སྨན་རྩིས་དྲ་བ། - ཆེད་རྩོམ།

མོ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.06.2023
ཆེད་རྩོམ། >>

 

༄༅།  །མོ་ནད་གསོ་བ།

སྨན་རམས་པ་ཡེ་ཤེས་མཁའ་འགྲོ།

 

དུག་གསུམ་འབྱུང་བ་བཞི་ལས་གྲུབ་པའི་ལུས།།

སྔོན་ལས་འདོད་ཆགས་དབང་གིས་ཕོ་མོར་སྣང་།།

བསོད་ནམས་དམན་པས་ཟ་མ་མོ་ལུས་ཐོབ།།

ནུ་མ་མངལ་དང་ཟླ་མཚན་ཁྱད་པར་ལྷག།

ལུས་ཟུངས་ཕྱི་མ་ཁུ་བ་དཀར་དམར་གཉིས།།

ཟླ་མཚན་དམར་པོ་བཅུ་གཉིས་ལོན་ནས་འཛག།

མངལ་ནང་ཁུ་བ་འཛིན་ཞིང་ཤ་ལས་བསྐྱེད།།

དཀར་པོ་ནུ་མ་ལ་རྒྱས་གསོས་སུ་འགྱུར།།
 

ཞེས་འབྱུང་བ་བཞི་འམ་ལྔ་ལས་གྲུབ་པའི་ལུས་འདི་སྔོན་ལས་དང་ཉོན་མོངས་པ་འདོོད་ཆགས་དབང་གིས་རྟེན་དུ་ཕོ་མོར་སྣང་།  དེ་ཡང་བསོད་ནམས་དམན་པས་ཞེས་བུད་མེད་ཀྱི་ལུས་དེ་སྐྱེས་པ་ཕོ་དང་མི་འདྲ་བ་ནུ་མ་དང་།  མངལ།  ཟླ་མཚན་བཅས་ལྷག་པའམ་འཕར་མ་ཡོད་པས་དང་།  ལུས་ཟུངས་དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་བདུན་གྱི་ཕྱི་མ་ཁུ་བ་དཀར་དམར་གཉིས་ཆ་ཤས་ལུས་ཀུན་ལ་ཁྱབ་པ་ལས་བུད་མེད་ལ་དམར་ཆའི་སྙིགས་མ་ཁྲག་ཏུ་གྱུར་པ་ཟླ་མཚན་དམར་པོ་ཞེས་ལོ་བཅུ་གཉིས་ནས་ལྔ་བཅུའི་བར་ཟླ་རེར་མངལ་སྒོ་ནས་ཐུར་དུ་འཛག་པ་ན་ཟླ་མཚན་ཞེས་བྱའོ།  །དམར་ཆའི་དྭངས་མས་ལུས་ཀྱི་མདངས་དང་།  སྙིགས་མས་མངལ་ནང་དུ་ཁུ་བ་འཛིན་ཞིང་ཕྲུ་གུ་ཆགས་པའི་རྒྱུ་བྱེད་པ་དང་།  བུད་མེད་ཀྱི་ཁམས་དཀར་པོ་ནི་མངལ་འཁོར་བའི་སྐབས་སུ་མའི་ནུ་མ་རྒྱས་ཏེ་ཕྲུ་གུ་བཙས་ནས་འོ་ཐག་མ་ཆོད་བར་ཕྲུ་གུའི་ལུས་ཟུངས་གསོས་སུ་གྱུར་བ་དང་།  བུད་མེད་ཁམས་དམར་དཀར་གཉིས་ཀྱིས་མངལ་གནས་བྱིས་པའི་ལུས་ཟུངས་འཕེལ་བར་བྱེད་པ་ཡིན།

སྤྱིར་བུད་མེད་ཀྱི་ཁམས་དཀར་པོ་ནི་རུས་བཅུད་དྭངས་མ་སོགས་འཕེལ་བའམ་གསོས་སུ་གྱུར་པའི་ལུས་སྟོབས་རྒྱས་པར་བྱེད་དོ།  །སྔོན་ལས་རྣམ་སྨིན་དང་ཟས་སྤྱོད་དམན་ལྷག་ལོག་པ་དང་གདོན་རྐྱེན་གྱིས་མངལ་གྱི་ནད་རླུང་མཁྲིས་བད་ཀན་ཁྲག་དང་འདུས་པ་སྟེ་ལྔ་དང་།  རྩའི་ནད་བཅུ་དྲུག  སྐྲན་ནད་དགུ།  སྲིན་བུའི་ནད་གཉིས་ཏེ་མོ་ནད་གཙོ་བོ་སུམ་ཅུ་རྩ་གཉིས་དང་།  དེའི་སྟེང་མོ་ནད་ཕལ་པའི་ནད་བརྒྱད་བསྒྲིལ་བས་བཞི་བཅུ་ཐམ་པ་འབྱུང་།  དེ་རྣམས་ནི་སྐྱེེ་བ་དམན་པའི་ཕྱིར་བུད་མེད་ལ་ལྷག་པ་ཡིན་ཞེས་པའི་དོན་ནོ།།

མོ་ནད་སྤྱི་ལ་དབྱེ་ན་ཁྲག་ཚབས་དང་རླུང་ཚབས་གཉིས་ཡོད།  དེའི་རྒྱུ་ནི་བུད་མེད་ཀྱི་ཁམས་དམར་ཟླ་མཚན་ལས་བྱུང་བ་ཡིན་ཏེ་བུད་མེད་དར་མ་ཁྲག་དང་མཁྲིས་པ་བསྡོངས་པས་ཁྲག་ཚབས་དང་།  རང་ལོ་  ༤༠  ཡན་གཟུགས་སྟོབས་ཞན་པ་ཟླ་མཚན་ཆད་རན་པའི་དུས་སུ་རླུང་དང་བསྡོངས་པས་རླུང་ཚབས་གཉིས་སོ།།
 

ཁྲག་ཚབས་ཀྱི་རྟགས།

སྤྱིར་བུད་མེད་རང་ལོ་  ༡༢  ལོན་ནས་  ༥༠  མ་ལོན་བར་ཟླ་རེ་བཞིན་ཟླ་མཚན་འབྱུང་བའི་དུས་སུ་ན་ཟུག་མེད་པ།  ཁ་དོག་མཚལ་ཁུ་འདྲ་བ་དམར་བ་དང་ལུས་གོས་ལ་འགོས་ན་འཁྲུད་པས་དག་ལ་དྲི་མ་མེད་པ་སོགས་བྱུང་ན་ནད་མེད་དང་།  དེ་ལས་གཞན་པ་ཁ་དོག་དང་དྲི་ངན་པ།  དུམ་བུར་འབྱུང་བ་ནད་གཟེར་ཆེ་བ་ཟླ་མཚན་འབྱམས་པའམ་མི་འབྱུང་བ་སོགས་ནི་ནད་ཅན་ཡིན་ལ།  ཟླ་མཚན་སྐྱོན་ཅན་དེ་རྣམས་ལས་གསར་པའི་དུས་ན་ཁྲག་ཚབས་ཞེས་ཁྲག་ལ་བརྟེན་པའི་ནད་གཞི་ཅན་འབྱུང་བ་དང་།  སྤྱི་རྟགས་སུ་རྐེད་པ་རྒྱུ་ཞབས་ཆུ་སོ་མན་ཆད་ཀྱི་རུས་པ་རྣམས་ཁོལ་ཞིང་ན་ལ་རྒྱུ་སྨད་དང་ཚང་རུས་སྣེ་ས་སོགས་བྱིས་པ་བཙའ་རྒྱུ་ཡོད་པ་ལྟར་ན་ཟུག་ལྡང་དུབ་བྱེད་པ།  ལུས་ཀྱི་རྩ་རྣམས་ཚ་འཁྱུག་བཟོད་དཀའ་བ་དང་།  རོ་སྟོད་མཆིན་དྲི་སོགས་གཟེར་ཞིང་པགས་པ་དང་མཚན་མ་ཆུ་ཁ་སོགས་ལ་ཤུ་བ་འབྲུམ་ཐོར་གྱི་རིགས་མི་འདྲ་བ་མང་པོ་ཐོན་མཁན་ཡང་ཡོད།

བཅོས་ཐབས།  སྤྱིར་བཏང་ཟབ་པ་སྨན་གཞུང་ནང་དུ་གསུངས་ཡོད་ཀྱང་སྨན་ཁང་དང་སྨན་པའི་མཐུན་རྐྱེན་མེད་སར་ཁ་ཚ་དགོས་གཏུགས་སུ་སོ་སོ་རང་ཉིད་ཀྱིས་ལུས་སྨད་གྲང་ཁམས་མཐོ་བས་རྐེད་པ་དང་།  སྣེ་ས་རྒྱུ་ཞབས་འཁོར་ན་ཟུག་ཆེ་ཆུང་ཇི་འདྲ་ཡོད་རུང་ཆུ་ཚ་པོ་ཡང་ན་དྲོད་དུགས་ཡང་ཡང་བྱེད་ན་ཕན་ཆེ།  ཁ་ཤས་ཟླ་མཚན་མ་སྙོམས་པ་དང་འབབ་དུས་མངལ་གླང་གཟེར་ཟུག་ཆེ་སྐབས་ཟླ་མཚན་མ་སྙོམས་པ་འཁར་བ་དང་།  དུམ་ནག་རྡོག་པོ་ཅན་དེ་ཚོར་ཕྱི་ལུགས་ཟུག་བཅག་སྨན་རིགས་ཤུགས་ཆེ་མ་བཏང་བར་དྲོད་དུགས་ཡང་ཡང་བྱེད་ན་ཟླ་མཚན་རང་བཞིན་སླ་པོ་ཆགས་ནས་ནད་མེད་མུ་མཐུད་འཛག་པར་ཕན་སྐྱེད་ཆེན་པོ་ཡོད་པ་མཐོང་།  སྐབས་རེ་གནས་སྟངས་འདི་ལྟ་བུར་མངལ་ནང་ཁྲག་དང་ཆུ་སེར་ཁུ་བ་བཅས་རླུང་གིས་འདྲིལ་ནས་སྐྲན་འདྲ་མིན་གྱིས་ན་ཟུག་ཤུགས་ཆེར་ལང་སྲིད་པས་དེ་ཚོར་སྣང་མེད་དམ་བཅོས་ཉེས་སུ་ཤོར་ན་སྲ་ཞིང་འདྲིལ་ལ་མཁྲེགས་པར་སོང་ནས་འབྲས་སྐྲན་དུ་འགྱུར་ཉེན་ཡོད་པས་ཕྱི་ལུགས་དང་ནང་ལུགས་སྨན་ཁང་དུ་ངེས་པར་བསྟེན་གཏུགས་གནང་དགོས།

རླུང་ཚབས་ཀྱི་རྟགས།

བུད་མེད་རང་ལོ་  ༤༠  ཡན་མན་ལ་ལུས་ཀྱི་སྐུལ་རྒྱུ་  (Hormone) ལ་འགྱུར་བ་འགྲོ་བར་བརྟེན་ལུས་སྟོད་སྨད་ཀྱི་རུས་པ་དང་།  ལྷག་པར་དཔྱི་རྐེད་བརླ་སྒང་བྱིན་ཉྭའི་རུས་པ་རྣམས་གཟེར་ཞིང་ཚ་འབྲབ་བྱེད་པ།  སེམས་མི་སྐྱིད་པ།  སྙིང་ཁམས་མི་བདེ་བ།  མགོ་ན་བ།  མགོ་ཡུ་འཁོར་བ།  མགོ་རུས་གྲང་བསིལ་བྱེད་པ།  མིག་འགྲིབ་པ།  ལུས་ཁམས་སྐབས་རེ་ཚ་བ་ལྡང་བ་དང་སྐབས་རེ་གྲང་ཤུམ་བྱེད་པ་སྟོངས་ཚད་ལྟ་བུ་དང་།  སྨྱོ་འབོག་བརྒྱལ་འགྲོ་བ།  ངུ་འདོད་ཆེ་བ།  ནུ་མ་འགྱངས་གཟེར།  མ་ཞུ་བ།  ཕོ་བ་རྒྱུ་སྨད་སྦོས་བརྒྱངས་ཆེ།  ཟླ་མཚན་མི་སྙོམས་པས་སྐབས་རེ་འབྱམས་པ་དང་སྐབས་རེ་མི་འབྱུང་བ།  སྐབས་རེ་རླུང་གིས་འདྲིལ་ནས་དུམ་ནག་ཅན་འབྱུང་བའི་ཐོག་སེམས་ཞུམ་དངངས་སྐྲག་ཅན།  གཉིད་ཡེར།  དབུགས་རྒོད།  སེམས་མ་སྐྱིད་པའི་དཀའ་ངལ་ཇེ་ཆེར་ཡོད་པ། མངལ་དང་ནུ་མ་གཉིས་ཐད་ཀར་འབྲེལ་བས་ཐུར་སེལ་རླུང་གྱེན་དུ་འཚངས་ནས་སྙིང་དང་ནུ་མ་སོགས་བརྒྱངས་ནས་ཚ་འབྲབ་གཟེར་བ་སོགས་ཡོད་པར་ཟླ་མཚན་ཆད་རྟགས་ཀྱང་ཡིན་པར་བསམ།  མདོར་ན་ཟླ་མཚན་དེ་ཡང་ཆུ་སེར་དང་རླུང་གིས་བསྐྱེད་དེ་ལུས་ཀྱི་རྩ་དང་དོན་སྣོད་སོགས་སུ་བྱེར་བ་ལས་རྩ་ནད་བཅུ་དྲུག་སོགས་ལུས་སེམས་གཉིས་ཀར་འཁྲུག་གཞིའི་ནད་གཞི་སྣ་མང་སྐྱེད་པར་བྱེད།  འདི་འདྲའི་སྐབས་སུ་ལྷོད་ཡངས་སུ་མ་བཏང་བར་སྨན་པ་བསྟེན་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་ངེས་དགོས།

བཅོས་ཐབས།  སྤྱིར་རྒྱུད་དུ་གསུངས་པ་བཞིན་རླུང་ཚབས་ནད་ལ་བཅུད་གསུམ་བཅོས་ཞེས་པ་བཅུད་གསུམ་ནི་ཤ་བཅུད་ལུག་ཤ་རུས་ཐང་ལྟ་བུ་དང་།  ཆང་བཅུད་ནི་སྦྲང་དང་བུ་རམ་གཟེ་མའི་ཆང་ལྟ་བུ།  སྨན་བཅུད་རྩ་བ་ལྔ་ལ་སོགས་པའི་སྨན་མར་ལ་ཁ་ཚར་སྦྲང་དང་བུ་རམ་བསྣན་ན་ཤིན་ཏུ་ཕན་ཡོན་ཆེ་བ་དང་།  ཕྱི་བཅོས་སུ་མཚོག་གསང་དང་སྤྱི་གཙུག་ལྟག་སྒོ་བྲང་གཞུང་དཀར་ནག་མཚམས་བཅས་རླུང་གསང་རྣམས་བསྡམས་པ་དང་མེ་བཙས་མནན་ན་ཕན་པ་མཐོང་།

ཁམས་དཀར།  ༼གསུ་བེལ།༽  / Leucorrhea

སྤྱིར་བེུད་ལུས་ཀྱི་ཁམས་དཀར་པོ་ནི་ལུས་བཅུད་རུས་བཅུད་གསོས་པའི་རྒྱུ་ཡིན།  དེའི་སྙིགས་མ་ལ་དེང་སང་གྲང་བ་དཀར་པོ་དང་བརྡ་རྙིང་དུ་གསུ་བེལ་ཟེར་བ་དེ་མངལ་ནས་མར་འབབ་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན།  འོན་ཀྱང་དེའི་ཁ་དོག་དམར་སེར་ཅན་དྲི་ངན་ཟ་འཕྲུག་ཚ་འབྲབ་ཡོད་པ་བབས་ཆེས་ན་ཁོག་པ་དང་མངལ་ནང་ནད་གཞི་ཡོད་པ་མཚོན་གྱི་ཡོད་པས་བརྟག་དཔྱད་ངེས་པར་བྱེད་དགོས།  གསུ་བེལ་དེ་ཡང་རྒྱུན་རིང་ལ་མང་དུ་བབས་ན་དེས་གཟུགས་པོའི་སྟོབས་ཉམས་པ་དང་།  ལུས་དང་བྱད་བཞིན་སྐྲངས་པ།  དཔྱི་རྐེད་སྨད་ན་ལ་རྐང་པའི་བྱིན་ཉྭ་འགྱུར་བ།  ཁྲག་ཚད་དམའ་རུ་འགྲོ་བ།  དབུགས་ཧལ་བ།  སྐྱ་བབ་གཅིན་ལམ་སྐྲངས་པ།  མགོ་ཡུ་འཁོར་བ་སོགས་དཀའ་ངལ་ཆེན་པོ་ཡོད་པར་མཐོང་།

ཟླ་མཚན།  / Menstruation

ཟླ་མཚན་ནི་རྒྱུད་དུ་བུད་མེད་ལོ་  ༡༢  ནས་  ༥༠  བར་ཟླ་རེ་འཛག་པར་གསུངས་ཡོད་ཀྱང་།  དེང་སྐབས་བུ་མོ་ལོ་  ༡༠  ལོན་པ་ལའང་བབས་ཀྱི་ཡོད་པ་དང་།  ལོ་ངོ་  ༤༠  ནས་ཕལ་ཆེར་ཟླ་མཚན་ཆད་ཀྱི་ཡོད་ན་དེ་ལ་དམིགས་བསལ་སྐྱོན་གང་ཡང་མེད།  ཡང་བུད་མེད་རེ་ཟུང་རྒྱུན་དུ་ཟླ་མཚན་མ་བབས་མཁན་འདུག་པར་ཕྱི་ལུགས་བརྟག་དཔྱད་བཏང་བས་ལ་ལ་མངལ་རྒྱས་མེད་པ་དང་།  འགའ་ཞིག་མངལ་མེད་པ་དེ་འདྲ་ཡང་ཤེས་རྟོགས་བྱུང་ཡོད། 

ཟླ་མཚན་ནི་ཟླ་རེ་བཞིན་ཉིན་  ༣  ནས་  ༥  བར་ཕྱིར་འཛག་པ་ཡིན།  འོན་ཀྱང་ཉིན་གྲངས་དེ་ལས་འདས་ཏེ་ཉིན་མང་པོ་མུ་མཐུད་ནས་འབབ་པའམ།  ཡང་ན་ཉུང་ཉུང་ཉིན་གཅིག་ནས་ཆད་པ་ལྟ་བུ་དེ་གཉིས་ཀ་སྐྱོན་ཅན་ཡིན།  ཡང་ཟླ་མཚན་དུས་སུ་མ་འབྱུང་བ་མཁལ་རྐེད་རྒྱུ་གཤམ་གཟེར་བ།  ཁྲག་ནག་དུམ་ཅན་བབས་པའམ།  ཡང་ན་འབབ་དཀའ་མངལ་གླང་གཟེར་ཟུག་ལྡང་བ་ཡོད།  དེ་དག་ནི་མཁལ་མ།  བུ་སྣོད།  ལུས་སྨད་དྲོད་ཉམས་པ་ལས་བྱུང་བ་ཡིན།  དེ་ལ་ཆུ་དྲོན་སོགས་དྲོད་དུགས་ཡང་ཡང་བྱེད་ན་ཟླ་མཚན་སླ་པོ་ཆགས་ནས་ཟུག་མེད་ཐོག་འབབ་ཐུབ་པ་ཡིན།  མངལ་ཁྲག་འབབ་དུས་ཟུག་གཟེར་ལྷག་པར་ལྡང་བའི་སྐབས་བུད་མེད་དེ་ཡིས་གལ་ཏེ་ཕྱི་ལུགས་ཟུག་བཅག་གི་སྨན་ཤུགས་ཆེ་རིགས་བཏང་ན་དེས་ཟུག་ཡལ་བ་ཙམ་ལས་ཟླ་རེའི་མངལ་ཁྲག་ཚད་གཞི་གཙང་མ་བབས་མ་ཐུབ་པ་ཟླ་མཚན་དེ་ཁྲག་སྐྲན་ (Fibroid) དུ་འགྱུར་ཉེན་ཡོད།  གཞན་ཡང་ཟླ་ཁྲག་རྡོག་པོ་འབྱུང་དཀའ་བའི་ནད་གཞི་འདིས་མངལ་དུ་ས་བོན་ཏེ་བྱིས་པ་ཆགས་དཀའ་བ་དང་།  མངལ་ཆགས་ཀྱང་ཤོར་སླ་བ།  ནུ་མ་བརྒྱངས་ལ་གཟེར་བ་དང་།  རྗེས་སུ་ཁྲག་སྐྲན་རྩ་སྐྲན་ཆུ་སྐྲན་དུ་འགྱུར་ཉེན་ཡོད་པས་གཟབ་དགོས།  ཡང་ལྷག་པར་བཙུན་མ་ལྟ་བུ་སྐྱེས་པ་བསྟེན་མ་མྱོང་མཁན་ཚོར་ཟླ་མཚན་མ་སྙོམས་པ་དང་།  རྡོག་པོ་ཅན།  འབབ་དཀའ་བ།  མདོག་ཀྱང་ཆུ་སེར་འདྲེས་པ་དམར་སྐྱ་ཉ་ཁྲག་ལྟ་བུ།  ནུ་མ་གཉིས་ཀ་གཟེར་བ།  སྐབས་རེ་རྒྱུ་གཤམ་སྣེ་ཁུད་བརླ་སྒང་གཟེར་ལ་ཟླ་ཁྲག་དུས་མིན་འཛག་པ་ཡིན་ན།  དེའི་མངལ་འབྲས་ཡིན་སྲིད་པས་ཕྱི་ལུགས་བརྟག་དཔྱད་ངེས་པར་གནང་དགོས།

ནུ་མ།

ཟས་སྐོམ་ལས་བྱུང་བའི་དྭངས་མ་ལ་སོགས་ལུས་ཟུངས་བདུན་གྱི་ཐ་མ་ཁུ་བའམ་ཁམས་ཡིན།  དེ་ཡང་བེུད་ལ་ཁམས་དཀར་དམར་གྱི་ཆ་ཤས་གཉིས་སུ་ཡོད་པའི་ཁམས་དཀར་པོ་ནི་མངལ་དང་ལྡན་པའི་སྐབས་སུ་ནུ་མ་ལ་རྒྱས་ཏེ་ཕྲུ་གུ་བཙས་ནས་འོ་ཐག་མ་ཆོད་བར་དུ་བྱིས་པའི་གསོས་སུ་འགྱུར་བ་ཡིན།  དེས་ན་དུས་རྟག་ཏུ་འཇུ་སླ་བ་དང་སྟོབས་འཕེལ་བའི་བཟའ་བཏུང་རིགས་དང་།  ལུས་བདེ་བར་བྱེད་པའི་ལུས་རྩལ་ཡང་དག་པར་བསྟེན་དགོས་པ་གལ་ཆེ་མཐོང་། 

སྦྲུམ་མའི་གནས་སྐབས་སུ་དོ་སྣང་བྱེད་དགོས་པ་ནི་ནུ་ཤུབ་དམ་པོ་ཟུར་ཐག་མཁྲེགས་པོའི་རིགས་བེད་སྤྱོད་མ་གནང་ན་ལེགས།  སྤྱིར་སྦྲུམ་མའི་སྐབས་སུ་ཟླ་རེ་བཞིན་མངལ་གནས་ཕྲུ་གུ་ཆེར་རྒྱས་པ་དང་།  ནུ་མ་གཡས་གཡོན་གྱི་རྩ་ཕྲན་རྒྱས་པ།  སྐབས་རེ་ཚ་འབྲབ་བརྒྱབ་ནས་སྐྲངས་པ་ལྟ་བུའི་མི་བདེ་བ་འབྱུང་ཞིང་ཟུག་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན།  བཙས་རྗེས་ཕྲུ་གུས་མའི་ནུ་མ་ནུས་པས་རྗེས་སུ་ནུ་མ་ལྷོད་ལྷོད་བདེ་བ་ཡོང་གི་རེད།  འོན་ཀྱང་འོ་མ་རྒྱུན་རིང་བསགས་ནས་བཞག་ན་འོ་སྐྲན་  (Cyst) ཆགས་མཁན་ཡང་ཡོད།  གལ་ཏེ་མ་དང་བྱིས་པ་གཉིས་རྒྱུན་རིང་མཉམ་དུ་མེད་པ་ཡིན་ན་འོ་མ་བཞོས་ཏེ་ས་གཙང་མའི་སྟེང་དུ་འབྱོ་དགོས་པ་ལས་བསགས་ནས་བཞག་ན་ཉེན་ཁ་ཡོད་པ་མཐོང་།  ལྷག་པར་ནུ་མའི་ནང་ངོས་དཀྱིལ་དང་།  མཆན་འོག  ནུ་ཟུར་སོགས་སུ་སྲ་མཁྲེགས་ལྡན་པའི་སྐྲན་ཆགས་ཡོད་མེད་ཕྱི་ལུགས་སྨན་ཁང་དུ་བརྟག་དཔྱད་ངེས་པར་བྱེད་དགོས་པ་གལ་ཆེ།

ཁྲག་ཤས་ཆེ་བའི་སྟོད་འཚངས།

བུད་མེད་ཁ་ཤས་ནི་ཆང་རག་དང་ཐ་མག  ཟས་སྐོམ་མི་སྙོམས་པ་དཔེར་ན་ཞག་ཚིལ་ཚ་སྐྱུར་ཅན་རིགས་ཚད་ལས་ལྷག་པ་བསྟེན་པ་དང་།  ཚ་བའི་དུས་སུ་མེ་དང་ཉི་མའི་དྲོད་ལ་གཉིད་ཉལ་བ་དང་འདུག་དྲགས་པ་སྟེ་ཁྲག་མཁྲིས་འཕེལ་བས་ཁྲག་ཤས་ཆེ་བའི་སྟོད་འཚངས་བྱུང་བ་ཡིན།  དེའི་རྟགས་སུ་གདོང་དང་མིག་དམར་ཤས་ཆེ་བ་དང་།  དབུགས་རྒོད་གྱེན་རྒྱུ་དཀའ།  དབུགས་མི་བདེ་བ།  ལུས་ལྗིད་ཆེ་བ།  མགོ་ན།  མགོ་ཡུ་འཁོར་བ།  སྟོད་བརྒྱངས་རྩ་གྲིབ་ལུས་ཀྱི་གཞོགས་གཡས་བཤལ་ནས་འགྲོ་འདུག་མི་ཐུབ་པ།  སྨྲ་ལྕེ་མིག་མི་གསལ་བ་དང་།  དེ་དང་མཉམ་དུ་མཁྲིས་པ་བསྡོངས་ན་མཁྲིས་ཞག་  (Cholesterol)  འཕེལ་ནས་ཁྲག་གི་རྒྱུ་བ་ཞན་པས་སྙིང་རྩ་འགགས་པ།  བྲང་དམ་དབུགས་ལེན་དཀའ་བ།  ལུས་ཀྱི་ཚིལ་འཕེལ་བས་རྒྱགས་པ་ཆགས་ནས་དབུགས་ལམ་འགགས་པ་དང་།  ལུས་འདར་བ་བརྒྱལ་ཞིང་འབོག་མཁན་ཡང་མང་པོ་མཐོང་།  དེར་བརྟེན་ཟས་སྐོམ་དང་དུས་སྤྱོད་སོགས་ལེགས་པར་བསྟེན་དགོས་སོ།།

རླུང་ཤས་ཆེ་བའི་སྟོད་འཚངས།

ཟས་སྐོམ་བཅུད་མེད་བསིལ་བའི་རིགས་བསྟེན་དྲགས་པ་དང་།  ས་རློན་གྲང་མོའི་སྟེང་དུ་འདུག་དྲགས་པ།  འགྲོ་བསྐྱོད་དྲགས་པས་ངལ་གསོ་མེད་པ་དང་།  སེམས་དངང་པ།  བསམ་བློ་བཏང་དྲགས་པ།  ཁོང་ཚིག་ཆེ་བ།  ལུས་སེམས་གཉིས་ཀ་མ་སྐྱིད་པ།  སེམས་ཚབ་སྡུག་བསྔལ་དངངས་སྐྲག་རྐྱེན་པས་ཁྱབ་བྱེད་རླུང་འཁྲུགས་ནས་རླུང་ཤས་ཆེ་བའི་སྟོད་འཚངས་དང་།  ལྷག་པར་ལོ་ན་རྒན་པ་ནི་རླུང་གི་རང་བཞིན་ཡིན་སྟབས་བསམ་བློ་འདྲ་མིན་བཏང་བ།  མི་སྙན་པའི་གཏམ་དང་ཚིག་རྩུབ་ཐོས་སྲིད་པའི་གནས།  ཚོང་འདུས་སོགས་ཟང་ཟིང་ཁྲོད་མ་འགྲོ་བ་ལུས་སེམས་གཅུན་དགོས་པ་ཕན་ཐོགས་ཆེ།  ཡང་གྲང་རླུང་སྟོད་འཚངས་ཞེས་དེ་ལ་ཁྲག་ཤེད་བརྟག་དཔྱད་  ༡༤༠།༡༡༠  ལྟ་བུ་ཡོད་ན་མཁལ་མ་སྐྱོན་ཅན་ནམ་མཁལ་གྲང་།  བྱ་ལས་ཞན་པ།  ཡང་ན་མཁལ་གྲང་རྒྱུན་རིང་སོང་ནས་རླུང་བསྡོངས་པའི་ནད་གཞི་ལ་ངོས་འཛིན་བྱེད་ན་བསམ་པ་མཐོང་།

ཁྲག་གཅིན་ཟ་ཁུ།

མངར་ཟས་དང་རྗེན་ཟས།  ཞག་ཚིལ་ཅན།  ཆང་རག་སོགས་བསྟེན་དྲགས་པ་དང་།  ལས་མེད་པར་དལ་བར་བཞུགས་པ།  འགྲོ་བསྐྱོད་དང་ལུས་ཀྱི་རྩོལ་བཅག་སོགས་མ་བྱེད་ན་མ་ཞུ་བ་བད་ཁྲག་འཕེལ་བས་ཁྲག་གི་ཟ་ཁུ་ལྟོ་སྟོང་  ༡༩༠།  ཟོས་རྗེས་  ༣༠༠  དང་།  གཅིན་པར་བརྟག་ན་  ++  ལྟ་བུ་དཔེ་དང་། 

ཡང་ཟས་བཅུད་ཞན་པ་ཞོ་ཁོག་སོགས་ནུས་པ་བསིལ་བ་དང་།  རོ་མངར་ལ་ངོ་བོ་རྗེན་པའི་རིགས་བསྟེན་དྲགས་པ་དང་།  སེམས་ངལ་བ་དང་།  ས་རློན་སྟེང་བསྡད་དྲགས་ན་མེ་དྲོད་ཉམས་པས་མ་ཞུ་བ་གྲང་རླུང་འཕེལ་ནས་གཅིན་གྱི་ཟ་ཁུ་ལྟོ་སྟོང་  ༩༠  ཙམ་དང་།  ཟོས་རྗེས་  ༡༥༠  ཙམ།  གཅིན་པར་བརྟག་ན་  ++++ ལྟ་བུ་ཡོང་མཁན་མཐོང་།

གཞང་འབྲུམ།

སྤྱིར་བཏང་གཞང་འབྲུམ་གྱི་ནད་ནི་ཟས་སྤྱོད་དམན་ལྷག་ལོག་པའི་རྐྱེན་ལས་བྱུང་བ་ཡིན།  དེ་ནི་ཁ་ཟས་ཚད་ལས་ལྷག་པ་ཟ་བ་དང་།  མ་ཚོས་པ་དང་རྗེན་ཟས་རིགས་ཟ་བ་དང་།  ཁ་ཟས་དུས་མིན་ཟ་བ་སོགས་ཀྱིས་མ་ཞུ་བ་བྱུང་བ་དང་།  གཞན་ཡང་སྐོམ་རིགས་ཉུང་དྲགས་པ།  ཚ་གྲང་མ་སྙོམས་པའི་ཟས་སྐོམ་རིགས་བསྟེན་དྲགས་པ་ལས་མ་ཞུ་བར་གྱུར་ཏེ།  ཐུར་སེལ་རླུང་འཁྱིལ་བའམ་གྱེན་དུ་ལོག་པས་བཤང་བ་འགག་པ་དང་།  ཡང་དེ་ཉིད་ཤུགས་ཀྱིས་བཙིར་བ་ལས་གཞང་འབྲུམ་ནད་བྱུང་བ་ཡིན།  ཡང་གདན་སྲབ་མོའམ་རླན་པའི་སྟེང་དུ་བསྡད་པ་དང་།  ཉལ་དྲགས་པ།  རྐང་འཁོར་དང་སྦག་སྦག་སོགས་བེད་སྤྱོད་ཚད་ལས་ལྷག་པ་བྱེད་པ། 

ལྷག་པར་བུད་མེད་གང་ཞིག་ཕྲུ་གུ་བཙའ་སྐབས་ཤུགས་ཀྱིས་བཙིར་བའི་རྐྱེན་པས་གཞང་འབྲུམ་གྱི་གཞང་ལུག་རྡོག་པོ་ཅན་འབྱུང་བ་མང་དུ་མཐོང་། སུ་དང་སུ་ཡིན་རུང་བཤང་བ་འགགས་པའམ་འདོར་དཀའ་བའི་གནས་སྐབས་སུ་ཤུགས་ཀྱིས་བཙིར་བ་མ་གནང་བར་རེ་ཞིག་བྱ་བ་དེ་མཚམས་བཞག་ནས་ཕྱི་རོལ་དུ་འཆམ་འཆམ་གནང་རྗེས་སླར་ཡང་བཤང་བ་འདོར་བ་ཡིན་ན་བྱ་བ་དེ་ཡང་འགྲུབ་ལ་གཞང་འབྲུམ་ཡང་ཆགས་པའི་དཀའ་ངལ་མེད་དོ། །དེར་བརྟེན་ཤུགས་ཀྱིས་བཙིར་ན་གཞང་གས་ནས་ཁྲག་མང་དུ་ཟགས་པའི་དཀའ་ངལ་ཡོད་པ་གཟབ་དགོས།  གཞང་འབྲུམ་ནི་བཤང་ལམ་ཁ་ནང་ཐོར་པ།  གཞང་གས་ནི་བཤང་ལམ་ཟུར་ཕྱི་ནང་གས་ནས་རྨ་བྱུང་བ་ལས་གཤེར་ཟགས་སམ་ཁྲག་མང་ཟགས་པ།  གཞང་ལུག་པ་ནི་བཤང་ལམ་ནས་རྒྱུ་མ་ཕྱིར་ལུག་པའམ་རྫི་ཤ་ལུག་པ།  གཞང་འབྲུམ་རྡོག་པོ་ཅན་ནི་གཞང་ཁར་ཁྲག་སྐྲན་ཤ་སྐྲན་ཆུ་སྐྲན་སོགས་ཆགས་ནས་ཐ་མ་རྒྱུན་རིང་བཅོས་ངན་ཤོར་ན་གཞང་འབྲས་སུ་འགྱུར་ཉེན་ཡོད་པས་གཟབ་དགོས་སོ།།

མངལ་ནད།

རླུང་ཁྲག་བད་མཁྲིས་འཁྲུགས་པས་མངལ་ནད་ཟླ་མཚན་མི་སྙོམས་པ་ནི་རླུང་དང་བསྡོངས་ན་ཟླ་ཁྲག་སླ་བ་ཉུང་བ་འཁྱིལ་བ་རྡོག་པོ་ཅན་ཁྲག་སྐྲན་ཆུ་སྐྲན་ལྟ་བུ་འགྱུར།  མཁྲིས་པར་བསྡོངས་ན་ཟླ་ཁྲག་སེར་ནག་དྲི་ངན་ཚ་དྲོད་ཆེ་བ་མངལ་ལམ་ཚ་འབྲབ་གཉན་ཅན་དུ་འགྱུར་ཉེན་དང་།  བད་ཀན་བསྡོངས་ན་ཟླ་ཁྲག་གར་པོ་ཚི་ཅན་འབབ་དཀའ་བ་སྐབས་རེ་ཆུ་སེར་འདྲེས་པ་སོགས་ཡོང་བ་དང་།  ཁྲག་འཁྲུགས་ན་ཟླ་མཚན་མང་ལ་རྒྱུན་རིང་འཛགས་པ་དང་ཆད་དཀའ་ལུས་སྟོབས་ཤོར་བ་སྐྱ་རྦབ་དུ་འགྱུར་ཉེན་ཡོད་པས་གཟབ་དགོས།  ཡང་བེུད་གང་ཞིག་མངལ་སྒོ་བཀག་པའི་ཆེད་དུ་ཕྱི་ལུགས་སྨན་ཤུགས་ཆེ་རིགས་རྒྱུན་རིང་བསྟེན་པ་རྣམས་ལ་ཟུར་ཕོག་ཏུ་ལུས་སྐྲངས་པ་དབུགས་དངངས་ཅན་དང་།  ཟླ་མཚན་མ་སྙོམས་པ་འགག་པའམ་ཁྲག་སྐྲན་རྩ་སྐྲན་རིགས་སུ་གྱུར་བ་དང་།  འགའ་ཞིག་དེའི་རྐྱེན་པས་བུ་སྣོད་གཤག་བཅོས་བྱས་ནས་ཕྱིར་བཏོན་བྱེད་མཁན་ཡང་མང་པོ་མཐོང་།

ནད་གཞི་འགོས་ནད་ཅན། 

གཉན་ནད་རེག་དུག་ཅན་  HIV/AIDS  དང་སེ་མོག་  Syphilis  སོགས་ལུས་ཀྱི་ཁྲག་དང་ཆུ་སེར་ཁུ་བ་དཀར་དམར་གཤེར་ཁུའི་ཁམས་བརྒྱུད་མི་གཅིག་ནས་གཞན་ལ་འགོས་ཀྱི་ཡོད།  འགོ་ནད་འདི་རིགས་ཡོད་པའི་ནད་པ་དང་མཉམ་དུ་ལུས་འབྲེལ་རྗེན་པ་བྱེད་པ་དང་།  སྨན་ཁང་དུ་ཁྲག་སྦྱིན་པ་གཏོང་བའི་སྐབས་དང་།  ཁྲག་གི་བརྟག་དཔྱད་སྐབས་སུའང་སྨན་ཁབ་གསར་པ་ཡིན་མིན་ཤེས་པར་བྱེད་དགོས།  གཞན་ཡང་རྒྱུས་མངའ་རྩ་བ་ནས་མེད་པའི་མི་དང་མཉམ་དུ་ལུས་འབྲེལ་ལམ་འཁྲིག་སྦྱོར་མ་བྱེད་པར་འཛེམ་དགོས་པ་གལ་ཆེ་མཐོང་།  རྒྱུན་དུ་མཛའ་གྲོགས་མང་པོ་མཉམ་དུ་འབྲེལ་བ་བྱེད་པ་དང་།  སོ་སོའི་ལུས་སེམས་སྤྱོད་ལམ་མ་སྲུང་བར་གང་བྱུང་དང་ལུས་འབྲེལ་བྱས་ན་དེ་བརྒྱུད་ནད་གཞི་སེ་མོག་དང་གཉན་ནད་རེག་དུག    གཞན་ཡང་འགོ་ནད་ཅན་གྱི་ནད་གཞི་མང་པོ་ཡོད་པར་བརྟེན་བག་ཡོད་ཀྱིས་རང་ཚོད་ཟིན་པ་ལེགས་པར་མཐོང་།

 

དཔལ་ལྡན་རྒྱུད་ལས། 

དུས་དང་དབང་པོ་སྤྱོད་ལམ་རོ་ནུས་རྣམས།།

དམན་དང་ལོག་པ་ལྷག་པས་ནད་སྐྱེད་ལ།།

ཡང་དག་སྦྱོར་བ་ནད་མེད་གནས་པའི་རྒྱུ།།

དེ་ཕྱིར་སྤྱོད་ལམ་ཟས་སྨན་རྣམ་གསུམ་པོ།།

ཚུལ་བཞིན་བསྟེན་ན་ནད་མེད་བདེར་གནས་འགྱུར།།

ཞེས་གསུངས་པ་ལྟར།  བུད་མེད་སོ་སོས་ཟས་སྐོམ་དང་སྤྱོད་ལམ་རྣམས་ཚུལ་བཞིན་བསྟེན་ན་ལུས་ཁམས་བདེ་ཐང་དུ་གནས་ཐུབ་ལ་རྗེས་སུ་བཀྲིན་ཅན་གྱི་ཨ་མ་ལགས་ཞེས་འབོད་མཁན་བུ་ཕྲུག་མང་པོ་ཡོང་བའི་སྨོན་འདུན་དང་བཅས།།  །།


- འདི་ནི་ཕྱི་ལོ་ ༢༠༢༡ འགྲོ་ཕན་སྨན་རྩིས་ཁང་གི་སྨན་རྩིས་དུས་དེབ་འདོན་ཐེངས་བཅུ་གཉིས་པ་ནས་ཟུར་འདོན་ཞུས།





མཐའ་མའི་འདོན་ཐེངས་།: 27.06.2023 ཉིན། 10:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།