སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

བྱང་པ་རྣམ་རྒྱལ་གྲགས་བཟང་ཡབ་སྲས་ཀྱིས་སྨན་སྤེལ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

བྱང་པ་རྣམ་རྒྱལ་གྲགས་བཟང་ཡབ་སྲས་ཀྱིས་སྨན་སྤེལ་ཚུལ།

ཕྱིས་སུ་གསོ་རིག་སྤྱི་དང་བྱེ་བྲག་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་ཀྱི་མདུད་པ་བཀྲོལ་ཏེ་རིག་གནས་རྩེ་མོ་འདིའི་བསྟན་པའི་བདག་པོ་ལྟ་བུ་མཁས་པ་བྱང་ཟུར་གཉིས་ཞེས་གྲགས་པ་བྱུང་བའི། བྱང་པ་ནི། ཕུན་སུམ་ཚོགས་པའི་བསོད་ནམས་ཀྱི་དཔལ་ལས་གྲུབ་པའི་རྒྱ་ནག་གོང་མའི་ཁྲི་ལ་གནམ་གྱི་ལུང་གིས་དབང་བསྒྱུར་བ་མི་ཉག་སེའུ་རྒྱལ་པོ་ནས་རྒྱལ་རབས་བདུན་པ། གོང་མ་སེ་ཆེན་རྒྱལ་པོས་རིན་པོ་ཆེའི་ཐམ་ག་དང་སི་ཏུའི་ལས་ཀ་གནང་བས་མངོན་པར་མཐོ་བ། གུའི་གུང་གྲགས་དཔལ་བཟང་དང་ཡུམ་སི་ཏུ་ཆོས་རིན་པའི་སྲས་མོ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་ཕག་ལ་དཔལ་ངམ་རིངས་ཀྱི་རྒྱལ་སྡེ་ཆེན་པོ་བྱང་ཕྱོགས་ཤམྦྷ་ལའི་འདུན་ས་ཉེ་བར་འཕོས་པའི་བསྟི་གནས་སུ་འཁྲུངས། ཆུང་ངུ་ནས་སྔོན་གྱི་བག་ཆགས་རབ་ཏུ་སད་དེ་སྐྱེས་བུ་དམ་པའི་ཀུན་ཏུ་སྤྱོད་པས་དུས་འདའ། མཁས་ཤིང་གྲུབ་པའི་དབང་ཕྱུག་ལོ་ཆེན་བྱང་ཆུབ་རྩེ་མོ་དང་། རང་རིགས་གདུང་གི་ཐིག་ལེ་འཛིན་པ་བསྟན་པའི་རྒྱལ་མཚན། མཁན་ཆེན་ཟླ་མགོན་ཤེས་རབ་པ་རྣམས་ལ་དམ་པའི་ཆོས་ཀྱི་དགའ་སྟོན་བདུད་རྩིའི་སྐྱེས་ལན་གཅིག་མིན་པར་བཞེས། དགུང་ལོ་ལྔའི་དུས་ལྷོ་ཕྱོགས་བསྐྱེད་མའི་ཕོ་བྲང་དུ་བཞུགས། ཡི་གེ་འབྲི་ཀློག་བརྡ་དག་གིས་མཚོན་པ་ཐམས་ཅད་ཚེགས་མེད་དུ་མཁྱེན། སླར་ཡང་དཔལ་ངམ་རིངས་དུ་ཕེབས་ནས་སྟན་ཆགས། དགུང་ལོ་བཅུའི་དུས་མནལ་ལམ་དག་པའི་སྣང་བར་ཨོ་རྒྱན་པདྨ་དང་མཇལ་བ་ནས་སྔ་ཕྱིར་བཅོམ་ལྡན་འདས་ཐུབ་པའི་དབང་པོ། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཟླ་བ་བཟང་པོ། ཐོགས་མེད་སྐུ་མཆེད། མི་ལ་རས་པ་ལ་སོག་པ་ལྷ་དང་བླ་མ་དུ་མའི་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ། བཀའ་ལྔ་པ་དཔལ་འབྱོར་ཤེས་རབ། རིནཆེན་དཔལ་བཟང་། སེང་གེ་རྒྱལ་མཚན། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤཱ་རི་པུ་ཏྲ། པཎ་ཆེན་ནགས་ཀྱི་རིན་ཆེན། བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པ་མཚན་ཉིད་དང་ལྡན་པའི་ཡོངས་འཛིན་མང་དུ་བསྟེན་ནས་མདོ་སྔགས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་དཔྱིས་ཕྱིན་པར་སྦྱངས། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པས་མཚན་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་དུ་གསོལ་ཞིང་དེ་གོང་གི་མཚན་རྒྱ་རུག་དར་མ་རིག་འཛིན་ཡིན་པར་གྲགས། དཔལ་ལྡན་ས་སྐྱ་བ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་རྒྱ་ནག་གོང་མ་ཆེན་པོ་ཏ་མིང་གིས་གདན་དྲངས། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ལུང་ལས་ཕུལ་བ་སོགས་བཀུར་བསྟི་ཕུན་སུམ་ཚོགས་པ་མཛད་པའི་བདག་རྐྱེན་ལས། རིག་ལྡན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ལའང་དངུལ་གྱི་ཐམ་ག་དང་ཏའི་སི་ཏུའི་ལས་ཀ་བསྩལ། དགུང་ལོ་སོ་གཅིག་གི་ཁར་སེང་གེ་རྩེ་བའི་སྲས་མོ་ནམ་མཁའ་དཔལ་འབུམ་ཁབ་ཏུ་བཞེས། རིམ་གྱིས་སྲས་ལྕམ་སྲིང་རྣམས་བསྐྲུན། མཁས་པའི་སྙན་གྲགས་ཀྱིས་སའི་སྟེང་ཁྱབ་པས་དྲན་དབང་རྡོ་རྗེ་རྒྱལ་མཚན། མི་ཉག་ཆོས་གྲགས་བཟང་པོ། རྩེས་དང་བ་སངས་རྒྱས་ལྷུན་གྲུབ་སོགས་དུ་མས་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་ཀྱི་པདྨར་གཏུགས། པཎ་ཆེན་བྱམས་པ་གླིང་བས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་དྲི་བ་དྲིས་ལེན་མཛད་ཅིང་ཆོས་རྒྱལ་ཟླ་བ་བཟང་པོའི་ཡང་སྲིད་དུ་ངོས་བཟུང་། དགུང་ལོ་བཞི་བཅུ་པ་ནས་རིམ་པར་གསང་ཆེན་རྒྱུད་སྡེ་རབ་འབྱམས་རྒྱ་མཚོའི་གཙོ་བོར་གྱུར་བ་དུས་འཁོར་གྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་བློས་བསླང་བཀོད་པས་ཁྱད་པར་འཕགས་ཤིང་རྒྱུ་གསེར་དངུལ་ཤས་ཆེ་བ་ལས་གྲུབ་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། བྱམས་ཆེན་དང་དུས་འཁོར་གྱི་སྐུ། བཀའ་འགྱུར་བྱང་བརྩེགས་མ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། མངའ་ཞབས་སུ་ཐོ་བཙུན་བཏུས་ཏེ་བྱམས་ཕྲུག་གི་དགེ་འདུན་འདུས་པའི་སྡེ་བཙུགས། རྗེ་བཙུན་ས་སྐྱ་པཎྜི་ཏ་དབུ་གཙུགས་ནས་ཐིམ་པས་དཔལ་ལྡན་ས་སྐྱ་བའི་དགོངས་པའི་ཟབ་གནད་ཐམས་ཅད་ཐུགས་ལ་ཤར་བ་སོགས་རྟོགས་པའི་ཡོན་ཏན་མཐའ་ལས་འདས། བཀའི་རྩོམ་པ་ཡང་དེ་བཞིན་གཤེགས་པའི་གདུང་རབས། བསྟོད་པ། བཀའ་བསྟན་དུ་མའི་དོན་བཏུས་སོགས་བསྟན་པ་སྤྱིའི་གནས་ལས་བསྒྲགས་པའི་བསྟན་བཅོས་སུམ་ཅུ་རྩ་ལྔ། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་ལས་རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་བླག་ཏུ་འཇུག་པ་སོགས་རྒྱུད་ཐོག་མའི་ལེའུ་གཉིས་ཀྱི་དོན་འགྲེལ་གྱི་དབང་དུ་མཛད་པའི་བསྟན་བཅོས་བཞི་བཅུ་ཞེ་གཉིས། དབང་མཆོག་བདེ་བ་ཆེན་པོའི་ཆུ་རྒྱུན་སོགས་དབང་ལེ་དང་བསྒྲུབ་ལེའི་དོན་འགྲེལ་དུ་མཛད་པ་ལྔ་བཅུ་རྩ་བཞི། ལུས་དཀྱིལ་རྫོགས་རིམ་ལམ་དུས་སོགས་ཡེ་ཤེས་ལེའུའི་དོན་འགྲེལ་བཅུ་གཉིས། ཤེས་བྱ་རབ་གསལ། མདོར་བསྡུས་དང་པོའི་རྣམ་བཤད་སོགས་སྤྱིར་བསྡོམས་ཀྱི་འགྲེལ་བ་དྲུག སྒྲ་རིག་པའི་ཉིང་ཁུ་ཀ་ལཱ་པའི་མདོ་རྒྱན། བཟོ་རིག་པར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཆ་ཚད། ཚད་མ་ལ་བསྟན་བཅོས་མ་མཛད་ཀྱང་རིགས་པར་སྨྲ་བ་དུ་མའི་ཁྲོད་དུ་ཐལ་འགྱུར་འཕེན་པ་སོགས་རྒྱལ་པོ་པཎྜི་ཏ་ཞེས་འཆད་རྩོད་རྩོམ་པས་དུས་འདའ། ཁྱད་པར་དུ་གསོ་བ་རིག་པ་ཕུལ་དུ་ཕྱིན་པས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་བྱ་བའི་བསྟན་བཅོས་ལེའུ་བརྒྱ་ཉི་ཤུ་ཡོད་པ་ཞིག་དང་། རྩ་བའི་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ། བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་བདུད་རྩིའི་ཆུ་རྒྱུན་དང་། ཊཱི་ཀཱ་ཆུང་དོན་གསལ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། །ཡོངས་གཏད་ཀྱི་འགྲེལ་བ་ཚིག་དོན་རྣམས་པར་གསལ་བ། སྨན་གཞུང་རིན་ཆེན་སྒྲོམ་བུ། རྩོམ་པ་ཆུང་བ་རྒྱུད་བཞིའི་དཀའ་འཕྲེང་མུན་སེལ། གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན། རྩ་བཤད་གསལ་བའི་སྒྲོན་མེ། སྲོག་གཅོད་ནད་དགུའི་དབྱེ་བ། འཚོ་བྱེད་རྣམས་ལ་སྙིང་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་། སེང་གེ་རྩེ་འཚོ་བྱེད་ཀྱིས་དྲིས་ལན་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་བ་རིག་པའི་སྲོག་འཐུད་པ་ལྟ་བུར་གྱུར། ཕོ་བྲང་དུ་གནམ་ལྕགས་བབས་པ་ཉེ་འཁོར་གྱི་མི་ཕལ་ཆེར་བརྒྱལ་བ་དང་དངངས་པ་སོགས་ཟུག་རྔུ་མི་ཟད་པ་བྱུང་རུང་སྐུ་ལ་ཅུང་ཟད་ཀྱང་བརྫི་བར་མ་ནུས་པ་དང་། ཇོ་སྐྱབས་པའི་གཞིས་འཛིན་མ་གདོན་དྲག་པོས་ཟིན་པར་ཕུར་གདབ་ཀྱི་གཟིགས་སྟངས་མཛད་པ་ཙམ་གྱིས་གྲོལ་བ་སོགས་གྲུབ་མཚན་ཀྱང་མང་། དེ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གཅིག་གི་བར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས། སླར་ཡང་ས་ལ་སྤྱོད་པའི་འོག་མིན་ལྷུན་གྲུབ་སྡིངས་སུ་ཟླ་གཅིག་ཙམ་སྐུ་ཅུང་ཟད་སྙུན་པའི་ཚུལ་བསྟན་པའི་སྐབས་ཉིན་རེ་བཞིན་ཡང་འཆི་བ་མེད་པའི་ལག་པད་ཀྱིས་གཏོར་བ་མནྡྷ་ར་བའི་ཆར་རྒྱུན་མ་ཆད་པར་བབས་པའི་ངང་ནས། ཤིང་ལུག་སྣྲོན་ཟླའི་གྲལ་ཚེས་དྲུག་གི་ཉིན་སྤྲུལ་སྐུ་རགས་པའི་ཟ་མ་ཏོག་ལས་ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ་ཟུང་འཇུག་དུས་ཀྱི་འཁོར་ལོའི་ཐུགས་ཀར་བསྡུས། འཇའ་འོད་དང་མེ་ཏོག་གི་ཆར་དྲི་བཟང་པོའི་ངད་འཐུལ་བ་སོགས་དཔག་གིས་མི་ལང་བ་བྱུང་། རྗེ་གྲོལ་མཆོག་གིས་ཐེག་པའི་མཐར་ཐུག་དུས་ཀྱི་འཁོར་ལོ་ནས། །སྨན་དཔྱད་མོ་རྩིས་བར་གྱི་རིག་གནས་ལ། །གདུལ་བྱ་རང་རང་བསམ་པ་བཞིན་དྲངས་ཏེ། །ཀུན་ཀྱང་མཁས་དང་གྲུབ་པའི་ས་ལ་བཞག། ཅེས་པ་ལྟར་ཞལ་སློབ་བགྲང་བར་མི་ནུས་པ་ཡོད་ཀྱང་གཙོ་བོ་བདག་ཉིད་ཆེན་པོ་དཔལ་ལྡན་ཆོས་སྐྱོང་གིས་དབུ་མཛད་མཁན་སློབ། ཇོ་ནང་གདན་ས་བ་འཇམ་དབྱངས་ནམ་མཁའ་ཆོས་སྐྱོང་། བྱམས་པ་གསེར་མཆོག་འོད་དཔལ། ཚ་གནུབས་བསམ་གཏན་རྒྱ་མཚོ། ཤངས་སྟོན་ཀུན་དགའ་དཔལ་ལྡན་སོགས་རྒྱུད་སྡེའི་སྲོལ་འཛིན་དུ་མ་ཡོད་ལ།

དེའི་ནང་ནས་གསོ་རིག་གི་སློབ་མ་དང་བླ་སྨན་ཟུང་དུ་འབྲེལ་བ་མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་ནི། རྒྱལ་བ་ཕྱག་ན་པདྨའི་མི་རྗེའི་ཚུལ་བཟུང་བ་གནམ་ལྷ་བབས་ཀྱི་རྒྱལ་པོ། འགྲེང་མགོ་ནག་མིའི་རྗེ། འཕྲུལ་གྱི་ལྷ་བཙན་པོ་མེས་དཔོན་རྣམ་པ་གསུམ་ལ་སོགས་པ་བོད་ཆོས་རྒྱལ་གྱི་གདུང་དྲི་མ་མེད་པ་བསོད་ནམས་རྡོ་རྗེ་ཞེས་བྱ་བའི་སྲས་སུ་བལྟམས། ཆུང་ངུ་ནས་དཀོན་ཅོག་གསུམ་བླ་མར་འཛིན་ཅིང་། དད་པ་དང་བརྩོན་འགྲུས་ཆེ་བ། མ་རབས་དབུལ་ཕོངས་རྣམས་སྙིང་རྗེས་སྐྱོང་བ་སོགས་ཕལ་པའི་སྤྱོད་ཚུལ་ལས་འདས། ཡི་གེ་འབྲི་ཀློག་ལ་སོགས་པ་ཚེགས་མེད་དུ་མཁྱེན། སྐུ་ནར་སོན་ནས་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན། ལོ་ཆེན་བསོད་ནམས་རྒྱ་མཚོ། བྱང་བདག་པོ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཚོན་མཁས་ཤིང་གྲུབ་བརྙེས་ཀྱི་སློབ་དཔོན་དུ་མ་བསྟེན་ཏེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པས་གཞི་བཟུང་། རིག་པའི་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པ་ལ་ཕུལ་དུ་ཕྱིན་པས་དཔལ་ལྡན་རྒྱུད་བཞི། བརྒྱད་པ་རྩ་འགྲེལ། སྙན་རྒྱུད་འགྲེལ་ཆེན། ཕྱི་ནང་གསང་གསུམ་གྱི་འགྲེལ་བ། རྒྱས་བཏབ་ཉེར་ལྔ་རྣམས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་སྟོན་ཅིང་། གཏེར་རྒྱུད་ལ་ཆ་ལག་བཅོ་བརྒྱད་སོགས་བཤད་སྲོལ་མ་ཉམས་པ་དང་། ཁྱད་པར་རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལ་སོ་མ་རཱ་ཛཱ། ཟླ་ཟེར། བདུད་རྩི་བུམ་པ། སྦྱོར་བ་བརྒྱ་པ། མདོ་ལྔ་སོགས་སྨན་དཔྱད་ཕལ་ཆེ་བ་དང་། ཡབ་བསོད་ནམས་རྡོ་རྗེ་ལ་བཀའ་གཏད་རྒྱའི་དབང་། ཆུའི་ལྷ་མོའི་སྒྲུབ་སྐོར། སྙན་བརྒྱུད་ཀྱི་བྱིན་རླབས་ཚང་བ། བྲང་ཏི་ལ་ཆུའི་ལྷ་མོ་དང་དྲང་སྲོང་གི་སྒྲུབ་སྐོར་སོགས་གསན། མདོར་ན་བོད་གང་ཅན་ན་དར་སོ་ཅོག་གི་གསོ་དཔྱད་མཐའ་དག་ལ་མཁྱེན་པའི་སྤྱན་རས་མཁའ་ལྟར་ཡངས་པའི་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བས།རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའང་ཐུགས་འཕྲོགས་ཏེ། རིགས་རུས་ཆོ་འབྲང་མིང་སོགས་ལ་བསྙད་ནས་དོན་དབུས[ཕྱོགས]སུ་ཕེབས་ཐུབ་མིན་དང་། བུ་སློབ་འདྲ་ལེགས་བཤད་ཞུ་བར་གཏོང་བཞེད་ཀྱི་དྲི་བ་ཞུས་པའི་ལན་ལ། སྭ་སྟི་སིདྷཾ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཉི་མའི་གཉེན་མཆོག་བུ་རམ་ཤིང་བའི་སྲས། །གཽ་ཏམ་ཐུབ་དབང་ལྷ་ཡི་ལྷ་ལ་སོགས། །བགྲང་ཡས་མཚན་མངའ་ཤཱ་ཀྱའི་རྒྱལ་པོ་ལ། །གུས་པས་བཏུད་ནས་བདག་གི་མིང་བཤད་དོ། །ལྷ་རིགས་ཇོ་བོའི་བརྒྱུད་དུ་བལྟམས་པ་ཡིན། །ལེགས་སྦྱངས་གསོ་རིག་དྲང་སྲོང་བརྒྱུད་མར་བྱོན། །གཞན་ཡང་རིག་གནས་མཁས་པའི་བརྒྱུད་པར་སྐྱེས། །མིང་ལ་ལྷ་བཙུན་ཇོ་སྲས་བྱ་བ་ཡིན། །ལེགས་བྱས་དཔལ་གྱིས་མི་དམན་དལ་འབྱོར་ཐོབ། །དད་བརྩོན་བརྩེ་བར་ལྡན་པས་བསྟན་ལ་དགའ། །སྟོན་པར་མི་ཕྱེད་དད་པའི་རྡོ་རྗེ་འཛིན། །ཁོ་བོའི་མིང་ལ་དཔལ་ལྡན་རྡོ་རྗེ་ཟེར། །འགྲོ་ཀུན་སྐྱོང་བའི་ཡིད་སྨོན་ཅི་ཡང་སྐྱེས། །དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་འཚོལ། །དགེ་བའི་བཤེས་གཉེན་རིན་ཆེན་ཅོད་པན་འཛིན། །མིང་ལ་བྱམས་པ་དཀོན་ཅོག་རིན་ཆེན་ཟེར། །རྒྱ་ཆེ་ཐོས་པའི་དཀྱིལ་འཁོར་ཡོངས་གང་ཞིང་། །རིས་མེད་བརྩེ་བའི་བདུད་རྩིས་ཀུན་ནས་གང་། །རྩོད་དུས་མཚན་མོའི་ཀུན་ད་བསྐྱེད་བྱེད་པ། །མིང་ལ་དྲང་སྲོང་ཟླ་བའི་འོད་ཟེར་ཟེར། །གསོ་རིག་གཞུང་ལུགས་པད་ཚལ་ལེགས་པར་འབྱེད། །ཤེས་འདོད་རྣམས་ཀྱི་བློ་མིག་དོན་ལྡན་བྱེད། །ནད་མེད་ཚེ་རིང་ལོ་ཏོག་རྒྱས་བྱེད་པའི། །མིང་ལ་དྲང་སྲོང་མིའི་ཉི་མ་ཟེར། །སྣ་ཚོགས་རིག་པའི་ཁ་དོག་ཅི་ཡང་གསལ། །ཤེས་བྱའི་ཆུ་ཀླུང་འབུམ་ཕྲག་ངོམས་མེད་འཐུང་། །དྲན་དང་ཤེས་བཞིན་གསེར་གྱི་ས་གཞིའི་རྟེན། །མིང་ལ་དྲང་སྲོང་འཚོ་བྱེད་རྒྱ་མཚོ་ཟེར། །ལས་ངན་ཆེ་ལ་ཚོགས་གསོག་སྒྲིབ་སྦྱོང་བསྟན། །གདོན་དུ་ཆེ་ལ་སྒྲིབ་ཤིང་ཡས་སུ་ཆེ། །འཆི་ངེས་རྣམས་ལའང་ཆོས་བཤད་འཕྲལ་ཟུག་གཅོག །མིང་ལ་དྲང་སྲོང་མཐོང་བ་དོན་ལྡན་ཟེར། །རང་སྐྱོན་བརྟག་ནས་ཅི་ནུས་སྤོང་བས་དྲང། །གཞན་སྐྱོན་བརྟག་ནས་ཅི་ནུས་འཆོས་པས་སྲོང་། །དྲང་སྲོང་ཆེན་པོའི་རིང་ལུགས་འཛིན་པའི་རིགས། །མིང་ལ་དྲང་སྲོང་རྒྱུད་འཛིན་བྱ་བ་ཡིན། །བསྟན་འཛིན་རྣམས་ལ་སྲོག་ལས་གཅེས་པར་འཛིན། །སྡིག་ལྡན་དྲིན་གྱིས་བསྐྱངས་ནས་བདེ་ལ་འགོད། །རང་ལ་གནོད་བྱེད་ལ་ཡང་ཅི་ཕན་བྱེད། །མིང་ལ་དྲང་སྲོང་ཀུན་གྱི་བཤེས་གཉེན་ཟེར། །གཞན་གྱིས་བཏང་བའི་ཡི་ཆད་ནད་པ་གསོ། །དབུལ་ཕོངས་སྐྱབས་མེད་རྣམས་ལ་ལྷག་པར་བྱམས། །མ་འདྲེས་གློ་བུར་མགྲོན་ལ་ཕེབས་པར་སྐྱོང་། །མིང་ལ་འཚོ་བྱེད་སྐྱེ་དགུའི་དཔལ་ཞེས་ཟེར། །ཆེན་པོས་བཀུར་ཡང་ཁེངས་པ་རྣམ་པར་སྤངས། །གཞན་གྱི་དོན་དུ་སྡུག་ཀྱང་སྐྱོ་བ་མེད། །བསྙེན་བཀུར་བསྔགས་པའི་ལན་ལ་རེ་བ་དོར། །མིང་ལ་དྲང་སྲོང་མིའི་དཔག་བསམ་ཟེར། །དེ་ལྟ་མི་རྣམས་འབྲས་བུའི་ནད་ལས་སྐྱོབ། །སླད་ནས་འགྲོ་ཀུན་དུག་གསུམ་འདོན་པར་སྨོན། །རྟག་ཏུ་ཀུན་ལ་ཕན་འདོགས་བསམ་སྦྱོར་ཅན། །མིང་ལ་དྲང་སྲོང་གཞན་ཕན་མཐའ་ཡས་ཟེར། གསོ་རིག་མདོ་དང་རྒྱུད་སྡེ་འགྱུར་བ་དང་། །ལུགས་སྡེ་བཞི་ཡི་བསྟན་བཅོས་དུ་མ་དང་། །གངས་རིའི་ཁྲོད་ཀྱི་གསོ་དཔྱད་ཕལ་ཆེར་གོ། མིང་ལ་དྲང་སྲོང་གསོ་རིག་རབ་འབྱམས་ཟེར། །རྙེད་དཀའི་སྨན་རྣམས་འབད་རྩོལ་ཚེགས་ཀྱི་སྒྲུབ། །སྒྲུབ་སླའི་སྨན་རྣམས་ལེ་ལོ་སྤངས་ནས་བསགས། །གསོ་བྱ་ཀུན་གྱི་རེ་བ་ཡིད་བཞིན་སྐོང་། །མིང་ལ་དྲང་སྲོང་སྨན་བྱིན་བྱ་བ་ཡིན། །ཕྱོགས་རིས་མངའ་ཐང་བདག་ཏུ་བཟུང་བ་མེད། །བྱམས་སྡང་མཐོ་དམའ་འབྱོར་རྒུད་མཉམ་པར་བཟུང་། །འོར་ཆེ་ཙམ་ཡང་དོན་དུ་གཉེར་བ་མེད། །མིང་ལ་དགེ་བསྙེན་འཚོ་བྱེད་བྱ་བ་ཡིན། །འཚོ་བྱེད་མཁས་རྣམས་བཀུར་སྟིས་བསྟོད་ཅིང་བསྔགས། །གཞོན་པ་རྣམས་ལ་མ་བརྙེས་སྤྲོ་བ་བསྐྱེད། །རང་དང་མཉམ་པ་རྣམས་ལ་ཕྲག་དོག་སྤངས། མིང་ལ་དྲང་སྲོང་སེམས་དཔའ་ལེགས་སེམས་ཟེར། །འཆི་བདག་ཞགས་པའི་དྲ་བ་དུམ་བུར་གཅོད། །ཟུག་གཟེར་དུག་མདའ་དྲག་པོ་གཅུར་གྱིས་འདོན། །ཟུངས་ཟད་གློ་བུར་རྒས་པ་དར་མར་བསྒྱུར། །མིང་ལ་དྲང་སྲོང་མི་འཇིགས་སྲོག་སྦྱིན་ཟེར། །ནད་པའི་ཚོགས་རྣམས་གསོས་པར་བྱས་པ་ཡི། །དེ་ཡི་གཉེན་དང་མཛའ་བཤེས་འཁོར་རྣམས་ཀུན། །འབྲལ་བར་མི་ཕོད་དེ་ལ་དགའ་སྟོན་བྱེད། །མིང་ལ་དྲང་སྲོང་མྱ་ངན་མེད་ཅེས་ཟེར། །གསོ་སླ་བ་རྣམས་ཟས་སྤྱོད་སྨན་གྱིས་གསོ། །དེ་ལས་ལོག་རྣམས་བྱ་ལོག་ཁྱུག་དཔྱད་བསྔགས། །གཉི་ག་མིན་ལ་འཕྲུལ་འཁོར་སྔགས་དམིགས་བསྟན། །མིང་ལ་དྲང་སྲོང་ཐབས་ཚུལ་དཔག་མེད་ཟེར། །སྨན་བླའི་དགོངས་པ་གསལ་བྱེད་རྩོམ་པ་དང་། །རྗེས་འཇུག་བློ་མིག་འབྱེད་པའི་ལེགས་བཤད་དང་། །ལོག་རྟོག་རྩོད་པ་གཅོད་པའི་རལ་གྲི་འཛིན། །མིང་ལ་དྲང་སྲོང་གསོ་རིག་བསྟན་འཛིན་ཟེར། །ནད་མེད་བསྲུང་དང་ཐབས་ཀྱི་བཅུད་ལེན་འཚོ། །ནད་ལྡན་འདུ་བ་འཁྲུགས་པ་བདེ་བར་འཚོ། །དགེ་སྡིག་བླང་དོར་བསྟན་ནས་ཕྱི་མ་འཚོ། །མིང་ལ་དྲང་སྲོང་རྟག་ཏུ་འཚོ་བྱེད་ཟེར། །ལྷ་རིགས་མིའི་རྒྱལ་པོས་བསྔགས་ཤིང་བཀུར། །བསྟན་ལ་རབ་དགའི་འཆི་མེད་དུ་མས་བསྟོད། །མཁས་པ་དུ་མས་ཡི་རངས་ལེགས་སོ་བྱིན། །མིང་ལ་དྲང་སྲོང་ལྷ་ཡི་རྗེ་བོ་ཟེར། །གང་ནའང་སུ་ཞིག་ཉམ་ཐག་དེ་ཡི་སྐྱབས། །མ་འདྲིས་ཀུན་ལ་ཡིད་གཅུགས་ཕ་མ་བཞིན། །སྒོ་གསུམ་སྤྱོད་པ་གཞན་ཕན་ཉག་གཅིག་སྒྲུབས། །མིང་ལ་དྲང་སྲོང་འགྲོ་བའི་ཕ་མ་ཟེར། ཉིན་མཚན་མུན་པའི་གླིང་དུ་འཐོམས་པ་རྣམས། །གསེར་གྱི་ཐུར་མས་ཆུ་སྦུར་མིག་ཕྱེ་ནས། །སྣ་ཚོགས་གཟུགས་ཀུན་འཕྲལ་དུ་མཐོང་བྱེད་པ། །མིང་ལ་དྲང་སྲོང་གསལ་བྱེད་སྒྲོན་མེ་ཟེར། །མཐོང་ཐོས་དྲན་དང་རེག་པའི་སེམས་ཅན་ཀུན། །འགལ་རྐྱེན་ཀུན་བྲལ་མཐུན་རྐྱེན་མ་ལུས་འཛོམས། །དྲང་སྲོང་ཆེན་པོའི་གོ་འཕང་འཐོབ་པར་སྨོན། །མིང་ལ་དྲང་སྲོང་སྨོན་ལམ་མཐའ་ཡས་ཟེར། །རྣག་ཁྲག་རྩ་ཆུ་ལ་སོགས་ཁྱི་ཕག་བཞིན། ནད་པའི་བྱ་བ་ཀུན་ལ་དྲབ་གཡོག་བཞིན། །གསོ་བྱའི་གཉེན་པོ་ཀུན་ལ་འདོད་འཇོ་བཞིན། །མིང་ལ་དྲང་སྲོང་འགྲོ་བའི་ཁོལ་བོ་ཟེར། །དོན་དམ་གནས་ལུགས་སྤྲོས་དང་བྲལ་བར་རིགས། །ཀུན་རྫོབ་རྟེན་འབྲེལ་རྨི་ལམ་ལྟ་བུར་ཤེས། །ཐབས་ཤེས་ཟུང་འཇུག་བགྲོད་གཅིག་ལམ་དུ་མཐོང་། །མིང་ལ་དྲང་སྲོང་རྒྱལ་སྲས་གཞོན་ནུ་ཟེར། །ཉེས་བརྒྱའི་རྩ་བ་ཆང་གི་བཏུང་བ་དོར། །སྙིང་རྗེའི་འགལ་ཟླ་ཤ་ཁྲག་བཟའ་བཏུང་སྤངས། །དགེ་ལེགས་རྩ་བ་ཀུན་དང་བྱང་སེམས་བཟུང་། །མིང་ལ་དྲང་སྲོང་དྲི་མེད་བརྟུལ་ཞུགས་ཟེར། །སྣོད་བཅུད་དག་པའི་འཁོར་ལོ་ཡིད་ཆེས་རྙེད། །དབང་དང་དམ་ཚིག་ཐོབ་དང་བསྲུང་བྱ་རིག །རིམ་གཉིས་རྡོ་རྗེ་ཐེག་པའི་སྲོག་རྩར་མཐོང་། །མིང་ལ་དྲང་སྲོང་འཆི་མེད་སྙིང་པོ་ཟེར། །སྐྱབས་གནས་འདུས་པ་བླ་མ་གཅིག་པོར་མཐོང་། །མཆོད་འོས་འདུས་པ་ཇོ་བོ་སེམས་ཅན་སྙེད། །ཆོས་ལུགས་ཐམས་ཅད་འཁོར་འདས་མཉམ་པར་གོ། མིང་ལ་དྲང་སྲོང་གསང་བའི་མཛོད་འཛིན་ཟེར། །ཚེ་རབས་དུ་མར་གསོ་དཔྱད་གཞུང་ལུགས་བསླབས། །འཕགས་ཡུལ་གངས་རིའོ་ཁྲོད་དུ་འགྲོ་ཕན་བྱས། །ཚུལ་འདིས་འགྲོ་བ་འདྲེན་པར་ཡི་དམ་བཅས། །མིང་ལ་དྲང་སྲོང་དེ་དང་དེ་སྐད་ཟེར། །གསོ་རིག་ཤེས་འདོད་ཀུན་ལ་སྤྲོ་བས་སློབ། །གངས་ཅན་ནད་པའི་ཚོགས་ཀུན་འབད་པས་གསོ། །གཞན་ཕན་གང་དུ་ཆེ་སར་ཁོ་བོ་གནས། །མིང་ལ་རྒྱལ་ཁམས་ལྷ་རྗེ་ཟེར་བ་ཡིན། །ཨ་ཀྱང་བདག་ལ་དེ་འདྲའི་ཡོན་ཏན་ནི། །ཉེ་རིང་སྐྱེ་བོ་དབང་གྱུར་ག་ལ་ཞིག །ཕྱིན་ཆད་རང་ཡང་དེ་འདྲར་སྨོན་ཕྱིར་དང་། །རྗེས་འཇུག་རྣམས་ལའང་བསྐུལ་བའི་སླད་དུ་ཡིན། །ཐག་རིང་ཡུལ་ནས་ཤིན་ཏུ་ཉེ་བའི་ཐུགས། །ཆུང་བ་བདག་ལ་ཆེར་པོར་རེ་བ་ཁྱོད་། །མིང་མེད་བདག་ལ་མིང་གི་དྲི་བ་མཛད། །སོམ་ཉི་མེད་པར་ཐེ་ཚོམ་གྲོལ་བར་མཛོད། །ཡིད་ལ་སྨོན་པ་རྗེས་མཐུན་རང་གི་མིང་། །མཁས་པ་མགུ་ཕྱིར་ཡི་གེར་བྲིས་འདི་ཡིས། །མ་འོང་དུས་སུ་མི་རིང་འགྲོ་བ་ཀུན། །དྲང་སྲོང་ཆེན་པོས་ལུང་བསྟན་མིང་འཐོབ་ཤོག ཅེས་གང་གསུངས་པའི་རིགས་རུས་དང་ཡོན་ཏན་མངའ་ཞིང་། ཐུགས་ལས་འཁྲུངས་པའི་ལེགས་པར་བཤད་པའང་གསོ་དཔྱད་ཀྱི་རྒྱལ་པོ་ཞེས་བྱ་བའི་བསྟན་བཅོས་དང་དཔལ་ལྡན་རྒྱུད་བཞིར་འགྲེལ་བ་བཀོད་པ་རྣམ་བཞི། རྒྱུད་རྣམ་བཞི་ཞེས་པ་དང་། མངོན་པར་རྟོགས་པའི་གསོལ་འདེབས། རྒྱུད་བཞིའི་རྣམ་ངེས་སམ་བཀའ་སྒྲུབ། མ་ལ་ཡའོ་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་། ཁྱད་འཕགས་སྤྱི་སྨན་དང་། །ངོ་མཚར་སྤྱི་སྨན། རིམ་བཅོས་མི་ལ་སྲོག་སྦྱིན། །བཤད་རྒྱུད་ལེའུ་བཞི་པའི་འགྲེལ་བ་གནས་ལུགས་རབ་གསལ། རྩ་མདོའོ་འགྲེལ་བ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་གཅེས་བསྡུས་རིན་ཆེན་ཕྲེང་བ་ལ་སོགས་པ་མཛད་དེ་གསོ་བ་རིག་པའི་གཞུང་ལུགས་མན་ངག་ཐམས་ཅད་དང་། ཁྱད་པར་རིགས་ལྡན་ཟླ་བ་བཟང་པོའི་རྣམ་སྤྲུལ་ཕྱག་ན་པདྨོ་དགེ་འདུན་གྲུབ་སོགས་དམ་པ་དུ་མས་ངོས་བཟུང་བ་རྒྱལ་པོ་པཎྜི་ཏའི་བརྟུལ་ཞུགས་འཆང་བ་རྣམས་རྒྱལ་གྲགས་བཟང་གི་བཞེད་སྲོལ་དར་རྒྱས་སུ་མཛད་པ་ཡིན་ནོ། །དེའི་སྲས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་ནི། །སྐུ་ཆུང་ངུའི་དུས་མེས་པོ་བསོད་ནམས་རྡོ་རྗེས་གཅེས་པར་བསྐྱངས་ཤིང་། ཡི་གེ་འབྲི་ཀློག་གིས་མཚོན་པའི་ཐོས་བསམ་རྒྱ་ཆེར་མཛད། ཕྱིས་མེས་དང་ཡབ་གཉིས་ཀ་གསོ་བ་རིག་པའི་གཞུང་ལུགས་རབ་འབྱམས་རྒྱ་མཚོ་མཐའ་དག་དང་། ལྷག་པར་རྒྱུད་བཀའ་གཏད་རྒྱའི་དབང་། ཆུའི་ལྷ་མོ། སྙན་རྒྱུད་འགྲེལ་ཆེན་ཕྱི་ནང་གསང་གསུམ། རྒྱས་བཏབ་ཉེར་ལྔའི་བཤད་སྲོལ་དང་བཅས་པ་གསན་ཅིང་། སྐལ་བ་དང་ལྡན་པའི་རྗེས་འཇུག་རྣམས་ལ་གསོ་དཔྱད་ཀྱི་འཆད་ཉན་ལེགས་པར་བསྐྱངས། པཎྜི་ཏ་ནགས་ཀྱི་རིན་ཆེན། ལོ་ཆེན་བསོད་ནམས་རྒྱ་མཚོ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག མུས་ཆེན་དཀོན་ཅོག་རྒྱལ་མཚན། གྲུབ་དབང་ཐང་སྟོང་པ། མཁས་གྲུབ་དོན་ཡོད་དཔལ་བ་དང་། ལེགས་བཤད་བཟང་པོ་དང་། ཆག་ལོ་ཐམས་ཅད་མཁྱེན་པ་སོགས་འཁྲུལ་ཟད་ཀྱི་ཡོངས་འཛིན་དམ་པ་དུ་མའི་ཞབས་པད་བསྟེན་ཏེ་མདོི་སྔགས་རིག་གནས་ཀྱི་བདུད་རྩི་ངོམས་མེད་དུ་བཞེས། འཁོར་བ་ལ་ངེས་པར་ཡིད་བྱུང་སྟེ་པཎ་ཆེན་ཤཱཀྱ་མཆོག་ལྡན་ལ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ནས་འགྲོ་བ་ལྷ་དང་བཅས་པའི་ཡོན་གནས་སུ་གྱུར། །གནས་སྐབས་སེམས་ཅན་ཐམས་ཅད་ལ་སྔགས་མིགཁྱུག་དཔྱད། ཇ་ལོག་ལ་སོགས་རྟེན་འབྲེལ་ཟབ་མོའི་སྒོ་ནས་ཕན་པ་རླབས་ཆེ། བཀའ་རྩོམ་ཡང་བཤད་རྒྱུད་ཀྱི་འགྲེལ་བ་ལེགས་བཤད་ནོར་བུ། ཕྱི་རྒྱུད་འགྲེལ་བ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླགས་པ་ཀུན་ཤེས། ཁོག་འབུགས་འཛུམ་དཀར་བཞད་པའི་ཉི་མ་དང་། རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་ལ་སོགས་པ་མཛད། རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་ཐུགས་གཞོལ་བའི་ངང་ནས། ང་ནི་བདེ་བ་ཅན་དུ་འགྲོ། ཞེས་སོགས་ཞལ་གདམས་དུ་མ་དང་བཅས་དྲན་དང་ཤེས་བཞིན་དུ་མྱ་ངན་ལས་འདས། མེ་ཏོག་གི་ཆར་བབས། འཇའི་གུར་ཕུབ། བར་སྣང་ནས་རོལ་མོའི་སྒྲ་གྲགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། རྗེ་བཙུན་མ་སྒྲོལ་མས་མ་འོངས་པ་ན་འཇིག་རྟེན་གྱི་ཁམས་སྤྱན་ཡོངས་སུ་དག་པ་ཞེས་བྱ་བར་སངས་རྒྱའོ་ཞེས་ལུང་བསྟན་པ་སོགས་རྣམས་ཐར་འགངས་ཆེ་བ་མང་། དེས་སྐུ་ཚེའི་སྟོད་དུ་བསྐྲུན་པའི་སྲས་དྲང་སྲོང་བསོད་ནམས་ཡེ་ཤེས་རྒྱན་མཚན་པས་ཡབ་ཀྱི་ཞབས་པད་ཡུན་དུ་བསྟེན་ནས་གསོ་བ་རིག་པར་སྦྱངས། གཞུང་མན་ངག་སྤྱི་དང་ཁྱད་པར་དཔལ་ལྡན་རྒྱུད་བཞིའི་བཀའ་གཏེར་ཆུ་བོ་གཉིས་འདྲེས་ཀྱི་གདམས་ངག་ཞལ་ཤེས། བཀའ་གཏད་རྒྱའི་དབང་། ཆུ་ལྷ་དང་དྲང་སྲོང་གི་སྒྲུབ་སྐོར། སྙན་བརྒྱུད་ཀྱི་ཕྱག་ལེན། འགྲེལ་བཤད་སོགས་བུམ་པ་གང་འབྱོའི་ཚུལ་དུ་བཞེས། བྱང་རོང་དུས་འཁྲུག་གི་སྟབས་ཕྱིས་རིན་སྤུངས་པའི་བླ་སྨན་དུ་གྱུར། །གཙང་རོང་རལ་ལྔར་གསོ་རིག་ཁོག་འབུབས་པད་དཀར་རྒྱས་པའི་ཉིན་བྱེད་མཛད། འཇག་ཐང་དུ་སྐུའི་བཀོད་པ་བསྡུས། རིགས་ལྡན་ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་གྲགས་པ་དཔལ་བཟང་པོའི་གསོ་རིག་གཙོ་བོར་གྱུར་བའི་བུ་ཆེན་གཅིག་ནི་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་ལྷན་སྡིངས་པ་ལེགས་གྲུབ་དཔལ་བ་ཡིན་ཏེ། དེའི་ཐོག་མའི་རིགས་རུས་ལ་སོགས་པ་ནས་ཅུང་ཟད་སྨོས་ན། སྔོན་མདོ་ཁམས་བྱང་ཕྱོགས་གེ་སར་གྱི་ཡུལ་གྲུར་མངའ་བསྒྱུར་བའི་ཆོས་རྒྱལ་དགེ་བ་འཛིན་ཞེས་བྱ་བ་ལུགས་གཉིས་ཀྱི་མཁྱེན་པ་ཡངས་ཤིང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་མཉེན་ཞིང་བྱམས་པས་ཀུན་གྱི་མིག་གི་བདུད་རྩིར་གྱུར་ནས། ཐམས་ཅད་ཀྱི་ངག་མཐུན་པར་འདི་ནི་ཀུན་གྱི་གཉའ་བར་འཁུར་རིགས་སོ་ཞེས་ཟེར་བ་ལས་གཉའ་བར་གྲགས། དེའི་སྲས་ལྔའི་ཆེ་བ་གཉའ་བ་ཆོས་ཀྱི་བཟང་པོ་སྒོ་བཟང་སྐྱེ་མཆེད་དྭངས་ཤིང་དད་པ་དང་ཤེས་རབ་ཆེ་བའི་སྙན་གྲགས་དང་ལྡན་པ། ལྷ་བཙན་པོ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་གསན་ཏེ་མདོ་ཁམས་ནས་དབུས་སུ་འགུགས་པ་མཛད། །དེ་ནས་གསེར་གྱི་པ་ཏྲ་མང་པོ་དང་གྲོགས་དུ་མར་བཅས་ཏེ་རྒྱ་གར་དུ་རིག་པ་སློབ་པ་དང་ལོ་པཎ་སྤྱན་འདྲེན་ལ་སོགས་པར་བརྫངས། དེས་ཀྱང་འཕགས་ཡུལ་དུ་ལོ་མང་བཞུགས། རིག་པའི་གནས་ཕལ་ཆེར་སྦྱངས། མཁས་པར་གྱུར་ནས་བོད་དུ་བྱོན། རྒྱལ་པོ་ཤིན་ཏུ་མཉེས་ཏེ་བླ་མཆོད་དང་ལྷ་རྗེ་ཟུང་དུ་དབང་བསྐུར། ཨྱོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གདམས་པ་དུ་མ་གསན། བོད་སྨན་མཁས་པ་མི་དགུའི་བཙུག་རྒྱན་དུ་གྱུར་པ་ནས་མི་རབས་འགའ་ཞིག་གི་མཐར། གཉའ་བ་ནམ་མཁའ་གཞོན་ནུ་གཡས་རུ་བྱང་གི་ཕྱོགས་སུ་བྱོན། བྱང་བདག་ཏ་དབེན་ནམ་བརྟན་པས་ཡ་རོང་དང་གཙང་འོ་ལུང་གི་མི་སྡེ་དང་། རི་ཕུག་གི་དགོན་པ་སོགས་སྦྱོར་འཇགས་གནང་། དེ་སྲས་གཉའ་བ་རྡོ་རྗེ་འབུམ་གྱིས་བྱང་བདག་པོའི་བླ་སྨན་དང་ཕྱག་གཡོག་ནང་མ་བྱས་དེ་སྲས་ལྷའི་རྒྱལ་མཚན་མདོ་སྔགས་ཀྱི་མཁྱེན་པ་རྒྱས་པས་དཔལ་ངམས་རིང་གི་མཁན་སར་འཁོད་ཅིང་། གྲགས་གཞོན་པས་སྨན་དང་སྲིད་བསྐྱངས། དེའི་སྲས་དཀོན་ཅོག་གཞོན་ནུ་གསོ་བ་རིག་པ་དང་སྔགས་རྙིང་མ་ལ་མཁས། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་བྱང་ཆུབ་སེམས་དཔར་གྲགས། ཐེག་ཆེན་ཆོས་རྗེ་རྒྱའི་བླ་མར་བྱོན་པའི་བླ་སྨན་བགྱིས་ཏེ་རྒྱའི་ལུང་དང་འཇའ་ས་ལོན། དེའི་སྲས་ལེགས་གྲུབ་དཔལ་རིག་གནས་ཕལ་ཆེར་དང་ཁྱད་པར་གསོ་རིག་ལ་མཁས། རྗེ་བཙུན་མ་སྒྲོལ་མའི་བསྙེན་པ་སོང་ཞིང་། གཏེར་སྟོན་དངོས་གྲུབ་རྒྱལ་མཚན་གྱི་ཞབས་ལ་ཐུགཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ནོས་པ་ལས་གུ་རུ་མཐིང་གར་རྩལ་དུ་ཐོན་པས་གཏོར་མ་དངོས་སུ་ཕྱིན་ཏེ་དགྲ་བོ་ཚར་གཅོད་པ་སོགས་བྱུང་། རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལས་གསོ་རིག་གི་གཞུང་བཤད་གདམས་པ་མང་དུ་གསན་ཅིང་བུ་ཆེན་དུ་མངའ་གསོལ། དེའི་སྲས་ཤེས་རབ་དཔལ་ལྡན་འཁྲུངས་རྟགས་ཡ་མཚན་པ་སོགས་བྱུང་བས་རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལ་མིང་ཞུས་པ་འཚོ་བྱེད་པད་མ་སྲི་ཐར་དུ་བཏགས། པཎྜི་ཏ་ནགས་ཀྱི་རིན་ཆེན་བོད་ཡུལ་དུ་ལན་གསུམ་བྱོན་པའི་ཕྱི་མའི་སྐབས་ཡར་ལམ་མཇལ། ཤེས་སྙིང་རྒྱ་སྐད་མའི་ལུང་དང་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་གནང་། དགུང་ལོ་ཉེར་དྲུག་པ་ལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དྲུང་དུ་བྱོན། མཇལ་བའི་མོད་ལ་བྱིན་རླབས་ཁྱད་པར་ཅན་ཞུགས། ལོ་བཅུ་དྲུག་གི་བར་སྐུ་དངོས་ཀྱི་ཉེར་གནས་མཛད། གདམས་པ་མཐའ་ཡས་པ་གསན་ཅིང་ཉམས་སུ་བཞེས་པས་ཐུགས་སྲས་དམ་པར་གྱུར། གྲུབ་དབང་ཉིད་ཞིང་ཁམས་འཕོས་ནས་ལོ་ཅུམ་ཅུ་སོ་གཉིས་ཀྱི་རིང་གསང་ཁོག་ནས་སྐུ་ཚབ་མཛད་དེ་དངོས་དང་དབྱེར་མེད་པའི་འགྲོ་དོན་དཔག་མེད་བྱུང་། མཁས་གྲུབ་ཤེས་རབ་དཔལ་ལྡན་གྲུབ་ཆེན་ཐང་སྟོང་པའི་དྲུང་དུ་མ་བྱོན་གོང་གི་སྲས་ལྷུན་སྡིངས་དགེ་མས་གསོ་རིག་གི་བཤད་སྲོལ་བསྐྱངས། གཡས་རུ་བྱང་བའི་བླ་སྨན་དུ་གྱུར། དེའི་སྲས་བསྟན་པ་དར་རྒྱས་ཆུང་ངུ་ནས་བཟང་པོའི་ལས་སད་པའི་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན། འཛིན་ཤེས་ཡངས་པས་གོས་ཚགས་བྱེད་རིང་ལ་མདའ་ཚད་མའི་ཤོག་ལོགས་རེ་བློར་ཟིན། བྱང་བདག་པོར་རྒྱུད་བཞི་འགྲེལ་བཅས་དང་སྙིང་པོ་བསྡུས་པའི་རྒྱུགས་ཕུལ། དེ་ཡང་བྱང་སྨན་ལྷའི་བཙུན་པ་བཀྲ་ཤིས་དཔལ་བཟང་གི་སྲས་དྲང་སྲོང་བསོད་ནམས་རྒྱལ་མཚན་འཇག་ཐང་དུ་རིན་སྤུངས་པའི་སྒར་ལ་སྐུ་ཚེའི་འཕེན་པ་བཏང་བས། བྱང་པའི་དཔོན་ཞེན་དང་གདམས་པའི་ཆུ་བོ་ནུབ་ན་འཕངས་པར་དགོངས་བྱང་པར་མི་ཆེད་བསྟོད་ཀྱིས་བརྫངས་ཏེ། བདག་གི་རིགས་ཆོས་གཉི་གའི་བུ་དེ་ནི་ལྔ་ལམ་དུ་སོང་། ཆིག་བརྒྱུད་ཀྱི་གདམས་པ་འདི་བྱང་པ་རང་གི་བླ་སྨན་ཐུགས་བློས་འཁེལ་ཞིང་ཤེས་རབ་ཆེ་བ་ཞིག་ལ་འབུལ་བས་རྫོང་གཏེར་མཛོད་ཞུས་པ་བཞིན། བསྟན་པ་དར་རྒྱས་བླ་སྨན་གྱི་རྒྱུད་དང་ཤེས་རབ་ཆེ་བ་བཅས་གཏོང་བ་མཛད་པས་ཞབས་པད་ཡུན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་། ཁྱད་པར་གསོ་བ་རིག་པའི་གཞུང་མན་ངག་དྲང་སྲོང་ཡིད་ལས་སྐྱེས་ནས་བཟུང་ཡི་གེར་འབྲིར་མ་བཏུབ་པའི་སྙན་བརྒྱུད་ཞལ་ཤེས་དང་བཅས་པ་བུམ་པ་གང་འབྱོར་བསྩལ། གཉའ་རིགས་གོང་མ་རྣམས་རིགས་ལྡན་སོགས་ཀྱི་ཞབས་ལ་ཐུག་པའི་མཁས་པ་ཤ་སྟག་ཡིན་ཀྱང་། བྱང་ལུགས་བཀའ་གཏེར་ཆིག་བརྒྱུད་ཀྱི་གདམས་པ་ཟབ་མོ་འདི་ཡན་ལ་མ་བྱུང་བར་གྲགས། བསྟན་དར་བའི་སྲས་བསོད་ནམས་ཆོས་འཕེལ་སྙན་བརྒྱུད་ཞལ་ཤེས་མན་ངག་གི་བདག་པོར་གྱུར་ཞིང་། ངོ་མཚར་རྩ་བདུན་ལ་ནང་བྱང་ཆུད་པས་ཁ་དམར་ཐམས་ཅད་མངོན་ཤེས་ཡོད་པ་ལྟ་བུ་བྱུང་། དེ་སྲས་བདུད་རྩི་འགྱུར་མེད་གསོ་བ་རིག་པར་མཆོག་ཏུ་མཁས་པས་ཇོ་ནང་སྤྲུལ་བའི་སྐུ་ཀུན་དགའ་སྙིང་པོའི་བླ་སྨན་དང་། རྒྱུད་བཞི་པར་དུ་བརྐོ་བའི་དོ་དམ་དང་ཞུས་ཆེན་མཛད། གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་བརྩམས། དེ་སྲས་རྣམ་རྒྱལ་རྡོ་རྗེ་ཞེས་ཤེས་བྱ་སྤྱི་དང་། ཁྱད་པར་འཆི་གསོས་ཀྱི་གཞུང་ཆེན་པོ་འདི་ཉིད་ལ་རྒྱུད་བཞིར་བློར་བྱང་། འགྲེལ་བ་མན་ངག་དང་བཅས་པར་གཞིག་པར་ཆུགས། རང་རིགས་བདུད་རྩི་འགྱུར་མེད་སོགས་མཁས་ནས་མཁས་སུ་བརྒྱུད་པའི་ཆིག་བརྒྱུད་ཀྱི་རིམ་པ་ཉམས་སུ་ལོངས། ན་ཚོད་དྲུག་ཅུར་ཉེ་བའི་བར་ཉིན་ལྟར་ཤོ་ལོ་ཀ་རེ་བློ་འཛིན་དང་། འབྲུ་བསྣན་རྒྱུད་རྒྱུགས་སོགས་ལ་ཐོགས་པ་མེད་པ་ཞིག་ཡིན་འདུག་ཀྱང་། ལེགས་བཤད་རིན་པོ་ཆེ་ལས། མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུག་གུས་མ་བསྣུན་པར། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་པ་ལྟར་ལུས་པ་རྡོ་རིང་ལ་ཡི་གེ་སྦྱར་བ་སོགས་ནས་རྗེ་བླ་མ་ལྔ་པ་ཆེན་པོའི་སྐུ་ཚེའི་སྨད་དུ་སྤྱན་སྔར་ཐོགས་ཏེ་འབྲུ་འཛིན་སོགས་བསྩལ། ཡུལ་ཐིག་སྡོང་འགྲེམས་གཉུག་མར་གནས་པ་རྣམས་ལའང་འཁྲིད་དུ་འཇུག་པའི་དགོངས་པ་ཙམ་རྟིང་མཚམས་སུ་ལུས་ཤིང་རྗེས་སུ་ཁོ་བོས་ཁེངས་གཅོག་འཇུར་བཀག་གི་དྲི་མལ་མང་བ་དང་། རྣམ་གླིང་པཎ་ཆེན་དང་ཁྱམས་སྟེང་དུ་དྲི་མལ་ཁ་ཡར་བགྱིད་བཅུག་པ་ཧ་ཅང་གི་ཁེངས་པ་དང་ང་རྒྱལ་ཆེ་ཞིང་བཟང་རྩི་ཆུང་བ་ལས་རྗེས་འཛིན་གྱི་རིག་པ་འདིར་གཞུང་བཤད་སྨན་ངོ་རྩ་ཡུལ་སྡོང་འགྲེམས་སོགས་དུས་སྐབས་འདིར་འགྲན་ཟླ་དང་བྲལ་བར་མངོན་ཏེ་ཁོ་བོས་ཀྱང་ཡུལ་ཐིག་སྡོང་འགྲེམས་ལ་སོགས་པ་ཆིག་བརྒྱུད་ཀྱི་ཞལ་ཤེས་མང་དུ་ནོས་པ་ཡིན་ལ། དེའི་བརྒྱུད་འཛིན་དགའ་ལྡན་སྨན་བླ་རྒྱུད་ངེས་ཤིང་སྨན་ངོ་འཇགས་པ་ཙམ་སྣང་ཡང་། སྙོམས་ལས་དང་ལེ་ལོ་ཆེ་ཞིང་བརྩོན་པ་ཆུང་བའི་ས་པཎ་གྱི་ཁུ་བྱུག་རྒྱ་ཁྲའི་དཔེར་གསུངས་པ་ཐོག་ཏུ་བབས་ཀྱི་དོགས། དེ་ལྟར་བྱང་ལུགས་ལ་བཀའ་མ་དང་། གཏེར་མའི་བརྒྱུད་པ་གཉིས་སུ་སྣང་བ།

གཏེར་བརྒྱུད་ནི། སྟོན་པ་སྨན་བླ། གསུང་སྤྲུལ་ཡིད་ལས་སྐྱེས། འཕགས་པ་ཀུན་དགའ་བོ། འཚོ་བྱེད་གཞོན་ནུ། ཨྱོན་པདྨ། མཁས་མཆོག་ཀླུ་སྒྲུབ། སློབ་དཔོན་དཔའ་བོ། ཁ་ཆེ་ཟླ་དགའ། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། སྤྲུལ་པའི་གཏེར་སྟོན་གྲྭ་བ་མངོན་ཤེས། དབུས་པ་དར་གྲགས། རོག་སྟོན་དཀོན་ཅོག་སྐྱབས། བི་བྱི་སྨན་གཞོན། ཟླ་འོད་གཞོན་ནུ། ཞང་སྨན་ནགརིགས་འདུས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ། དེས་བི་ཇི་སོགས་མ་བརྒྱུད་པར་རོག་སྟོན་དཀོན་ཅོག་སྐྱབས་ཁོ་ནར་གསན་པའི་ལུགས་གཅིག་ཀྱང་མཆིས། གཡུ་ཐོག་པར་སྲས་བརྒྱུད་སློབ་རྒྱུད་གཉིས་ཟུར་མཁར་བས་མི་གཅིག་པར་མཛད་འདུག་སྟེ་ཕྱི་མ་རྫའམ་སུམ་སྟོན་ཡེ་ཤེས་གཟུངས། སུམ་སྟོན་ཡེ་ཤེས་ཀུན་དགའ། སུམ་སྟོན་འབུམ་མེ། ལུང་དམར་མགོན་པོ་རིན་ཆེན། སྟག་སྡེ་བ་ཕག་སྟོན་ཤཱཀྱ་མགོན་པོ། སྟག་སྡེ་སྤུག་མ་བ། གཡུ་ཐོག་པའི་སྲས་བརྒྱུད་ལ་འབུམ་སེང་། འཇམ་དཔལ། བྲང་ཏི་འཇམ་དཔལ་བཟང་པོ། དེ་སྲས་བྲང་ཏི་རྒྱལ་བཟང་། གཅུང་བྲང་ཏི་དཔལ་ལྡན་འཚོ་བྱེད། བྱང་སྨན་སངས་རྒྱས་རིན་ཆེན། ལྷའི་སྨན་པ་བསོད་ནམས་རྡོ་རྗེ། བྱམས་པ་དཀོན་ཅོག་རིན་ཆེན་ནམ་མིའི་ཉི་མ་མཐོང་བ་དོན་ལྡན། བཀྲ་ཤིས་དཔལ་བཟང་།

བཀའ་མའི་བརྒྱུད་པ་ནི། ཨྱོན་ཆེན་པོས་འཚོ་བྱེད་གཞོན་ནུ་དང་ཀླུ་སྒྲུབ་གཉི་ག་ལ་གསན། དེས་ལྷ་སྲས་མུ་ནེ་བཙན་པོ་ལ་རང་འགྱུར་དུ་གསུངས། དེ་ནས་རིམ་པ་ལྟར་ཁྲི་སྲོང་ལྡེ་བཙན། རལ་བ་ཅན་གཙང་མ། རྒྱལ་པོ་རྡོ་རྗེ། ལྷ་རྗེ་ལྷུན་གྲུབ། རལ་བ་ཅན། ལྷ་ལུང་རྣམས་གཉིས། འོད་སྲུངས། དཔལ་འཁར་བཙན། སྐྱིད་དེ་ཉི་མ་མགོན། བཀྲ་ཤིས་བརྩེགས་པའི་དཔལ། བཀྲ་ཤིས་དཔལ་ལྡེ། ལྡེ་གཙུག་ལྡེ། ཡེ་ཤེས་འོད་། བྱང་ཆུབ་འོད། རྩེ་ལྡེ། ཟླ་འོད། ཉི་འོད། གྲགས་ལྡན། བསོད་ནམ་རྡོ་རྗེ། ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་། མིའི་ཉི་མའམ་མཐོང་བ་དོན་ལྡན། བཀྲ་ཤིས་དཔལ་བཟང་པོ། འདི་ནས་བཀའ་གཏེར་གྱི་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་སོང་བར་བཞེད། དེ་ནས་གཉའ་རིགས་བསྟན་པ་དར་རྒྱས། བསོད་ནམས་ཆོས་འཕེལ། བདུད་རྩི་འགྱུར་མེད། སྨྲ་བའི་དབང་པོ་རྣམས་རྒྱལ་རྡོ་རྗེའི་བར་རོ། །ཐང་ཡིག་ཤེལ་བྲག་མའི་ལེའུ་ཉེར་བཞི་བར། དེ་ནས་པདྨ་ཅན་གྱི་ཡུལ་དུ་ཕྱིན༔ སྨན་པ་འཚོ་བྱེད་གཞོན་ནུ་དང་འཕྲད༔ ཁྱོད་ཀྱིས་ཅི་ཤེས་དྲིས་པས་སྨན་ཤེས་ཟེར༔ དེ་ལ་སྨན་ཞིག་སློབས་དང་་བྱས་པ་ཡིས༔ ད་ནི་རྒས་པས་ལུས་འདིར་མཁས་རྒྱུ་མེད༔ སློབ་དཔོན་མི་ཡོང་ཡོང་ན་བསླབས་ཀྱི་ཟེར༔ ཞེས་སྣང་ཡང་འཚོ་བྱེད་གཞོན་ནུ་རང་ལ་གསན་པ་དྲུག་སྒྲ་སོགས་ཡི་གེ་ཉམས་ཏེ་གཞོན་ནུའི་བུར་སོང་ངོ་སྙམ། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།