སྨན་རྩིས་དྲ་བ། - ཆེད་རྩོམ།

ཚེ་སྲོག་འབྲེལ་བའི་དཀའ་གནད་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 22.12.2020
ཆེད་རྩོམ། >>




༄༅། །ཚེ་སྲོག་དང་འབྲེལ་བའི་དཀའ་གནད་སྐོར་ལ་དཔྱད་པ་དྲང་སྲོང་དགྱེས་པའི་གཏམ།


- དགེ་བཤེས་ཕུར་བུ་ཚེ་རིང་། སྨན་སློབ་སྐབས་ ༢༡།

 


འཕཊ་བོད་གསོ་རིག་རྒྱ་མཚོ་ཆེན་མོ་རྣམ་དཔྱོད་རྩལ་གྱིས་ལེགས་བསྲུབས་ཏེ།།

བླ་ཚེ་སྲོག་གི་དཀའ་གནད་སྙིང་པོ་འདོད་རྒུ་འབྱུང་བའི་མཛོད་དུ་གཏམས།།

ཚོགས་གཉིས་མཁའ་ལ་རིག་པའི་ཉི་ཟེར་ལས་ཅན་ཁོ་བོའི་སྐལ་དུ་ཚེས།།

དྲང་སྲོང་ཚོགས་ཀྱི་བྱིན་རླབས་དྲོན་མོས་ཤེས་རབ་མེ་ལྕེ་སྤོར་དུ་གསོལ།།

 

ཅེས་པའི་ཤིས་བརྗོད་ཀྱིས་སྔུན་བསུས་ཏེ། ད་ནི་འཕགས་བོད་ཀྱི་གཞུང་ལུགས་ཁག་དང་། སྨན་རྩིས་རིག་པའི་གཞུང་ལུགས་ཀུན་ལ་གྲགས་ཤིང་གྲུབ་པའི་སྲོག་གི་ངེས་ཚིག་དང་། སྲོག་གི་ངོ་བོ། སྲོག་གི་བྱེད་ལས། སྲོག་གི་གནས། ཚེ་སྲོག་བསྲིང་པར་ཡོད་མེད། སྲོག་གི་གལ་གནད། གྲུབ་མཐའ་སོ་སོའི་སྲོག་གི་བཞེད་མཚམས། དེ་བཞིན་བླ་ཚེ་སྲོག་གསུམ་གྱི་འབྲེལ་བ་དང་། དེ་རྣམས་ལུས་ཅན་འཚོ་བའི་རྐྱེན་དུ་གྱུར་ཚུལ་སོགས་ལ་རོབ་ཙམ་དཔྱད་པ།

 

[ བརྡ་ཆས་ཀྱི་གནད།] སྲོག་ལྡན། ཚེ་ལྡན། གསོན་པ། འཚོ་བ། མ་ཤི་བ། དབུགས་ལྡན། སྡོད་པ། འདུག་པ།

 

སྤྱིར་སྲོག་ཅེས་པ་དམངས་ཁྲོད་དུ་ཧ་ཅང་ཁྱབ་ཆེ་བའི་ཐ་སྙད་ཅིག་སྟེ། ཐོག་མར་གདོད་མའི་སྤྱི་ཚོགས་ནས་འཚར་ལོངས་བྱུང་སྟེ་རིམ་པས་གཞུང་ལུགས་ཀྱི་བརྡ་ཆས་གྱུར་པ་ཞིག་ཡིན། དེ་ཡང་འཇིག་རྟེན་དུ་རྫུས་ཏེ་སྐྱེས་བའི་མིའི་འགྲོ་བ་ཐོག་མར་བྱུང་བ་ནས་སྲོག་ལྡན་ཡིན་མིན་གྱི་བརྡ་ཆས་དེ་ཉིད་བྱུང་ཞིང་། དེ་ནས་རང་བཞིན་གྱིས་སྲོག་འཚོ་བའི་ཐབས་ཚུལ་བྱུང་སྟེ། ཟས་སུ་ཤིང་ཐོག་དང་། འབྲུ་རིགས། ཟས་གཡོས་སྦྱོར། སོ་ནམ་འདེབས་ལས་བྱེད་པ། ནད་བཅོས་ཀྱི་རིག་པ་རྙེད་པ། རྩྭ་ཡིས་སྤྱིལ་བུ་བཟོས་པ། གོས་སུ་ཤིང་ལོ་དང་སེམས་ཅན་གྱི་ལྤགས་རིགས་གོན་པ་སོགས་རིམ་པས་སྲོག་འཚོ་བའི་ཐབས་ཤེས་ཇེ་བཟང་དང་འཐུས་སྒོ་ཇེ་ཚང་དུ་གྱུར་ཡོད།འཇིག་རྟེན་གྱི་བཤད་སྲོལ་ལའང་སྲོག་ཆད་མིན་ཞེས་པ་ནི་མི་དེའི་དབུགས་ཀྱི་རྒྱུ་བ་ཆད་མིན་ལ་ངོས་འཛིན་གྱི་ཡོད། དོན་དངོས་ཐོག་དབུགས་ཀྱི་རྒྱུ་བ་ཕྲ་རགས་ཀུན་དྲོད་དང་ལྟོས་བཅས་ཡིན་པར་བརྟེན་དབུགས་ཀྱི་རྒྱུ་བ་ཕྲ་མོ་འགག་པའི་དུས། དེར་བརྟེན་པའི་དྲོད་ཀྱང་རིམ་ཀྱིས་བསྡུས་ནས་མཐའ་སྲོག་དང་བྲལ་བའམ་ཚེ་འཕོས་པ་ནི་སྐྱེ་འགྲོ་ཀུན་གྱི་ཆོས་ཉིད་དོ། །

དེར་བརྟེན་སྲོག་གི་ངེས་ཚིག་ཀྱང་སྐྱེས་ནས་མ་ཤིའི་བར་དབུགས་འབྱིན་རྔུབ་ཀྱི་རྒྱུ་བ་རྒྱུན་གནས་ཐུབ་མིན་གྱི་ཆ་ནས་སྲོག་ལྡན་ནམ་སྲོག་དང་བྲལ་བ་ཞེས་བརྗོད་ཀྱི་ཡོད། ལེགས་སྦྱར་གྱི་སྐད་དོད་དུ་སྲོག་དང་དབུགས་གཉིས་དོན་གཅིག་པ་ཟམ་གདོང་པཎ་ཆེན་གྱི་ཞལ་དྲོན་མོ་ནས་ཐོས། འོ་ན་སྲོག་གནས་མིན་དབུགས་ལ་རག་ལས་ན། གཟུགས་མེད་ཁམས་ན་སྲོག་མེད་པར་ཐལ་ཞིང་། དེར་དབུགས་མེད་པའི་ཕྱིར་ཏེ། རླུང་མེད་པའི་ཕྱིར་ཏེ། རླུང་གཟུགས་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། རླུང་ལ་གཟུགས་ཕྲ་རགས་གཉིས་ཀ་ཡོད་པས། དེར་གཟུགས་རགས་པ་མེད་ཅེས་པའི་དོན་ནོ། །དེ་ལྟར་མ་ཡིན་ན། གཟུགས་མེད་ན་གཟུགས་ཡོད་བར་ཐལ། རྣམ་ཤེས་ཀྱི་ཞོན་པར་གྱུར་པའི་རླུང་ཡོད་པའི་ཕྱིར་ཏེ། དེ་ཉིད་གཟུགས་པའི་ཕྱིར། རིགས་པ་ཀུན་ནས་མཚུངས་སོང་།

འོན་ཀྱང་རྣམ་ཤེས་ཀྱི་ཞོན་པར་གྱུར་པའི་རླུང་དེ་རླུང་རང་མཚན་པ་ཡིན་མིན་བརྟག་རྒྱུ་ཡོད་དེ། དཔེར་ན་རླུང་སེམས་ངོ་བོ་དབྱེར་མེད་ཅིག་ཡོད་ན། གཟུགས་དང་ཤེས་པ་ངོ་བོ་དབྱེར་མེད་ཅིག་ཡོད་པར་ཐལ་ཞིང་། དེ་ལྟར་ན་ཧ་ཅང་ཐལ་བར་འགྱུར་ཏེ། རླུང་གི་མཚན་ཉིད་ཀྱི་བྱ་བ་ཡོད་པ་ཙམ་གྱིས་གཞི་དེ་རླུང་འཇོག་ན། གཡོ་བའི་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་རླུང་དུ་ཐལ། དེ་རྣམས་ལ་གཡོ་འགུལ་གྱི་བྱ་བ་ལྡན་པའི་ཕྱིར། དེ་བཞིན་དུ་རླུང་མེ་མཉམ་ཡང་རླུང་མཚན་ཉིད་པ་ཡིན་མིན་རིགས་པ་འདིས་བརྟག་སྟེ་དཔྱོད་པར་མཛོད།

སྔགས་ལུགས་ལ་རླུང་སེམས་གཉིས་ཕུན་ཚུན་ཁ་འབྲལ་མི་རུང་གི་ངོ་བོར་གནས་པའི་རྒྱུ་མཚན་གྱིས་རླུང་སེམས་ངོ་བོ་དབྱེར་མེད་དུ་འདོད་པ་དང་། གཟུགས་ཤེས་གཉིས་ཀྱང་རིག་པ་དེད་ན་ལུགས་འདིར་ཕལ་ཆེར་འགལ་བར་མི་བཞེད་སྙམ་ཡང་དཔྱོད་པར་མཛོད།

ཡང་ཁ་ཅིག་གིས། ཁྱེད་ལྟར་ན་མའི་མངལ་གནས་ཀྱི་བྱིས་པ་དེ་སྲོག་ལྡན་མ་ཡིན་པར་ཐལ་ཏེ། གནས་སྐབས་དེར་དབུགས་འབྱིན་རྔུབ་ཀྱི་བྱ་བ་མེད་པའི་ཕྱིར་ན། མ་ཁྱབ་སྟེ། སྲོག་ལྡན་ཞེས་པ་དེ་ཁ་སྣ་གཅིག་པུས་དབུགས་འབྱིན་རྔུབ་ཙམ་ལ་མི་འཇོག་པའི་ཕྱིར། དཔེར་ན། སྙིང་དང་ཁྲག་གི་འཁོར་རྒྱུགས། དོན་སྣོད་སོགས་ཀྱི་འགུལ་བསྐྱོད་ཡོད་དོ་ཅོག་རླུང་ལ་བརྟེན་པ་དང་། དེ་ཀུན་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་སོགས་ལ་ལྟོས་པའི་ཕྱིར། སྤྱོད་བསྡུས་ལས།1 རླུང་བཅུ་དབུགས་འབྱུང་རྔུབ་ཏུ་འགྱུར་བར་བཤད་པ་ལ། མངལ་དུ་རླུང་བཅུ་འཆགས་པར་བཤད་ཀྱང་། མ་བཙས་བར་དུ་འབྱུང་རྔུབ་མི་བྱེད་པར་བཤད་པས། བཙས་པ་ནས་ཡིན་ལ། དེ་ཡང་རྩ་བའི་རླུང་ལྔའི་འབྱུང་འཇུག་བཤད་ཟིན་ཅིང་། ཞེས་དང་། འོན་ཀྱང་མཛོད་ལུགས་ལ་སྲོག་ཡིད་བཏང་སྙོམས་གསུམ་ངེས་ལྡན་ཡིན་པས་མངལ་ཆགས་མ་ཐག་པའི་བྱིས་པ་དེའི་སྲོག་ཇི་ལྟར་འཇོག་དགོས་མིན་སོགས་ད་དུང་དཔྱད་པར་བྱ་བའི་གཞིའོ། །

དེ་ལྟར་མ་ཡིན་ན། ཕྱིའི་དབུགས་འབྱིན་རྔུབ་ཆད། ནང་དུ་དབུགས་ཕྲ་མོ་མ་ཆད་པར་ཐུགས་དམ་ལ་བཞུགས་པའི་དགེ་སློང་དེ་སྲོག་དང་བྲལ་བར་ཐལ། དབུགས་འབྱིན་རྔུལ་གྱི་བྱ་བ་མེད་པའི་ཕྱིར་དེ། ཕྱི་དབུགས་ཆད་ཟིན་པའི་ཕྱིར། འདོད་ན། དེ་ལྟ་བུའི་དགེ་སློང་དེ་འཆི་བ་འོད་གསལ་མཉམ་པར་མ་བཞག་བར་ཐལ། སྲོག་དང་བྲལ་བ་ཡིན་ཕྱིར། དེ་ལྟར་མ་ཡིན་པར་ཐལ། འཆི་བཞིན་པའི་གནས་སྐབས་ཡིན་པའི་ཕྱིར། འདོད་ན་སོམས་ཤིག རྩོད་སྤང་འདི་དག་ནི་ཧ་ཅང་དཀའ་བའི་གནས་སུ་འདུག་པས་མཁྱེན་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱོད་པར་མཛོད།

སྤྱིར་གསོ་བ་རིག་པའི་གཞུང་དུ་སྙིང་གི་སྒྲ་དོན་དང་ངེས་ཚིག་སྐབས་མང་པོ་ཞིག་ལ་གཅེས་པའི་དོན་དུ་སྦྱོར་ཡོད། འདི་ཡང་དེ་ལྟར་ཡིན་ནམ་སྙམ། གང་ལགས་ཤེ་ན། 2ཇི་ལྟར་སྲོག་ནི་ལུས་གནས་པའི་རྒྱུའི་གཙོ་བོ་ཡིན་པས་གཅེས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ལ་ཡང་གཅེས་སུ་འཛིན་ཞེས་བྱ་བའི་ཐ་ཚིག་གོ།  ཞེས་གསུངས་ལྟར་ན་གཅེས་པའི་དོན་ཡིན་ནམ་སྙམ་ཡང་དཔྱད་པར་མཛོད། 3སྲོག་ནི་སྤྱིར་ཁམས་རང་རང་གི་རྟེན་རྣམས་འཚོ་ཞིང་འཛིན་པ་དེ་ལ་བྱ་ཞིང་། བྱེ་བྲག་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་བྱ་དགོས་ཏེ། ཞེས་དམིགས་བསལ་གྱི་བཤད་པ་འདི་ཉིད་ལེགས་པར་མཐོང་། རྗེ་མི་ཕམ་པས། 4ཚེའི་དོན། མི་ལ་ལུས་སེམས་ལྷན་ཅིག་ཏུ་འགྲོགས་པའི་ཡུན་དེ་ལ་ཚེ་ཟེར་ཏེ། ཞེས་གསུངས་སོ། །

སྲོག་ལ་ཕྱི་ནང་གྲུབ་མཐའ་ཁག་གི་འཇོག་ཚུལ་མང་དུ་བྱུང་ཞིང་།  དེ་ལས་རང་སྡེ་དོན་སྨྲ་གཉིས་ཀྱི་ལུགས་ལ། 5མཛོད་ཐར་ལམ་གསལ་བྱེད་ལས། སྲོག་དང་ཚེ་ཁྱད་པར་ཅི་ཡོད་ཅེ་ན། བྱེ་བྲག་སྨྲ་བ་ན་རེ། ཁྱད་པར་མེད་དེ། བསྟན་བཅོས་ལས། སྲོག་གང་ཞེ་ན། ཁམས་གསུམ་གྱི་ཚེའོ། །ཞེས་ཁམས་སོ་སོའི་ལུས་སེམས་ཡ་བྲལ་མ་ཕྱིན་པར་འཛིན་པའི་དུས་ཡུན་དེ་ལ་ཚེ་དང་། དེར་འཛིན་པའི་ནུས་པ་དེ་ལ་སྲོག་ཅེས་བརྗོད་དགོས་པ་འདྲ་ཡང་དཔྱོད་པར་མཛོད།

འོན་ཀྱང་བྱེ་བྲག་སྨྲ་བས་སྐྱེ་བ་སྔ་མའི་རྒྱུད་ཀྱི་སྲོག་དེ་ད་ལྟའི་ཚེ་འདིའི་ཉེར་ལེན་དུ་འདོད་ཀྱང་། དེར་མཚམས་སྦྱོར་བ་མི་འདོད་དེ། ཚེ་འདིའི་སྲོག་གི་བར་སྲིད་མ་གཏོགས་ཕྱི་མའི་སྲིད་པར་གཞན་མཚམས་སྦྱོར་བར་མི་འདོད་པའི་ཕྱིར་ཏེ། མཛོད་ལས། སྲིད་པ་བར་མ་ཁོ་ནར་ཟད། ཅེས་དང་།6 འདི་སྲོག་གི་དབང་པོ་ལས་ཁྱད་པར་ཅི་ཡོད་ཅེ་ན། སྲོག་གི་དབང་པོ་ནི་སྲིད་པ་བར་མ་ཁོ་ནར་མཚམས་སྦྱོར་བ་ཡིན་ལ། ཡིད་ཀྱི་དབང་པོ་ནི་སྐྱེ་བའི་སྲིད་པར་ཡང་ཡིན་ནོ། །ཞེས་གསུངས། སྲོག་ཡིད་གཉིས་ལས་ཡིད་ཀྱིས་སྲིད་པ་གཞན་དུ་མཚམས་སྦྱོར་བའི་ཁྱད་པར་ཡང་དེ་ཉིད་ཡིན། བྱེ་བྲག་སྨྲ་བས་ཚེ་སྲོག་གཉིས་དོན་གཅིག་མི་འདོད་པ་འདྲ་ཡང་དཔྱོད་པར་མཛོད། སྲོག་ནི་སྐྱེ་བ་སྔ་མའི་ལས་ཀྱིས་འཕངས་པས་ཚེ་རྫོགས་ན་དེ་ཉིད་རྫོགས་པའི་ངེས་པར་མི་འདོད་དོ། །7 ཚེ་ཡོད་ཀྱང་འཆི་བ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །ཞེས་དང་། འདི་པའི་ལུགས་ལ་ཚེ་དང་བསོད་ནམས་ལས་སོགས་ལ་མུ་བཞི་འཇོག་ཚུལ་ཞིག་ཡོད་ཀྱང་ཚིག་ཚོགས་འཇིགས་ནས་མ་བྲིས་སོ། །དོན་དུ་བྱེ་སྨྲས་སྲོག་གི་དབང་པོ་དེ་ཉིད་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ་པར་འདོད་དེ། 8འདུལ་བ་མཚོ་ཊཱིཀ་ལས། བྱེ་བྲག་སྨྲ་བའི་ལུགས་ཀྱིས་སྲོག་གི་དབང་པོ་ལྡན་མིན་འདུ་བྱེད་ཀྱི་རྫས་སུ་གྲུབ་པར་འདོད་དོ། ། ས་གསུངས་སོ། །

མདོར་ན་མཚམས་སྦྱོར་བར་སྲིད་པ་གཞན་གྱིས་བར་མ་ཆོད་པར་དེའི་རྒྱུན་ཕྱི་མ་ཕྱི་མར་མཚམས་སྦྱོར་བར་འདོད་དགོས་སོ་སྙམ། 9མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲངས་ལས། སྲོག་གི་དབང་པོ་ནི་ཞེས་བྱ་བ་ལ། འདིར་རིས་མཐུན་པར་མཚམས་སྦྱོར་བ་ནི་འཆི་བའི་སྲིད་པའི་མཇུག་ཏུ་སྲིད་པ་བར་མ་དོར་མཚམས་སྦྱོར་བའམ། སྐྱེ་བའི་སྲིད་པར་མཚམས་སྦྱོར་བ་བཟུང་སྟེ། གཟུགས་མེད་པ་དག་ཏུ་ཡང་དེ་རྙེད་པ་ཡིན་དང་སྐྱེ་བ་ངེས་པའི་ཕྱིར་རོ།། ཞེས་གསུངས།

མདོ་སྡེ་པ་ན་རེ། སྲོག་ནི་ཚེ་འདིའི་ལས་ཀྱིས་འདུས་བྱས་པ་ཡིན་ལ། ཚེ་ནི་ཚེ་སྔ་མའི་ལས་ཀྱིས་འདུས་བྱས་པ་ཡིན་ཟེར་རོ། །ཞེས་གསུངས་པ་ལྟར། མདོ་སྡེ་པས་སྲོག་ནི་ཚེ་འདིར་དྲོད་དང་རྣམ་ཤེས་གནས་པའི་རྒྱུ་འམ་གྲོགས་ཙམ་ལས། ཚེ་བཞིན་དུ་སྐྱེ་བ་སྔ་མའི་ལས་ཀྱིས་འཕངས་འབྲས་ཡིན་པར་མི་འདོད་པའི་ཁྱད་པར་རོ། དེ་ལྟར་ན་མདོ་སྡེ་པས་སྲོག་རྣམ་སྨིན་མི་འཇོག་པའི་ཁྱད་པར་འདི་ཉིད་ཀྱིས་གསལ། དེ་ལྟར་ན་ཚེ་སྲོག་གཉིས་ལུགས་འདིར་དོན་གཅིག་མི་འདོད་པའོ་སྙམ། སྲོག་ནི་འཚོ་བའི་གནས་སྐབས་ཤིག་ལ་བཏགས་པར་འདོད་དེ། དེ་ཡང་10མཚོ་ཊཱིཀ་ལས། མདོ་སྡེ་པའི་ལུགས་ཀྱི་སྲོག་གི་དབང་པོ་ནི། གསོན་པོར་གནས་པའི་གནས་སྐབས་ལ་བཏགས་པའི་བཏགས་ཡོད་དུ་འདོད་དོ། །ཞེས་གསུངས། སྤྱིར་དོན་སྨྲ་གཉིས་ཀྱི་ཚེ་སྲོག་འཇོག་ཚུལ་ཐད་ད་དུང་དོགས་གཞི་དང་གསལ་ཁ་གཏོད་དགོས་པ་མང་དུ་འདུག་ཀྱང་རྙོག་འཛིང་ཆེ་བས་དེ་ཙམ་གྱིས་བསྡུས་སོ། །

སྤྱིར་སྲོག་གི་ངོ་བོ་ལ་མདོ་སྔགས་གཉིས་ཀྱི་བཞེད་པ་ཅུང་མི་འདྲ་བ་རེ་མཆིས་ཀྱང་། མཛོད་པའི་ལུགས་ལ། སྲོག་གི་མཚན་ཉིད་དུ། མཛོད་རྩ་ལས།11སྲོག་ནི་ཚེ་ཡིན་དྲོད་དང་ནི།། རྣམ་ཤེས་རྟེན་གང་ཡིན་པ་འོ།། ཞེས་དང་།  འདི་པས་ཞིབ་ཆ་ཕྱེ་བར་ལྟར་ན།12སྲོག་ནི་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། དང་པོ་སྲོག་གི་དབང་པོ་ཚེ་ཡིན་ཏེ། དྲོད་དང་རྣམ་ཤེས་རིགས་མཐུན་རྒྱུ་བའི་རྟེན་གང་ཡིན་པའོ། །ཞེས་གསུངས་པའོ། །དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ཀྱི་ཆར་གྱུར་པའི་ཡུན་ཚོད་ཅིག་ལ་སྲོག་གམ་ཚེ་ཡིན་ཞེས་བརྗོད་པའོ། ། དེ་ཡང་སྐབས་འདིར་སྲོག་དེ་གཟུགས་ཤེས་པ་ལྡན་མིན་འདུ་བྱེད་གསུམ་ལས་ལྡན་མིན་འདུ་བྱེད་དུ་འདོད་དེ། 13མི་ལྡན་པ་ཡི་འདུ་བྱེད་རྣམས། ། ཐོབ་དང་མ་ཐོབ་སྐལ་མཉམ་དང་། ། འདུ་ཤེས་མེད་སྙོམས་འཇུག་པ་དང་། ། སྲོག་དང་མཚན་ཉིད་རྣམས་དང་ནི། ། མིང་གི་ཚོགས་ལ་སོགས་པ་ཡང་། ། ཞེས་གསུངས་པ་ལྟར་རོ། །

སྤྱིར་ལུགས་འདིས་ཀྱང་སྲོག་ཅེས་པ་ནི་དབུགས་ཀྱི་རྒྱུ་བ་ལ་འཇོག་སྟེ། དེ་འགག་པ་ན་སྲོག་ཆད་པར་འདོད་དེ།14མཚོ་ཊཱིཀ་ལས། མཛོད་འགྲེལ་ལས། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་མཇུག་པའི་རླུང་ཡིན་ཏེ། དེ་གཅོད་པར་བྱེད་དོ་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་དབུགས་རྒྱུ་བ་འདི་སྲོག་ཡིན་པར་གསུངས་སོ། ། ཞེས་དོན་དུ་ལུས་སེམས་འབྲེལ་བའི་དབུགས་ཀྱི་རྒྱུ་བ་དེ་ཉིད་སྲོག་ཏུ་འདོད་ཀྱང་། དབུགས་འབྱུང་འདི་ཁོ་ན་སྲོག་ཏུ་འདོད་པར་མི་རིགས་ཏེ། མཚོ་ཊཱིཀ་མཆན་དུ། སྲོག་ནི་རླུང་དབུགས་འབྱུང་རྔུབ་འདི་ཁོ་ན་སྲོག་ཡིན་པར་མི་རིགས་ཏེ། ཉན་ཐོས་ཀྱི་ས་ལས་མེར་མེར་པོ་ལ་དབུགས་འབྱུང་རྔུབ་མེད་པར་བཤད་ཅིང་། མངོན་པ་ལས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དང་། གཟུགས་མེད་པའི་ལྷ་ལ་དབུགས་འབྱུང་རྔུབ་མེད་པར་བཤད་པས་དེ་དག་ལ་སྲོག་མེད་པར་ཐལ་བར་འགྱུར་དུ་འོང་བས། ཞེས་གསུངས་པའི་ཕྱིར། འོན་ཀྱང་དེ་ནི་དབུགས་ཀྱི་རྒྱུ་བ་ཁོ་ནར་སྲོག་ཏུ་འདོད་ན། འདི་པའི་ལུགས་ལ་སྲོག་ཡིད་བཏང་སྙོམས་གསུམ་ངེས་ལྡན་ཡིན་པས་མངལ་གྱི་གནས་སྐབས་དང་གཟུགས་མེད་སོགས་སུ་སྲོག་མེད་པར་ཐལ་བར་འགྱུར་བ་སོགས་དོན་གྱིས་གོ་བའོ། །

འདིའི་ལུགས་ལ་སྲོག་ནི་ཚེ་ཡིན་ཞེས་པའི་སྐོར་འཕགས་བོད་ཀྱི་མཁས་པ་ཚོས་གཙོ་བོ་ལུས་སེམས་གཉིས་ཁ་བྲལ་མ་སོང་བར་གནས་པའི་རྒྱུན་གྱི་ཆ་ལ་སྲོག་དང་། དེའི་ཡུན་ཚོད་ལ་ཚེ་ཞེས་སོ་སོར་འགྲེལ་ན་གོ་རྒྱུ་ཆེའོ་སྙམ། སྤྱིར་བཏང་སྲོག་ནི་ཚེ་ཡིན་ཞེས་པའི་སྐབས་སུ་མིང་གི་རྣམ་གྲངས་ཙམ་ལས། དོན་དུ་ཚེ་སྲོག་གཉིས་གཞི་གཅིག་ལ་བརྟེན་པ་མ་གཏོགས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་དགོས་པའི་ངེས་པ་མེད་དེ།15སྲོག་ནི་ཚེ་ཡིན། འདི་ནི་རྣམ་གྲངས་བརྗོད་པ་ཡིན་གྱི། མཚན་ཉིད་ནི་མ་ཡིན་ཏེ། ཞེས་གསུངས།

ཡང་མངོན་པའི་འགྲེལ་བ་ལས། དྲོད་དང་རྣམ་པར་ཤེས་པ་འཇུག་པ་ནི་སྲོག་ལ་རག་ལས་པ་ཡིན་ནོ། ། དེ་ལྟ་བས་ན་སྲོག་ནི་དྲོད་དང་རྣམ་པར་ཤེས་པའི་རྟེན་ཡིན་ནོ་ཞེས་བྱ་བ་སྟེ། གནས་པའི་རྒྱུ་ཡང་དེ་དག་ཁོ་ན་ཡིན་ནོ། ། ཞེས་གསུངས་པ་ལྟར། ཚེ་སྲོག་གིས་རྣམ་ཤེས་ཀྱི་རྟེན་བྱེད་ཚུལ་དེ་ཡང་དྲོད་དང་བཅས་པའི་སྒོ་ནས་རྒྱུན་འཛིན་པར་བྱེད་པའི་དོན་ནོ། ། དོན་བསྡུ་ན་འདི་པའི་ལུགས་ལ་ཚེ་དང་སྲོག་ནི་ཆུ་དང་ཆུའི་དྲོད་བཞིན་བདགས་གཞི་གཅིག་ཀྱང་དེ་ཉིད་ཀྱི་བྱེད་ལས་སོ་སོར་དང་ངོས་འཛིན་སོ་སོར་ནས་ཡོད་པ་དེ་བཞིན་ནོ། །

ལུགས་འདིར་སྲོག་ནི་རྣམ་སྨིན་འདོད་དེ། མཛོད་རྩ་ལས།16སྲོག་ནི་རྣམ་སྨིན། ཞེས་གསུངས་པ་ལྟར། སྲོག་ནི་དགེ་མི་དགེ་ལས་ཀྱིས་འཕངས་པའི་འབྲས་བུ་ཞིག་ཡིན། དེ་ཉིད་དྲོད་དང་བཅས་ཏེ་རྣམ་ཤེས་གནས་པའི་རྟེན་བྱེད་པའོ།།17མཛོད་ཀྱི་འགྲེལ་བཤད་ལས། འོ་ན་ནི་ཚེའི་རྟེན་དུ་གྱུར་པ་ནི་ལས་ཡིན་གྱི། དྲོད་དང་རྣམ་པར་ཤེས་པ་དག་ནི་མ་ཡིན་ནོ། །དེ་ལྟར་ལས་ཀྱི་འཕེན་པ་ཟད་པས་ཚེ་ལྡོག་ལ། དེ་ལྡོག་པས་དྲོད་དང་རྣམ་པར་ཤེས་པ་དག་ལྡོག་པས་རྟག་ཏུ་ལྡོག་པ་མེད་པར་ཐལ་བ་མི་འགྱུར་རོ། ། ཞེས་གསུང་པ་ནི་སྲོག་དེ་ཉིད་འཕེན་བྱེད་ཀྱི་ལས་དེ་དང་མེད་ན་མི་འབྱུང་བའི་འབྲེལ་བ་བརྗོད་པ་ལས། ལས་དེ་ཉིད་ཀྱིས་སྲོག་གི་དངོས་རྒྱུ་བྱེད་པའི་དོན་མིན་པའང་ཞོར་ལ་ཤེས་དགོས་སོ། །

དེ་བཞིན། 18ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་གསུངས་སོང་། དེ་ལྟ་བས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི་ཚེ་ཡིན་ནོ། ། དེ་ནི་ཚེ་དེའི་རྟེན་དུ་གྱུར་པ་གང་ཡིན་ཞེ་ན། དྲོད་དང་རྣམ་པར་ཤེས་པ་དེ་དག་ཉིད་ཡིན་ནོ། །ཞེས་པ་འདིས་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་ཚེ་ཡིན་ཞེས་གསུངས་པ་ལྟར་ན། ལུས་ཟུངས་བདུན་རེ་རེ་ནས་ཆོས་ཅན། ཚེ་ཡིན་པར་ཐལ། ཁྱེད་ཀྱི་ཞིབ་ཆ་དེའི་ཕྱིར། འདོད་ན། ཉིན་རེའི་ཟས་ཀྱང་ཚེ་ཡིན་པའི་ཐལ་བ་བཟློག་ཏུ་མེད་དོ། འོན་ཀྱང་དེ་དག་ནི་ཚེ་སྲོག་གནས་པའི་ཐབས་སམ་རྟེན་ཡིན་པར་སྨན་གཞུང་གི་དགོངས་པའོ། །

མཛོད་ལུགས་སུ་སྲོག་རྣམ་སྨིན་འདོད་དེ། 19མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། སྲོག་གི་རྣམ་སྨིན་ཞེས་བྱ་བ་ལ། སྲོག་གི་དབང་པོ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་སྟེ། བཅུ་གཉིས་ཞེས་འབྱུང་བའི་ཕྱིར་རོ། །ཞེས་དང་། འོ་ན་སྲོག་རྣམ་སྨིན་ཡིན་ན།ཚེ་ཡང་རྣམ་སྨིན་དུ་ཐལ་དེ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན། ཚེ་བསྲིང་པའི་ཐབས་མེད་བར་ཐལ། ཚེ་རྣམ་སྨིན་ཡིན་པར་དེའི་ཕྱིར། འདོད་ན། ཚེ་སྒྲུབ་པའི་ཆོ་ག་སོགས་དགོས་མེད་དུ་ཐལ། རྣམ་སྨིན་མདའ་འཕེན་པའི་དཔེ་དོན་མཚུངས་པ་གཞུང་ཆེན་པོའི་དགོངས་པ་ཡིན་པའི་ཕྱིར། འདོད་པའི་ཕྱིར་ན་མ་ཁྱབ་སྟེ། ཚེ་བསྲིང་པ་ནི་སྲོག་གི་རྣམ་སྨིན་དེ་ཉིད་བཅོས་པའི་དོན་མིན་པར། དེ་དང་ལྷན་ཅིག་ཏུ་ཚོགས་པའི་རྒྱས་བྱུང་གི་དབང་པོ་དེ་ཉིད་རྫས་དང་སྔགས་ཏིང་ངེ་འཛིན་སོགས་ཀྱིས་བསྒྱུར་བཅོས་གཏོང་བའི་དོན་ནོ། །དཔེར་ན། མིག་གཤག་བཅོས་བྱེད་པ་ནི་མིག་ལ་བརྟེན་པའི་མིག་གི་རྣམ་སྨིན་གྱི་དབང་པོ་དེ་བཅོས་པ་མ་ཡིན་པར། དེ་ལ་བརྟེན་པའི་རྒྱས་བྱུང་གི་མིག་དབང་དེ་ཉིད་བཅོས་པ་དང་མཚུངས་སོ། །

དེ་ཡང་། 20རྒྱལ་དབང་མཛོད་ལས། ཉིང་མཚམས་སྦྱོར་བའི་སྐད་ཅིག་གཉིས་པ་ནས། སྲོག་དབང་འགགས་པ་ལ་ཐུག་གི་བར་གྱི་དབང་པོ་གཟུགས་ཅན་པ་རྣམས་ལ་རྣམ་སྨིན་དང་རྒྱས་བྱུང་གི་ཆ་གཉིས་རེ་ཡོད་པར་ནི་དམ་བཅའ་དགོས་ཤིང་། རྣམ་སྨིན་གྱི་གཟུགས་དེ་རྒྱས་པ་དང་འཕེལ་བ་དང་། རྒུད་པ་སོགས་ནི་ཡོད་པར་འདོད་དགོས་ཏེ། རྒྱས་བྱུང་གི་གཟུགས་ཇི་ཙམ་རྒྱས་པ་བཞིན་དུ་རྣམ་སྨིན་གྱིས་གཟུགས་ཀྱང་ལས་ཀྱི་ཤུགས་ཀྱིས་རྒྱས་པའི་རྒྱུ་ལ་མི་ལྟོས་པར་རང་ཤུགས་ཀྱི་ཚུལ་དུ་རྒྱས་བྱུང་དང་ཆ་མཉམ་དུ་རྒྱས་པ་སོགས་འགྱུར་རོ་ཞེས་སྨྲའོ། ། ཞེས་དང་། 21རྒྱས་པའི་རྒྱུ་བཞི་ནི་ཟས་དང་བསྐུ་མཉེ་དང་དྲིལ་ཕྱི་ལ་སོགས་པ་ལེགས་པར་བྱ་བ་དང་། གཉིད་དང་། ཏིང་ངེ་འཛིན་ཏོ། ། བཞི་པ་དེ་དག་ལས་བྱུང་བའི་ཕྱིར་རྒྱས་པ་ལས་བྱུང་བའོ། ། ཞེས་གསུངས་སོ། །

སྲོག་གི་བྱེད་ལས་ནི། མཛོད་ཐར་ལམ་གསལ་བྱེད།22 སྲོག་གི་དབང་པོས་དོན་གཉིས་ལ་དབང་བྱེད་དེ། རིགས་མཐུན་གནས་པ་དང་རིས་མཐུན་མཚམས་སྦྱོར་བ་ལ་དབང་བྱེད་པའི་ཕྱིར། ཞེས་གསུངས་པ་ལྟར། སྲོག་གི་དབང་པོས་རང་གི་རིགས་འདྲ་ཕྱི་མར་མཚམས་སྦྱོར་བར་བྱེད། རིས་མཐུན་མཚམས་སྦྱོར་བ་ནི་འཆི་སྲིད་ཀྱི་མཇུག་ཐོག་ཏུ་བར་སྲིད་ལ་མཚམས་སྦྱོར་བ་དང་། དེ་སྐྱེ་བའི་སྲིད་པར་མཚམས་སྦྱོར་བར་བྱེད་དོ། །

            ཡང་ཁ་ཅིག་གིས། ཚེ་ནི་འཚོ་བའི་ཡུན་ཚད་ལ་གོ་དགོས་ན། སྲོག་ཀྱང་ཡུན་ཚོད་ཡིན་པར་ཐལ། སྲོག་ནི་ཁམས་གསུམ་གྱི་ཚེའོ་ཞེས་གསུང་པའི་ཕྱིར། འདོད་ན། སྲོག་ཀྱང་དུས་ཚོད་ཡིན་པར་ཐལ་བའི་སྐྱོན་སྤོང་མཛད་ཀྱང་། སྲོག་དེ་ཉིད་ཚེའི་ཆ་ལ་བཏགས་པས་སྲོག་དུས་ཚོད་ཐལ་བའི་སྐྱོན་མི་འཇུག་སྟེ། 23གཏན་ལ་དབབ་པ་བསྡུ་པ་ལས། སྲོག་གི་དབང་པོ་གནས་སྐབས་ལ་གདགས། དེ་ལ་རྣམ་པ་དུ་ཡོད་ཅེ་ན། སྨྲས་པ། ལས་ཀྱིས་འཕངས་པའི་རྣམ་པར་སྨིན་པ་གནས་པའི་དུས་ངེས་པའི་གནས་སྐབས་ལའོ། ། ཞེས་གསུངས་པའི་ཕྱིར།

མདོར་ན་ལུས་སེམས་ཕྲ་རགས་གཉིས་འབྲེལ་ཐག་མ་ཆད་པར་གནས་པའི་ཡུན་དེ་ལ་འཚོ་བའམ་གསོན་པ་ཞེས་བརྗོད་ན་དོན་ལ་གནས་སོ་སྙམ། 24ཚེ་དང་འཚོ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན། ཞེས་དང་། 25གསོན་པ་དང་འཚོ་བ་དང་འདུག་པ་དང་སྡོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བར་བྱེད་དོ། །ཞེས་གསུང་པའི་ཐ་སྙད་ཀྱི་རྣམ་གྲངས་དང་། ངེས་ཚིག བརྗོད་པ། ཚིག་གི་འབྲེལ་སྦྱོར་སོགས་དཔྱད་པ་ཞིབ་མོའི་ལུགས་སུ་བཀྲལ་བ་ནི་ངོ་མཚར་ཆེ་བར་མཐོང་།

སྤྱིར་སྲོག་འཇོག་ཚུལ་དང་སྲོག་གི་བྱེད་ལས་སྐོར་སྔགས་དང་སྨན་གྱི་ལུགས་གཅིག་མཚུངས་སུ་སྣང་བས། སྐབས་འདིར་དཀྱུས་གཅིག་ཏུ་བཤད་པར་བྱ་སྟེ། གོང་གི་བཞེད་པ་དག་དང་ཅུང་མི་འདྲ་བར་འདིར་སྲོག་ཅེས་བྱ་བ་ནི་ལུས་སེམས་ཁ་མ་བྲལ་བར་འཛིན་པའི་དབུགས་ཀྱི་རྒྱུ་བ་ཕྲ་རགས་ཚོགས་ཞིང་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་པའི་དྭངས་མའི་རླུང་དེ་ལ་དགོས་སོ། ། དེ་ཡང་རྗེ་མི་ཕམ་པས། ལུས་ཀྱི་དབུས་ན་རྣམ་ཤེས་ཀྱི་རྟེན་རླུང་ཁམས་དྭངས་མའི་ཡི་གེ་གནས་པ་དེ་སྲོག་དང་། ཞེས་གསུངས། དབུགས་སམ་རླུང་དེའང་ཕྲ་རགས་མང་པོ་འདུག་ཀྱང་སྐབས་ལྟར་སྦྱོར་དགོས། དཔེར་ན། དེ་ཡང་ཁ་སྣ་ནས་རྒྱུ་བ་དབུགས་རགས་པ་དང་། ཅུང་ཕྲ་བ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་སྲོག་འཛིན་རླུང་། ཤིན་ཏུ་ཕྲ་བ་སྙུགས་སེམས་ཀྱི་རྟེན་རླུང་ཕྲ་མོ་ལྟ་བུའོ།། དེ་བཞིན་དུ། 26རིམ་པ་ལྔ་བསྡུས་པ་གསལ་བ།སེམས་དང་ལུས་ཀྱི་གནས་ཐབས་ལས།། རགས་དང་ཕྲ་དང་ཤིན་ཏུ་ཕྲ།། ཞེས་གསུང་པ་དང་གནད་གཅིག་གོ །

            27སེམས་ཅན་ཀུན་གྱི་སྲོག་གྱུར་པ།། རླུང་ཞེས་བྱ་བ་ལས་ཀུན་བྱེད།། འདི་ནི་རྣམ་ཤེས་གཞོན་པ་སྟེ།། ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། ཞེས་དང་། 28རྒྱུད་རྡོ་རྗེ་ཕྲེང་བ་ལས། རྡོ་རྗེར་ལྷ་བ་མཁའ་དབྱིངས་འགྲོ། ། སྲོག་ཅེས་བྱ་བ་རླུང་ཆེན་པོ། ། བྱུང་ནས་འདུད་མེད་ལྔ་བརྟེན་པས། ། བཅོམ་ནས་ཀྱང་ནི་རྣམ་ལྔ་རུ། །རླུང་གི་འཁོར་ལོ་སྲོག་ཏུ་བཤད། །ལུས་ཅན་ཀུན་གྱིའང་སྲོག་ཏུ་བཤད། ། ཅེས་དང་།

གོང་གི་གཞུང་ཡོད་དོ་ཅོག་གིས་དབུགས་ལ་ངོས་འཛིན་པ་དང་། དབུགས་དེ་ལའང་སྐབས་འདིར་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་གསུམ་ལས་ལུས་འཚོ་བར་བྱེད་པའི་རླུང་དང་པོ་གཉིས་ལ་འཇོག་དགོས་པ་འདྲ་ཡང་དཔྱོད་པར་མཛོད། དེ་ཡང་།29རྣམ་འགྲེལ་འགྲེལ་བཤད་ལས། སྲོག་ནི་དབུགས་འབྱུང་བའོ། སོགས་པའི་སྒྲས་ནི་དབུགས་རྔུབ་པ་ལ་སོགས་པ་གཟུང་ངོ་། ། ཞེས་དང་། 30མཛོད་རང་འགྲེལ་ལས། སྲོག་ཅེས་བྱ་བ་ནི་ལུས་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། ཞེས་དང་། 31ཆ་ལག་བཅོ་བརྒྱད་ལས། ཚེ་ཞེས་བྱ་བ་ནི་སྲོག་ལ་བྱ་ལ། སྲོག་ཅེས་བྱ་བ་ནི་ལུས་སེམས་འབྲེལ་བའི་དབུགས་གནས་པར་ལ་བྱ་སྟེ། 32སེམས་ཅན་རང་རང་གི་སྲོག་སྟེ་རླུང་ལས་གཞན་པ་ཁམས་གསུམ་ན་མེད་པར་གསུངས་པ་དང་། ཞེས་གསུངས་པ་དང་། མདོར་ན། དཔལ་ཆོས་ཀྱི་གྲགས་པ་དང་། སློབ་དཔོན་དབྱིག་གཉེན། རྗེ་ཙོང་ཁ་པ། གཡུ་ཐོག་གསར་མ་སོགས་ཀྱིས་སྲོག་ཅེས་པའི་དགོངས་པ་མཐར་གཏུགས་ན་ངོ་བོ་རླུང་ལ་འཇོག་པ་འདི་ཉིད་སྔགས་དང་སྨན་གྱི་དགོངས་པའི་ཆུ་བོ་སུམ་སྦྲེལ་འདི་ཉིད་ཡིན། །

 

རྨད་བྱུང་བསོད་ནམས་འོ་མའི་རོལ་མཚོ་ལས།།

འཕགས་བོད་གསོ་རིག་མར་གྱི་སྙིང་པོའི་ཕུད།།

བཅུད་དུ་བསྟེན་པའི་དྲང་སྲོང་མཁས་པའི་ཚོགས།།

ཁོ་བོའི་མགྲིན་པའི་ལོངས་སྤྱོད་ཕེབས་པར་མཛོད། བར་སྐབས་ཀྱི་ཚིགས་སུ་བཅད་པ།

 

33རླུང་ནི་མིའོ་ཅོག་གི་སྲོག་དང་། རྩི་ཤིང་ཐམས་ཅད་ལ་ཕན་པར་འགྱུར་བ་དང་གནོད་པར་འགྱུར་བའི་རྒྱུན་ཡིན་ཏེ། ཞེས་པ་འདི་ནི་དེང་རབས་ཚན་རིག་དང་མཐུན་པའི་ཚད་མཐོའི་དབྱེ་ཞིབ་ཅིག་ཏུ་མཐོང་། 34བླ་མ་མི་ཕམ་པས། ལེགས་སྦྱར་གྱིས་སྲོག་དེ་དབུགས་ལ་ངོས་འཛིན་པར་གསུངས། ཞེས་སྔགས་ཀྱི་གཞུང་དང་སྨན་གྱི་འགྲེལ་ཆེན་ཁག་ཡོད་དོ་ཅོག་གི་དགོངས་པ་གཅིག་ཏུ་དྲིལ་ཏེ་བཤད་ན། སྲོག་ནི་དབུགས་སམ་རླུང་ཕྲ་རགས་གཉིས་ཀ་ཚོགས་ཤིང་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་དྭངས་མའི་རླུང་དེ་ཉིད་ལ་གོ་དགོས་པར་སེམས། དེ་ལ་ཇི་ཙམ་གྱིས་དྭངས་ཆ་དང་ལྡང་ཚད་ཡག་པོ་ཡོད་པའི་ཚོད་ཀྱིས་ཚེ་སྲོག་རིང་དུ་འཚོ་ཐུབ་པ་དང་།དེ་ཉིད་དབུགས་སྤྱི་ཙམ་ལ་མི་འཇོག་པར་སྲོག་གི་རང་བཞིན་གྱི་དྭངས་མའི་ཆ་ཡེ་ཤེས་ཀྱི་རླུང་དེ་ཉིད་ཇི་ཙམ་གསོག་འཇོག་ཐུབ་པའི་ཚོད་ཀྱིས་ཚེ་རིང་པོར་གནས་ཐུབ། དེ་ཡང་མེས་ཞལ་ལས།35 དེའི་ནང་ནས་སྲོག་གི་རང་བཞིན་ཅན་ཡེ་ཤེས་ཀྱི་རླུང་དེ་ཉིད་ཕྱི་རོལ་དུ་ཚད་ལས་མང་བར་བརྒྱུས་པ་ན་ཚེ་ཐུང་ངུར་འགྱུར་ཞིང་། གལ་ཏེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་གི་ཁོངས་སུ་རྒྱུ་ན་དེའི་མཐར་འཆི་བ་དང་། བུམ་པ་ཅན་གྱི་རིམ་པས་ནང་དུ་འཛིན་ནུས་ན་འཆི་མེད་འགྲུབ་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ཏེ། ཞེས་གསུངས་པ་ལྟར། རླུང་བུམ་པ་ཅན་བཟུང་བ། རླུང་ལྔའི་ལུས་སྦྱོང་། ན་རོ་ཆོས་དྲུག་གི་འཕྲུལ་འཁོར་སོགས་ཆག་མེད་དུ་རྩེས་ན་ལུས་སྦྱོང་གཞན་དང་མི་འདྲ་བར་རླུང་གི་དྭངས་མའི་ནུས་པ་འཛིན་ཐུབ་པའི་མན་ངག་དམིགས་བསལ་བ་ཞིག་གོ །

དབུགས་དེ་ལ་ཕྲ་རགས་མང་དུ་ཕྱེ་སྟེ། 36རྗེའི་རིམ་ལྔ་གསལ་སྒྲོན་ལས། དེ་ལ་སྲོག་འཛིན་སྣ་བུག་ནས་རྒྱུ་བ་ནི་སྲོག་འཛིན་རགས་པ་ཡིན་ལ། སྙིང་གར་གནས་པའི་རླུང་མི་ཤིགས་པ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་སྲོག་འཛིན་ཡིན་ཏེ། ཞེས་གསུངས་པ་ལྟར། ལུས་སེམས་མ་བྲལ་བར་འཛིན་པའི་དབུགས་ཀྱི་རྒྱུ་བ་ཕྲ་རགས་ཀྱི་དྭངས་མའི་རླུང་དང་དེའི་ནུས་པ་དེ་ཉིད་གཏན་འགག་ཏུ་ནམ་ཕྱིན་པ་ན། སྲོག་དང་བྲལ་བའམ་ཚེ་འཕོས་པ་ཡིན། དེ་བཞིན་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་སྲོག་འཛིན་གྱི་རླུང་དྭངས་མ་དེ་ཉིད་ལྡོག་རྗེས། དེ་ལ་བརྟེན་ནས་ལུས་ཀྱི་དྲོད་ཕྲ་རགས་ཀུན་ཀྱང་ལྡོག་པར་བྱེད། མཐར་ལུས་འཚོ་བྱེད་ཀྱི་དྲོད་མེད་པ་ལ་བརྟེན་ནས་ལུས་བེམ་པོར་གྱུར་ནས་ལུས་རུལ་བའི་འགོ་བརྩམས་པ་ཡིན། དེའི་རྟགས་སུ་ཕུང་པོར་དྲི་མ་བྲོ་བ། གཟུགས་པོའི་མདོག་འགྱུར་བ་སོགས་ཡོང་གི་ཡོད། དེའི་རྒྱུ་མཚན་ནི་དྲོད་ཀྱི་རྟེན་སྲོག་ལྡོག་པའི་རྒྱུ་མཚན་ཁོ་ན་ལས་མ་འདས་སོ། །

འོན་ཀྱང་རླུང་དེ་དག་གི་གཙོ་བོ་ནི་སྲོག་འཛིན་རླུང་ཡིན་ཞིང་དེའི་གནས་ནི་གཙོ་བོ་སྙིང་ཁ་དང་དེ་མིན་ཆ་ཤས་ལུས་ཀུན་ལ་གནས་པར་གསུངས། དེ་ཡང་ 37ཡེ་ཤེས་རྡོ་རྗེའི་ཀུན་བཏུས་ལས། ཞེས་འཕོ་བ་དང་པོའི་དུས་སུ་སྲོག་འཛིན་གྱི་རླུང་ཆགས་པར་བཤད་ཅིང་། དེའི་གནས་ཀྱང་དེ་ཉིད་ལས། སྲོག་གི་རླུང་ནི་སྙིང་གར་གནས། ། ཞེས་གསུངས་པས་འཆགས་པའི་ཚེ་དང་པོ་སྙིང་གར་སྲོག་རླུང་འཆགས་ལ། དང་པོ་གང་ནས་སྐྱེ་བའི་རིམ་པ་དེས་སླར་སྡུད་པར་གསུངས་པའི་ཕྱིར་རོ། ། ཞེས་དང་། 38ཡན་ལག་གི་རླུང་ལྔ་ནི་ཤས་ཆེར་སྲོག་འཛིན་གྱི་ཡན་ལག་ཡིན་པས། འདི་རྣམས་འཆར་བ་དང་ནུབ་པ་གཉིས་ཀའི་གཙོ་བོའི་གནས་ནི་སྙིང་གའོ། །ཞེས་གསུངས།མདོར་ན་གནས་སྐབས་འདི་འདྲ་ལ་གྲུབ་མཐའ་སོ་སོའི་བཞེད་པ་དང་། ལྟ་གྲུབ་ཕན་ཚུན་མ་སྤྲས་པར་སོ་སོར་དབྱེ་རྒྱུ་ནི་མཁས་པའི་ལུགས་སོ། ། དེར་བརྟེན་གཞུང་ཆེན་མོའི་ནང་དུའང་ལུགས་སོ་སོར་འབྱེད་ན་མཁས་པ་ཡིན་ཞེས་གསུངས་པ་ལྟར། དེ་དག་ཞིབ་མོའི་ལུགས་སུ་བཀྲལ་རྒྱུ་ནི་གཞུང་ལུགས་བརྩམས་པའི་ཆེ་བ་ཉིད་དུ་མཐོང་།

དེའི་སྐོར་ “རྣམ་དཔྱོད་ཅན་སྨན་རམས་པ་བསུ་སྣང་ངག་དབང་སྦྱིན་པས་བརྩམས་པའི།<<བོད་ཀྱི་གསོ་བ་རིག་པར་གསུངས་པའི་སྲོག་ལ་དཔྱད་པའི་ནང་དུ།>>39 ཡང་སྦྱོར་བའི་དབང་གིས་ཤེས་པར་བྱ་སྟེ་ཅི་འདོད་པ་བཞིན་དུ་མི་རུང་སྟེ། དེ་བས་ན་མི་རྣམས་ཀྱི་སྟོབས་མེ་ལས་འབྱུང་ལ་སྟོབས་ལས་ནི་སྲོག་གྲུབ་པ་དེ་བས་ན། མེའི་དྲོད་བསྐྱེད་ཅིང་མེ་དྲོད་རན་པར་བྱ་བ་ལ་འབད་ཅིང་བསྲུང་བར་བྱའོ། ། དེ་ལྟ་བས་ན་མེ་དྲོད་ཉམས་ན་ནི་མིའི་སྲོག་ཀྱང་ཉམས་པར་འགྱུར་བ་ཡིན་ཏེ། ཞེས་ཡན་ལག་བརྒྱད་པའི་ཁུངས་དེ་ཉིད་དྲངས་ཏེ། ལུས་འཚོ་ཞིང་གནས་པར་བྱེད་པའི་མེ་དྲོད་ཀྱི་སྟོབས་ལས་འགྲུབ་པའི”དྲོད་ཀྱི་ནུས་པ”ཞིག་ལ་སྲོག་ཅེས་འདོད་དོ་ཞེས་དབྱེ་ཞིབ་དམིགས་བསལ་བ་ཞིག་གནང་འདུག་སྟེ། རང་འགྲེལ་གྱི་བཤད་པ་དེ་ནི་སྲོག་གི་ངོ་བོ་བཤད་པ་མ་ཡིན་པར་དེས་སྲོག་གནས་པའི་རྟེན་ལུས་ཟུངས་སམ་ལུས་ཀྱི་ནུས་སྟོབས་ལ་རག་ལས་པར་གསུངས། ནུས་སྟོབས་ཞེས་པ་ནི་ལུས་ཟུངས་ཡིན་ཏེ། དེ་ཡང་ལུས་ཟུངས་ཀྱི་ལྡང་ཚད་ཚུལ་བཞིན་ཡོང་བར་མེ་དྲོད་ལ་རག་ལས་གསུངས་པ་ནི་གཞུང་དེའི་དགོངས་པའོ། རང་འགྲེལ་གྱིས་ཕོ་བའི་མེ་དྲོད་དང་དེའི་ནུས་པ་བཤད་པའི་སྐབས་ཡིན་པའི་ཕྱིར།

དེ་ཡང་། 40ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དེ་བས་འབད་པ་ཀུན་གྱིས་མེ་དྲོད་སྲུང་། ། དེ་ཉམས་ན་ནི་མི་ཡི་སྲོག་ཉེས་ཉམས། ། ཞེས་དང་། 41རྒྱུད་ལས། མེ་དྲོད་དེ་ནི་ཟས་གང་ལུས་ཟུངས་མདངས།། སྟོབས་རྒྱས་འཕེལ་བར་བྱེད་པའི་རྒྱུ་ཡིན་ཏེ།། ཞེས་དང་། འབད་དེ་མེ་དྲོད་བསྲུང་བར་གནས་གྱུར་ན།། ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་གྱུར།། ཞེས་དང་། མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ།། འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད། ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད།། དེ་ཡིས་ནད་མེད་བརྩོན་དང་གཟི་མདངས་དང་།། ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད།། ཅེས་གསུངས་པ་དག་ནི་དགོངས་པ་གཅིག་དང་དབྱངས་གཅིག་གོ །

            སྤྱིར་སྲོག་གནས་པ་དང་སྲོག་འཚོ་བའི་ཐབས་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ཧ་ཅང་གསལ་ཡང། འདིར་རོབ་ཙམ་ཞུ་ན་ཟས་དང་། སྤྱོད་ལམ། དུས་དང་། ཁོར་ཡུག འདུ་བ། ལུས་ཟུངས། མེ་དྲོད་སོགས་ནི་རྟེན་འབྲེལ་ཚུལ་དུ་མེད་ན་མི་འབྱུང་བའི་འབྲེལ་བ་ཉིད་དུ་ངེས་སོ། ། དཔེར་ན། གཞུང་ཆེན་པོའི་ནང་དུ་ཟས་ཟད་པ་ནི་བུ་ཤི་བའི་རྒྱུ་ཡིན་ཞེས་གསུང་པ་སོགས་ནི་སྲོག་འཚོ་བ་ཟས་ལ་རག་ལས་པར་བསྟན་ནོ། །

འོ་ན། སྲོག་ཅེས་པ་དེ་ལུས་ཀྱི”དྲོད་ལ་བརྟེན་པའི་ནུས་པ”ཞིག་ལ་འཇོག་ན། གཟུགས་མེད་ན་སྲོག་མེད་པར་ཐལ་ཏེ། དེ་ན་བརྟེན་པ་དྲོད་མེད་པའི་ཕྱིར། དེར་སྲོག་གིས་དྲོད་དང་རྣམ་ཤེས་གཉིས་སུ་ཕྱེ་བའི་དྲོད་ཀྱི་རྟེན་མི་བྱེད་པའི་ཕྱིར། དེར་ཐལ། དེར་དྲོད་མེད་པའི་ཕྱིར་ཏེ། 42བཻ་སྔོན་ལས། ཚེ་དང་སྲོག་དང་འཚོ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་པས་ན། འདོད་པ་དང་གཟུགས་ཀྱི་ཁམས་ན་དྲོད་དང་རྣམ་པར་ཤེས་པའི་དོན་གཉིས་ཀ་བྱེད་པ། གཟུགས་མེད་ན་རྣམ་པར་ཤེས་པའི་རྟེན་ཁོ་ན་བྱེད་པ་དེ་རིག་པར་བྱེད་པས་ན་ཚེའི་རིག་བྱེད། ཅེས་གསུངས་པའི་ཕྱིར།དེ་ལྟར་དྲོད་མེད་པར་དྲོད་ཀྱི་ནུས་པ་ཇི་ལྟར་འཇོག་དགོས་སམ། དོན་དུ་བུ་ཡེ་ནས་མེད་པའི་ཟླ་གྲགས་ཀྱི་ལོ་རྒྱུས་ལྟར་སོང་འདུག་གོ །

ཡང་ཁྱེད་ལྟར་ན་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་སྲོག་དེ་དྲོད་ཀྱི་ངོ་བོའམ་མེ་དྲོད་ལ་འཇོག་ན། དྲོད་དང་རྣམ་ཤེས་གཉིས་སུ་ཕྱེ་བའི་དྲོད་དེའང་མེ་དྲོད་ཡིན་པས། རྟེན་དྲོད་ལ་བརྟེན་པ་དྲོད་འཇོག་ཚུལ་དེ་རྒྱ་བོད་ཀྱི་མཁས་པ་སུས་ཀྱང་མ་གསུངས་པའི་ཕྱིར། གཞན་ཡང། དྲོད་དང་རྣམ་ཤེས་གཉིས་སུ་ཕྱེ་བའི་དྲོད་ཀྱི་ནུས་པ་དེ་སྲོག་ཏུ་ཐལ། རྒྱུ་མཚན་མཚུངས་པའི་ཕྱིར། དེར་ཐལ། དེ་གཉིས་ཀ་མེ་དྲོད་ཀྱི་ངོ་བོ་ཡིན་པས། གཅིག་ཤོས་སྲོག་ཏུ་འདོད་ལ་གཅིག་ཤོས་སྲོག་ཏུ་མི་འདོད་པའི་རྒྱུ་མཚན་དབང་ཆེན་བ་ཚངས་པས་ཀྱང་སྒྲུབ་མི་ནུས་པའི་ཕྱིར་རོ། །

 གཞན་ཡང་། མེ་དྲོད་ཀྱི་ངོ་བོ་ཡིན་ལ་མེ་དྲོད་མ་ཡིན་པར། ཚ་ཞིང་སྲེག་པའི་ངོ་བོ་ཡིན་ལ་མེ་མ་ཡིན་པའི་ཁྱད་པར་ཕྱེ་ན། འཇུག་པ་ལས། ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། ། མོ་གཤམ་བུ་ལའང་དེ་ནི་ཡོད་པར་ཐལ། ། ཞེས་གསུངས་པ་ལྟར་རོ། ། ད་དུང་འདིའི་སྐོར་བཤད་པ་མང་དུ་འདུག་ཀྱང་ཚིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། །

སྤྱིར་བླ་ཚེ་སྲོག་གསུམ་ནི་རྟེན་བརྟེན་པའི་འབྲེལ་བ་འདོད་དེ། བླ་ཞེས་པ་ནི་གང་ཟག་དངོས་མིན་ཡང་རེས་འགར་སེམས་ཅན་འདྲ་མིན་གྱི་བྱད་གཟུགས་སུ་སྣང་བ། དེ་ལ་འགྲོ་འོང་གི་བྱ་བ་ལྡན་ཞིང་མིའི་ལུས་རྟེན་གྲུབ་པ་ནས་ལྷན་སྐྱེས་ཚུལ་དུ་ལུས་ལ་གནས་པ་ཞིག་ཡིན།དེ་ཡང་མཁས་པ་འགའ་རེས་བླ་ནི་ལུས་ཀྱི་མདངས་ལ་འཇོག་པ་དང་། ཡང་འགའ་རེས། 43མཐུ་དང་གཟི་བརྗིད་བཀྲག་མདངས་ཀྱི་རྟེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ཀྱི་ཆ་ཞིག་ལ་འཇོག་པ་དང་།ལར་ན་ཁོ་བོས་མཐུ་དང་གཟི་བརྗིད་བཀྲག་མདངས་ཀྱི་རྟེན་དུ་གྱུར་པའི་དྭངས་མའི་ཆ་ལ་བཏགས་པའི་ནུས་པ་ཞིག་ལ་བླ་ཞེས་འདོད་དེ། དེ་ཉིད་སྲོག་གི་རྟེན་དུ་གྱུར་ཚུལ་ནི་གཟི་བརྗིད་དང་བཀྲ་མདངས་ནི་རྒྱུ་དྭངས་མ་ལས་བྱུང་ཞིང་། མཐར་ཕྱིན་གྱི་དྭངས་མ་དེ་ནི་ལུས་ཟུངས་ལ་བྱུང་ཞིང་། ལུས་ཟུངས་བདུན་ནི་སྲོག་གི་རྟེན་ནམ་གཙོ་བོ་ཡིན། དེར་བརྟེན་བླ་དེ་ཉིད་སྲོག་གི་ཆ་ཤས་ཡིན་པས་དེ་ལ་ཚེ་ཞེས་ཐ་སྙད་སྦྱོར་བའང་ཡོད་དེ། 44མེས་ཞལ་ལས། འདི་དག་ཀུན་ཀྱང་སྲོག་གི་ཆ་ཤས་སུ་གྱུར་པ་ཡིན་པས་ན་ཚེ་ཞེས་པའི་བརྡ་སྦྱར་བ་ཡིན་ནོ། ། ཞེས་གསུངས།

དེ་ཡང་རྗེ་མི་ཕམ་པས། 45རླུང་སེམས་དྭངས་མ་འདུས་པའི་ཁམས་ལུས་ལ་རྒྱུ་ཞིང་སྲོག་གནས་པའི་རྟེན་དུ་གྱུར་པ་དེ་ལ་བླ་ཞེས་ཟེར་ཏེ། ཞེས་གསུངས། ཡང་མཁས་པ་འགས་བླ་ཚེ་སྲོག་གསུམ་ངོ་བོ་གཅིག་ལྡོག་པ་ཐ་དད་ལྟ་བུར་འདོད་དེ། བླ་ནི་སྲོག་གི་རྒྱུན་ལ་བཏགས་པའི་གློ་བུར་བའི་ནུས་པ་ཞིག་གོ ། ཚེ་ནི་སྲོག་གནས་པའི་ཡུན་ཚོད་དེ་ལ་ཟེར། བླ་ནི་ལུས་ཀྱི་སྟོད་སྨད་ཀུན་ཏུ་རྒྱུ་ཞིང་། ཡིད་ལུས་ཀྱི་གཟུགས་ལ་རྣམ་པ་མི་འདྲ་བ་མང་པོ་ཞིག་སྤྲུལ་པའང་གསུངས། 46སྲོག་དང་ཚེ་དེ་གནས་པའི་རྟེན་ངོ་བོ་དེ་ལ་བླ་ཞེས་གྲགས་ཏེ། ཞེས་དང་། ཡང་དེ་ཉིད་ལས། དེ་ཉིད་བླའམ་མདངས་དེ་ཞེས་བླ་དང་མདངས་གཉིས་གོ་བ་གཅིག་ཏུ་འདྲིལ་འདུག་ན་འདི་ནི་གཞུང་གཞན་དུ་དེ་ཙམ་གསལ་ཁ་མེད་པའི་ལེགས་བཤད་ཅིག་ཏུ་འཁུམ། འོན་ཀྱང་གོང་ཞུས་དག་ལས་གཅིག་ཏུ་འདི་ཡིན་ཞེས་གཅིག་ཏུ་ཁ་ཚོན་མི་ཆོད་པས་མཁྱེན་ལྡན་རྣམས་ཀྱིས་དཔྱོད་པར་མཛོད།

ཡང་འགའ་རེས་བླ་མའི་རྣམ་བཤད་ཁུངས་དྲངས་ནས།བླ་ནི་འགྲོ་བ་ཐམས་ཅད་ལ་ཡོད་པར་གསུངས་པ་ནི། འདོད་ལྷ་དང་དམྱལ་བ་མི་དང་དུད་འགྲོ་ཀུན་ལ་ཕན་གནོད་བླང་དོར་གྱི་སྟོབས་ཆེ་ཆུང་ཙམ་མ་གཏོགས་ཀུན་ལ་བླ་ཡོད་པ་དང་། གཟུགས་མེད་ཀྱི་ཁམས་ན་བླ་མེད་གཟུགས་ཁམས་ན་ཕན་གནོད་བླང་དོར་འབྱེད་པའི་རྣམ་པ་ཅན་གྱི་བླ་མེད་ཀྱང་། ང་གཅེས་འཛིན་གྱིས་བཞག་པའི་གང་ཟག་གི་སྣང་ཆ་ཡོད་པ་དང་། ཉན་རང་དགྲ་བཅོམ་དང་བྱང་འཕགས་རྣམས་མེད་གསུངས་པ་ལྟར་ན། ཐལ་འགྱུར་བའི་ལུགས་ལ་ཉན་རང་དགྲ་བཅོམ་དང་བྱང་འཕགས་རྣམས་ལ་བདེན་འཛིན་གྱིས་སྣང་བ་ཡོད་ལ་ཞེན་པ་མེད་ཅེས་གསུངས་པ་བཞིན། གང་ལྟར་བླ་ཞེས་པ་ནི་ཐ་མལ་པའི་བློ་ལ་བདེན་འཛིན་གྱིས་ཞེན་པའི་ཨ་འཐད་ཀྱིས་སྣང་བའི་ཆ་ཞིག་ལ་བླ་ཞེས་འཇོག་དགོས་པར་མངོན། འོན་ཀྱང་དེ་ཉིད་གཟུགས་མེད་ན་མེད་གསུངས་པ་དང་། སྲོག་དང་བྲལ་ཟིན་ཡང་བླ་དེ་ཉིད་དུར་ཁྲོད་སོགས་སུ་གནས་པར་གསུངས་པ་ནི་དཔྱད་པར་བྱ་བའི་གཞི་མི་འོང་བས་མཁྱེན་ལྡན་རྣམས་ཀྱིས་དཔྱོད་པར་མཛོད།

དེ་ཡང་རྗེ་མི་ཕམ་པས། ལུས་ཀྱི་དབུས་ན་རྣམ་ཤེས་ཀྱི་རྟེན་རླུང་ཁམས་དྭངས་མའི་ཡི་གེ་གནས་པ་དེ་སྲོག་དང་། དེ་གནས་པའི་ཡུན་གྱི་ཆ་ལ་ཚེ་ཞེས་བྱ་བ་དང་། དེ་སེམས་དང་འགྲོགས་ནས་འཕོ་བའི་ཆ་ནས་བླ་ཞེས་བཏགས་ཏེ་ཐ་དད་དུ་བཞག་ལ། དགྲ་བོའི་བླ་ཁུག་ན་དེའི་ཚེ་ཉམས་ཤིང་སྲོག་ཆད་པའི་གནད་ཀྱང་དེའོ། །ཞེས་དང་། བླ་ཚེ་སྲོག་གསུམ་རྟེན་བརྟེན་པར་གསུངས། 47རྒྱུད་ལས། བླ་རྩ་གནས་ན་བླ་ཚེ་མལ་དུ་གནས། ། བླ་རྩ་འགྱུར་ལྡོག་བྱེད་ན་ཚེ་མི་བརྟན། ། བླ་རྩ་བྲོས་ན་བླ་ཚེ་ཡར་ཏེ་འཆི། ། ཞེས་བླ་ཚེ་གཉིས་རྟེན་བརྟེན་པ་དང། དེ་ཉིད་སེམས་དང་འགྲོགས་ཙང་སེམས་ལ་ཞེད་སྣང་དང་། དངངས་སྐྲག་སླེབས་སྐབས་ལུས་ནས་བྲོས་པའམ་བོར་འགྲོ་བ། ཡང་ན། མཐུ་དང་གཟི་བརྗིད་བཀྲག་མདངས་སོགས་ཀྱི་རྟེན་དྭངས་མའི་ནུས་པ་ཤོར་བ་ལ་བརྟེན་ནས། གདོན་སོགས་ཀྱིས་བརྫི་སྟེ་རང་བཞིན་གྱིས་སྲོག་ཤོར་བར་བཤད། 48ཟིན་ཏིག་ལས།དེས་ན་མི་མ་ཡིན་གྱིས་བླ་ལ་འཚེ་བ་བྱས་པས་བླ་དེ་ལ་བརྟེན་པའི་ཚེ་སྲོག་ལ་གནོད་པ་ཡིན་གྱི་ཚེ་སྲོག་ལ་དངོས་སུ་གནོད་ནུས་པ་མ་ཡིན་ནོ། ། ཞེས་གདོན་སོགས་ཀྱིས་ཐད་ཀར་སྲོག་ལ་གནོད་པ་མ་ཡིན་པར་དེའི་རྟེན་བླ་ལ་གནོད་པར་བྱེད་པའི་དོན་ནོ།།དེ་ཡང་། རྣམ་འགྲེལ་ལས། རྟེན་ལ་གནོད་པས་བརྟེན་པ་ལ་གནོད་པ་བཞིན་ནོ། ། ཞེས་གསུངས་པ་རྣམས་དང་དོན་གཅིག་གོ ། ད་དུང་བླ་འཁྱམས་ཚུལ་དང་། བླ་གནས་སྐོར། བླ་འཕོ་ཚུལ། བླ་འགུག་ཐབས་སོགས་རྒྱུས་ལོན་དགོས་པ་མང་པོ་ཞིག་འདུག་སྟེ་དུས་ཚོད་ཀྱིས་མ་ལྕོགས་པས་རེ་ཞིག་བཞག་གོ །

མདོར་ན།གོང་ཞུས་དག་གི་དགོངས་པ་གཅིག་ཏུ་འདྲིལ་ན། བླ་ནི་མཐུ་དང་གཟི་བརྗིད་བཀྲག་མདངས་སོགས་ཀྱི་རྟེན་དུ་གྱུར་པའི་ལྡན་མིན་འདུ་བྱེད་ཀྱི་ཆ་གྱུར་པའི་སྣང་བ་ཞིག་ལ་འདོད་དགོས་པ་འདྲ་ཡང་དཔྱོད་པར་མཛོད། བླ་ཚེ་སྲོག་གསུམ་བརྟན་པོ་གནས་མིན་ནི་ལུས་ཀྱི་ནུས་སྟོབས་དང་ཟུངས་ལ་རག་ལས་ཏེ། ལུས་ཟུངས་ཀྱི་ལྡང་ཚད་ཇི་ཙམ་ཡག་པོ་ཡོད་པའི་ཚོད་ཀྱིས་མཐུ་དང་གཟི་བརྗིད་དང་བཀྲག་མདངས་ཡག་པོ་ཡོང་གི་ཡོད། དེ་ཇི་ཙམ་ཡག་པོ་ཡོད་པའི་ཚོད་ཀྱིས་གཞན་ཕ་རོལ་པོ་མི་དང་། མི་མ་ཡིན་པ། གདོན་སོགས་ཀྱིས་བརྫི་མི་ནུས་པར། སྲོག་འཚོ་ཞིང་ཚེ་རིང་པོར་གནས་ཐུབ་པ་དང་། དེ་ལ་བརྟེན་ནས་མི་ཡིས་སྒྲུབ་པར་འོས་པའི་རླབས་ཆེ་བའི་བྱ་བཞག་མང་པོ་ཞིག་བསྒྲུབ་པའི་གོ་སྐབས་ཡོད་པ།དེ་ཡང་རྒྱུད་ལས། ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། ། ཞེས་གསུངས་པ་ལྟར། མི་ཚེ་དོན་ལྡན་ཡོང་བའི་ཆ་རྐྱེན་འདི་དག་ལ་རྒྱུས་ལོན་དང་དོ་སྣང་བྱ་དགོས་པར་མཐོང་། ད་དུང་འདིའི་སྐོར་ཞིབ་ཚགས་པོའི་ལུགས་སུ་འབྲི་འདོད་ཆེ་ཡང་ཚིག་ཚོགས་མང་བ་དང་། རྩོམ་གྱི་ས་མིག་ཆུང་བས་དེ་ཙམ་གྱིས་མཇུག་བསྡུས་སོ། ། འདི་ལས་བྱུང་བའི་དགེ་ཚོགས་གང་མཆིས་པ་སྨན་རྩིས་བསྟན་པ་རྒྱས་པའི་གྲོགས་སུ་འགྱུར་བར་སྨོན་ཞེས་བསྐུལ་བའོ། །རྩོམ་རིག་རྒྱལ་ལོ། །

 

མདོ་སྔགས་ཟུང་གི་དགོངས་པ་དྭངས་མ་གསོ་རིག་མཛེས་མའི་རྒྱན་དུ་སྤྲས།།

སྔོན་བྱོན་མེས་པོའི་སྤྱན་ཆབ་དྭངས་མ་མཁུར་ཚོས་དམར་བའི་གཟུགས་སུ་ཕབ།།

གདོད་མའི་གཤིས་ལ་སྲོལ་རྒྱུན་འགྲོས་ཀྱི་ལང་ཚོའི་སྒེག་ཉམས་མིག་གི་དཔྱིད།།

དེང་རབས་གསར་པའི་གར་སྟེགས་འདི་ན་གསོ་རིག་མཛེས་མའི་མཚན་སྙན་འབར།། །།

 

 

1.  རིམ་ལྔ་གསལ་སྒྲོན་ལས། ཤོག་གྲངས། ༢༩༡ རྣམ་གྲྭ་དཔར་མ།

2.  འཕགས་པ་བློ་གྲོས་མི་ཟད་པ་བསྟན་པའི་རྒྱ་ཆེར་འགྲེལ་ལས། ཤོག་གྲངས། ༤༤༥ བསྟན་འགྱུར་དཔེ་བསྡུར་མ།

3. གཡུ་ཐོག་དགོངས་རྒྱན། ཤོག་གྲངས། ༦༤༥  མི་རིགས་དཔེ་སྐྲུན་ཁང་།

4.  འཇུ་མི་ཕམ་གྱི་བཀའ་འབུམ། ག་པ། སྟོད་ཆ། ཤོག་གྲངས། ༡༩༦ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

5. མཛོད་ཐར་ལམ་གསལ་བྱེད་ལས། ཤོག་གྲངས། ༡༠༨ ཝ་ན་དཔར་མ།

6.  ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད། བསྟན་འགྱུར་དཔེ་བསྡུར་མ། པོད། གུ ཤོག་གྲངས། ༢༠༦

7. བཀའ་འགྱུར་དཔེ་བསྡུར་མ། པོད། ཅུ། ཤོག་གྲངས། ༤༤༧

8. འདུལ་བ་མཚོ་ཏྲི་ལས། སྟོད་ཆ། བློ་གླིང་དཔར་མ། ཤོག་གྲངས། ༤༧༧

9. མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲངས་ལས། བསྟན་འགྱུར་དཔེ་བསྡུར་མ། པོད། ཅུ། ཤོག་གྲངས། ༥༥༠

10. འདུལ་བ་མཚོ་ཊཱིཀ སྟོད་ཆ། ཤོག་གྲངས།༤༧༧དགའ་ལྡན་བྱང་རྩེ་དཔར་མ།

11.མཛོད་རྩ་བ་ལས། ཤོག་གྲངས། ༢༣ བློ་གླིང་དཔར་མ།

12. འདུལ་བ་མཚོ་ཊཱིཀ སྟོད་ཆ། ཤོག་གྲངས། ༤༧༦ དགའ་ལྡན་བྱང་རྩེ་དཔར་མ།

13. མཛོད་རྩ་བ། ཤོག་གྲངས། ༢༩ བློ་གླིང་དཔར་མ།

14. འདུལ་བ་མཚོ་ཊཱིཀ སྟོད་ཆ། ཤོག་གྲངས། ༤༧༦ དགའ་ལྡན་བྱང་རྩེ་དཔར་མ།

15. མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་། བསྟན་འགྱུར་དཔེ་བསྡུར་མ། པོད། ཅུ། ཤོག་གྲངས། ༤༤༢

16. མཛོད་རྩ་བ་ལས། ཤོག་གྲངས། ༢༨ བློ་གླིང་དཔར་མ།

17. མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲངས། བསྟན་འགྱུར་དཔེ་བསྡུར་མ། པོད། ཅུ། ཤོག་གྲངས། ༤༤༣

18. བསྟན་འགྱུར་དཔེ་བསྡུར་མ། པོད། དོ། སྣ་ཚོགས་ནང་དུ་འཚོལ།

19. བསྟན་འགྱུར་དཔེ་བསྡུར་མ། པོད། ༨༡ ཅུ།ཤོག་གྲངས། ༤༤༦ བཀའ་འགྱུར་དཔེ་བསྡུ་ཁང་། 

20. རྒྱལ་དབང་མཛོད། ཤོག་གྲངས། ༥༤ སེར་སྨད་དཔར་མ།

21. མཛོད་ཐར་ལམ་གསལ་བྱེད། ཤོག་གྲངས། ༨༡ ཝ་ན་དཔར་མ།

22. མཛོད་འགྲེལ་ཐར་ལམ་གསལ་གསལ་བྱེད། ཤོག་གྲངས། ༡༠༡ ཝ་ན་དཔར་མ།

23. གཏན་ལ་དབབ་པ་བསྡུ་པ། བསྟན་འགྱུར་དཔེ་བསྡུར་མ། པོད། ༧༦ ཞི། ཤོག་གྲངས། ༡༧༤

24. བཻ་སྔོན་སྨད་ཆ། ཤོག་གྲངས། ༧༠༨ སྨན་རྩིས་ཁང་།

25. ཆོས་མངོན་པའི་མཛོད་བསྟན་བཅོས་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ། བཀའ་འགྱུར་དཔེ་བསྡུར་མ། པོད། ༧༩ ཀུ ཤོག་གྲངས། ༩༧༡

26. རིམ་པ་ལྔ་བསྡུས་པ་གསལ་བ། ཤོག་གྲངས།༡༢༡  མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྣམ་གྲྭ་དཔར་མ།

27. སྒྲོན་བཞིའི་ཊཱི་ཀཱ་ལས། བཀའ་འགྱུར་དཔེ་བསྡུར་མ། པོད༡༢/ཟ། ཤོག་གྲངས། ༤༦༡ 

28. རྒྱུད་རྡོ་རྗེ་ཕྲེང་བ་ལས། བསྟན་འགྱུར་དཔེ་བསྡུར་མ། པོད། གི ཤོག་གྲངས། ༨༡༩

29. བཀའ་འགྱུར་དཔེ་བསྡུར་མ། པོད༡༢/ ཤོག་གྲངས། ༤༢

30. མཛོད་རང་འགྲེལ་ལས། བསྟན་འགྱུར་དཔེ་བསྡུར་མ། པོད། གུ ཤོག་གྲངས། མ་ངེས།

31. ཆ་ལག་བཅོ་བརྒྱད། སྟོད་ཆ། ཤོག་གྲངས། ༡༦༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

32. ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། ཤོག་གྲངས། ༣༩ རྣམ་གྲྭ་དཔར་མ།

33. ཡན་ལག་བརྒྱད་པའི་རང་འགྲེལ། གསོ་རིག་ཀུན་བཏུས། པོད།༤ ཤོག་གྲངས། ༥༨༢

34. མི་ཕམ་གསུང་འབུམ། <<ར>>ཤོག་གྲངས། ༢༡༠

35. གསོ་རིག་ཀུན་བཏུས། པོད། ༡༣ ཤོག་གྲངས། ༧༡༣

36. རྗེའི་རིམ་ལྔ་གསལ་སྒྲོན་ལས། ཤོག་གྲངས། ༢༨༣ རྣམ་གྲྭ་དཔར་མ།

37. ཡེ་ཤེས་རྡོ་རྗེ་ཀུན་བཏུས། ཤོག་གྲངས། ༣༧ རྣམ་གྲྭ་དཔར་མ།

38. རིམ་ལྔ་གསལ་སྒྲོན་ལས། ཤོག་གྲངས། ༢༩༡ རྣམ་གྲྭ་དཔར་མ།

39. གསོ་རིག་ཀུན་བཏུས། པོད། ༤ ཤོག་གྲངས། ༧༢༨

40. ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། གསོ་རིག་ཀུན་བཏུས། པོད། ༣ ཤོག་གྲངས། ༦༩༥

41. རྒྱུད་བཞི། ཤོག་གྲངས། ༢༤ བོད་ཀྱིས་སྨན་རྩིས་ཁང་།

42. བཻ་སྔོན། སྨད་ཆ། ཤོག་གྲངས།༧༠༨ སྨན་རྩིས་ཁང་།

43. སྐལ་བཟང་འབྱུང་བའི་སྨོན་ལམ་གྱི་གསུམ་འབུམ་ཐོར་བུའི་ནང་།  ཤོག་གྲངས། ༦༤ མི་རིགས་དཔེ་སྐྲུན་ཁང་།

44. གསོ་རིག་ཀུན་བཏུས། པོད། ༡༣ ཤོག་གྲངས། ༧༡༥ མི་རིགས་དཔེ་སྐྲུན་ཁང་།

45. མི་ཕམ་གསུང་འབུམ། <<ར>> དམ་པའི་ཆོས་མངོན་པ་མཛོད་ཀྱི་མན་འགྲེལ་རིན་པོ་ཆེའི་དོ་ཤལ་བློ་གསལ་དགྱེས་པའི་མགུལ་རྒྱན་ཞེས་བྱ་བ། ཤོག་གྲངས།  ༡༨༧

46. མེས་པོའི་ཞལ་ལུང་། སྟོད་ཆ། ཤོག་གྲངས། ༧༢༦ གངས་ལྗོངས་གསོ་རིག་གི་ཉིང་བཅུད། སྨན་རྩིས་ཁང་ནས་བསྐྱར་དཔར་བྱས།

47. རྒྱུད་བཞི། ཤོག་གྲངས། ༥༦༦ བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།

48. གསོ་རིག་ཀུན་བཏུས། པོད། ༡༥ ཤོག་གྲངས། ༤༡༣

 

 

[དཔྱད་གཞིའི་ཡིག་ཆ། ]

༡ ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱིཀྐ། ༢ རིམ་ལྔ་གསལ་སྒྲོན། ༣ གཞིའི་སྐུ་གསུམ་རྣམ་བཞག།༤ མཛོད་ཐར་ལམ་གསལ་བྱེད། ༥ བཻ་སྔོན། སྟོད་སྨད་གཉིས། ༦ གཡུ་ཐོག་དགོངས་རྒྱན། ༧ དྲང་སྲོང་ཞལ་ལུང་། ༨ ཚེ་སྲོག་གི་རྣམ་བཞག་དཔྱོད་ལྡན་འཇུག་ངོགས། ༩ བོད་ཀྱི་གསོ་བ་རིག་པར་གསུངས་པའི་སྲོག་ལ་དཔྱད་པ། ༡༠ བོད་ཀྱི་གསོ་བ་རིག་པའི་རྒྱུད་འདི་ཉིད་ཟམ་མོ་ནང་དོན་རིག་པ་དང་འབྲེལ་བའི་ཀུན་ཁྱབ་རྩིས་རིག་དང་ཇི་ལྟར་འབྲེལ་ཚུལ་སྙིང་བསྡུས་སུ་བརྗོད་པ། རྩོམ་པ་པོ། བླ་སྨན་བློ་བཟང་དབང་རྒྱལ། ༡༡ རྗེ་མི་ཕམ་གྱི་བཀའ་འབུམ། ༡༢ དཀའ་འགྱུར་དཔེ་བསྡུར་མ། ༡༣ ལུས་སེམས་ཀྱི་རྣམ་གཞག་བཤད་པ། ༡༤ རྒྱུད་བཞི། ༡༥ སྐལ་བཟང་འབྱུང་བའི་སྨོན་ལམ་གྱི་གསུང་འབུམ། ༡༦ རྒྱལ་དབང་མཛོད། སྟོད་ཆ། ༡༧ ཆ་ལག་བཅོ་བརྒྱད། སྟོད་སྨད།  ༡༩ མཆིམས་མཛོད། སྟོད་ཆ། ༢༠ གསོ་རིག་ཀུན་བཏུས། ༢༡ བཀའ་འགྱུར་དཔེ་བསྡུར་མ།༢༢ སྐྱེམ་འགྲེལ། སྟོད་ཆ། ༢༣ གསོ་རིག་དཔྱད་རྩོམ་ཕྱོགས་སྒྲིག ༢༤ དུས་འཁོར་འགྲེལ་ཆེན། ༢༥ མཛོད་རང་འགྲེལ། ༢༦ ཀརྨ་མི་བསྐྱོད་རྡོ་རྗེའི་གསུང་འབུམ། ༢༧ མཛོད་རྩ་བ།

 


མཐའ་མའི་འདོན་ཐེངས་།: 22.12.2020 ཉིན། 2:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།