སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བློ་བཟང་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.06.2018
གསོ་རིག་མཁས་དབང་རིམ་བྱོན། >>


 བློ་བཟང་བསྟན་པ།

- བྱམས་པ་འཕྲིན་ལས།

 

སྨན་རྩིས་སྨྲ་བའི་དགེ་རྒན་བློ་བཟང་བསྟན་པ་ལགས་ནི་ཡབ་སྤྱན་གཅིག་ལགས་དང་ཡུན་གནམ་གང་སྒྲོན་མ་ལགས་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༢༧ ལོར་ལྷ་ས་ར་ཆེ་སྒྲོ་སྡོང་འོག་ཏུ་གླིང་གི་ཉེ་འདབས་སུ་སྐུ་འཁྲུངས།

དགུང་ལོ་བདུན་ནས་ལྷོ་ཁ་རི་བོ་ཆོས་གླིང་དུ་ཆོས་ཞུགས་ཀྱིས་རིག་པ་དོན་གཉེར་ཆེད་ཡི་གེ་འབྲི་ཀློག་ནས་དབུ་ཚུགས་ཏེ་བརྩོན་པ་དྲག་པོས་དགོན་པའི་རྒྱུད་གཞུང་ཐུགས་འཛིན་དང་། ཚོགས་འདོན་ཆོས་སྤྱོད་སོགས་དུས་ཚོད་ཐུང་ངུའི་ནང་རྒྱུགས་སྤྲོད་བདེ་བླག་ངང་གནང་ཐུབ་པ་བྱུང་བ་མ་ཟད་དགོན་དེའི་འདོན་རྟ་དབྱངས་དང་། གཏོར་བཟོ་དཀར་རྒྱན། འབུལ་དཀྲོལ་རོལ་མོ་སོགས་ལ་བྱང་ཆུབ་པ་ཞིག་སྦྱངས་གནང་། དེ་ནས་རིང་པོ་མ་ཐོགས་པར་སྔོན་སྨོན་བཟང་པོའི་མཐུ་དང་དགེ་རྒན་རྣམས་ཀྱི་ཐུགས་རེ་ཆེ་བར་བརྟེན། དགུང་གྲངས་བཅུ་གསུམ་ཐོག་སྨན་རྩིས་གསན་སྦྱོང་གནང་རྒྱུར་གྲྭ་གཞོན་མང་པོའི་དབུས་ནས་བདམས་གསེས་ཀྱིས་ལྷ་ས་སྨན་རྩིས་ཁང་དུ་ཕེབས། ཐོག་མར་མཁས་དབང་དམ་པ་བླ་མ་བརྩོན་འགྲུས་ལགས་ཀྱི་ཞབས་ལ་གཏུགས་ནས་ཐུན་མོང་གི་རིག་གནས་སྤྱི་ལ་ཐོས་བསམ་དང་། དགེ་རྒན་གྱི་ངག་བཀོད་གང་ཡོད་དང་ལེན་ཐོག་འཚོ་བ་མཉམ་སྐྱེལ་དང་ཞབས་ཞུ་སྐུ་ཚེ་མཐའ་འཁྱོལ་གནང་བ་བརྒྱུད་ལུང་དང་རིགས་པའི་གདམས་ངག་མང་པོ་གསན་ཐུབ་པ་བྱུང་།

སློབ་གྲྭར་རྒྱུན་ལྡན་སྨན་གཞུང་དང་། གསོ་རིག་ཆོས་སྤྱོད་བློ་འཛིན། ཡི་གེ་འབྲི་རྒྱུར་སྦྱང་བརྩོན། ལྷག་པར་དགེ་བའི་བཤེས་གཉེན་ཆེན་མོ་མཁྱེན་རབ་ནོར་བུ་མཆོག་ནས་གཞུང་འགྲེལ་བཻདཱུརྱ་སྔོན་པོ་དང་དེ་བཞིན་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་དང་། སྐར་རྩིས་སྔོན་འགྲོ། རྐང་བརྒྱ། ལྔ་པ་འཕྲོད། དག་ཡིག་ངག་སྒྲོན། སུམ་རྟགས། སྙན་ངག བྱང་ཆུབ་ལམ་སྒྲོན། བཤེས་སྤྲིངས། སློབ་སྤྲིངས། ཐེག་དགུའི་དོན་སྟོན། ལམ་གཙོ་རྣམ་གསུམ་སོགས་བཀའ་ཁྲིད་གནང་བ་གསན་རྒྱུགས་འབུལ་རྒྱུ་དང་། ཉིན་རེ་ནད་ཐོག་རྩ་དང་ཆུ་རྟགས་ངོས་འཛིན་ཉམས་མྱོང་ལག་ལེན་དམར་ཁྲིད་གནང་བ། སྨན་འཐུ་རང་སྒྲུབ་རང་སྦྱོར་གྱི་ཕྱག་ལེན་ཁག་ལ་བརྩོན་པ་དྲག་པོས་སློབ་གཉེར་གནང་བ་བརྒྱུད་རང་རྐྱ་འཕེར་བའི་སྒོ་ནས་ནད་གཞིར་བརྟག་བཅོས་ཐུབ་པ་ཞིག་ཏུ་འགྱུར།

དགེ་བའི་བཤེས་གཉེན་ཆེན་མོ་མཆོག་དགོང་མོ་ཞལ་འདོན་གྲུབ་རྗེས་བོད་རྩིས་ཆུ་ཚོད་ ༡༠ པ་ནས་ཆུ་ཚོད་ ༡༡ བར་དུ་ཆུ་ཚོད་རེ་བེད་སྤྱོད་ནས་སྐར་ཁྱིམ་གོ་ལའི་གནས་ཕྱོགས་དང་། སྐར་རྩིས་རིག་པའི་གཞུང་ལུགས་ཀྱི་བཀའ་ཁྲིད་གསན་རྒྱུ་ཆག་མེད་གནང་བས་རྩིས་ཀྱི་རིག་པར་ཕུལ་དུ་ཕྱིན། དགུང་ལོ་བཅུ་དགུ་ནས་སྨན་གཞུང་ཕྱི་རྒྱུགས་དང་ནང་རྒྱུགས་གཉིས་ཀ་འཕྲོད་དེ་དགེ་སློབ་རྣམས་ལ་ཐོན་བྱ་བཏང་།

དགུང་ལོ་ཉི་ཤུ་ནས་དགེ་རྒན་ཆེན་མོ་མཁྱེན་རབ་ནོར་བུ་མཆོག་ནས་ཐུགས་རེ་བརྩེ་བ་ཆེན་པོ་སྐུ་མདུན་དུ་ཉར་བ་གནང་སྟེ་ཕྱག་བྲིས་འབྲི་རྒྱུ་དང་། ཡིག་གཟིགས་བརྡ་དག་བརྩམ་བྱ་ལེགས་ཤིང་ལྷག་བསམ་དག་པའི་ཞབས་ཞུའི་གནས་ལ་བརྩོན་པས་ཐུགས་དགྱེས་ཆེན་པོ་གནང་།

དགུང་ལོ་ཉེར་ལྔ་ནས་སྨན་རྩིས་སློབ་གྲྭའི་དགེ་རྒན་དུ་བསྐོ་བཞག་གནང་བས་སློབ་དཔོན་གང་གི་ཐུགས་བསྐྱེད་རྨད་བྱུང་འགྲུབ་སླད་དང་། དགེ་རྒན་རིམ་བྱུང་གོང་མའི་མཛད་རྗེས་ཆུད་ཟོས་སུ་མ་སོང་བར་སྔར་བས་དར་སྤེལ་མཛད་པའི་སྲོལ་རྒྱུན་བཟང་པོ་རྣམས་བརྒྱུད་འཛིན་མུ་མཐུད་གནང་རྒྱུའི་ཐུགས་བསྐྱེད་ཀྱིས་སྨན་རྩིས་སློབ་མ་ཚོར་གང་ལ་གང་འདུལ་གྱིས་སྨན་གཞུང་། རྩ་བཤད་ཕྱི་གསུམ་སློབ་ཁྲིད་དང་། སྐར་རྩིས་ས་རིས་རི་མོ་དང་། སུམ་རྟགས། ངག་སྒྲོན་སོགས་སློབ་ཁྲིད་གནང་མུར་རྩ་ཆུའི་འགྲེལ་པ་རྩོམ་སྒྲིག་དང་། ལོ་ཐོ་རྩོམ་སྒྲིག་གནང་རྒྱུ་སོགས་ཀྱི་ཕྱག་ལས་རྒྱུན་བསྐྱངས་གནང་། ཉིད་ཀྱིས་ཆུ་འབྲུག་ལོའི་ལོ་ཐོ་རྩོམ་སྒྲིག་རྒྱུགས་འབུལ་ཞུས་གནང་བ་དང་། དེ་བཞིན་ལོ་འཁོར་དྲུག་ཅུའི་རྣམ་དག་གྲུབ་རྒྱུའི་རེའུ་མིག་ཅེས་པ་ཞིག་ཀྱང་རྩོམ་སྒྲིག་གནང་།

དགུང་ལོ་ཉེར་དགུ་ནས་མཁན་ཆུང་དམ་པ་བླ་སྨན་ཐུབ་བསྟན་ལྷུན་གྲུབ་མཆོག་གི་སྐུ་ཚབ་ཏུ་ས་གནས་རིམ་པ་ལྔ་པའི་ལས་ཚན་དུ་བསྐོ་བཞག་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་ཁྲུའུའི་ཁའོ་ཀྲང་གི་གོ་མིང་མཚན་བཞེས་ཐོག་ལ་དེར་ཡོན་ཀྲང་དམ་པའི་སྐུ་ཚབ་ཏུ་པེ་ཅིན་ལ་གསོ་རིག་སློབ་ཚོགས་ཀྱི་ཚོགས་འདུར་ཟླ་བ་གཅིག་ཙམ་བཞུགས་གནང་ཤིང་། མཁས་དབང་འདུས་པའི་ཚོགས་སུ་བོད་ཀྱི་སྨན་རྩིས་གཉིས་ཀྱི་སྤྱི་ཚོགས་ལ་ཕན་བདེ་དང་། དུས་ཀྱི་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཞབས་འདེགས་ཇི་ལྟར་ཞུས་པའི་སྐོར་དང་། མ་འོངས་བོད་ཀྱི་སྨན་རྩིས་འདི་བཞིན་འཛམ་གླིང་ཚན་རྩལ་ཡར་ཐོན་གྱི་མདུན་གྲས་སུ་གོང་འཕེལ་ཇི་ལྟར་གཏོང་ལུགས་ཀྱི་བསམ་འཆར། དུས་མཚུངས་བོད་སྨན་གྱི་འགོག་བཅོས་ཐད་ཕན་ནུས་ཇི་ལྟར་ཐོན་ལུགས་སོགས་འགྲེལ་བཤད་ཡང་དག་གནང་བས་རྒྱལ་ཁབ་འཕྲོད་བསྟེན་པུའུའི་དབུ་ཁྲིད་དང་མཁས་དབང་ཚོགས་ཀྱིས་བོད་སྨན་ལ་མཐོང་ཆེན་ཇེ་མཐོར་སོང་བ་དང་། དེའི་ཐད་བསྔགས་བརྗོད་མགྲིན་དབྱངས་ཀྱིས་ཐལ་སྒྲ་ཡང་ཡང་བསྒྲགས། ལྷག་པར་འཕྲུལ་ཐང་གི་ཕན་ནུས་ལ་ཐམས་ཅད་ཧངས་སངས་ཡོད་ལུགས་སྐོར་ཡོན་ཀྲང་དམ་པར་སྙན་སེང་ཞུས།

དེ་ནས་དགུང་ལོ་སོ་གཉིས་བར་སྨན་རྩིས་ལས་དོན་དང་འགན་འཁུར་རྣམ་དག་གི་སྲི་ཞུ་སྒྲུབ་ཐོག བོད་ཀྱི་ངོ་ལོག་ཟིང་འཁྲུག་གོང་སློབ་ཕྲུག་ཚོར་དམིགས་བསལ་གྱི་ཚོགས་འདུ་ཞིག་བསྐོང་འཚོགས་ཀྱིས་ཟིང་ཆའི་ནང་ཞུགས་མི་ཆོག་པའི་བཀག་འགོག་གནང་།

༡༩༥༩ ལོར་གཞུང་ཞབས་སེར་སྐྱ་རྣམས་འཛིན་བཟུང་བསྒྱུར་བཀོད་གནང་སྐབས་རྔ་ཆེན་གློག་ཁང་འཛུགས་སྐྲུན་ལས་གྲྭར་སྟབས་མི་ལེགས་པར་ས་འོག་ཏུ་ཚུད་དེ་སྐུ་ཆེའི་འཕེན་པ་རྫོགས་པ་བཅས་སོ།།

དེ་ལྟར་བོད་ཀྱི་སྨན་རྩིས་བྱ་གཞག་ལ་བླ་ན་མ་མཆིས་པའི་ལྷག་བསམ་དང་སྨན་རྩིས་བསྟན་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱིས་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད་པ་ཡིན།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས། 

 

མཐའ་མའི་འདོན་ཐེངས་།: 07.06.2018 ཉིན། 9:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།