་དཔྱད་སྨན་བཅོས་དང༌། བོད་སྨན་སྐོར་གསུང་བཤད། དེ་བཞིན་གསར་ཤོག་དང༌། བརྙན་འཕྲིན་ཐོག་བོད་ཀྱི་གསོ་རིག་སྐོར་འགྲེལ་བརྗོད་གནང༌། ཨིན་ལནཌ་དུ་ནད་པ་མི་གྲངས་ ༧༠ ལྷག་ཙམ་ལ་བརྟག་དཔྱད་སྨན་བཅོས་གནང་འདུག་པ་དང༌། བོད་ཀྱི་སྨན་གཞུང་གི་རྩ་བའི་ལྟ་གྲུབ་ཉེས་གསུམ་སྐོར་གཏམ་བཤད་གནང་ཞིང༌། ཨིན་ལནཌ་གྱི་གསར་དེབ་ཅིག་གི་ནང་དེའི་སྐོར་ཀྱི་གནས་ཚུལ་ཀྱང་ཐོན་འདུག་པ་བཅས་རང་རེ་བོད་སྨན་གྱི་རིག་གཞུང་ཁྱབ་བསྒྲགས་གང་ལེགས་དང་ཕྱི་རྒྱལ་མི་རིགས་མང་པོར་ཕན་ཐོགས་ཅི་ཆེ་བྱུང་ཡོད།

 

          དེ་སྔོན་ནས་འབྲེལ་ཡོད་ཉི་ཧོང་ཧ་ཤི་སྦ་རའི་ཚོགས་པས་སྨན་རྩིས་ཁང་གི་གསོལ་སྨན་ཁག་འགའི་ཕན་ནུས་དང༌། དེ་དག་ནང་དངུལ་ཆུ་སོགས་དེང་དུས་ལུགས་གསར་ནས་བཀག་སྡོམ་ཡོད་པའི་སྨན་རྒྱུ་ཚད་གཞི་ཅི་ཡོད་བཅས་ལ་ཐོན་གསར་འཕྲུལ་ཆས་ཀྱི་ལམ་ནས་བརྟག་དཔྱད་བྱས་པའི་ལས་བསྡོམས་དང༌། རྗེས་སུ་བོད་སྨན་རེ་ཟུང་ཧ་ཤི་སྦ་ར་ཚོགས་པ་དང་མཉམ་འབྲེལ་བྱ་རྒྱུའི་བཀའ་བསྡུར་གནང་བར་ཉི་ཧོང་ནས་སྨན་པ་ཁག་ཅིག་ཟླ་ ༡༡ ཚེས་ ༡༠ ཉིན་འབྱོར་ཏེ།  ཉིན་གསུམ་རིང་ཌོག་ཌར་ཡོ་ཤཱ་ཀེ་ཨུ་མཱ་ར་ཡིས་མཐོ་སློབ་ཚོགས་ཁང་དུ་མཐོ་སློབ་དགེ་སློབ་རྣམས་དང་།  དབུས་ཀྱི་སྨན་པ་རྣམས་ལ་ཨོ་རིང་ཞེས་པའི་ལུགས་ཀྱིས་ན་ཚ་བརྟག་ཐབས་དང༌། བཅོས་ཐབས་སྐོར་སློབ་འཁྲིད་གནང་ཞིང༌། ཡང་ལྷན་ཚོགས་ཁང་དུ་གོང་གསལ་ཚོགས་པའི་སྨན་པ་རྣམས་དང༌། སྨན་རྩིས་དབུ་འཛིན། དྲུང་ཆེ། ྋསྐུའི་བླ་སྨན་པ། སྨན་སྦྱོར་འགན་འཛིན་སོགས་འབྲེལ་ཆགས་སྨན་པ་ཁག་ཅིག་ལྷན་འཛོམས་སར་ཚོགས་པ་དེས་དེང་དུས་འཕྲུལ་གསར་གྱིས་བརྟག་དཔྱད་བྱས་པའི་བོད་སྨན་སྦྱོར་སྡེ་ཁག་ཅིག་གི་ཕན་ཡོན་སྐོར་དང༌། དངུལ་ཆུའི་འདུས་ཚད་ཇི་ཡོད་སོགས་སྤྱིན་ཤོག་ལམ་ནས་ངོ་སྤྲོད་གནང་བ་མ་ཟད། སླེ་ཏྲེས་ལྔ་ཐང་དང་ཟླ་བདུད་གཉིས་ཀྱིས་ནད་རིགས་མང་པོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྟོགས་ར་འཕྲོད་བྱུང་ཚུལ་དང༌། རྗེས་སུ་བོད་སྨན་རེ་ཟུང་ཧ་ཤི་སྦ་ར་ཚོགས་པ་དང་མཉམ་སྦྲེལ་གྱིས་བཟོ་ཐབས་གནང་རྒྱུ་སོགས་ལ་རོབ་ཙམ་མོས་མཐུན་བྱུང༌སྟེ། ༢༠༠༠ ཟླ་ ༨ ཚེས་ ༩ ནས་ཟླ་ ༩ ཚེས་ ༨ བར་སྨན་སྦྱོར་སྨན་པ་ཟླ་བ་དང་། སྨན་དགེ་བསྟན་འཛིན་གྲགས་པ་གཉིས་ཉི་ཧོང་དུ་ཆེད་གཏོང་གནང་སྟེ་སྨན་སྦྱོར་བྱེད་སྟངས་དང་། དུག་སེལ་བྱེད་སྟངས། རིལ་བུ་བཟོ་སྟངས། ཨོ་རིང་གི་སྨན་བཅོས་ལས་ཨ་ལོང་བརྟག་ཐབས་སོགས་ཟླ་གཅིག་གི་རིང་ལ་སློབ་སྦྱོང་གནང་བས་ཕན་ཐོགས་མི་དམན་ཙམ་བྱུང་།

 

ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༢༡ ནས་ ༢༢ བར་ཉིན་གཉིས་རིང་འཆར་ཅན་སྨན་རྩིས་ཁང་གི་ལོ་འཁོར་ལས་བསྡོམས་སྐོང་འཚོགས་གནང་ཞིང༌། ཚོགས་ཐོག་ཏུ་དབུས་ཀྱི་སྡེ་ཚན་ཁག་དང་ཡན་ལག་སྨན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་སྒྲོག་སྦྱངས་དང༌། སྨན་བཅོས་ལག་ལེན་ནང་འཕྲད་པའི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས། དཀའ་གནད་ཁག་ྋསྐུའི་བླ་སྨན་རྣམ་པར་དོགས་འདྲི། གསོ་རྩིས་ཀྱི་བསྟན་པ་འཛམ་གླིང་ནང་དར་སྤེལ་བྱེད་སྟངས་དང་། སྨན་རྩིས་ཁང་གི་འཛིན་སྐྱོང་སྔར་ལས་ཚགས་ཚུད་ཡོང་ཐབས་སུ་ཚོགས་ཆུང་ཁག་བགོས་ཀྱིས་སོ་སོའི་བསམ་ཚུལ་ལྷུག་པོར་གནང་བ་སོགས་ལས་རིམ་ཁག་གྲལ་འགྲིག་གང་ལེགས་བྱུང༌།

 

           ཕྱི་ཟླ་ ༣ ཚེས་ ༢༣ སྟེ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༣༩ འཁོར་པའི་དུས་ཆེན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མི་རྗེ་བཀའ་བློན་ཁྲི་བ་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་རང་གཞུང་གི་མཛད་གཙོ་རྣམ་པ་དང་།  སྐུ་མགྲོན་རྣམས་གདན་ཞུས་ཀྱིས་དུས་དྲན་སྲུང་གཙིི་གནང་ཡོད་པ་རེད། དེ་ཡང་མཛད་རིམ་སྔོན་སོང་ལྟར་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་མི་རྗེ་བཀའ་བློན་ཁྲི་བ་བསོད་ནམས་སྟོབས་རྒྱལ་མཆོག་གིས་དབུས་སྐུ་མགྲོན་རྣམས་ཕེབས་གྲལ་འཁོད་མཚམས་སྨན་རྩིས་ལས་སློབ་ཡོངས་ནས་གཡུ་ཐོག་གསོལ་འདེབས་དང་སྨན་རྩིས་བསྟན་རྒྱས་སྨོན་ལམ་སོགས་གསུངས་དབྱངས་རབ་ཏུ་སྙན་པའི་རྟ་ལ་དྲངས་ཏེ་ཞལ་འདོན་གནང་བ་དང་ཆབས་ཅིག་གསོལ་ཇ་དང་བཞེས་འབྲས་རིམ་པ་བཞིན་འདེགས་འབུལ་ཞུ་པའི་ལམ་སྲོལ་དེ་སྔར་ནས་ཡོད་མུས་ཡིན་ཞིང་།  སྨན་རྩིས་དབུ་འཛིན་པདྨ་དགྲ་འདུལ་མཆོག་ནས་སྨན་རྩིས་ཁང་སྤྱི་ཡོངས་ཀྱི་ངོ་སྤྲོད་ལས་བསྡོམས་དང་སྦྲགས་མི་ལོ་ ༣༩ རིང་གི་ལོ་རྒྱུས་འཕེལ་རིམ་ལ་ཕྱི་མིག་བལྟས་ཏེ་སྨན་རྩིས་ཁང་འདི་བཞིན་མེད་པ་ནས་ཡོད་པ། ཡོད་པ་ནས་སྐབས་དེའི་སྨན་ལས་རྣམས་ཀྱིས་ཕྱིའི་སྤྱི་ཚོགས་ཁོར་ཡུག་དང་ནང་གི་མཐུན་རྐྱེན་དབེན་པའི་གནས་སྟངས་གང་འདྲ་ཞིག་གི་འོག་འབད་བརྩོན་ལྷོད་མེད་བྱས་ཏེ་རིམ་པས་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དེང་གི་སྨན་རྩིས་ཁང་འདི་ལྟ་བུ་ཆགས་ཐུབ་པའི་བརྒྱུད་རིམ་དང༌། ྋགོང་ས་མཆོག་སྨན་རྩིས་ཁང་ལ་ཞབས་སོར་བཀའ་དྲིན་བསྐྱངས་ཐེངས་རེ་རེར་གནང་བའི་བཀའ་སློབ་སྙིང་བསྡུས་ཁག་སྨན་རྩིས་ལས་སློབ་ཡོངས་ལ་སེམས་འགུལ་ཐེབས་པའི་དྲན་གསོ་གནང་བ་མ་ཟད། མཛད་སྒོའི་ཐོག་ཞབས་ལོ་ཉི་ཤུ་ལོན་པའི་སྨན་ལས་ཁག་ལ་ལེགས་སོའི་གསོལ་རས་དང༌། སྐབས་དྲུག་པའི་ལས་ཐོག་སྨན་པ་དཀའ་བཅུ་བ་རྣམས་དང་སྐབས་གསུམ་པ་དང་བཞི་བའི་ལས་ཐོག་རྩིས་པ་དཀའ་བཅུ་བ་རྣམས་སྨན་རམས་པ་ཆུང་བ་དང༌། རྩིས་རམས་པ་ཆུང་བར་རྒྱུགས་བཞེས་གནང་བའི་གྲུབ་འབྲས་གསལ་བསྒྲགས་དང་སྦྲགས་ཕྱག་འཁྱེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་བ་མཆོག་ནས་གསོལ་སྩལ་གནང་། གཞན་ཡང་ཉིན་དེའི་སྐུ་མགྲོན་གྲས་སུ་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་དང༌། ལྷན་ཁང་ཁག་གི་དྲུང་ཆེ་འགན་འཛིན། ཚོགས་པ་སྐྱིད་སྡུག་ཁག་གི་ལས་སྣེ། གསར་འཕྲིན་ལས་རིགས་ཀྱི་མི་སྣ་སོགས་ཁྱོན་བསྡོམས་མི་གྲངས་སུམ་ཅུ་ཙམ་ཕེབས་བཞུགས་གནང་ཡོད་པ་རེད།

 

དེ་ཡང་བོད་གཞུང་སྨན་རྩིས་ཁང་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༩༦༡ ལོར་ཐོག་མར་མགོ་འཛུགས་སྐབས་སྨན་རྩིས་དགེ་སློབ་རྣམས་ཀྱི་བཞུགས་ཡུལ་ཤིང་ཁང་ཐེབས་ཆག་དང༌། གསོལ་སྨན་བཟོ་བསྐྲུན་ཡང་མི་ཤུགས་ཁོ་ནར་བརྟེན་དགོས་པ། དེང་དུས་ལྟ་བུའི་འཛིན་གྲྭ་ཟུར་འཛུགས་ཀྱིས་སློབ་སྦྱོང་བྱེད་རྒྱུ་མེད་པར་སློབ་སྦྱོང་གནང་ཞོར་ལ་གསོལ་སྨན་རྡུང་རྒྱུ་དང༌། རིལ་བུ་སྒྲིལ་རྒྱུ། དབུར་རྒྱུ་སོགས་གནང་དགོས་པ་མ་ཟད། སྨན་བསྐོར་དུ་བསྐྱོད་སྐབས་སྨན་ཁུག་སོ་སོའི་སྐུ་རྒྱབ་ཏུ་བསྣམས་ནས་རྐང་ཐང་ལ་ཕེབས་དགོས་ཤིང༌། སྨན་རྒྱུ་ཐབས་འཚོལ་ཉོ་སྒྲུབ་བྱ་རྒྱུ་ཡང་ཡུལ་རྒྱུས་མེད་པའི་ཁར་མ་དངུལ་ཡང་སྔ་གཡར་ཞུ་དགོས་པ་དང༌། སྐར་རྩིས་ལ་མཚོན་ནའང་མི་གཅིག་ལག་གཅིག་ལྟ་བུ་ཆགས་ཡོད། འཚོ་བའི་མཐུན་རྐྱེན་ཡང་བཟའ་བཅའི་རིགས་སྐམ་ཕོགས་ཞུ་རྒྱུ་དང་དངུལ་ཕོགས་སྒོར་ ༡༥ ལས་མེད་པའི་གནས་སྟངས་འོག་སེམས་ཤུགས་མ་ཆག་པར་དཀའ་ངལ་ལ་གདོང་ལེན་གནང་བར་བརྟེན་ལོ་རེ་ནས་ལོ་རེར་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་སྟེ། ཕྱི་ལོ་ ༢༠༠༠ ལོར་སླེབས་སྐབས། སྨན་རྩིས་ཁང་འདིར་དབུས་སུ་འཛིན་སྐྱོང་དང་འབྲེལ་བའི་སྡེ་ཚན་བརྒྱད་དང༌། རིག་གཞུང་དང་འབྲེལ་བའི་སྡེ་ཚན་བརྒྱད་བཅས་སྡེ་ཚན་བཅུ་དྲུག རྒྱལ་བལ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྨན་ཁང་གྲངས་བཞི་བཅུ་ཞེ་གཉིས། འགན་དབང་གང་འཚམས་བགོ་སྤྲད་བྱས་པའི་ཚོགས་ཆུང་ཁག་བཅུ་དྲུག ཁྱོན་བསྡོམས་པའི་སྨན་རྩིས་ལས་སློབ་མི་གྲངས་བཞི་བརྒྱ་སོ་བཞི་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཚོགས་དངུལ་འབུལ་བཞིན་པའི་སྨན་རྩིས་ཁང་གི་ཚོགས་མི་གྲངས་བརྒྱ་དང་ལྔ་བཅུ་ང་ལྔ་བཅས་ཡོད་པའི་བཙན་བྱོལ་གྱི་སྒྲིག་འཛུགས་ཁྲོད་ཚགས་ཚུད་ཤོས་དང༌། གཞི་རྒྱ་ཆེ་ཤོས། ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པར་བརྟེན༌། ད་དུང་མུ་མཐུད་ནས་ནང་གི་འཛིན་སྐྱོང་དང༌། སློབ་ཕྲུག་གི་ཤེས་ཡོན། སྨན་ལས་པའི་སྤུས་ཚད་དང༌། ལྷག་བསམ། ཞབས་ཞུའི་རྣམ་འགྱུར། ཕྱིའི་འཛུགས་སྐྲུན་སོགས་སྒོ་གང་ཐད་ནས་མི་རིགས་ཀྱི་རིག་གཞུང་ངོ་བོ་མངོན་པར་མཚོན་ཐབས་བཅས་ལ་ཚད་གཞི་མཐོ་ཤོས་སུ་གྱུར་ཡོད་པས་ྋགོང་ས་མཆོག་གིས་གཙོས་བོད་མི་ཀུན་གྱིས་རེ་འདུན་ནན་པོ་བྱེད་བཞིན་ཡོད། དེ་ཡང་གསལ་པོར་བཤད་ན། སྨན་རྩིས་ཁང་ནས་སྔོན་འགོག་གཙོ་བོ་དང་འབྱུང་བཅོས་ཟུང་འབྲེལ་བྱེད་རྒྱུའི་རྩ་དོན་ལག་བསྟར་བྱེད་དགོས་ཀྱང་སྐབས་དེར་ཡན་ལག་སྨན་ཁང་གྲངས་བཞི་བཅུ་ཞེ་གྲངས་ལས་མེད་པས་འཛམ་གླིང་ཡུལ་གྲུ་གང་སར་ནད་པའི་ཁྲོད་བོད་སྨན་བསྟེན་རྒྱུར་སྐོམ་པ་ཆུ་འདོད་ཀྱི་རེ་འདུན་ཡོད་པ་དག་ལ་དགོས་མཁོ་ལྟར་སྨན་ཁང་གསར་འཛུགས་བྱ་རྒྱུར་དུས་ཐོག་ཡོང་མིན་རྐྱེན་པས། དོན་དངོས་དང་བསྟུན་ཏེ་སྐོར་བསྐྱོད་སྨན་བཅོས་དང༌། ཡིག་ཟམ་སྨན་བཅོས་བྱེད་རྒྱུ་གཙོ་གནད་དུ་བཟུང་བར་བརྟེནརིས་སུ་མ་ཆད་པའི་རྒྱ་ཆེའི་ནད་པའི་ཆེད་དུ་རླབས་ཆེ་བའི་བྱ་བ་མང་པོ་ཞིག་འགྲུབ་ཐུབ་པ་བྱུང༌འདུག དཔེར་ན།  ཕྱི་ལོ་ ༡༩༩༩ ནས་ ༢༠༠༠  བར་ལོ་གཅིག་གི་ནང༌། རྒྱ་བལ་ནང་གི་ཁྱབ་ཁོངས་ཡན་ལག་སྨན་ཁང་བཞི་བཅུ་ཞེ་གཉིས་ནས་རྒྱུན་གཏུགས་ནད་པའི་ཐོག་ཉེ་འབྲེལ་ས་གནས་ཁག་ ༤༩ ལ་བསྐོར་བསྐྱོད་སྨན་བཅོས་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༣ ཙམ་ལ་ཕྱོགས་ཕེབས་ཀྱིས་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་བལྟ་རེག་དྲི་བའི་སྒོ་ནས་བརྟག་དཔྱད་སྨན་བཅོས་ཞུས་པའི་ནད་པའི་མི་གྲངས་ཁྱོན་བསྡོམས་འབུམ་ལྔ་ལྷག་ཟིན་པ་དེ། ཉིན་རེར་ཆ་སྙོམས་བྱས་ཚེ་ནད་པ་མང་དུས་སྟོང་ཕྲག་གསུམ་ཙམ་དང༌། ཉུང་ཤོས་ལ་ཉིས་སྟོང་ལྔ་བརྒྱ་ཙམ་ལ་བརྟག་དཔྱད་སྨན་བཅོས་བྱས་པའི་ནང་བརྒྱ་ཆ་དགུ་བཅུ་ཡན་རྒྱ་གར་གྱིས་གཙོས་པའི་ཕྱི་རྒྱལ་མི་རིགས་ཡིན། རང་རིགས་གཙོ་གྱུར་དངོས་འབྲེལ་ཉམ་ཐག་དང༌། ལོ་ན་དྲུག་ཅུ་རེ་ལྔ་ཡན། རང་ཡུལ་ནས་གསར་དུ་འབྱོར་བ། རང་གཞུང་སྲི་ཞུའི་ལས་བྱེད་བཅས་ལ་སྨན་སྦྱིན་དང༌། གྲུབ་མཐའ་རིས་མེད་ཀྱི་གྲྭ་བཙུན་དང༌། སློབ་ཕྲུག་སོགས་ལ་ཕྱེད་བཅག་ཕུལ་བ་རིན་བསྒྱུར་ཞུས་ན་སྒོར་ ༦༤༤༩༩༧༩།༢༠ ཟིན་ཡོད། སྐར་དཔྱད་རྩིས་རིག་སྡེ་ཚན་ནས་འཆར་ཅན་ལོ་རེའི་ལོ་ཐོ་རྒྱས་བསྡུས་གཉིས་དང༌། རྩིག་འགེལ་ལོ་ཐོ་ཤོག་རྐྱང་མ། རྩིག་འགེལ་ལོ་ཐོ་ཤོག་བཞི་མ་བཅས་དུས་ཐོག་འདོན་སྤེལ་ཞུས་པ་མ་ཟད། མི་རིགས་འདྲ་མིན་ལ་ཚེ་རྩིས་སོགས་དབྱིན་བོད་ཡིག་རིགས་གཉིས་ཐོག་རྩིས་འབྲས་སྣ་ཚོགས་གྲངས་ ༩༢༦ འདོན་སྤེལ་གྱིས་དོ་བདག་སོ་སོར་ཐུགས་རེ་སྐོང་ཐུབ་པ་བྱུང༌། སྨན་རྩིས་ལས་བྱེད་ཡོངས་ནས་རང་རང་འཁུར་བབས་ལས་འགན་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབད་བརྩོན་ཞུས་འབྲས་སུ་གོང་གསལ་དུས་བཀག་ནང་རང་གཞུང་ལ་ཞལ་འདེབས་ཁྱོན་བསྡོམས་ཧིན་སྒོར་ ༣༠༢༠༨༥༨།༠༠ འབུལ་ལམ་ཞུས་ཐུབ་པ་དེ་ནི་རང་གཞུང་ལ་དཔྱ་དངུལ་འབུལ་བཞིན་པའི་ཚོགས་སྡེ་གྲངས་དྲུག་ཅུ་ལྷག་ཡོད་པའི་ནང་ནས་ཨང་དང་པོ་དེ་ཆགས་ཡོད། དེ་ཡང་ཕྱི་ལོ་ ༢༠༠༠ ལོར་ྋསྐུའི་བླ་སྨན་ཀུན་དགའ་འགྱུར་མེད་མཆོག་དང་།  སྨན་རམས་པ་བསྟན་འཛིན་སྐྱིད་འཛོམས། སྨན་རམས་པ་ངག་དབང་མཁྱེན་བརྩེ། རྩིས་པ་ཕུར་བུ་ཚེ་རིང་སོགས་སྨན་རྩིས་པ་སྐོར་ཞིག་སྔ་ཕྱིར་ཇར་མ་ནི་ཨ་རི་བཅས་སུ་རིམ་པས་ཕེབས་ཏེ་བོད་ཀྱི་སྨན་རྩིས་གཉིས་ཀྱི་འབྲེལ་བ་དང་ཐུན་མིན་གྱི་ཁྱད་ཆོས། དེ་བཞིན་སྨན་རྩིས་གཉིས་འགྲེམས་སྟོན་དང་གཏམ་བཤད་སོགས་རྒྱ་ཆེར་གནང་བ་མ་ཟད། ནད་པ་གྲངས་ ༥༢༩༼ས་གནས་ཁ་ཤས་སུ་ནད་པའི་གྲངས་མི་གསལ།༽ལ་བརྟག་དཔྱད་སྨན་བཅོས་གནང་བ་དང་། མི་གྲངས་ ༡༦༠ ཙམ་ལ་རྩིས་འབྲས་བསྐོར་བ་སོགས་གནང་སྟེ་ཕྱི་རྒྱལ་ཡུལ་གྲུ་དེ་དག་ལ་བོད་ཀྱི་སྨན་རྩིས་གཉིས་ཀྱི་ལེགས་བྱང་བཟང་བོ་དར་སྤེལ་དང་གོ་རྟོགས་གསར་བ་གནང་ཡོད་འདུག གཞན་ཡང་ལོ་དེའི་ཟླ་ ༧ ཚེས་ ༦ ནས ༨ བར ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༦༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་འཛམ་གླིང་སྤྱི་བསང་སྲུང་བརྩི་བྱེད་པར་དྷ་སའི་ཉེ་འགྲམ་གྱི་གྲོང་གསེབ་ཁག་གསུམ་ལ་རང་གཞུང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་སྐྱིད་འཛོམས་དང་། སྨན་པ་བསྟན་འཛིན་མཐའ་ཡས་སོགས་སྨན་པ་དྲུག་ཆེད་མངགས་ཀྱིས་ནད་པ་མི་གྲངས་ ༢༡༧ ལ་བརྟག་དཔྱད་སྨན་བཅོས་དང་གསོལ་སྨན་ཧིན་སྒོར་ ༦༠༥༩།༨༨ དང་མི་རེར་ལག་དོད་ཧིན་སྒོར་ ༡༠༨༥།༠༠ བཅས་རིན་མེད་དུ་ཕུལ་པས་ནད་ཅན་རྣམས་ཀྱི་ན་བའི་སྡུག་བསྔལ་སེལ་བ་ལ་ཕན་ཐོོགས་བྱུང་ཡོད་པ་མ་ཟད། ཡུལ་མིའི་མཛའ་འབྲེལ་ལའང་དགེ་ཕན་གང་ལེགས་བྱུང་།  དེ་བཞིན་དུ་དབུ་འཛིན་མཆོག་གི་བཀའ་འབྲེལ་བཞིན་སྨན་རྩིས་ཁང་གི་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་དང་།  སྨན་སྦྱོར་འགན་འཛིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་གཉིས་ལོ་དེའི་ཟླ་ ༧ ཚེས་ ༢༦ ཉིན་བདེ་སྐྱིད་གླིང་ཡན་ལག་སྨན་ཁང་གི་ས་ཆ་དང་། མངོན་དགའི་སློབ་གྲྭ་བཅས་ལ་ལྟ་སྐོར་གནང་བ་དང་། སྨིན་གླིང་གྲྭ་ཚང་དུ་ཕེབས་ནས་སྐྱབས་རྗེ་སྨིན་གླིང་ཁྲི་རིན་པོ་ཆེ་ལ་མཆོག་ལ་བརྟག་དཔྱད་ཞུས། དེ་ནས་རྒྱ་གར་ཚེ་ཡི་རིག་བྱེད་ཀྱི་ཚོགས་འདུར་ཚོགས་བཅར་གྱིས་སྐུའི་བླ་སྨན་དབང་རྒྱལ་ལགས་ཀྱིས་ལྗགས་རྩོམ་ཨིན་ཡིག་ཐོག་ཡོད་པའི་དེབ་གྲངས ༢༥ ཙམ་འགྲེམས་སྤེལ་ཞུས།

 

ལོ་དེའི་ཟླ་ ༡༠ ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཀོ་ལོམ་བིི་ཡ་ཆེས་མཐོའི་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་སྐམ་ཁབ་དང་གློག་བཅོས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པ་སྐོང་ཚོགས་གནང་བར་ཨ་རི་དང་། ཉི་ཧོང་། བྷ་རཱ་ཛིལ། རྒྱ་ནག ཡུ་གོ་སི་ལཱ་བི་ཡ། ཞེཀེན་ཌ། བེལ་ཇི་ཡམ རྒྱ་གར་སོགས་རྒྱལ་ཁབ་ཁག་གི་ཚན་རིག་པ་དང་། ནད་བཅོས་སྨན་པ་མང་པོ་ཕེབས་པའི་ཐོག་རང་གཞུང་སྨན་རྩིས་ཁང་གི་སྨན་པ་ཁ་ཤས་ཀྱིས་བོད་སྨན་གྱི་རྩ་ཆུའི་བརྟག་དཔྱད་བྱེད་ཐབས་སྐོར་གྱི་གཏམ་བཤད་གནང་། དེ་བཞིན་དུ་ལོ་དེར་རྒྱ་གར་ནང་དུ་ཟླ་ ༡༠ ཚེས་ ༡༨ ནས་ཚེས་ ༢༤ སྟེ་བདུན་ཕྲག་གཅིག་རིང་ལ་དྭགས་སྨན་པ་རྣམས་ཀྱི་ཤེས་ཡོན་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་ཕི་རཱན་སི་ནས་ཡིན་པའི་འབྲོག་པའི་འཕྲོད་བསྟེན་དང་། ཤེས་ཡོན་ཚོགས་པ། ལ་དྭགས་ཨེམ་རྗེ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་གསོ་རིག་མཁས་པའི་གྲོས་ཚོགས་སྦྱོང་བརྡར་ཐེངས་གཉིས་པ (Sorig Seminar) ལ་དྭགས་རྒྱལ་ས་གླེའི་ནང་དུ་འཚོགས་པར་གླེ་དང་། དཀར་ཁྱིལ། ནུབ་ར། ཟངས་དཀར། བྱང་ཐང་བཅས་ནས་སྨན་པ་ཁྱོམ་བསྡོམས་ ༡༠༥ འཛོམས་པར་ཟབ་ཁྲིད་རྒྱ་ཆེར་གནང་བས་ཕན་ཐོགས་མི་དམན་པ་བྱུང་། དེ་སྐབས་གོ་སྒྲིག་ཚོགས་པ་ཐུན་མོང་ནས་འདི་ག་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་མཆོག་ལ་ཐུགས་རེ་གནང་བ་ལྟར་སྨན་པ་པ་སངས་དབང་འདུས་ལགས་དང་། སྐལ་བཟང་རྡོ་རྗེ་ལགས་གཉིས་དེ་གའི་ཚོགས་འདུར་ཞུགས་ཏེ་སྨན་པའི་ཀུན་སློང་འཁྱེར་ཚུལ་གཙོ་ཆེ་ཚུལ་དང་། རེག་པ་རྩའི་བརྟག་ཐབས་སྐོར་གཏམ་བཤད་ངོ་སྤྲོད་ཞུས། དེ་བཞིན་དུ་སྨན་པ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གྲུམ་བུའི་ནད་ཀྱི་སྐོར་བོད་སྨན་དང་ཕྱི་ལུགས་ཐུན་མོང་ཐོག་རྒྱས་བཤད་ཞུས་འདུག ལོ་དེའི་ཟླ་ ༡༡ ཚེས་ ༤ ནས་ཟླ་ ༢ ཚེས་ ༢༨ བར་ཌལ་ཧོར་ཡན་ལག་སྨན་རྩིས་ཁང་གནས་མཆོག་རྡོར་གདན་དུ་སྨན་བསྐོར་ཆེད་ཕེབས་ཏེ་ས་གནས་ཁག་ལྔ་ནས་ཕེབས་པའི་རང་རིགས་ཆོས་ཞུ་བ་དང་ཕྱི་རྒྱལ་བ་སོགས་ནད་པ་མི་གྲངས་ ༢༦༩༣ ལ་བརྟག་དཔྱད་སྨན་བཅོས་ཞུས་པ་དང་རྡོར་གདན་ས་ཁུལ་གསར་འགོད་པ་གཉིས་ཆེད་ཕེབས་ཀྱིས་བོད་སྨན་སྐོར་ནད་གཞི་གང་འདྲ་ཞིག་ལ་སྨན་བཅོས་བྱ་ཐུབ་ཀྱི་ཡོད་མེད་སྐོར་དང་ནད་གཞིར་བརྟག་དཔྱད་བྱེད་སྟངས་སོགས་ལ་དྲི་བ་དྲིས་ལན་ཞུས། སྐབས་དེར་སྨན་རིན་སོགས་ནས་བྱུང་བ་སྒོར་ ༢༥༦༩༦༢།༨༧ བྱུང་འདུག

 

གཞན་ཡང་ལོ་དེར་ཟླ་ ༡༡ ཚེས་ ༧ ནས་ཉིན་གསུམ་གྱི་རིང་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་བོད་སྨན་ཚོགས་ཆེན་ཐེངས་དང་པོ་༼ྋགོང་ས་མཆོག་གིས་ཐེངས་འདིའི་ཚོགས་ཆེན་འདི་ཐེངས་གཉིས་པ་དང་། བཙན་པོ་ཁྲི་སྲོང་སྐབས་བསམ་ཡས་སུ་མཐའ་བཞིའི་རྒྱལ་ཁབ་ཀྱི་ཚོགས་ཞུགས་མཁས་དབང་གལ་ཆེན་འདུ་འཛོམས་བྱས་པ་དང་པོ་ཡིན་པའི་བཀའ་སློབ་གནང་།༽ཞེས་པ་ཨ་རིར་ཚོགས་པ་རེད། ཐེངས་དེར་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་དང་། གསུང་སྒྱུར་སྨན་པ་བསྟན་འཛིན་གྲགས་པ་ལགས། སྔོ་སྨན་ཉམས་ཞིབ་འགན་འཛིན་སྨན་པ་ཟླ་བ་ལགས་བཅས་ཚོགས་བཅར་ཞུས། ཚོགས་ཆེན་དེར་ཚོགས་ཞུགས་གནང་མཁན་རྒྱལ་ཁབ་ཉེར་བཞི་ནས་ཕེབས་པའི་མི་གྲངས་ཉིས་སྟོང་ཟིན་ཙམ་ཡོད་པས་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་དེ་ནི་དུས་རབས་ཉི་ཤུའི་ནང་གཞི་རྒྱ་ཆེ་ཤོས་ཀྱི་ཚོགས་འདུ་ཞིག་ཡིན་པ་དང་། ཚོགས་ཞུགས་འཐུས་མིའི་ནང་བོད་གཞིས་བྱེས་གཉིས་ཀའི་བོད་རིགས་སྨན་པ་ཡོད་པར་མ་ཟད། ཚོགས་འདུ་དེར་ཤར་ནུབ་ཡུལ་གྲུ་གང་ས་ནས་ཁྱོན་བསྡོམས་ཚོགས་ཞུགས་མི་སྣ་ཉིས་སྟོང་ལྔ་བརྒྱ་སྐོར་ཡས་མས་ལྷན་འཛོམས་ཐོག་བོད་སྨན་གྱི་ཁྱད་ཆོས་དང༌། ནད་ཐོག་གི་འགྲེལ་བརྗོད། སྨན་སྦྱོར་གྱི་འགྲོ་སྟངས། ཁོར་ཡུག་དང་འབྲེལ་བའི་སྨན་རྒྱུ་བེད་སྤྱོད་བྱེད་ཐབས་སྐོར་སོགས་ལ་གཏམ་བཤད་བྱས་ཤིང༌། བོད་སྨན་གྱི་བདག་དབང་སྐོར་ལ་བགྲོ་གླེང་སྐབས་སུ་འབྲུག་ནང་སྔོ་སྨན་འདེབས་ལས་བྱེད་མཁན་ཕྱི་རྒྱལ་བ་ཞིག་གིས་བོད་སྨན་འདི་བོད་པའི་ཡིན་ཟེར་ན་མི་འགྲིག་ཚུལ་བརྗོད།

 

དེ་ཡང་ཁོ་བས་བོད་སྨན་ལག་ལེན་བྱེད་མཁན་རྒྱ་དམར་འོག་ཏུ་ཚུད་པའི་བོད་པ་དང༌། རྒྱ་གར་དྷརྨ་ཤཱ་ལཱར་ཡོད་པའི་བོད་པ། ལ་དྭགས་པ། འབྲུག་པ། བལ་ཡུལ་གྱིས་མཚོན་པའི་ཧི་མ་ལ་ཡའི་རི་རྒྱུད། དེ་བཞིན་སོག་པོ་སོགས་ལ་ལག་ལེན་བྱེད་བཞིན་ཡོད་ཚུལ་བརྗོད་དེ། དེ་ལ་བོད་སྨན་ཟེར་ན་མི་འགྲིག་པར་གསོ་བ་རིག་པའི་ལུགས་ཟེར་ན་ཡག་པོ་འདུག་ཅེས་བོད་ཀྱི་གནས་བབས་ཛ་དྲག་གི་སྐབས་དང་བསྟུན་ནས་སྐབས་འཚོལ་གྱི་འཆལ་གཏམ་བཤད་པ་དང་།  སུད་སིར་ཡོད་པའི་པདྨ་ཉེར་བརྒྱད་ཚོགས་པའི་འགན་འཛིན་ནས་དེ་དགོངས་ཚུལ་ཡག་པོ་འདུག་ཅེས་བོད་སྨན་གྱི་རྒྱལ་སྤྱིའི་མཚན་སྙན་བདག་གིར་འདོད་པའི་ཧམ་སེམས་ཀྱིས་རྒྱབ་སྐྱོར་བྱས་པར། སྨན་པ་ཟླ་བ་ལགས་དང༌། སྨན་པ་རྡོ་རྗེ་རབ་བརྟན། སྨན་པ་བསོད་ནམས་དབང་འདུས། སྨན་པ་བསྟན་འཛིན་བདེ་བྱེད་སོགས་ནས་བོད་སྨན་འདི་བོད་ནས་དར་ཞིང་བོད་ལ་བདག་དབང་ཡོད་པ་ལོ་རྒྱུས་ཐོག་ནས་ཁུངས་སྐྱེལ་གསལ་བོ་ཡོད་བཞིན་དུ་ལོ་རྒྱུས་ལ་འཁྱོག་བཤད་དང༌། བཟོ་བཅོས་བྱེད་པའི་ཐོབ་ཐང་ང་ཚོ་སུ་གཅིག་ལའང་ཡོད་པ་མ་རེད། ཅེས་ཚོགས་ཐོག་རང་ལ་འགྲེལ་བརྗོད་ཞིབ་གསལ་གནང་ཐུབ་འདུག། སྐབས་དེའི་ཚོགས་ཐོག་ཏུ་བོད་སྨན་དར་ཁྱབ་བྱུང་བའི་སོག་པོ་དང་། འབྲུག་པ། ལ་དྭགས། གཞན་ཡང་བོད་ཀྱི་གསོ་རིག་ལ་ཉམས་ཞིབ་དང་སློབ་སྦྱོང་གནང་མཁན་གྱི་ཕྱི་རྒྱལ་ཚན་རིག་པ། ཕྱི་ལུགས་སྨན་པ་དང་སྨན་རྫས་བཟོ་གྲྭའི་ལས་དོན་པ། ཁྲིམས་དོན་པ་སོགས་མཉམ་ཞུགས་གནང་ཡོད་པ་རེད།

 

ཕྱི་ལོ་ ༢༠༠༠ ཟླ་ ༡༢ ཚེས་ ༧ ཉིན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ནས་མི་ལོ་ ༦༠ འཁོར་བ་དང་། ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་མི་ལོ་ ༥༠ འཁོར་བའི་དུས་དྲན་ཁྱད་པར་ཅན་གྱི་མཛད་སྒོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྨན་རྩིས་ཁང་དབུ་ལས་ཡོངས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་ཞབས་ཟུང་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་བའི་བཀའ་དྲིན་སྤྱི་བོའི་རྒྱན་དུ་ཐོབ་པ་དང་། སྐབས་དེའི་དུས་དྲན་མཛད་སྒོའི་སྐབས་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་རྣམ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དཔལ་ལྡན་བོད་གཞུང་བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་གཞུང་རྩིས་ཞིབ་དང་འདེམས་ལྷན་འོས་བསྡུ་དང་བཅས་པའི་འགན་འཛིན་དང་ཚོགས་གཙོ། བོད་གཞུང་གི་དྲུང་ཆེ་དང་འགན་འཛིན་རྣམ་པ། དུས་དང་རྣམ་པ་ཀུན་ཏུ་སྨན་རྩིས་ཁང་ལ་རོགས་རམས་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་བ་དང་། རྒྱ་གར་བ། རང་རིགས་སྐུ་མགྲོན་བཅས་ལྷན་འཛོམས་ཐོག་སྨན་རྩིས་ཁང་ནས་བོད་མིའི་གཞིས་ཆགས་ཁག་ཡོངས་ལ་སེ་འབྲུ་ཀུན་བདེ་ཕོན་ཆེན་སྨན་སྦྱིན་གནང་ཞིང་། དེ་ཡང་ྋགོང་ས་མཆོག་གི་ཕྱག་རང་ནས་ས་གནས་གཞིས་འགོ་ཁག་ལ་གསོལ་བསྩལ་གནང་བའི་བསྐལ་བཟང་ཐོབ། སྐབས་དེར་དབུ་འཛིན་མཆོག་གིས་སྨན་རྩིས་ཁང་གི་ལས་བསྡོམས་སྙན་སེང་ཞུས་གྲུབ་རྗེས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཕྱི་ཀུན་གྱི་བླང་དོར་ཟབ་མོའི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་བ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཛད་འཕྲིན་གྱི་སྣང་བ་ལ་བརྟེན་ནས་མཛད་སྒོ་དེ་བཞིན་བརྗིད་ཉམས་ལྡན་པ་བཀྲ་ཤིས་ཕུན་སུམ་ཚོགས་པོ་བྱུང་།

 

ཕྱི་ལོ་  ༢༠༠༡ ཟླ་ ༣ ནང་དབུས་སྨན་རྩིས་ཁང་གི་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་ལགས་དང་། ཡན་ལག་སྤྱི་ཁྱབ་འགན་འཛིན་སྨན་རམས་པ་ངག་དབང་མཁྱེན་བརྩེ་གཉིས་མ་ནཱ་ལི་ཡན་ལག་སྨན་ཁང་དུ་བསྐོར་སྐྱོད་ལ་ཕེབས་དུས་མ་ནཱ་ལི་ཡན་ལག་སྨན་ཁང་གི་འགན་འཛིན་གྱིས་ཁོང་གཉིས་ལ་ལམ་སྟོན་བསླབ་བྱ་གནང་དགོས་སྐོར་ཞུས་པ་ལྟར་བཀའ་སློབ་ལམ་སྟོན་ཞུས་པ་དང་། དེ་བཞིན་སྦིར་ཡན་ལག་སྨན་ཁང་དུ་ཕེབས་ཏེ་ལས་ཀ་བྱེད་ཕྱོགས་ལ་གཟིགས་ཞིབ་དང་མ་འོངས་སློབ་སྟོན་བཅས་གནང་། དེ་བཞིན་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་ལགས་སུ་ཇ་བོད་ཁྱིམ་དུ་ཕེབས་ཏེ་སུ་ཇ་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ནས་ཐུགས་རེ་གནང་བ་བཞིན་དགེ་སློབ་རྣམས་ལ་བོད་སྨན་དང་འབྲེལ་བའི་གཏམ་བཤད་གནང་།  ལོ་དེའི་སྨན་བཏོག་མ་སོང་སྔོན་དུ་སྨན་སྦྱོར་འགན་འཛིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་དང་། སློབ་སྤྱི་གཞོན་པ་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས། དྲུང་ཆེ་པདྨ་རྡོ་རྗེ་བཅས་མ་ནཱ་ལིར་ཕེབས་ཏེ་ས་གནས་དེའི་ཤིང་ནགས་ལས་ཁུངས་ཀྱི་དཔོན་རིགས་གཉིས་ལ་མཇལ་བཅར་གྱིས་བོད་གཞུང་སྨན་རྩིས་ཁང་ནི་དགེ་རྩའི་ཚོགས་པ་ཞིག་ཡིན་ལུགས་དང་། ཆབས་ཅིག་སྨན་འཐོག་གི་དམིགས་ཡུལ་གཙོ་བོ་ནི་སྨན་སློབ་རྣམས་ལ་སྨན་ངོ་སྤྲོད་དང་སྨན་སྦྱོར་སྟངས་སློབ་ཐབས། དེ་མིན་ནད་བཅོས་ཉམས་ཞིབ་བྱ་རྒྱུ་སོགས་ཀྱི་ཆེད་ཡིན་ལུགས་སོགས་ཞུས་པས། ཁོང་རྣམ་གཉིས་ཀྱིས་སྨན་འཐོག་མི་ཆོག་པའི་རིགས་བཀོག་ན་འགྲིག་གི་མེད་པ་དང་། སྨན་ཕོན་ཆེན་པོ་བཏུ་དགོས་ཚེ་ཡུལ་མི་སྨན་རྒྱུ་འཚོང་མཁན་བརྒྱུད་ཉོ་དགོས་ལུགས། སྨན་འཐོག་ཕོན་ཆེན་པོ་བྱེད་རྒྱུ་དེ་ Export License ཐོག་ས་གནས་ཡུལ་པ་བརྒྱུད་དགོས་ན་ཤིང་ནགས་ལས་ཁུངས་ནས་ Royalty ཕྱག་དངུལ་སྣེ་སེལ་ཞུ་དགོས་ལུགས་སོགས་ཀྱིེ་ལམ་སྟོན་རྒྱས་པར་གནང་། དེ་རྗེས་ལ་དྭགས་སུ་ཕེབས་ཏེ་ལ་དྭགས་རིག་གཞུང་བསྟི་གནས་ཁང་གི་ཨར་ལས་ལ་གཟིགས་སྐོར་དང་ལ་དྭགས་གླེ་ཕྱི་ནང་གི་སྨན་པ་ཡོངས་ཀྱི་སྤྱི་ཁྱབ་ C.M.O བློན་པོ་ཟླ་བ་ལ་རིག་བསྟིའི་སྐོར་འགྲེལ་བཤད་དང་།  ཅོག་ལམ་སར་ཡན་ལག་སྨན་ཁང་དང་། ཨག་གླིང་ཡན་ལག་སྨན་ཁང་ལ་ལྟ་སྐོར་དང་ནད་པར་བརྟག་དཔྱད་ཆེད་བསྐྱོད་བྱས་པས་དགེ་ཕན་གང་ལེགས་བྱུང་འདུག

 

ཕྱི་ལོ་ ༢༠༠༡ ལོར་ྋསྐུའི་བླ་སྨན་ཀུན་དགའ་འགྱུར་མེད་མཆོག་དང་།  སྨན་རམས་པ་ཟླ་བ། དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ། སྨན་པ་བཀྲ་ཤིས་ལྷ་མོ། སྨན་པ་པདྨ་དབྱངས་ཅན་སོགས་ཨ་རི་དང་། ནོར་ཝེ། ཇར་མ་ནི། ཨིན་ལན་༼རྒྱལ་ཁབ་ཁ་ཤས་སུ་ཐེངས་གཉིས་ཙམ་ཕྱིན་པ་ཡང་ཡོད།༽བཅས་སུ་རིམ་པས་ཕྱོགས་བསྐྱོད་གནང་སྟེ། ས་གནས་ཁག་གི་མི་མང་འདུ་འཛོམས་སར་བོད་སྨན་སྐོར་གྱི་གཏམ་བཤད་དང་། ཨ་རིའི་གྲོང་ཁྱེར་མི་ནེ་སོ་ཊར་འཚོགས་པའི་བོད་སྨན་གྱི་ཚོགས་འདུར་ཞུགས་པ། དེ་བཞིན་དུ་འབྲས་ནད་བཅོས་ཚུལ་དང་། བོད་སྨན་ལོ་རྒྱུས་དང་མ་ཞུ་བའི་ནད་གཞིའི་སྐོར། བོད་སྨན་དང་ནང་ཆོས་ཀྱི་འབྲེལ་བའི་སྐོར། བོད་སྨན་རྒྱལ་རབས་ངོ་སྤྲོད་སོགས་གསུང་བཤད་དང་། ནོར་ཝེ་སོགས་ས་གནས་ཁ་ཤས་སུ་ཁྱབ་རྒྱ་ཆེ་བའི་གསར་ཤོག་དང་གསར་དེབ་སོགས་སུ་བོད་སྨན་གྱི་ཕན་ནུས་སྐོར་དྲི་བ་དྲིས་ལན་བྱུང་བར་གཞུང་ལུགས་དང་མཐུན་པའི་ལན་འདེབས་གནང་། སྐབས་དེར་ས་གནས་ཁག་ཏུ་ཁྱོན་བསྡོམས་ནད་པ་གྲངས་ ༨༥༡ ལ་བརྟག་དཔྱད་སྨན་བཅོས་ཞུས་པ་ལས་སྨན་དོད་སོགས་ལས་བྱུང་བ་ནོར་སྒོར་ ༡༩༡༧༩༦།༠༠ དང་།  ཨིན་སྒོར་ ༥༠༧༢།༠༠ ཨ་སྒོར་ ༢༢༩༣༩།༠༦ འཇར་མི་ནི་སྒོར་ ༢༠༧༣༥།༠༠ བཅས་བྱུང་ཡོད་འདུག་པ་དང་། དེ་བཞིན་ལོ་དེའི་ནང་དབུས་དང་ཡན་ལག་ཁག་གི་སྨན་པ་རྒན་གཞོན་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་ཏུ་ཕེབས་ཏེ་ནད་པ་མང་བོར་བརྟག་དཔྱད་སྨན་བཅོས་གང་ལེགས་གནང་བར་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྨན་དང་རྩིས་ཀྱི་རིག་པའི་གཞུང་ལུགས་འདི་ཉིད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་འགྲེམས་སྤེལ་དྲིལ་བསྒྲགས་ཤུགས་ཆེར་གནང་འདུག

 

གཞན་ཡང་ལོ་དེར་རྒྱ་གར་ནང་ལོགས་སུ་སྐུ་ངོ་དབུ་འཛིན་མཆོག་དང་།  སྨན་རྫས་འགན་འཛིན། སྨན་སྦྱོར་སྤེན་པ། སྨན་པ་སྐལ་བཟང་དབང་རྒྱལ། སྨན་པ་ཉི་མ་ཚེ་རིང་དང་། སྨན་པ་བསྟན་འཛིན་དགེ་ལེགས་སོགས་ཀྲུ་ཀྲིང་དང་། དི་ལླིི། ལ་དྭགས་བྱང་ཁུལ་ས་གནས་ནུབ་མ་དང་།  ཝམ་གླེ། སུམ་མདོ། བཀག་གཞུང་།  གུ་ཡུལ། ས་སྨད། མཁར་ནག རང་ལ། ར་ཆུང་ཀ་རུ། མཚོ་དཀར། པོ་ལོ་ལ། ཀོར་རྫོགས། བདེ་མཆོག རོང་མགོ་ལ། མ་ཡེ་ཕུ་སོགས་སུ་སྔ་ཕྱིར་ཕེབས་བསྐྱོད་ཀྱིས་སྨན་བསྐོར་ཐེངས་ཁ་ཤས་གནང་བ་མ་ཟད། ས་གནས་ཀྱི་མང་ཚོགས་ལ་སྨན་རྩིས་གཉིས་འགྲེམས་སྟོན་དང་། རྩིས་འབྲས་བསྐོར་བ་སོགས་ལས་དོན་སྣ་མང་བསྒྲུབས། ལ་དྭགས་ས་གནས་ཁག་ཅིག་ནི་ས་བབ་མཐོ་ལ་གྲང་ངར་ཆེ་ཐོག་སྨན་བཅོས་འཕྲོད་བསྟེན་ཡག་པོ་མེད་པས་རྐྱེན་གྱིས་རྐང་འབམ་དང་དྲེག་གྲུམ། རྒྱུན་དུ་གཙང་འཕྲོད་མེད་པའི་རྐྱེན་གྱིས་མིག་ནད། ཇ་དང་ཆང་གཉིས་ལ་རྒྱུན་རོལ་ཆེ་བས་ཁྲག་ཤེད་མཐོ་བ། མཁའ་རླུང་ཆེ་བས་རླུང་ཤས་ཆེ་བ་ལ་ཡུན་རིང་སྨན་བཅོས་མ་བྱས་པར་ནད་རྙིང་དུ་སོང་བ་སོགས་ཀྱི་དཀའ་ངལ་ཧ་ཅང་ཆེ་བར་བརྟེན་སྨན་བསྐོར་འདི་བརྒྱུད་དེ་ས་གནས་དེ་དག་གི་མི་མང་ལ་ཕན་རླབས་ཆེན་པོ་བྱུང་།

 

ལོ་དེའི་ཟླ་ ༢ ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་ Bharat-Tibet Maitri Sangh ཚོགས་ཆེན་ཐེངས་དྲུག་པ་ཨུཏྟར་པྲདེཤིའི་རྒྱལ་ས་ལཀ་ནའོ་ནས་འཚོགས་པར་གཏན་འཁེལ་བ་དང་སྟབས་བསྟུན། འབྲེལ་ཡོད་ཚོགས་པ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ནང་ཚན་བོད་སྨན་གྱི་སྨན་སྒར་ཞིག་འཛུགས་གནང་ཡོང་བར་རེ་སྐུལ་གནང་བ་ལྟར། བོད་གཞུང་སྨན་རྩིས་ཁང་གི་དྲུང་ཆེ་སྨན་རམས་པ་པདྨ་རྡོ་རྗེ་དང་། ཕྱིར་ཚོང་རྩིས་པ་ཚེ་རིང་མཚོ་མོ། སྨན་ཚོང་སྡེ་ཚན་གྱི་སྨན་སྤྲོད་ཀུན་འཛོམས་བཅས་ཆེད་ཕེབས་གནང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་སྐབས་དྲུག་པའི་དངོས་གཞིའི་མཛད་སྒོ་དབུ་འཛུགས་གནང་ཐོག་སྐབས་སྐུ་མགྲོན་གཙོ་བོ་མངའ་སྡེའི་སྲིད་འཛིན་ཟུར་བ་སྐུ་ཞབས་ Satya Narayan Reddy མཆོག་གིས་གཙོས་འབྲེལ་ཡོད་མི་སྣ་ཆེ་ཁག་བརྒྱད་དང་། གསར་འགོད་པ་དང་མི་སྣ་ཆེ་ཆུང་ཁྱོན་བསྡོམས་མི་གྲངས་ ༣༥༠ ཙམ་ཚོགས་འདུ་ལ་ཆེད་ཕེབས་གནང་འདུག ཉིན་གཉིས་པའི་ཚོགས་ཆེན་སྟེང་སི་ཏུ་རིན་པོ་ཆེ་མཆོག་དང་། ལོ་ཆེན་རིན་པོ་ཆེ་མཆོག ཟམ་གདོང་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཀྱིས་ལཀ་ནའོ་གནས་བཞུགས་མངའ་སྡེའི་རྒྱ་གར་དཔོན་རིགས་རྣམས་ནས་རྒྱ་བོད་གཉིས་བར་འབྲེལ་བ་ཡར་རྒྱས་མུ་མཐུད་ཐོག་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་འབད་བརྩོན་དགོས་ལུགས་གསུང་བཤད་རིམ་པས་གནང་། ཚོགས་འདུ་གྲོལ་རྗེས་རྒྱ་གར་ཉིན་རེའི་དབྱིན་ཡིག་གསར་ཤོག Hindustan Time གསར་འགོད་པ་སྐུ་ཞབས་ Rajeev ནས་དྲུང་ཆེ་པདྨ་རྡོ་རྗེ་ལ་བོད་སྨན་སྐོར་བཅར་འདྲི་གནང་།  སྐབས་དེར་ནད་པ་མང་བོར་བརྟག་དཔྱད་སྨན་བཅོས་ཞུས་པར་བོད་སྨན་ལ་བསྟེན་གཏུགས་བྱེད་མཁན་ནད་པ་མང་དྲགས་པས་ཉིན་གཉིས་ཕྱིར་འགྱངས་བྱས་ཏེ་ཉིན་གྲངས་དགུ་ལ་ནད་པ་མི་གྲངས་ ༥༥༠ ཙམ་ལ་ཞིབ་ནན་བརྟག་དཔྱད་བྱས་ཤིང་། ལག་དོད་སྨན་དོད་ཁྱོན་བསྡོམས་ཧིན་སྒོར་ ༧༩༧༩༠།༠༠ བྱུང་།  Dainik Jagaran གསར་ཤོག་རྩོམ་སྒྲིག་པ་དང་འབྲེལ་མཐུད་པ་གཉིས་ཀྱིས་རྒྱ་གར་ཚེ་ཡི་རིག་བྱེད་ Ayurvedic དང་བོད་སྨན་གཉིས་བར་ཁྱད་པར་གང་འདྲ་ཡོད་མེད་ཀྱི་བཅར་འདྲི་བྱས་པར་ལན་འདེབས་གནང་བ་སོགས་ཐེངས་དེའི་ཚོགས་ཆེན་ཐོག་བོད་སྨན་གྱི་ཕན་ནུས་སོགས་ཀྱི་སྐོར་ལ་ངོ་སྤྲོད་རྒྱ་ཆེར་གནང་ཐུབ་པ་བྱུང་བ་དེས་ཀྱང་བོད་ཀྱི་རྩ་ཆེའི་རིག་གཞུང་གི་གནས་བབ་ཙམ་མ་ཡིན་པར་དེ་བརྒྱུད་བོད་ཀྱི་རྩ་དོན་སོགས་ལ་ཡང་དགེ་ཕན་ལྡན་པར་གྱུར།

 

ལོ་དེའི་ཟླ་ ༣  ནང་རྒྱ་གར་ནུབ་ཕྱོགས་མངའ་སྡེ Gujurat ཞེས་པར་ས་ཡོམ་གྱི་འཇིགས་པ་བྱུང་བས་བོད་གཞུང་འཕྲོད་བསྟེན་ལྷན་ཁང་དང་།  བདེ་ལེགས་སྨན་ཁང་། རང་གཞུང་སྨན་རྩིས་ཁང་གསུམ་ནས་སྨན་པ་རེ་རེ་དང་སྨན་ཞབས་པ་རེ་རེ་བཏང་བ་བཞིན་ས་ཡོམ་བྱུང་སའི་ས་གནས་དེར་ཕེབས་སྐབས་དེང་ཐོག་ས་དེའི་ཡུལ་མི་རྣམས་བོད་སྨན་ལ་རྒྱུས་མངའ་མེད་པ་དང་།  སྨན་པ་མང་དྲགས་པ། ད་དུང་བོད་སྨན་ཆུ་ཁོལ་ལྷན་བཞེས་དགོས་སྟབས་ཆུ་ཡི་དཀའ་ངལ་བཅས་ཀྱི་རྒྱུ་རྐྱེན་མང་བོ་ཞིག་གིས་བོད་སྨན་ལ་བསྟེན་གཏུགས་བྱེད་མི་ནད་པ་ཁ་ཤས་ཤིག་མ་གཏོགས་བྱུང་མེད་ནའང་། ཕྱིས་སུ་བོད་སྨན་གྱི་ཕན་ནུས་སོགས་ལ་རྒྱུས་ལོན་བྱུང་བ་ནས་བསྟེན་གཏུགས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་སོང་བ་ལ་བརྟེན་ད་ཆ་དེར་ཡན་ལག་སྨན་ཁང་ཞིག་ཀྱང་གསར་འཛུགས་ཞུས་ཡོད་པ་རེད། དེ་བཞིན་ལོ་དེའི་ཟླ་ ༡༠ ནང་རྒྱ་གར་བྱང་ཤར་ས་ཁུལ་ས་ལུ་སྒ་ར་དང་། ལ་ཝ། ཀ་སྦུག་སོགས་སུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་སོར་བཀའ་དྲིན་བླ་མེད་བསྐྱངས་པའི་སྐབས་སུ། དྲུང་ཆེ་སྨན་པ་པདྨ་རྡོ་རྗེ་ལགས་ྋསྐུའི་བླ་ཞབས་སུ་ཆེད་ཕེབས་ཀྱིས་ྋགོང་ས་མཆོག་གི་ྋསྐུའི་འཕྲོད་བཞེས་གཙོས་ས་གནས་ཡན་ལག་སྨན་ཁང་གི་སྨན་ལས་པ་རྣམས་དང་མཉམ་དུ་ཆོས་ཞུ་བའི་ཆེད་དུ་སྨན་སྒར་བཙུགས་ཏེ། ཆོས་ཞུ་བ་དང་གྲྭ་བཙུན་སོགས་ནད་པ་མི་གྲངས་ ༤༡༢ ལྷག་ལ་ལག་དོད་མེད་པའི་ཐོག་བརྟག་དཔྱད་སྨན་བཅོས་གནང་བ་དང་། རྩིས་དྲུང་བཀྲ་ཤིས་དབང་འདུས་དང་སྨན་སྐྱེལ་ཨ་མདོ་བློ་བཟང་གཉིས་ཀྱིས་ཕྱིར་འཚོང་ཅ་དངོས་ཚོང་འགྲེམས་བྱས། སྐབས་དེར་ཕྱིར་ཚོང་ཅ་དངོས་ལས་ཧིན་སྒོར་ ༣༤༢༧༢།༠༠ དང་། རྩིག་སྐྱེལ་ལོ་ཐོ་ཤོག་རྐྱང་མ་གྲངས་ ༤༣༢། ལོ་ཐོ་བསྡུས་པ་གྲངས་ ༣༢༦། དངུལ་བསྒྱུར་མ་གནས་སྒོར་ ༡༡༣༧༠།༠༠ གོང་གསལ་ཁྱོན་བསྡོམས་སྒོར་ ༤༥༦༤༢།༠༠ ཚོང་བསྒྱུར་ཞུས་པ་བཅས་སོ།།

 

༤༽ལས་དོན་ཕྱོགས་བསྐྱོད།

ཕྱི་ལོ་ ༡༩༩༧ ལོར་འགན་འཛིན་ཟུར་བ་ཚེ་རིང་བཀྲ་ཤིས་མཆོག་ནས་འགན་འཛིན་གསར་བར་དི་ལླིིའི་རྒྱ་གར་དཔོན་རིགས་ཁག་ངོ་སྤྲོད་གནང་ཕྱིར་དང་། དི་ལླི་ཡན་ལག་སྨན་ཁང་གཉིས་དང་སྨན་རྩིས་ཕྱིར་ཚོང་ཁང་བཅས་ལ་གཟིགས་སྐོར་དུ་ཕེབས། དེ་རྗེས་འགན་འཛིན་མཆོག་དང་ཡན་ལག་སྤྱི་ཁྱབ་འགན་འཛིན་རྣམ་གཉིས་ལྷོ་གཞིས་ཁག་གི་ཡན་ལག་སྨན་ཁང་ལྔ་དང་། བྷན་དཱ་ར་སྨན་ཁང་། མེན་པཌ་སྨན་ཁང་བཅས་ལ་འཚམས་འདྲིི་གཟིགས་སྐོར་དང་།  ལ་དྭགས་ས་གནས་སུ་ཕེབས་ཏེ་རིག་གཞུང་བསྟི་གནས་ཁང་གི་ཨར་རྒྱག་ལས་གཞི་ཇི་དགེའི་སྐོར་ལ་གཟིགས་ཞིབ་གནང་།  དེ་བཞིན་དུ་འགན་འཛིན་མཆོག་བལ་ཡུལ་གྱི་ཡན་ལག་ཁག་དང་། ཀ་རྡོར་སྒང་གསུམ། ཇེ་གའོན་། ས་ལུ་སྒ་ར་བཅས་པའི་སྨན་ཁང་ཁག་ལ་གཟིགས་སྐོར་དང་། སྒང་ཏོག་ནས་འགན་འཛིན་མཆོག་དང་། སྒང་ཏོག་བདེ་དོན་ལྷན་ཁང་བཅས་ནས་ཁང་བ་འགའ་ཤས་ཤིག་ལ་ཐུགས་ཞིབ་གནང་ཐོག་ས་གནས་འགན་འཛིན་སྨན་པ་མཁྱེན་བརྩེ་ལགས་སུ་མཇུག་སྐྱོང་བྱ་དགོས་པའི་བཀའ་མངགས་གནང་ཡོད་འདུག

 

  ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡༥ ནས་ཟླ་ ༥ ཚེས་ ༡༤ བར་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་མཆོག་མེའོ་དང་། ཏི་ཛུ། ཤི་ལོང་། འབུམ་སྡེ་ལ། བསྟན་འཛིན་སྒང་། མོན་རྟ་དབང་། ཀ་ཏ། ཨོ་རི་ས། བྷུབ་ནེཤྭར་བཅས་ཀྱི་ཡན་ལག་སྨན་ཁང་ཁག་ཏུ་གཟིགས་ཞིབ་བསྐོར་སྐྱོད་བྱས་ཏེ་བཞུགས་མོལ་ཚོགས་འདུ་གནང་བ་དང་། ཟླ་དེའི་ཚེས ༢༠ ནས་ཚེས ༢༤ བར་ལ་དྭགས་ས་གནས་སུ་སྨན་རྩིས་ཁང་གིས་བོད་སྨན་སྐོར་གྱི་འགྲེམས་སྟོན་དང་། དཔེ་མཛོད་སོགས་ཀྱི་ལས་གཞི་ཞིག་འགོ་འཛུགས་བྱེད་འཆར་གྱི་ལས་གཞིའི་ཁང་ཁུངས་ཇི་དགེ་གཟིགས་སྐོར་དུ་ཕེབས་ཏེ་བཀོད་འདོམ་གནང་ཡོད་པ་བཅས་སོ།།

 

ང༽ལས་བྱེད་འཕོ་འགྱུར།

སྐུ་སྒེར་ཡིག་ཚང་བཀའ་འབྲེལ་བཞིན་མེ་གླང་ཕྱི་ལོ་ ༡༩༩༧ ལོའི་སྤྱི་ཟླ་ ༨ པ་ནས་བཟུང་སྨན་རྩིས་དྲུང་ཆེ་རྩིས་རིག་འཛིན་པ་རྒྱལ་ནང་བློ་བཟང་ནོར་བུ་མཆོག་ཡང་བསྐྱར་ལོ་གསུམ་རིང་སྨན་རྩིས་དྲུང་ཆེར་བསྐོ་བཞག་གནང་།  མེ་གླང་ཕྱི་ལོ་ ༡༩༩༧ ལོར་སྐབས་བཅུ་བའི་སྨན་སློབ་མི་གྲངས་བཅོ་ལྔ་འཛིན་སྐྱོང་ནས་བཀའ་བསྒོས་བཞིན་དབུས་དང་ཡན་ལག་ཁག་ཏུ་སྨན་པའི་ལས་འཁུར་ཞུས་པས་སྨན་པའི་གྲངས་འབོར་ཇེ་མང་དུ་གྱུར།

 

མེ་གླང་ཕྱི་ལོ་ ༡༩༩༧ ལོར་སྐབས་ལྔ་བའི་རྩིས་རིག་སློབ་ཐོན་སློབ་མ་མི་གྲངས་བཅུ་རྩིས་པའི་ལས་སྣེར་འཛུལ་ཞུགས་བྱས་པ་དེ་སྨན་རྩིས་ཁང་གི་ལོ་རྒྱུས་ཐོག་གི་རྩིས་སློབ་ཐོན་འབོར་མང་ཤོས་དེ་ཡིན།

 

ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་སྤྱི་བསྩལ་དགོངས་དོན་བཞིན་སྨན་རམས་པ་ཉ་རོང་ཤར་ཀུན་དགའ་འགྱུར་མེད་ལགས་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོའི་ྋབླ་སྨན་གཞོན་པར་བསྐོ་བཞག་གནང༌བ་ནས་ཞིང་མ་གཤེགས་བར་ྋསྐུའི་འཕྲོད་བཞེས་ཞབས་ཕྱི་ཧུར་བརྩོན་ཞུས། ཕྱི་ལོ་ ༡༩༩༩ ལོར་སྨན་རྒྱུ་དོ་དམ་པ་ངག་དབང་དཔལ་མོ་ལགས་ཀྱི་ལས་རོགས་སུ་སྨན་སྦྱོར་ཁང་ནས་བུ་བསོད་ནམས་དཔལ་འབྱོར་ལགས་གནས་སྤོས་གནང་།

 

ཕྱི་ལོ་ ༡༩༩༩ ལོའི་ཟླ་ ༩ ཚེས་ ༡ ཉིན་རྩིས་པ་ཚེ་རིང་ཆོས་འཛོམས་ལགས་མཐོ་སློབ་ཏུ་རྩིས་དགེར་བསྐོ་བཞག་གནང་བ་དང་ལོ་དེར་དགེ་བཤེས་བསྟན་པ་བཀྲ་ཤིས་སྨན་རྩིས་མཐོ་སློབ་ཀྱི་རིག་དགེ་དང་ཆོས་དགེ་གཅིག་ལྕོགས་ཐོག་ཡིག་རྒྱུགས་ལམ་ནས་བསྐོ་བཞག་ཞུས། ༡༩༩༩ ལོར་ཉམས་ཞིབ་སྨན་པ་རྣམ་རྒྱལ་ཁྱུ་གསར། སྨན་རྫས་ཉམས་ཞིབ་པ་སྨན་པ་བཀྲ་ཤིས་དབྱངས་ཅན། སྐར་རྩིས་པ་ཐུབ་བསྟན་ཉི་མ། སློབ་ཡོན་འབྲེལ་མཐུད་དྲུང་ཡིག་བསྟན་འཛིན་མཚོ་མོ། བྷན་རྡ་ར་ཡན་ལག་སྨན་རྩིས་པ་བདེ་སྐྱིད་མཚོ་མོ། མེན་པཌྤར་ཡན་ལག་གི་སྨན་སྤྲོད་རྩིས་པ་གཅིག་ལྕོག་སྒྲོལ་མ་བདེ་ཆེན། སྨན་རྩིས་ཕྱིར་ཚོང་ཁང་གི་མ་བྱན་བློ་བཟང་མགོན་པོ། ས་ལུ་སྒ་ར་ཡན་ལག་གི་སྣེ་ལེན་པ་རིག་འཛིན་སྒྲོལ་མ། ར་སྤུར་ཡན་ལག་གི་རྩིས་པ་ཚེ་རིང་ཡེ་ཤེས་བཅས་ལས་བྱེད་དགུ་རྩ་དགོངས་ཞུས། ཕྱི་ལོ་ ༢༠༠༡ ཟླ་ ༤ ཚེས་ ༦ ལ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཞིང་། ཁོང་དགོངས་པ་རྫོགས་པ་དེས་བོད་ཀྱི་གསོ་རིག་བསྟན་པ་ལ་གྱོང་གུད་ཆེན་པོ་ཐེབས་པ་མ་ཟད། སྨན་རྩིས་ཁང་གི་ནང་གི་གཟི་བྱིན་ཉམས་པ་ལྟ་བུར་གྱུར་བའི་སྣང་ཚུལ་མངོན་པར་བྱས། ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་རྒྱུགས་བཞེས་ལམ་ནས་ལས་བྱེད་གསར་བསྐོ་བྱས་པ་མི་གྲངས་ ༦༡ བྱུང་ཡོད་པ་བཅས་འགན་འཛིན་འདིའི་སྐབས་ཏེ་བཅུ་གཅིག་པའོ།།

 

སྔར་མེད་གསར་བའི་མཛད་རྗེས་ཆེར་མེད་ཀྱང་།།

ལྷག་བསམ་ཤེས་འཇོན་གང་ཡོད་རྩལ་སྤྲུགས་ཀྱིས།།

སྨན་རྩིས་བགྱིད་སྒོ་གང་ཅིར་གང་འཚམས་ཀྱི།།

ཕན་འབྲས་གང་ལེགས་བྱུང་བ་བསྔགས་པར་འོས།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:16 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།