སྨན་རྩིས་དྲ་བ། - ཆེད་རྩོམ།

བླ་ཡི་སྐོར་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.09.2019
ཆེད་རྩོམ། >>


 

༅།  །བོད་ཀྱི་གསོ་བ་རིག་པའི་གལ་ཆེའི་ཤེས་བྱ་བླ་ཡི་སྐོར་གླེང་བ།

 

རག་རྡོ་བློ་བཟང་བསྟན་འཛིན།

ཝཱཎ་སྨན་རྩིས་རིག་སྡེའི་འགན་འཛིན།

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། སཱརནཱཐ། ཝཱརཱཎསཱི།

 

གླེང་སློང་།

དེའང་སྟོན་པ་སངས་རྒྱས་ཀྱིས་ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས།  འཛམ་བུ་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་ནགས་ཚལ་སྨན་དང་འབྲས་ལྡན་ཇི་སྙེད་པ།  །མ་དྲོས་གནས་པའི་ཀླུ་རྒྱལ་ཀླུ་དག་ལ་བརྟེན་ནས།  །དེ་ནི་ཀླུ་ཡི་རྒྱལ་པ་དེ་ཡི་མཐུ་དཔལ་ཡིན་ཤེས་བྱ།  །ཞེས་ཇི་སྐད་བཀའ་སྩལ་བ་བཞིན། བོད་གངས་ཅན་ནི་འཛམ་གླིང་སྤྱི་དང་ལྷག་པར་ལྷོ་ཤར་ཨེ་ཤེ་ཡའི་གཙུག་ཏུ་གནས་ཤིང་། ཡུལ་དེ་དག་ཏུ་འབབ་པའི་ཆུ་ཀླུང་ཆེན་པོ་སིཾདྷུ་དང་། བྲཧྨཔུཏྲ། རྒྱལ་མོ་དངུལ་ཆུའམ་མེ་ཀོང་གཙང་པོ། འབྲི་ཆུའམ་ཁྲང་ཅང་སོགས་ཇི་སྙེད་ཅིག་འབབ་པ་ཐམས་ཅད་ཀྱི་འབྱུང་ཁུངས་དང་། རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་རྣམས་སུ་གྲགས་པའི་མཧཱདེབ་དང་། ལྷ་མོ་ཨུམྰ་སོགས་ཀྱི་ཞིང་ཁམས་དང་། དེ་དག་ཏུ་གསལ་བའི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་དང་། པཏཾཇལི་སོགས་ཀྱི་དཀའ་ཐུབ་ཀྱིས་ལྷ་ཆེན་པོ་སོགས་བསྒྲུབས་ནས་དངོས་གྲུབ་ཐོབ་པའི་གནས་རྒྱ་གར་གྱི་སྙན་དངགས་ཆེན་པོ་མཧཱབྷཱརཏའམ་རྒྱ་གར་ཆེན་པོ་ཞེས་རྒྱ་གར་གྱི་མིའི་ཤེས་རིག་དང་བསམ་བློ་སོགས་རྟོགས་ཐུབ་པ་བྱུང་རབས་མཁན་རྣམས་ཀྱིས་གལ་ཆེར་བརྩི་བ་དེར་ཏྲིཝིཥྚཔཾ་ཞེས་སུམ་རྩེན་དུ་གྲགས་ཤིང་རང་སྐད་ངོ་མར་བོད་དུ་གྲགས་པ་འདི་ནི་འཛམ་གླིང་གི་དཔལ་ཡོན་དར་སྔ་ཤོས་ཀྱི་ཡུལ་ཞིག་ཡིན་ཅིང་།

དེའི་རིག་གནས་ཀྱི་ཡ་གྱལ་གསོ་བ་རིག་པ་ནི་མི་ལོ་ཁྲི་ཕྲག་འགའི་སྔ་རོལ་ནས་ཡུལ་དེར་སྲིད་པའི་དཔལ་ཡོན་དར་བའི་བརྒྱུད་རིམ་རིང་པོའི་ཁྲོད་ནས་རང་བྱུང་ཁམས་ཀྱི་འབྱུང་བཞིའི་འཕོ་འགྱུར་གྱི་མི་འདོད་པའི་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱས་པའི་ཉམས་མྱོང་རིམ་བསག་ལས་གྲུབ་པ་དང་། རིམ་བཞིན་ཡུལ་དེའི་སྟོན་པ་གཤེན་རབ་དང་། དཔྱད་བུ་ཁྲི་ཤེས་སོགས་ཀྱིས་ཀྱང་ལེགས་པར་བསྟན་ཅིང་བསྡུས་ཏེ་མདོར་འདྲིལ་ཞིང་ལག་ཏུ་ལེན་བདེ་བར་གཏན་ལ་ཕབས་པ་དང་། དེ་ནས་བོད་བཙན་པོའི་རྒྱལ་བློན་རྣམས་ཀྱིས་རང་གི་མངའ་ཐང་གཅིག་གྱུར་རྒྱ་བསྐྱེད་བྱེད་པའི་མི་ཟད་སྟོབས་ཤུགས་སྙིང་སྟོབས་ཀྱི་ཀློང་ལས་བྱུང་བའི་མཁས་མཛངས་ལྡན་པའི་རང་རིགས་ལོ་པཎ་དུ་མས་རྒྱ་དཀར་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་དུ་མའི་ནད་བཅོས་སྲོག་སྐྱོབས་ཀྱི་རིག་པའི་གཞུང་ལུགས་དུ་མ་ཕབས་སྒྱུར་ནང་འདྲེན་བྱས་པའི་སྙིང་པོ་བསྡུ་ལེན་བྱས་ཏེ་ཆ་ཤས་ཡོངས་སུ་རྫོགས་པའི་ཐུན་མོང་མིན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་རྐང་ཚུགས་པར་མཛད་པ་དང་། རིམ་བཞིན་རྣམ་དཔྱོད་དང་སྙིང་སྟོབས་མི་དམན་པའི་རང་རིགས་ལྷ་རྗེ་རྣམས་ཀྱིས་དར་སྤེལ་རྒྱུན་འཛིན་བྱས་ཏེ་དེང་གི་ཚན་རིག་འཕྲུལ་ཐབས་ཀྱི་དུས་རབས་འདིར་ཡང་རིས་མེད་འགྲོ་བ་མཐའ་དག་གི་ལུས་སེམས་བདེ་ཐང་གི་དཔལ་དུ་ཡོ་རོབ་དང་། ཨ་རི། རྒྱ་གར། རྒྱ་ནག་སོགས་ཀྱི་རྒྱལ་ཁབ་རིམ་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མར་ཉམས་ཞིབ་དང་སློབ་སྦྱོང་བྱེད་པ་མ་ཟད། རིང་ལུགས་ལའང་རྒྱ་དཀར་ནག་སོགས་རིས་མེད་རྒྱལ་ཁབ་མང་པོར་ཁྲིམས་མཐུན་ངོས་ལེན་ཐོབ་པའི་སྨན་བཅོས་དང་བདེ་ཐང་གོང་སྤེལ་གྱི་རིང་ལུགས་ཤིག་ཡིན།

བླ་དང་བདེ་ཐང་གི་འབྲེལ་བ།

དེ་ལ་འགྲོ་བའི་ཚེ་སྲོག་ནི་ལུས་དབང་སེམས་གསུམ་དུས་ངེས་པ་ཅན་དུ་ལས་ཀྱི་མི་འབྲལ་བར་ལྷན་ཏུ་བཅིང་བའི་ངོ་བོ་ཅན་ཞིག་ཡིན་ཅིང་། འགྲོ་བ་མིའི་འཕྲོད་བསྟེན་དང་བདེ་ཐང་ལ་དམིགས་པའི་ལས་དོན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་དེ་གཞིར་བཞག་གི་བྱེད་དགོས་པ་དང་། དེ་དག་མི་ཤེས་པའམ་ཕྱོགས་རེར་འཛིན་པའི་སྒོ་ནས་བདེ་ཐང་(Health)གོང་སྤེལ་གྱི་མིང་ཁྱེར་ནས་བྱ་བ་རྩོམ་པ་འགའ་ཞིག་བདེ་ཐང་ལ་གནོད་པར་བྱེད་པ་ནི་དེང་སང་ཧ་ཅང་མཐོང་མང་བ་འདི་དག་ལགས་ཤིང་། དེའང་གསོ་བ་རིག་པས་བདེ་ཐང་ནི་ལུས་སེམས་ཕྱོགས་རེ་བར་མ་སོང་ཞིང་། དེ་ནི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་ཀྱང་ཡོང་མི་སྲིད་པའི་ཕྱིར་རྒྱུ་མ་ནོར་བ་དང་ཚང་བར་བསྟེན་དགོས་པ་དང་། དེ་ལ་ཡུལ་དུས་གནས་སྐབས་ཀྱི་རང་བཞིན་དང་། དེ་རྣམས་དང་ལྷན་ཅིག་འབྲལ་མི་རུང་དུ་གནས་པའི་སྐྱེས་བུའམ་མིའི་བར་གྱི་འབྲེལ་བ་རྣམས་ལེགས་པར་རྟོགས་ནས་བླང་དོར་བྱེད་པ་ཁོ་ན་བདེ་ཐང་གི་རྒྱུ་ཡིན།

དེ་ལ་བླ་ནི་ལུས་དབང་སེམས་གསུམ་ལྷན་ཅིག་བརྟེན་ཅིང་གནས་པའི་གཞི་ཡིན་པ་བོད་ཀྱི་གསོ་བ་རིག་པ་དང་། གཙུག་ལག་རྩིས་ཀྱི་གཞུང་ལུགས་དུ་མ་ནས་ལན་ཅག་མིན་པར་བསྟན་ཅིང་། དེ་དང་འབྲེལ་བའི་ལས་ཀྱི་ཆོག་དུ་མ་ཞིག་བསྟན་པ་རྣམས་ཉམས་སུ་ལེན་པ་དང་། དེ་དག་གིས་འགྲོ་བ་མིའི་ལུས་སེམས་བདེ་ཐང་ལ་བླ་ན་མེད་པའི་ཞབས་འདེགས་སྒྲུབ་བཞིན་པ་ནི་སུས་ཀྱང་བསྙོན་འདིང་མི་ནུས་པ་ཞིག་ཡིན།

བླའི་ངོ་བོ།

འོན་ཀྱང་བླ་བྱ་བ་དེ་ངོ་མ་གང་ཡིན་པ་དང་། ལུས་སེམས་བདེ་ཐང་དང་དེ་གཉིས་བར་ལ་འབྲེལ་བ་གང་ཡོད་པ་རྣམས་མི་ཤེས་སུ་མི་རུང་བ་ཡིན་ཀྱང་།  མི་གཉིས་བར་ལ་རྫ་ཆག་པའི་དཔེ་བཞིན་སྲོལ་རྒྱུན་ལྟ་གྲུབ་སྨྲ་བ་དང་། དེང་སང་གི་རྫས་གྲུབ་སྨྲ་བ་གཉིས་ཀྱི་བར་ནས་སྟོར་བ་ལྟར་གྱུར་སྣང་ལ། དེའང་བླ་གནས་པ་དང་། ཁྱེར་བ་དང་བརྐུས་པ། ཕྱིར་བཀུགས་པ། འགུག་པའི་ཐབས་སོགས་དུ་མ་ལྷ་རྗེ་དང་། གྲོང་སྔགས་པ། སྔགས་པ་རྡོ་རྗེ་འཛིན་པ། ཐ་ན་བོད་ཀྱི་སྤྱི་ཚོགས་ཀྱི་ཁྲོད་གླེང་གཞི་དང་གླེང་སློང་དུ་མ་ཞིག་ཡོད་ཀྱང་། དེ་ངོ་མ་གང་ཡིན་པ་འཇིག་རྟེན་པའི་ལྷ་རྗེ་སོགས་ལ་དོན་གྱུར་གྱི་ཐེ་ཚོམ་ཙམ་ཞིག་མ་མཐར་མེད་པ་ཐབས་ཆགས་ཡིན་ཡང་དེ་ཡོད་པ་དཀོན་པར་སྣང་ཞིང་། ཤེས་ལྡན་འགས་དཔྱོད་པ་ནའང་གཟུགས་དང་། རིག་པ་དང་། ཤེས་བྱ་མ་ཡིན་པ་དང་། རྨོངས་དད་ཙམ་ཞིག་ཡིན་པར་སྨྲ་བ་རྣམས་ནི་གོང་མའི་ཞབས་འདྲེན་ཅིང་། མངོན་སུམ་ཚད་མ་ལ་བསྙོན་འདིང་བ་ལགས།

བླ་གང་ལ་བསྟན་པ།

དེས་ན་བླ་ཞེས་གྲགས་པ་དེ་ནི་ཤེས་བྱ་ཡིན་པ་མ་ཟད། ཤེས་བྱ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་བསྡུས་པ་ལས་གཟུགས་ཀྱི་ཕུང་པོ་ཡིན་ལ། དེའང་བོད་ཀྱི་གསོ་བ་རིག་པ་དང་སྦྱར་ན། དེའི་གཞུང་གི་བརྗོད་བྱ་ལ་ལུས་ནད་གཉེན་པོ་གསུམ་ཡོད་པ་ལས་ལུས་ཀྱི་ཕུང་པོ་དང་། དེའང་ལུས་ནི་ལུས་ཟུངས་བདུན་ཡིན་ཅིང་། དེ་དག་ཀྱང་རིམ་པས་སྔ་མའི་དྭངས་མ་ཕྱི་མར་གྱུར་པ་ལས་འདི་ནི་ལུས་ཟུངས་མཐར་ཐུག་གི་སྙིང་པོར་གྱུར་པ་དེ་ཉིད་ལ་བྱ་དགོས་ཏེ། དེ་ལ་གསོ་བ་རིག་པས་ནི་མདངས་ཞེས་པའི་ཐ་སྙད་དམ་ཚིག་གིས་བསྟན་ཅིང་། ཚེའི་རིག་བྱེད་ཀྱིས་ཨོཛ་(Oja)ཞེས་པའི་སྒྲས་བསྟན་པ་ཡིན་ལ། དེའང་བཤད་པ་སྐུ་ཡི་རྒྱུད་ལས། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ།  །ཞེས་ངོ་བོ་དང་། དེ་ལའང་ནང་གསེས་མདངས་མཆོག་དང་ཕལ་པ་གཉིས་ཡོད་པར་བསྟན་པ་དང་། སྙིང་ལ་གནས་ཀྱང་ལུས་ཀུན་ཁྱབ་པར་བྱེད།  །ཅེས་དེ་གཉིས་ཀྱི་གནས་ཡུལ་བསྟན་ཅིང་། མཆོག་སྙིང་དང་། ཕལ་པ་ལུས་ཐམས་ཅད་ལ་ཁྱབ་པར་གནས་སོ་ཞེས་གནས་ས་དང་། ཚེ་གནས་གཟི་མདངས་བཀྲག་མདངས་ལྡན་པར་བྱེད།  །ཅེས་མཆོག་གིས་ཚེ་སྲོག་གི་རྟེན་བྱེད་ཅིང་གཟི་མདངས་ཅན་དུ་བྱེད་པ་དང་། ཕལ་པས་བཀྲག་མདངས་ལྡན་པར་བྱེད་ཅེས་བྱེད་ལས་བསྟན་པ་དང་།

གཞན་ཡང་ཚེའི་རིག་བྱེད་ཀྱི་གཞུང་རྣམས་ལས་སྔར་བཤད་པ་ལྟར་ཨོཛ་ལའང་ནང་གསེས་སུ་པརཨོཛ་དང་། ཨཔརཨོཛ་ཞེས་གཉིས་ཀྱིས་བསྟན་ཅིང་། དེ་ལ་ཐུན་མོང་དུ་མིང་གཞན་བྷལ་ཞེས་ཀྱང་བྱ་ཞིང་། དེའང་པརཨོཛ་ནི་སྙིང་ལ་གནས་པ་དང་། ཨཔརཨོཛ་ནི་ལུས་ཐམས་ཅད་ལ་ཁྱབ་པར་གནས་ཞིང་བཀྲག་མདངས་འཕེལ་ཞིང་ནད་འགོག་པ་སོགས་གསོ་བ་རིག་པ་དང་འདྲ་བར་བསྟན་ཡོད།

དེ་ནི་སྲོག་ཆགས་རིག་པ་(Biology)ལྟར་ན་སྲོག་ཆགས་ཀྱི་ལུངས་ཟུངས་ཤིན་ཏུ་ཕྲ་མོ་(Vital essence is most refined bio product, immune resistance of the body)དེ་ཡིན། བཤད་རྒྱུད་ལས། མདངས་ནི་སེམས་ཀྱི་སྡུག་བསྔལ་གྱིས་ཟད་དེ།  །ཞེས་སེམས་ཀྱི་སྐྱོན་གྱིས་མདངས་ཟད་པར་གསུངས་པ་དང་། འཚོ་བྱེད་འོ་མ་ཤ་ཁུ་དེ་སྨན་ཡིན།  །ཞེས་འཚོ་བྱེད་དེ་ཚེ་བསྲིང་རྒས་སྲའི་སྐབས་སུ་བཤད་པའི་བཅུད་ལེན་གྱི་སྦྱོར་བ་རྣམས་དེ་འཕེལ་བའི་དོན་དུ་བསྟེན་དགོས་པར་གསུངས་པའི་ཕྱིར་དེ་ནི་ཡན་ལག་བརྒྱད་ཀྱི་ཡ་གྱལ་ཡིན་ཅིང་ཐབས་མང་བ་དང་ལག་ལེན་ཟབ་པོ་ཡོད། དེ་བཞིན་ཚེའི་རིག་བྱེད་ལས་བྷལ་འམ་(Immunity) སཧཛ་བྷལ་(Inherent natural immunity) ཀཱལཛ་བྷལ་སྟེ་དུས་ཀྱི་མདངས་(The immunity which occur in the body by impact of time factor) ཡུཀཏཱི་ཀྲྀཏ་བྷལ་(The immunity which is acquired artificail)གསུམ་ལས་ཕྱི་མ་ནི་སྔར་བཤད་པ་ལྟར། བཅུད་ལེན་སོགས་སྨན་བཅོས་ཐབས་ལམ་རྣམས་ཀྱིས་དེ་ཉིད་འཕེལ་ཐབས་ཡོད་པ་དེ་ཡིན་ཅིང་། འདི་ཉིད་འཕེལ་བས་སྔ་མ་རྣམས་ཀྱང་བརྟན་དུ་འགྲོ་བ་ཡིན་པར་གསུངས།

རྒྱུད་སྡེ་ནས་བསྟན་པ།

འདི་ནི་ཐུན་མོང་གི་རིག་གནས་ནང་གསེས་གསོ་ཐབས་སོགས་ཀྱིས་བསྟན་པ་ཙམ་དུ་མ་ཟད། རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་བརྗོད་བྱའང་ཡིན་ཏེ། བརྟག་གཉིས་ལས། སྟོན་པ་སུམ་ཅུ་རྩ་གཉིས་མཚན།  །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན།  །ཁུ་བ་ཞེས་བྱའི་རྣམ་པར་གནས།  །ཞེས་པའི་ཐད་ཀྱི་རྡོ་རྗེ་སྙིང་འགྲེལ་དུ་རྩ་རྒྱུད་དྲངས་པ་ལས། ཡིད་ཀྱི་མེ་ཏོག་མདའ་ཅན་འདི།  །རླུང་གི་ཡོངས་སུ་མི་འདའ་བར།  །བཅིང་པས་དཔེ་བྱད་ལྡན་པར་འགྱུར།  །ཞེས་སེམས་ཀྱི་བྱེད་པ་ཐམས་ཅད་རླུང་ལ་རག་ལས་པ་དང་། དེའི་རང་མདངས་དབྱངས་གསལ་གྱི་རང་བཞིན་དུ་གནས་པས་ན། རླུང་དེས་སྐྱེད་པའི་ཁམས་དཀར་དམར་གཉིས་ལའང་དབྱངས་གསལ་གྱི་སྒྲས་བསྟན་ཅིང་། རགས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དེ་ལ་བརྟེན་ནས་གནས་པར་གསུངས་ལ། དེས་ནས་འགུག་གསོད་སོགས་ཀྱི་ཕན་གནོད་ཀྱི་བྱ་བ་ཐམས་ཅད་སྔགས་པས་འདི་ལ་བྱེད་པ་ཡིན་ཅིང་། ནང་གི་དུས་ཀྱིས་དེའི་རང་མདངས་ཨཿསོགས་དབྱངས་གསལ་གྱི་རྣམ་པར་སྤྱི་གཙུག་སོགས་ཀྱི་གནས་སོ་སོར་འཕོ་བའི་ཚུལ་སྡོམ་འབྱུང་དང་། དང་པོའི་སངས་རྒྱས་ཀྱི་རྒྱུད་སོགས་ལས་བསྟན་ཅིང་། སྨན་གཞུང་རྣམས་ལས་དེ་ལ་བླ་གནས་འཕོ་བ་ཞེས་བྱ་ལ། དེའི་རྟེན་འབྲེལ་ལས་ཕྱི་རོལ་དུ་ཟླ་བའི་ཆ་འཕེལ་འགྲིབ་སོགས་སུ་སྣང་བར་དུས་འཁོར་སོགས་ཀྱི་རྒྱུད་ལས་གསུངས་ཤིང་། དབྱངས་འཆར་བའི་རྒྱུད་ལས་ཀྱང་དེ་དང་ཕྱོགས་མཚུངས་པར་གསུངས་སོ།།

འདིར་ནི་རྣམ་རྟོགས་ཀྱི་ས་བོན་ཙམ་སྟེ་ཤེས་བྱ་ལ་ལྟ་བའི་མིག་ལྡན་འདྲ་ཡོད་ན་རང་ཉིད་སྣོད་རུང་བྱས་ཏེ་དམ་པའི་མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོའི་རྫིང་ལ་ཞུགས་པར་རིགས་སོ།། །།

 

- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།

མཐའ་མའི་འདོན་ཐེངས་།: 21.09.2019 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།