སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

མཇུག་རྩོམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

མཇུག་རྩོམ།

སྨྲས་པ། མ་རིག་ལས་སྐྱེས་ནད་དོ་ཅོག་གི་དགྲ་བོར་བཞེངས་པའི་སྨན་པ་ཆེ་མཆོག་བཅོམ་ལྡན་འདས། །གང་གི་བཀའ་དྲིན་ཡེ་ཤེས་སྲོག་གི་བདུད་རྩིར་འཐུལ་བས་ནད་མེད་འཚོ་བའི་དངོས་པོར་གྲུབ་པ་ཡི། །ཚེ་ཡི་རང་བཞིན་རིང་པོའི་ཚད་དུ་མཐར་ཕྱིན་པ་དང་ཆོས་ནོར་བདེ་བ་མཐའ་དག་འབྱུང་བའི་གཞི། །ཀུན་ཤེས་རྒྱུ་ཡིས་རིག་ཀུན་རྩེར་སོན་ཡིད་ཅན་རྗེས་འཛིན་ལུས་སེམས་གསོ་བའི་རིག་པ་མཆོག་དེ་རྒྱལ།། (བསམ་པ་རྒྱ་ཆེ་བའི་རྒྱན་དང་ཡན་ལག་གཉིས་གཟུགས་འདྲེས་པ།)

གང་གི་རིང་སྲོལ་མཆོག་ཏུ་དགེ་བ་ཚུལ་བཞིན་རྟོགས་ནས་མ་ཉམས་འཛིན་པའི་ལྷག་བསམ་གྱིས། །འགྲོ་བའི་རྒྱུད་ལ་ལྷན་སྐྱེས་ཟུག་རྔུ་ལུས་སྲོག་གཉིས་འཐུངས་སྡིག་པས་དྲག་པོར་ཁྲོས་པའི་སོ། །དག་པའི་སྙིང་སྟོབས་བློ་གྲོས་སོར་མོས་དྲུངས་ནས་འབྱིན་མཁས་གཞོན་ནུའི་(གསོས་དང་གཞོན་ནུ་གདོང་དྲུག་སྦྱར་བ།)མཚན་སོགས་བླ་ན་མེད། །ཁྱད་པར་གནང་རིགས་རྗེས་སྦྱངས་སྨན་པའི་ཚོགས་ལ་བློ་ལྡན་གང་ཞིག་ཡིད་ནི་ཅིས་མི་དད།། གཞོན་ནུ་གདོང་དྲུག་གིས་ཚོགས་བདག་གི་མཆེ་བ་ཕྱུངས་པའི་གཏམ་དང་སྦྱར་གཟུགས།

རྒྱུད་དོན་ཚུལ་བཞིན་རྟོགས་པའི་བློ་གྲོས་ཉིན་མོའི་རྒྱུ་སྐར་ཚུལ་བཟང་ཡང་། །གྲགས་སྙན་ལོངས་སྤྱོད་འབྲུག་སྒྲ་ཙམ་ལ་འཚོ་བྱེད་མིང་གི་མངལ་བརྟེན་པའི། །འགྲོ་སྲོག་འཚོ་འཆི་མ་ངེས་སོམ་ཉིས་ཚོད་ལེན་བྱེད་པའི་གཤིན་རྗེའི་སྤུན། །སྨན་པའི་རིགས་ལ་དད་པའི་འགྲམ་ཆུ་རྨི་ལམ་དུའང་ལྡང་མ་ཡིན།། འབྲུག་སྒྲ་ཐོས་པ་ན་རྨ་བྱ་མོ་རྣམས་མངལ་འཛིན་པའི་གཏམ་དང་སྦྱར་བའི་དཔེ་གཟུགས།

ཕྱོགས་ལྷུང་དྲག་པོའི་ཆགས་སྡང་སྤངས་པའི་ཚིག་དོན་མཐའ་གཅོད་དང་། །ལུང་རིག་ཚད་མའི་སྲང་གིས་བླང་དོར་ལྕི་དང་ཡང་བའི་དངོས། །གཞལ་བྱར་མི་བྱེད་རང་རང་རྨོངས་ཞེན་ཕ་ཡིས་གསོལ་བའི་སྣོད། །ཀུན་ལ་དགའ་བའི་དཔེར་མཚོན་ཆོས་འབྱུང་མཁན་རྣམས་ངལ་གསོ་མཛད།། སྔོན་བྱུང་གི་གཏམ་དང་སྦྱར་བའི་ཆ་ཤས་གཟུགས་ཅན་དང་ངེས་བསྟན་འདྲེས་པ།

ཀ་ཡེ་འདི་ན་ཕྱོགས་ལྷུང་ལྡེམ་པོའི་ངག་སྤངས་ཤིང་། །འཕགས་བོད་ལ་གྲགས་ཕྱི་ནང་ལྷ་དང་དྲང་སྲོང་གི། །ལུགས་ཀྱི་བཀའ་བསྟན་རྒྱ་མཚོར་རྣམ་འབྱེད་དེད་དཔོན་ཆེ། །མང་ཐོས་གྲུར་ཞོན་གསོ་དཔྱད་གཏིང་མཐའ་ཡངས་པའི་ཁུངས།། ཏིང་ངེ་འཛིན་གྱི་ཡོན་ཏན་དང་ལྡན་པའི་གཟུགས་ཅན་འདྲེས་པ།

ལུང་རིག་མི་ལྡོག་དྲང་སྲོང་དམོད་པའོ་མཚོན། །ཚེ་རིག་དབང་པོའི་ལུས་ལ་ལྷུངས་པའི་མོད། །ངེས་པར་དཔྱད་པའི་གཏམ་གྱིས་འཁྲུལ་པའི་རྨ། །དག་པའི་མིག་བསྒྱུར་དཔལ་ལྡན་གསོ་བ་ཡི།། བརྒྱ་བྱིན་གྱིས་དྲང་སྲོང་གི་ཆུང་མར་ལོག་གཡེམ་སྤྱད་པའི་གཏམ་དང་སྦྱར་གཟུགས།

རིག་པ་རྒྱ་ཆེ་དྲི་མ་མེད་པའི་གནས། །གངས་ཅན་མཚོ་ལྟར་ཤིན་ཏུ་ཟབ་པའི་ཁོག །འབུབས་པའི་ལེགས་བཤད་སྔོན་མེད་གཟུགས་གསར་པ། །འཛིན་པའི་བཻ་ཌཱུརྱ་ཡི་མེ་ལོང་ཆེ།། ཆོས་དཔེ་དང་ལྷན་ཅིག་པའི་དཔེ་གཟུགས།

ཉེས་སྙོམས་ལུས་ངག་ཡིད་ཀྱི་སྤྱོད་པ་དག །དྲང་སྲོང་རྣམས་ཀྱང་དགྱེས་པའི་སྤྱན་རས་ཟུར། །ཚངས་པ་རང་སྣང་ལས་མཆེད་བུ་མོར་བཞིན། །ཆགས་པར་བྱེད་པའི་དགའ་སྟོན་འདི་བརྩམས་པས།། ཚངས་པ་རང་གི་སྤྲུལ་པའི་བུ་མོ་ཐིག་མེ་མཆོག་མར་ཆགས་པའི་གཏམ་དང་སྦྱར་བའི་ཆོས་དཔེ།

མཐའ་དག་འགྲོ་བའི་ཚོགས་ཀྱི་མིག་གི་ནད། །ཕྱོགས་ལྷུང་གདོན་གྱིས་བསྐྱེད་པའི་ལིང་ཏོག་དག། ལྷག་མ་མེད་ཕྱིས་གཟུར་གནས་བློ་གྲོས་ཀྱིས། །རྟོག་ཅིང་དཔྱོད་པས་ཞིབ་མོར་གཟིགས་གྱུར་ཏེ།། ཡན་ལག་གཉིས་གཟུགས་དང་བྱ་བ་མཐའ་གསལ་འདྲེས་པ།

བདེ་དང་ཐར་པ་འདོད་པའི་འབབ་སྟེགས་ཆེ། །རིག་ལམ་ནོར་བུའི་ཁྱིམ་འདིར་སྨན་པ་ཡི། །རྒྱུ་ཡི་ཁྱད་པར་རྫོགས་པའི་བློ་གསལ་རྣམས། །གཞན་ལ་ཕན་པས་ཚུལ་བཞིན་རབ་ཞུགས་ཤིང་།། མི་མཉམ་པའམ་བརྗེས་པའི་གཟུགས་ཅན་དང་བྱ་བ་མཐའ་གསལ་འདྲེས་པ།

དེ་ཡི་མཐུ་སྟོབས་དྲང་སྲོང་སྐར་མིག་གིས། །སྦྱིན་པའི་སྒོ་ང་རིམ་བཞིན་སྨིན་པ་ལས། །འགྲོ་མང་འདུལ་བྱེད་མ་མ་དུས་མིན་དུ། །འཆི་བས་ཉམ་ཐག་དྲན་གཡོག་ལས་ཐར་ཏེ།། རྒྱལ་པོ་གཅིག་ལ་ཆུང་མ་གཉིས་བྱུང་བའི་འདུལ་བྱེད་མའི་གཏམ་དང་སྦྱར་གཟུགས།

ཚེ་ཡི་གནས་སྐབས་མཐར་ཕྱིན་དགུན་ཟླའི་འོད། །ཤིན་ཏུ་ཆེས་དཀར་ཆོས་ནོར་བདེ་བ་ཡི། །རང་ཞི་བསིལ་བའི་དཔལ་ལྡན་ག་བུར་རྒྱུན། །རྟག་ཏུ་འཇུག་པའི་ཡར་ངོར་རྒྱུ་བར་ཤོག། མཐའ་དག་གཟུགས་ཅན་ལ་སྔོན་མེད་གཟུགས་ཀྱིས་སྤ་བ།

དེ་སོགས་རྣམ་དཀར་འདིས་མཚོན་ཕ་མས་ཀྱང་། །སྲིད་ཞིའི་དངོས་གྲུབ་རིན་ཆེན་དབྱིག་གི་ཆར། །འབེབས་མཁས་དྲིན་ཅན་རྩ་བའི་བླ་མ་མཆོག །སངས་རྒྱས་སེམས་དཔའི་ཚུལ་བཟུང་ལྔ་པ་ཆེའི།། བསམ་པ་རྒྱ་ཆེ་བ་དང་ལྷན་ཅིག་པའི་ཡན་ལག་གཅིག་གཟུགས།

ཐུན་མོང་དྲང་དོན་ཚོན་གྱིས་བྲིས་པ་ཡི། །ལྟར་སྣང་སྡིག་པའི་གཟུགས་ཅན་ཉེས་ལྟུང་རྣམས། །དག་སྟེ་བསྟན་འགྲོར་ཕན་པ་འབའ་ཞིག་པའི། །བཞེད་དགོངས་རྣམ་དག་ཇི་བཞིན་འགྲུབ་པར་ཤོག། གཉིས་གཟུགས་དང་བྱ་བར་གསལ་འདྲེས་པ།

མགོན་དེ་བསམ་བཞིན་མཁའ་སྤྱོད་འོག་མིན་ནས། །དུས་བབས་བསྟན་འགྲོའི་དྲི་བཟང་ཨུཏྤལ་ཁ། །འབྱེད་ཕྱིར་ཕེབས་པ་དྲུག་པ་ཆེན་པོ་ཡི། །ཉིན་བྱེད་ཞིང་འདིའི་སྒྲོན་མེར་ཞབས་བརྟན་ཅིང་།། བསམ་པ་རྒྱ་ཆེ་དང་གཉིས་གཟུགས་འདྲེས་པ་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་གྱིས་སྤ་བ།

གནམ་བསྐོས་གསེར་གྱི་འཁོར་ལོ་མཁའ་འགྲོ་བའི། །གྲིབ་མས་དགའ་བ་རྫོགས་ལྡན་ཕོ་བྲང་གི། །ཆོས་སྲིད་བཀའ་རྟགས་ནོར་བུས་མཚན་པའི་གདུགས། །མི་ཉམས་སྲིད་པའི་ཚང་དུ་འཁོར་བའི་མཐུས།། གཅིག་གཟུགས་དང་ལྷན་ཅིག་པའི་རིགས་རྒྱུ།

གངས་ཀྱི་ས་འཛིན་ར་བས་ཁོར་ཡུག་ལྗོངས། །སྡིག་པའི་ཤིང་རྟར་འཐུལ་པའི་ཐབས་རྩོད་དང་། འཁྲུག་པ་གཡུལ་འགྱེད་དམ་ཉམས་མུ་གེ་སོགས། །མི་འབྱུང་རྫོགས་ལྡན་དུས་ཀྱིས་འཚོ་བར་ཤོག། ཆ་ཤས་གཟུགས་ཅན།

ཚུལ་འདིས་ལྷག་བསམ་སྟོབས་ཀྱི་བྱེད་པ་པོ། །བག་ཆགས་འཆད་རྩོམ་སྨྲ་བའི་ས་ར་ཡང་། །གདུག་པའི་ཡིད་ཅན་མི་དང་མི་མིན་གྱི། །བར་གཅོད་དགྲ་སྡེའི་གཡུལ་ངོ་ལས་རྒྱལ་ཏེ།། ཛས་བརྗོད་པར་གསལ།

འཆི་བདག་རི་བོ་བཅོམ་པའི་རྡོ་རྗེའི་ཚེ། །མི་ཤིགས་སྲོག་གི་དངོས་པོ་མཐར་ཕྱིན་ནས། །བསམས་པའི་སྣོད་དུ་ཡངས་པའི་ཟ་མ་ཏོག། འདོད་དོན་ནོར་གྱིས་རྟག་ཏུ་གང་བར་ཤོག། དབང་པོའི་རྡོ་རྗེས་རི་བོ་བཅོམ་པའི་གཏམ་དང་སྦྱར་བའི་ལྡན་གཟུགས།

ཚེ་འདིའི་ཉི་མ་ནུབ་པའི་ཕྱི་མར་ཡང་། །རྣམ་འདྲེན་གོང་མ་ལྔ་པའི་རྡོ་རྗེའི་གསུང་། །མི་འགྱུར་ཚེམས་དཀར་འཛུམ་པས་ཞལ་འཆེས་བཞིན། །སྐྱེ་སྲིད་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཅིང་།། ཡན་ལག་གཅིག་གཟུགས།

མཐར་ཐུག་བྱང་ཆེན་སྤྱོད་པའི་ཆུ་བོ་ཆེར། །ལན་བརྒྱར་བཀྲུས་པའི་སྐུ་བཞིའི་རིན་ཆེན་མཆོག །རྫོགས་པའི་སངས་རྒྱས་ཐོབ་ནས་འགྲོ་བ་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཅིག། ལྡན་པའི་གཉིས་གཟུགས།

འདི་ཉིད་ཉམས་བསྟར་ཐོས་འཛིན་འདུས་པའི་གྲྭ། །འཆི་མེད་གྲུབ་པའི་བརྡ་ཐབས་ལྕགས་ཀྱི་རིར། །བཻ་ཌཱུརྱར་སྣང་སྨན་པའི་རྒྱལ་པོ་ཡི། །འགྲོ་ལ་ཕན་པའི་ཚེ་རིག་བདུད་རྩིའི་རྒྱུན།། མཆོག་ངེས་བསྟན།

སྤྲོ་བས་ལྟ་ན་སྡུག་གི་གྲོང་ཁྱེར་དང་། །ངོས་དང་རི་ངོས་བཞི་གསུམ།འཁོར་གྱི་འདུས་པའི་ཁྱད་པར་ལས། །གཞན་དུ་དབྱེར་མེད་ངོ་མཚར་གསོ་དཔྱད་ཀྱིས། །ཆོས་ཀུན་བདག་མེད་དོན་ཡང་རིག་བྱེད་གླིང་།། ཕུལ་བྱུང་གི་རྒྱན་གྱི་དབྱེ་བའམ་ནང་གསེས།

ཐོས་བསམ་མུ་ཁྱུད་རབ་ཡངས་པའི། །འཁོར་ལོ་བཤད་སྒྲུབ་ལྟེ་བ་ཅན། །དུག་གསུམ་གཏུམ་པའི་ནད་ཀྱི་དཔུང་། །མ་ལུས་ཕྱེ་མར་འཐག་བྱེད་ཅིང་།། བསྡུས་གཟུགས་ལ་འཇིག་རུང་ཉམས་ཀྱི་སྤ་བ།

རང་གཞན་དོན་གཉིས་ལྷུན་གྲུབ་པའི། །འཕྲིན་ལས་དབྱར་གྱི་ཆུ་ཀླུང་བཞིན། །འཕེལ་བའི་མཐུ་དེས་ལུས་ཅན་ཀུན། །དུས་མིན་འཆི་ལས་རྒྱལ་གྱུར་ཅིག། ཆོས་དཔེ།

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།