སྨན་རྩིས་དྲ་བ། - ཆེད་རྩོམ།

བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེར་དཔྱད་པ་རྨོངས་མུན་སེལ་བའི་སྒྲོན་མེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.04.2023
ཆེད་རྩོམ། >>



༄༅། །བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ལ་དཔྱད་པ་རྨོངས་མུན་སེལ་བའི་སྒྲོན་མེ།

དབྱངས་དགའ།

 

         བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ཞེས་པ་ནི་བོད་བཙན་པོའི་དུས་སུ་བྱུང་བའི་གསོ་དཔྱད་ཀྱི་གཞུང་རྙིང་མ་ཞིག་ཡིན་ཞིང་། གཞུང་དེ་ཉིད་ནི་ལོ་ཤས་སྔོན་ཁྲོ་རུ་སྤྲུལ་སྐུ་ཀླུ་སྒྲུབ་རྒྱ་མཚོ་མཆོག་ནས་ཚོང་པ་ཞིག་གི་ལག་ནས་ཉོས་ཤིང་སྤྱི་ལོ ༢༠༠༩ ལོར་ཐོག་མར་དཔར་སྐྲུན་བྱས་པ་ལགས། ཕྲན་ཨ་མེ་རི་ཀའི་ཧྰ་ཝེར་དྷི་གཙུག་ལག་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་མཆོག་སྤྲུལ་རིན་པོ་མཆོག་ནས་ཕྲན་གྱིས་རེ་བསྐུལ་ཞུས་པ་ལྟར་བྲིས་མ་དེ་ཉིད་དཔར་སློག་རྒྱབ་སྟེ་བསྐུར་གནང་བར་མཛད།  དེ་ནི་དབུ་མེད་བྲིས་མ་ཞིག་ཡིན་ཞིང་། དེ་ལ་ཤོག་གྲངས་ཉི་ཤུ་རྩ་བརྒྱད་ཡོད་ཅིང་ཤོག་ངོ་རེར་ཡིག་ཕྲེང་བདུན་རེ་ཡོད། བར་བར་དུ་མཆན་ཡང་མི་ཉུང་བར་མཆིས། དཔེ་ཆ་འདི་ཉིད་ནི་ཤིང་དཔར་དུ་འཁོད་མེད་པར་མ་ཟད། དེ་ལས་གཞན་པའི་བྲིས་མ་ཡོད་པར་གོ་ཐོས་མ་བྱུང་བས། བོད་ཀྱི་གསོ་དཔྱད་གཞུང་ལུགས་ལ་ཞིབ་འཇུག་བྱེད་མཁན་གྱི་དེང་རབས་མཁས་པ་ཕལ་མོ་ཆེས་གནའ་བོའི་གཞུང་ལུགས་འདི་ཉིད་ཡོངས་ཁྱབ་ཏུ་དཔར་བསྐྲུན་མ་བྱས་གོང་དུ་ལྟ་ཀློག་བྱེད་རྒྱུའི་གོ་སྐབས་བྱུང་ཡོད་པར་མི་སྣང་ངོ་། །

 

བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེའི་འབྱུང་ཁུངས་ལ་དཔྱད་པ།

བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེའི་ལེའུ་དང་པོར་གཞུང་ལུགས་འདི་ཉིད་ཀྱི་ལོ་རྒྱུས་སྐོར་བསྟན་ཡོད་ཅིང་། ལེའུ་དེ་ཉིད་ཀྱི་ནང་དུ་ཇི་སྐད་བསྟན་པ་དག་བསྡུས་ཏེ་གོ་བདེའི་ལམ་ནས་བཤད་ན་འདི་ལྟ་སྟེ། དེ་ཡང་འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་མེས་ཨག་ཚོམས་ཀྱི་སྐུ་དུས་སུ། ཆོས་རྒྱལ་ཆེན་པོ་དེ་ཉིད་ཀྱིས་བྲང་ཏི་རྒྱལ་མཉེས་མཁར་བུ་ཁམས་ཀྱི་མདོ་བློན་ལོ་བཞི་བྱས་པའི་བྱ་དགའ་ལ་བྱང་ཁོག་རྒྱས་པར་བཤད་པ་མ་བུ་བཅུ་བདུན་དང་། བསྡུས་པ་བེ་བུམ་སྨུག་པོ་ལུགས་གཉིས། ཤིན་དུ་བསྡུས་པ་ཡི་གེ་མར་ཅུང་རྩ་བ་འགྲེལ་པ་ཏི་ཀ་གསུམ་གནང་། དེས་ཀྱང་རྒྱལ་མཉེས་ཡིད་མ་ཚིམ་པས། བཙན་པོ་ལ་འདི་ལྟར་ཞུས་ཏེ། གཞུང་འདི་དག་ནི་གཏེར་མ་ཡིན་པར་འདུག་ཅིང་། འདི་རྣམས་ནི་སློབ་དཔོན་ལ་བསྟེན་ནས་སྦྱང་དགོས་པར་འདུག་པས། གཞུང་འདི་དག་ལས་ཀྱང་ཟབ་པ་བླ་མ་བསྟེན་མི་དགོས་པར་ཞིག་ཡོད་པར་འདུག་པས། ཐུགས་ལ་བཏགས་ནས་གནང་བར་གསོལ་ཞེས་ཞུས། བཙན་པོའི་ཞལ་ནས། བྱང་ཁོག་དམར་བྱང་རྩ་འགྲེལ་ནི་མཁས་པ་རྣམས་ཀྱི་ཞལ་ནས་ཞལ་དུ་བརྒྱུད་པ་ལས་བྱུང་ཞིང་། གཏེར་དུ་སྦེད་ཁར་ཡི་གེ་བཏབ་པས་ན། ཡི་གེ་དམར་ཆུང་ཞེས་བྱ་བར་མིང་དུ་བཏགས། དེ་ལས་ཟབ་པ་ཞིག་གང་ནས་འོང་ཞེས་གསུངས་ནས་མ་གནང་ངོ་། །དེར་བློན་འབངས་ཐམས་ཅད་ལྷན་ཅིག་ཏུ་འཛོམས་ནས་གནང་དགོས་ཞེས་ཞུ་བ་ཕུལ་བས། བཙན་པོས། གལ་ཏེ་དེ་ལས་ཟབ་པ་འདྲ་ཡོད་སྲིད་ན། ཁྱེད་རང་ངའི་བློན་པོ་བྱེད་དམ་ཟེར་བ་ལ། རྒྱལ་མཉེས་མཁར་བུས་སྔར་ལོ་གསུམ་དང་ཕྱིས་ལོ་གཅིག་སྟེ་བསྡོམས་པས་ལོ་བཞི་བྱས་པས་ལོ་དུས་ཐིམ་ཟིན་ཞེས་བཤད། མཐར་བཙན་པོས་བྱང་ཁོག་སྐོར་གྱི་གཞུང་གོང་མ་རྣམས་ལས་ཁྱད་པར་དུ་འཕགས་པ། ཚིག་ཉུང་ལ་གནད་ཆེ་བ། སློབ་དཔོན་བསྟེན་མི་དགོས་པ། གཞུང་གི་མིང་ཡང་དམར་བྱང་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ཁྱེར་ལ། ཁྱེད་རང་གི་བརྒྱུད་པ་དང་བཅས་པ་ངའི་བླ་སྨན་གྱིས་ཤིག་གསུངས་ཏེ། བཙན་པོས་འདི་ལས་ལྷག་པའི་གཞུང་མེད་དོ་ཞེས་དབུ་གནའ་བཞེས་སོ། །དེ་ཙམ་དུ་མ་ཟད་བྱང་ཁོག་སྨད་གསོ་བ་ལ་དམར་བྱང་འཕྲུལ་གྱི་མེ་ལོང་ཞེས་པ་ཡང་གནང་། དེ་ནས་བཟུང་རྒྱལ་མཉེས་མཁར་བུས་བཙན་པོའི་བླ་སྨན་བྱས་ཏེ་མཁས་པར་བྱུང་བས་བཙན་པོ་ཐུགས་མཉེས་པོ་བྱུང་བར་གྲགས་སོ། །

འོན་ཀྱང་ལོ་རྒྱུས་སྐོར་གྱི་ལེའུ་དེ་ཉིད་ཀྱི་ནང་དུ་གཞུང་དེ་དག་ཐོག་མར་གང་ལས་བྱུང་བའི་ཁུངས་གསལ་པོར་བསྟན་མེད་མོད། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་ནི་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས་སུ་གྲགས་པའི་རིང་ལ། སྨན་པ་བི་ཅི་དང་། བེག་ལྷ་སྤྱན་དྲངས། སྨན་དཔྱད་མོས་དབྱིག དམར་བྱང་རྩ་འགྲེལ་བསྒྱུར་ཞེས་ཟེར། འདིར་དམར་བྱང་རྩ་འགྲེལ་ཞེས་པ་ནི་གོང་དུ་སྨྲོས་མ་ཐག་པའི་གཞུང་དེ་དག་གི་སྤྱི་མིང་ཡིན་པར་མངོན་ཞིང་། དེ་དག་ནི་བི་ཅི་དང་བི་ལྷ་ཞེས་པའི་སྨན་པ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་ཞེས་བཤད།  ཟུར་མཁར་བློ་གྲོས་རྒྱལ་པོའི་ཁོག་དབུབ་ལྟར་ན། ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨམ་ཚོམས་ཀྱི་སྐུ་དུས་སུ། ཁྲོམ་གྱི་སྨན་པ་ཙན་པ་ཤི་ལ་ཧས་རྒྱུད་ཤེལ་གྱི་མེ་ལོང་དང་། དེ་ལ་བརྟེན་ནས་བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ་དང་། སྨད་ཀྱི་དམར་བྱང་འཕྲུལ་གྱི་ལྡེ་མིག ཡན་ལག་གི་བཅོས་ཐེམ་བྱང་ཞེས་མ་གསུམ་དུ་གྲགས་པ་དང་། དེ་རྣམས་ཀྱི་ཊིཀྐ་ཡང་ཊྰིཀ་གསང་ཊྰིཀ་གསུམ། བླ་དཔྱད་མ་བུ་བཞི། སྙིང་ཏིག་བསྡུས་པའི་བུ་བཞི། བཅོས་པའི་བུ་དྲུག་སྟེ་བསྡོམས་པས་བུ་བཅུ་བདུན། དེའི་སྟེང་དུ་གསང་བའི་བུ་བཞི་བཅས་རྒྱས་པའི་སྐོར་རྣམས་དང་། འབྲིང་དུ་བེ་བུམ་སྨུག་པོ་ཏི་ཀ་ཡང་ཏིག་གཉིས། ཤིན་ཏུ་བསྡུས་པ་ཡི་གེ་དམར་ཆུང་རྩ་འགྲེལ་རིགས་གསུམ་བོད་སྐད་དུ་བསྒྱུར་ནས་རྒྱལ་པོ་ལ་ཕུལ་ཞེས་ཟེར། ཟུར་མཁར་བའི་ཆོས་འབྱུང་དང་དམར་བྱང་གཉིས་ཀར་གཞུང་རྒྱས་འབྲིང་བསྡུས་གསུམ་ཡོད་པར་བཤད་ཅིང་། མི་འདྲ་བ་ནི་ཟུར་མཁར་བས་གཞུང་དེ་དག་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ནི་རྒྱུད་ཤེལ་གྱི་མེ་ལོང་ཡིན་པར་བཤད་ཅིང་། དེ་ལས་བྱུང་བའི་གཞུང་རྒྱས་པ་ཞེས་པ་མ་བུ་ཉེར་བཞི་ཙམ་བགྲང་བར་མཛད། གཞན་ཡང་ཡིག་ཆ་དེ་གཉིས་ལས་བསྟན་པའི་བྱང་ཁོག་སྨད་ཀྱི་དམར་བྱང་མཚན་ལ་ཅུང་ཟད་མི་འདྲ་བ་མཆིས། །

གོང་དུ་བསྟན་པ་ལྟར། བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེའི་ལེའུ་དང་པོ་ལས་དམར་བྱང་རྩ་འགྲེལ་ལམ་མ་བུ་རུ་གྲགས་པའི་གཞུང་དེ་དག་བྲང་ཏི་རྒྱལ་མཉེས་མཁར་བུ་ལ་གནང་བ་ལས། ཞང་དང་སྟོང་གཉིས་ལ་གནང་བའི་ལོ་རྒྱུས་གསལ་ཁ་མ་མཆིས། འོན་ཀྱང་ཟུར་མཁར་བས་ཞང་དང་སྟོང་དང་བྲང་ཏི་གསུམ་ཙན་པ་ཤི་ལ་ཧའི་སློབ་བརྒྱུད་ཡིན་ཚུལ་དང་། དེ་གསུམ་མདོ་ཁམས་ཀྱི་སོ་ཁ་ལོ་བཞི་བསྲུངས་པའི་བྱ་དགའ་ལ་རྒྱལ་པོས་གོང་དུ་སྨྲོས་པའི་རྒྱུད་ཤེལ་གྱི་མེ་ལོང་དང་། རྨ་བཅོས་མ་བུ་བཅུ་བདུན་སོགས་རྒྱས་འབྲིང་བསྡུས་གསུམ་དང་བཅས་པ་གནང་ནས་བརྒྱུད་ནས་བརྒྱུད་ཀྱི་བླ་སྨན་དུ་བསྐོ་བཞག་གནང་བར་གྲགས། ཡང་ཟུར་མཁར་བའི་བཤད་ཚུལ་གཞན་ཞིག་དྲངས་བའི་ནང་དུ་སྟོང་བཞེར་མེས་པོ་ལ་མགོ་དཔྱད་དང་། བྲང་ཏི་རྒྱལ་མཉེས་མཁར་བུ་ལ་བྱང་ཁོག་དང་། ཞང་ལྷ་མོ་གཟི་ལ་ཡན་ལག་གི་རྨ་བཅོས་སྐོར་གནང་ཞེས་ཟེར་རོ། །

 

བརྡ་རྙིང་ལ་བརྟག་ནས་གཞུང་འདི་ཉིད་བྱུང་བའི་དུས་ཚོད་ལ་དཔྱད་པ། 

བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་གཞན་དང་འདྲ་བར་དམར་བྱང་གི་ནང་དུ་དབྱངས་དང་ལྡན་པའི་མིང་གཞི་ལ་འ་མཐའ་ཞུགས་པར་མང་དུ་སྣང་སྟེ། དཔེར་ན། འཁམས་ཀྱི་མདོའ་གློན་ལོ་གསུམ་བྱས་ཞེས་པའི་མདོའ་དང་། མཐོའ་གང་སོང་ཡང་དོན་དང་འཛོལ་ཞེས་པའི་མཐོའ་ལྟ་བུའོ། །

གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བསྟན་པ་ལྟར། སྔོན་འཇུག་འ་དང་མ་གཉིས་རེས་མོས་བེད་སྤྱོད་པ་ནི་བརྡ་རྙིང་གི་ཁྱད་ཆོས་ཤིག་ཡིན།  ཁྱད་ཆོས་འདི་ལྟ་བུ་ནི་དམར་བྱང་གི་ནང་དུ་མང་དུ་སྣང་སྟེ།  དཔེར་ན། དོམ་ཁྲིས་འཁྲིས་ཆེན་སྦྱར་ཞེས་པའི་འཁྲིས་དང་། འགོ་ན་ཚ་བ་སྐྱེད་འབྲིའ་འོང་ཞེས་པའི་འགོ་ལྟ་བུའོ། 

མིང་གཞི་ལ་ཡ་བཏགས་འཇུག་པ་ནི་བརྡ་རྙིང་གི་ཁྱད་ཆོས་གཞན་ཞིག་ཡིན་ཏེ། དཔེར་ན་མཚུར་ཕུའི་རྡོ་རིང་དུ། བཙན་པོ་ལྷ་སྲས་ཡབ་མྱེས་ཀྱི་སྐུ་རིང་ལ་དམ་པའི་ཆོས་བརྙེས་ནས་ཞེས་པ་ལྟ་བུའི་ནང་དུ་མ་ལ་ཡ་བཏགས་ཞུགས་ཡོད་མོད། དམར་བྱང་གི་ནང་དུ་འཇུག་ཚུལ་དེ་ལྟ་བུ་མང་དུ་སྣང་སྟེ། དཔེར་ན། སྐྱེ་ཐིག་བཞི་ལ་མཐའ་ཐིག་གཉིས། །ཞེས་པ་དང་།། སྐྱེ་ལྟོང་པོ་ནས་མཚན་མའི་དཀྱིལ། །ཞེས་པ་སྟེ། འདིར་སྐྱེ་ཞེས་པ་ནི་སྐད་གསར་བཅད་རྗེས་ཀྱི་འབྲི་སྲོལ་ལྟར་ན་སྐེ་ཞེས་པ་དང་།  སྐྱེག་ལ་བརྟེན་ཏེ་འཆི་དུས་ནི། །ཞེས་པ་སྟེ། འདིར་སྐྱེག་ཅེས་པ་ནི་སྐད་གསར་བཅད་རྗེས་ཀྱི་འབྲི་སྲོལ་ལྟར་ན་སྐེག་ཅེས་པ་ཡིན། ཁྲག་སྐྱེམས་གློ་ལ་ཕན་པར་འགྱུར། །ཞེས་པ་སྟེ། འདིར་སྐྱེམས་ནི་སྐད་གསར་བཅད་རྗེས་ཀྱི་འབྲི་སྲོལ་ལྟར་ན་སྐེམས་ཞེས་པའོ། །དེ་དག་ནི་མིང་གཞི་ཀ་ལ་ཡ་བཏགས་ཞུགས་པའི་དཔེའོ། །

ཡ་བཏགས་འཇུག་འོས་པའི་ཡི་གེ་ཡི་ཡ་བཏགས་དོར་བ་ནི་བརྡ་རྙིང་གི་ཁྱད་ཆོས་གཞན་ཞིག་ཡིན་ཏེ། དཔེར་ན་བརྡ་གསར་དགྱེ་དགུ་ཞེས་འབྲི་འོས་པ་ལ་དམར་བྱང་དུ་དགེ་དགུ་ཞེས་པ་དང་། ཁྱེ་སུས་ཞེས་པ་ལ་དམར་བྱང་དུ་ཁེ་སུས། ལྔ་སྦྲག་ཅེས་པ་ལ་དམར་བྱང་དུ་ལྔ་སྦག རྩ་ལྟོ་སྦྲགས་ཞེས་པ་ལ་དམར་བྱང་དུ་རྩ་ལྟོ་སྦགས་ཞེས་པ་སོགས་མང་དུ་མཆིས་སོ། །

ག་སྔོན་འཇུག་དང་ར་མགོ་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་ཞིག་ཡིན་ཏེ། དཔེར་ན་བརྡ་གསར་གཙིགས་ཞེས་པ་ལ་དམར་བྱང་དུ་རྩིགས་ཞེས་པ་དང་། བརྡ་གསར་མི་གཙོ་ཞེས་པ་ལ་དམར་བྱང་དུ་མི་རྩོ་ཞེས་པ་དང་།  བརྡ་གསར་གཏར་ཞེས་པ་ལ་དམར་བྱང་དུ་རྟར་ཞེས་པ་དང་། བརྡ་གསར་རྙིང་པ་ཞེས་པར་དམར་བྱང་དུ་གཉིང་པ་ཞེས་པ་དང་།  བརྡ་གསར་གདོང་པ་ཞེས་པ་ལ་དམར་བྱང་དུ་རྡོང་པ་དང་། གློའི་རྣག་ཅེས་པ་ལ་དམར་བྱང་དུ་གློའི་གནག་དང་།  ཐིག་བཞི་བཞི་གདབ་ཅེས་པ་ལ་དམར་བྱང་དུ་ཐིག་བཞི་བཞི་རྡབ་ཅེས་པ་སོགས་མང་དུ་སྣང་ངོ་། །

ད་སྔོན་འཇུག་དང་ར་མགོ་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་ཞིག་ཡིན་ཏེ། དཔེར་ན་བརྡ་གསར་འབྱུང་བ་དཀའ་ཞེས་པ་ལ་དམར་བྱང་དུ་འབྱུང་བ་རྐ་ཞེས་པ་དང་། བརྡ་གསར་ནད་པའི་རང་ཁྲག་དངོས་ཞེས་པ་ལ་དམར་བྱང་དུ་ནད་པའི་རང་ཁྲག་རྔོས། ཞེས་པ་དང་། བརྡ་གསར་ཕུལ་དགུ་ཞེས་པ་ལ་དམར་བྱང་དུ་ཕུལ་རྒུ་ཞེས་པ་ལྟ་བུའོ། །

བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་སོགས་ཀྱི་བརྡ་རྙིང་རྣམས་དང་འདྲ་བར། མིང་གཞི་ག་ད་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་གཞན་ཞིག་ཡིན་ཏེ། བརྡ་གསར་རྩ་གྲིམས་ཞེས་པ་ལ་དམར་བྱང་དུ་རྩ་དྲིམས་ཞེས་འཁོད་པ་དང་། བརྡ་གསར་དྲང་ཐིག་ཅེས་པ་ལ་དམར་བྱང་དུ་གྲང་ཐིག་ཅེས་པ་དང་།  བརྡ་གསར་དོན་འགྲམས་ཞེས་་པ་ལ་དམར་བྱང་དུ་དོན་འདྲམས་ཞེས་པ་དང་། བརྡ་གསར་འགྲོ་ཞེས་པ་དམར་བྱང་དུ་འདྲོ་ཞེས་པ་དང་།  བརྡ་གསར་འཕེལ་འགྲིབ་ཅེས་པ་ལ་དམར་བྱང་དུ་འཕེལ་འདྲིབ་ཅེས་འཁོད་པ་ལྟ་བུའོ། །

བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་སོགས་ཀྱི་བརྡ་རྙིང་རྣམས་དང་འདྲ་བར། ལ་བཏགས་ཕན་ཚུན་བརྗེ་བ་ནི་བརྡ་རྙིང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ཏེ། བརྡ་གསར་མདོ་བློན་ཞེས་པ་ལ་དམར་བྱང་དུ་མདོའ་གློན་ཞེས་འཁོད་པ་དང་། བརྡ་གསར་ལྤགས་རློན་ཞེས་པ་ལ་དམར་བྱང་དུ་ལྤགས་གློན་ཞེས་པ་དང་། བརྡ་གསར་ཁས་བླང་པ་ཞེས་པ་ལ་དམར་བྱང་དུ་ཁས་བརླང་་ཞེས་པ་དང་། བརྡ་གསར་གླ་རྩི་ཞེས་པ་ལ་དམར་བྱང་དུ་བླ་རྩིཞེས་པ་ལྟ་བུ་མང་དུ་འབྱུང་ངོ་། །

སྤྱིར་ཡིག་གཟུགས་ལ་དཔག་ན་བྲིས་མ་འདི་བཙན་པོའི་སྐབས་སུ་བྱུང་བའི་ཡིག་རྙིང་ཡིན་པར་མི་མངོན་ཡང་། བྲིས་མ་འདི་ཉིད་ཀྱི་ནང་དུ་བརྡ་རྙིང་གི་འབྲི་སྲོལ་མང་པོ་དེ་ཙམ་བྱུང་བ་ལ་གཞིགས་ན། བྲིས་མ་འདི་ཉིད་བཤུ་སའི་ཕྱི་མོ་དེ་ནི་ཐོག་མར་བརྡ་རྙིང་འབའ་ཞིག་ཐོག་ཏུ་འཁོད་ཡོད་པར་ཚོད་དཔག་བྱེད་ཐུབ། བརྡ་རྙིང་གིས་བྲིས་པའི་མ་དཔེ་དེ་ལས་བཤུས་པའི་ཚེ། བཤུ་མཁན་གང་ཟག་དེ་ཉིད་ཀྱིས་སྐད་གསར་བཅད་ཀྱི་འབྲི་སྲོལ་ལྟར་བསྒྱུར་བཅོས་ཅི་རིགས་པར་བྱས་ཡོད་ཀྱང་ད་དུང་བཅོས་རྒྱུ་མང་དག་ལུས་ཡོད་པར་རང་རེས་མངོན་སུམ་དུ་མཐོང་ཐུབ།

དམར་བྱང་གི་ནང་དོན་ལ་གཞིགས་ན་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་ཤུགས་རྐྱེན་ཐེབས་མེད་པས། མ་མཐའ་ཡང་དུས་རབས་བཅུ་གཅིག་གི་གོང་དུ་བྱུང་བའི་གཞུང་ཞིག་ཡིན་པར་གོར་མ་ཆག་སྙམ། གོང་དུ་སྨྲོས་པ་ལྟར། གཞུང་འདི་ཉིད་ཀྱི་ནང་དུ་བརྡ་རྙིང་མི་ཉུང་བ་ཞིག་ཡོད་པ་ལ་དཔག་ན། བྲང་ཏི་དང་ཟུར་མཁར་བ་སོགས་ཀྱིས་ཇི་སྐད་གསུང་པར་ལྟར་འདི་ནི་བོད་བཙན་པོའི་སྐབས་སུ་བྱུང་བའི་ཡིག་རྙིང་ཞིག་པར་ཐེ་ཚོམ་མི་འདུག་སྙམ།།

 

དམར་བྱང་གི་འཆད་ཉན་གྱི་བརྒྱུད་པ་ལ་དཔྱད་པ།

བྲང་ཏི་རྒྱལ་མཉེས་མཁར་བུ་བཙན་པོ་མེས་ཨག་ཚོམས་ཀྱི་བླ་སྨན་དུ་བསྐོས་པ་ནས་བཟུང་། བྲང་ཏིའི་བརྒྱུད་པ་ནི་བོད་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་གནང་བ་རིགས་ཀྱི་སྨན་པའི་གྲས་ཤིག་ཏུ་གྱུར་ཏོ། དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ་ལས། བསྟན་པ་སྔ་དར་གྱི་དུས་ནས་སྨན་དཔྱད་ལ་མཁས་པ་མི་དགུའི་ནང་ཚན། བྲང་ཏིའི་བརྒྱུད་དེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་བཟུང་། བོད་ཆོས་རྒྱལ་རྣམས་ཀྱི་བླ་སྨན། བྲང་ཏི་རྒྱལ་བསྙེས་ཁར་ཕུག་དང་། བྲང་ཏི་སྲས་པོ་དང་། ཛ་ཡ་རཀྵི་ཏ་སོགས་དབུས་ལྗང་རབ་བརྟན་རྩེ་སོགས་སུ་བྱུང་། རྒྱལ་པོས་ལ་ཐོད་ཕུད་པ་སོགས་ཀྱི་བཀུར་སྟི་མཛད། གདུང་རབས་བཅུ་གཅིག་ཙམ་དབུས། གསུམ་བཞི་ཙམ་མྱང་སྟོད་སྨད་སྨོན་གྲོ་སོགས་སུ་བྱུང་ཞེས་གསུངས་པ་ལས་བྲང་ཏིའི་གདུང་བརྒྱུད་ཀྱི་བྱུང་ཚུལ་རགས་པ་ཙམ་ཞིག་ཤེས་ཐུབ།

འོན་ཀྱང་རྒྱལ་མཉེས་མཁར་བུ་ནས་བརྩམས་པའི་གདུང་རབས་རིམ་པ་སྟར་ཆགས་སུ་བྲིས་པའི་ཡིག་ཆ་ད་ཕན་མ་མཇལ་བས། དམར་བྱང་འཆད་ཉན་གྱི་བརྒྱུད་པ་ཞིབ་ཅིང་ཕྲ་བ་ནི་འཆད་ཐབས་བྲལ། འདིར་བྲང་ཏིའི་མི་བརྒྱུད་ལས་བྱོན་ཞིང་ཕྱག་རྗེས་ཆེ་བའི་མཁས་པ་ཁག་གཅིག་གི་ལོ་རྒྱུས་གང་མཐོང་བ་རྣམས་ཅུང་ཟད་འགོད་པར་བྱའོ། །

གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་རིན་པོ་ཆེའི་བཀྲ་ཤིས་མངའ་གསོལ་ལས་འདི་ལྟར་གསུངས་ཏེ། སྲས་ཀྱི་ཐུ་བོ་རྒྱལ་མཉེས་མཁར་བུ་དང་། །བྲང་ཏི་སྲས་པོ་བྲང་ཏི་དར་མ་སྙིང་། །བྲང་ཏི་འབུམ་སེང་བྲང་ཏི་འཇམ་དཔལ་བཟང་། །བྲང་ཏི་རྒྱལ་བ་བཟང་པོ་ལ་སོགས་ཏེ། །གསོ་རིག་བསྟན་པ་ཉི་ཟླ་ལྟ་བུར་གྲགས། །བྲང་ཏི་ཡབ་སྲས་བརྒྱུད་པར་བཅས་པ་ཡིས། །སྨན་ལ་རབ་ཏུ་གནས་པར་མཛད་དུ་གསོལ། །ཡང་དེ་ཉིད་ལས། བྲང་ཏི་དཔལ་ལྡན་འཚོ་བྱེད་དཔལ་ལྡན་རྒྱལ་མཚན་དང་། །ཀུན་དགའ་དཔལ་བཟང་ཀུན་དགའ་དཔལ་འབྱོར་དང་། །སྟག་ལ་དཔལ་འབྱོར་དཔལ་མགོན་རྡོ་རྗེ་དང་། །བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ལ་སོགས་ཏེ། །གངས་ཅན་བསྟན་འཛིན་རྣམས་ཀྱིས་ཀྱང་། །སྨན་ལ་རབ་ཏུ་གནས་པར་མཛད་དུ་གསོལ། །ཞེས་བཤད་པ་ལས་བྲང་ཏི་རྒྱལ་མཉེས་མཁར་བུ་ཡི་མི་བརྒྱུད་ལས་བྱུང་བའི་བྲང་ཏིའི་ལྷ་རྗེ་གྲགས་ཅན་རྣམས་ཀྱི་མཚན་རྟོགས་ནུས་སོ། །

གོང་དུ་བསྟན་པ་ལྟར་བྲང་ཏི་རྒྱལ་མཉེས་མཁར་བུ་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བླ་སྨན་ཡིན་མོད། ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དང་གོང་སྨན་དཀོན་མཆོག་འཕན་དར་གྱི་གསུང་ལས་བྲང་ཏི་སྲས་པོ་ཞེས་པ་ཞིག་ཡོད་ཚུལ་བསྟན་ཡང་མཚན་དངོས་གང་ཡིན་གསལ་བར་མ་བཤད་པས། དེ་ཉིད་ཀྱི་ལོ་རྒྱུས་རེ་ཞིག་ཤེས་ཐབས་བྲལ་བས་བཏང་སྙོམས་སུ་བཞག། 

བྲང་ཏི་ཛ་ཡ་རཀྵི་ཏ་ཞེས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པད་མ་འབྱུང་གནས་གདན་འདྲེན་ཞུ་བར་བཏང་ཚུལ་བུ་སྟོན་ཆོས་འབྱུང་དུ་གསལ་བར་མ་ཟད། བུ་སྟོན་གྱིས་དྲངས་པའི་བོད་ཀྱི་ལོ་ཙཱ་བའི་ཁོངས་སུ་ཡང་བྲང་ཏིའི་མཁས་པ་དེ་ཉིད་ཀྱི་མཚན་གསལ་བས། བྲང་ཏི་ཛ་ཡ་རཀྵི་ཏ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་ཞིག་ཡིན་པར་ཤེས་ནུས། གཞན་ཡང་ཆོས་བྱུང་མཁས་པའི་དགའ་སྟོན་དུ་འཁོད་པའི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གཙིགས་ཀྱི་ཡི་གེ་དང་པོ་འབྲི་མཁན་གྱི་མཚན་ལ་བྲང་ཏི་ཤཱི་ལ་ཝརྨ་ཞེས་འཁོད་ཡོད། དེ་ཉིད་ཀྱང་བྲང་ཏིའི་བརྒྱུད་པ་ལས་བྱུང་བའི་མཁས་པ་ཞིག་ཡིན་པར་མངོན། བྲང་ཏིའི་གདུང་ལས་བྱུང་བའི་མཁས་པ་དེ་གཉིས་ནི་ལྷ་རྗེ་ཡིན་མིན་གསལ་ཁ་མ་མཆིས།

དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ་ལས། རྗེ་ས་སྐྱ་པ་ཆེན་པོ་ལ་སོགས་པ་དམ་པ་མང་པོའི་བླ་མར་གྱུར་པ་དགེ་འདུན་ཁྲི་ཕྲག་འདུས་པའི་བྲང་ཏི་དར་མ་སྙིང་པོ་དང་། ཆོས་རྒྱལ་འཕགས་པའི་བླ་མ་ལྷ་རྗེ་དར་མ་སེང་གེ་སོགས་དགེ་བའི་བཤེས་གཉེན་ཀྱང་དུ་མ་བྱོན་ནོ་ཞེས་གསུངས། དེ་ཡང་བྲང་ཏི་དར་མ་སྙིང་པོའི་སྐོར་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་རུ་མངོན་པ་ཀུན་བཏུས་ཀྱི་བཤད་རྒྱུན་བསྟན་པའི་སྐབས་སུ་འདི་ལྟར་གསུང་སྟེ།  རྭ་ཁྲི་བཟངས་ལ་(ལས་)བྲང་ཏི་དར་མ་སྙིང་པོས་གསན། བྲང་ཏི་ནི་སློབ་མ་ཤིན་ཏུ་མང་སྟེ། རྔོག་ལོ་ཙཱ་བ་ཆེན་པོ་པཎྜི་ཏ་འབུམ་ཕྲག་གསུམ་པ་མཇལ་བའི་ཕྱིར་འཁོར་དགེ་སློང་སུམ་བརྒྱ་དང་བཅས་ཏེ་བྱོན་པའི་ཚེ། ལོ་ཙཱ་བའི་དགེ་སློང་རེ་རེ་ལ་བྲང་ཏིས་ཁོང་རང་གི་སློབ་མ་དགེ་སློང་བཅུ་གསུམ་བཅུ་གསུམ་བསྙེན་བཀུར་བྱེད་དུ་བཅུག་ཅེས་གྲགས་ཞེས་གསུང་བ་ལྟར་ན། བྲང་ཏི་ནི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(1060-1109)དང་དུས་མཉམ་ཡིན་པར་གདོན་མི་ཟ། གཞན་ཡང་བྲང་ཏི་དར་མ་སྙིང་པོ་ནི་ས་ཆེན་ཀུན་དགའ་སྙིང་པོ་དགུང་ལོ་ཆུང་དུས་ཀྱི་སློབ་དཔོན་ཡིན་ཞིང་། ས་ཆེན་ཀུན་དགའ་སྙིང་པོ་(1092-1158)དགུང་ལོ་བཅུ་གསུམ་བཞེས་པའི་ཚེ་རོང་ངུར་དམིག་ཏུ་བྲང་ཏི་དར་མ་སྙིང་པོ་བསྟེན་ནས་མངོན་པ་ཚར་གཅིག་གསན་པས་ཐུགས་སུ་ཆུད་པར་གྲགས། སྐབས་དེར་དགེ་བཤེས་བྲང་ཏི་སྐུ་གཤེགས་ཞེས་ཟེར། ས་ཆེན་གྱི་འཁྲུངས་ལོ་ལ་དཔྱད་ན། དགེ་བཤེས་བྲང་ཏི་སྐུ་གཤེགས་པའི་དུས་ནི་སྤྱི་ལོ་ ༡༡༠༤ ཡིན་པར་སེམས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་བྲང་ཏི་དར་མ་སྙིང་པོ་ནི་མངོན་པ་ཀུན་བཏུས་ཤིན་ཏུ་མཁས་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཡིན་པར་བསྟན་པ་ལས། སྨན་དཔྱད་ཀྱི་སྒོ་ནས་འགྲོ་དོན་བསྐྱངས་ཚུལ་གསལ་ཁ་མ་མཆིས་ཀྱང་། གོང་སྨན་དཀོན་མཆོག་འཕན་དར་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསུང་ལ་དཔག་ན་བྲང་ཏི་དར་མ་སྙིང་པོ་ནི་བྲང་ཏིའི་གདུང་བརྒྱུད་ལས་བྱུང་བའི་སྨན་པ་ཞིག་ཀྱང་ཡིན་པར་ཐེ་ཚོམ་མེད་དོ་སྙམ།

ལྷ་རྗེ་དར་མ་སེང་གེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་མ་ཡིན་ཚུལ་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་དུ་གསལ། མཚན་ལ་བརྟག་ན་དེ་ནི་ལྷ་རྗེ་ཡིན་པར་ཤིན་ཏུ་གསལ་ལོ། །

སྡེ་སྲིད་མཆོག་ནས་དར་མ་སྙིང་པོའི་རྗེས་སུ་བྲང་ཏི་གྲགས་པ་འབུམ། བྲང་ཏི་ཇོ་བཙུན་དང་། བྲང་ཏི་དཔལ་ལྡན་འབུམ་སོགས་བྲང་ཏིའི་བརྒྱུད་པ་ལས་བྱུང་བའི་སྨན་པ་གཞན་རྣམས་ཀྱི་མཚན་ཡང་བགྲང་བར་མཛད་ཀྱང་མི་དབང་མཆོག་ནས་སྨན་པ་དེ་དག་གི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་མ་བསྟན་པས། སྨན་དཔྱད་ཀྱི་གཞུང་གང་ཞིག་འཆད་ཉན་གནང་གི་ཡོད་མེད་རྟོགས་པར་དཀའ། རང་གི་རྨོངས་ཚོད་ལྟར་ན་དེ་དག་གིས་དམར་བྱང་འཆད་ཉན་གནང་ཡོད་པར་ཨེ་ཡིན་སྙམ།  བྲང་ཏི་དཔལ་ལྡན་འཚོ་བྱེད་དང་ཟུར་མཁར་བློ་གྲོས་རྒྱལ་པོའི་གསོ་རིག་ཁོག་དབུབ་ཏུ་བྲང་ཏིའི་སྨན་པ་དེ་དག་གི་ལོ་རྒྱུས་འཁོད་པ་ནི་མ་མཐོང་མོད།

བྲང་ཏི་བསོད་ནམས་འབུམ་གྱི་སྲས་པོ་བྲང་ཏི་འཇམ་དཔལ་བཟང་པོ་ཡིན་ཞིང་། ཁོང་ལ་ཀུན་མཁྱེན་ཀརྨ་པཀྴིས་(1204/1206-1283)བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པ་རྒྱ་ཆེར་མཛད་པ་ཞིག་འོང་ཞེས་ལུང་བསྟན་པ་གྲགས། ས་སྐྱའི་ཁྲི་ཆེན་བདག་ཉིད་ཆེན་པོ་བཟང་པོ་དཔལ་(1262-1322/1324)གྱིས་གདན་སར་སྤྱན་དྲངས་ཞེས་ཟེར། ས་སྐྱའི་ཁྲི་ཆེན་དེ་ཉིད་ཀྱིས་དགུང་ལོ་ཞེ་ལྔ་ནས་གདན་སའི་ཁུར་ཆེན་པོ་བཞེས་པས། བྲང་ཏི་འཇམ་དཔལ་བཟང་པོ་ནི་སྤྱི་ལོ་ ༡༣༠༦ ལོའི་གོང་དུ་ས་སྐྱའི་གདན་སར་གདན་འདྲེན་པར་མི་སྲིད་པས། ཁོང་ནི་ཀརྨ་པཀྴིའི་སྐུ་ཚེའི་བར་རམ་སྨད་ཙམ་སྟེ་དུས་རབས་བཅུ་གསུམ་དཀྱིལ་ཙམ་དུ་བྱོན་པའི་མཁས་པ་ཞིག་ཡིན་པར་སེམས།  ཁོང་གིས་གཡུ་ཐོག་འཇམ་དཔལ་བསྟེན་ནས་འབལ་སྨན་ཉི་མ་དཔལ་གྱིས་མཛད་པའི་གཅེས་བསྡུས་ཡིད་བཞིན་ནོར་བུ་ཞུས། འཇམ་དཔལ་བཟང་པོས་རང་གི་ཡབ་ལས་བརྒྱད་པ་རྩ་འགྲེལ་དང་། དམར་བྱང་མ་བུ། ཨ་ཙ་རའི་གསོ་དཔྱད་སྐོར་གསུམ་སོགས་གསན་བཞེས་མཛད་ཚུལ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་ཁོག་དབུབ་ཏུ་འཁོད་ཡོད་པ་གཞིགས་ན། དམར་བྱང་རྩ་འགྲེལ་ནི་སྐབས་དེར་བྲང་ཏིའི་བརྒྱུད་འཛིན་པ་རྣམས་ཀྱིས་འཆད་ཉན་བྱ་ཡུལ་གཙོ་བོ་ཞིག་ཡིན་པར་གདོན་མི་ཟ།

བྲང་ཏི་རྒྱལ་བ་བཟང་པོ་ནི་འཇམ་དཔལ་བཟང་པོའི་སྲས་ཡིན་ཞིང་ཁོང་གིས་རང་གི་ཡབ་དང་བི་ཇི་དཔལ་མགོན། གཡུ་ཐོག་འཚོ་བྱེད་སོགས་བསྟེན་ནས་གསོ་དཔྱད་གཞུང་གདམས་ལག་ལེན་དང་བཅས་པ་ལེགས་པར་གསན་ནས་ཡབ་ཀྱི་གདན་ས་བསྐྱངས་བར་མཛད།  ཁོག་དབུབ་ཁག་ཏུ་ཁོང་གིས་དམར་བྱང་རྩ་འགྲེལ་གསན་བཞེས་གནང་ཡོད་མེད་གསལ་བར་མ་བསྟན་ཡང་ཡབ་ལས་རང་ལུགས་ཀྱིས་འཆད་ཉན་བྱ་ཡུལ་གྱི་གཞུང་དེ་ཉིད་གསན་བཞེས་གནང་ཡོད་པར་ངེས་སོ་སྙམ།

དེ་ཉིད་ཀྱི་གཅུང་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་རང་གི་གཅེན་པོ་རྒྱལ་བ་བཟང་པོ་དང་ཕག་སྟོན་ཤྰཀྱ་མགོན་པོ་བསྟེན་ནས་རྒྱུད་བཞི་ཆ་ལག་དང་བཅས་པ་དང་། བསྟན་བཅོས་བརྒྱད་པ་ལ་སོགས་པ་གསན་བཞེས་མཛད་ཅིང་ཐུགས་སུ་ལེགས་པར་ཆུད་ཅིང་། གཞུང་དེ་དག་ཀྱང་འཆད་ཉན་རྒྱ་ཆེར་མཛད་ཡོད།  སྐུ་ཉིད་ཀྱིས་དམར་བྱང་སོགས་ཀྱི་གཞུང་གི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་ནས་མགོ་དང་བྱང་ཁོག་ཡན་ལག་གི་ཐིག་ཁྲེམས་གསལ་བའི་སྒྲོན་མེ་ཞེས་པའི་གཞུང་མཛད་ཡོད་ཚུལ་བཀོད་པར་གཞིགས་ན། ཁོང་གིས་དམར་བྱང་རྩ་འགྲེལ་ཉམས་ལེན་གནང་གི་ཡོད་པར་ཤེས་ཐུབ་བྱེད་ཐུབ། 

ཡང་གོང་སྨན་པའི་མཛད་པའི་རིན་པོ་ཆེའི་བཀྲ་ཤིས་མངའ་གསོལ་ལས། བྲང་ཏི་དཔལ་ལྡན་འཚོ་བྱེད་དཔལ་ལྡན་རྒྱལ་མཚན་དང་། །ཀུན་དགའ་དཔལ་བཟང་ཀུན་དགའ་དཔལ་འབྱོར་དང་། །སྟག་ལ་དཔལ་འབྱོར་དཔལ་མགོན་རྡོ་རྗེ་དང་། །བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ལ་སོགས་ཏེ། །གངས་ཅན་བསྟན་འཛིན་རྣམས་ཀྱིས་ཀྱང་། །སྨན་ལ་རབ་ཏུ་གནས་པར་མཛད་དུ་གསོལ། །ཞེས་བཤད། 

ཟུར་མཁར་གྱི་གཏན་པ་མེད་པའི་མཆོད་སྦྱིན་དུ། བྲང་ཏི་དཔལ་ལྡན་རྒྱལ་མཚན། དཔལ་ལྡན་བློ་གྲོས། ཀུན་དགའ་བཟང་པོ། དཔལ་འབྱོར་རྒྱལ་མཚན། རྡོ་རྗེ་དཔལ་བཟང་། ཆོས་རྒྱལ་བཀྲ་ཤིས། ཀུན་དགའ་དོན་གྲུབ་རྣམས་ལ་རིམ་པར་བརྒྱུད་དེ་ལུང་བཤད་ཀྱི་རྒྱུན་མི་ཆད་པར་ད་ལྟའི་བར་དུ་གནས་ལ་བདག་གིས་ཀྱང་རྫོགས་པར་ཞུས་སོ་ཞེས་བརྒྱུད་པ་མཐར་ཆགས་སུ་འདྲེན་པར་མཛད།  

སྡེ་སྲིད་ཀྱིས་དྲངས་པའི་གསེར་བྲེ་ཆུང་བའི་དམུ་ཆུའི་གདམས་པའི་བརྒྱུད་པ་ལྟར་ན། དཔལ་ལྡན་རྒྱལ་མཚན་ནས་བྲང་ཏི་ཀུན་དགའ་བཟང་པོ་དང་། དེ་ནས་བྲང་ཏི་སྟག་ལ་དཔལ། དེ་ནས་བྲང་ཏི་རྡོ་རྗེ་དཔལ་བཟང་། འདིས་བཤད་རྒྱུད་འགྲེལ་བ་དོན་གསལ་མཛད། དེས་བྲང་ཏི་དཔལ་འབྱོར་དོན་གྲུབ་ལ་གཞུང་གདམས་མན་ངག་དང་བཅས་པ་གནང་ཞེས་གསུངས། 

གོང་དུ་སྨྲོས་མ་ཐག་པ་དེ་དག་ལས་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་རྗེས་སུ་བྱུང་བའི་བྲང་ཏིའི་ལྷ་རྗེ་རྣམས་ཀྱི་མཚན་རགས་རིམ་ཙམ་ཞིག་རྟོགས་ནུས། འོན་ཀྱང་སྨན་པ་དེ་དག་གི་ལོ་རྒྱུས་རྒྱས་པ་ནི་ཡིག་ཆ་ཁག་ཏུ་མི་གསལ་བས་ཤིན་ཏུ་འཆད་པར་དཀའ་ཡང་། ཐར་ཐོར་དུ་འཁོད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་འཆད་པར་བྱའོ། །

བྲང་ཏི་དཔལ་ལྡན་རྒྱལ་མཚན་ནི་དཔལ་ལྡན་འཚོ་བྱེད་ཀྱི་སྐུ་ཚ་ཡིན་ཞིང་། གསེར་བྲེ་སོགས་ཡིག་ཆ་ཡང་དུ་མར་མཛད། ཁོང་གིས་གསེར་བྲེའི་རྐང་བམ་གསོ་བ་ནི་བུ་རྣམ་རྒྱལ་དཔལ་བཟང་དང་། དཔལ་མགོན་སྐྱབས་པད་གཉིས་ཀྱི་དོན་དུ་མཛད་པ་ཡིན་ཚུལ་བཤད་ཡོད་པས།  ཁོང་གི་བུ་གཉིས་པོས་གསོ་རིག་སློབ་གཉེར་བྱས་ཡོད་པ་ནི་གདོན་མི་ཟའོ། །

གོང་དུ་སྡེ་སྲིད་ཀྱིས་དྲངས་པ་ལྟར་ན། བྲང་ཏི་དཔལ་ལྡན་རྒྱལ་མཚན་ནས་བྲང་ཏི་ཀུན་དགའ་བཟང་པོ་དང་། དེ་ནས་བྲང་ཏི་སྟག་ལ་དཔལ། དེ་ནས་བྲང་ཏི་རྡོ་རྗེ་དཔལ་བཟང་བརྒྱུད་ཡོད་པར་བཤད་ཡོད། འོན་ཀྱང་འོག་ཏུ་འཆད་འགྱུར་ལྟར་བྲང་ཏི་རྡོ་རྗེ་དཔལ་བཟང་གི་ཡབ་དང་སློབ་དཔོན་ནི་དཔལ་འབྱོར་རྒྱལ་མཚན་ཡིན་ཚུལ་གསལ་བས། རྡོ་རྗེ་དཔལ་བཟང་ནི་སྟག་ལ་དཔལ་དང་དཔལ་འབྱོར་རྒྱལ་མཚན་གཉིས་ཀ་བསྟེན་ཡོད་པ་ཨེ་ཡིན་སྙམ།

དཔལ་འབྱོར་རྒྱལ་མཚན་ནི་གོང་དུ་བསྟན་པ་ལྟར་རྡོ་རྗེ་དཔལ་བཟང་གི་ཡབ་དང་སློབ་དཔོན་ཡིན་སྟེ། དེ་ཡང་མན་ངག་པོ་ཏི་དམར་པོ་རུ་བཀོད་པའི་རྡོ་རྗེ་དཔལ་བཟང་གིས་བྲིས་པའི་ཆུང་དཔྱད་ཡིད་བཞིན་ནོར་བུ་ལས་འདི་ལྟར་གསུངས་ཏེ། འཚོ་བྱེད་ཀུན་གྱི་གཙུག་རྒྱན་དྲང་སྲོང་མཆོག །ལེགས་པར་བརྩེ་བས་བསྐྱངས་པའི་དྲིན་ཅན་། །རིགས་རུས་ཕུལ་དུ་ཕྱིན་པའི་བྲང་ཏི་པ། །དཔལ་འབྱོར་རྒྱལ་མཚན་བླ་མས་བདག་སྐྱོངས་ཤིག །ཆུང་དཔྱད་ཡིད་བཞིན་ནོར་བུ་བཤད་པར་བྱེད་པ་ལ། །ཞེས་པ་ལས་ཤེས་ནུས་སོ། །

བྲང་ཏི་རྡོ་རྗེ་དཔལ་བཟང་ནི་སྨན་པ་ཡིན་པར་མ་ཟད། སྨན་གྱི་བསྟན་བཅོས་ཀྱང་མཛད་ཡོད་དེ། མན་ངག་པོ་ཏི་དམར་པོ་ལས། ཆུང་སྤྱད་[དཔྱད]རྒྱས་འབྲིང་བསྡུས་གསུམ།   རྒྱུད་མན་ངག་གཅེས་འཕྲང་[འཕྲེང]སོགས། ཀུན་དང་མཐུན་པའི་བསྟན་ཆོས་[བཅོས]འདི། བྲང་ཏིའི་མིང་ཅན་བཛྲ་ཤྲི་བྷ་ཏྲས། མེ་མོ་ཕག་གི་ལོ་སྒྲོན་[སྣྲོན]གྱི་ཟླ་བའི་ཚེས་བཅྭོ་[བཅོ་]ལྔའི་ཉིན། སྨན་གྲོང་བཀྲིས་གླིང་དུ་སྡེབས་པ་ཡིན། ཞེས་པ་ལྟར་པོད་དམར་དུ་དྲངས་པའི་ཆུང་དཔྱད་རྒྱས་འབྲིང་བསྡུས་གསུམ་ཞེས་པའི་བྱིས་པ་གསོ་ཐབས་ཀྱི་གཞུང་དེ་ནི་བཛྲ་ཤྲི་བྷ་ཏྲ་སྟེ་རྡོ་རྗེ་དཔལ་བཟང་གིས་མཛད་པ་ཡིན་པར་གསལ་ལོ། །

བྲང་ཏི་དཔལ་འབྱོར་དོན་གྲུབ་ནི་གོང་དུ་སྡེ་སྲིད་རིན་པོ་ཆེས་གསུངས་པ་ལྟར་བྲང་ཏི་རྡོ་རྗེ་དཔལ་བཟང་གིས་གཞུང་གདམས་མན་ངག་དང་བཅས་པ་གནང་བའི་སློབ་མ་ཡིན་པར་བཤད་དེ་ཉིད་ཀྱི་སྲས་ཀྱང་མིན་ནམ་སྙམ། 

བྲང་ཏི་དཔལ་མགོན་རྡོ་རྗེ་ནི་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་སློབ་དཔོན་ཡིན་སྟེ། དེ་ཡང་གོང་སྨན་པའི་མཛད་པའི་ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་རྒྱུད་དོན་གསལ་བྱེད་ལས། འགྲོ་བའི་མགོན་པོ་ཆེན་པོ་བྲང་ཏི་དཔལ་མགོན་རྡོ་རྗེ་དང་། བདག་ལ་ཕ་གོ་མ་གོ་སློབ་དཔོན་གྱི་གོ་གསུམ་སྤྱད་པའི་བཀའ་དྲིན་ཅན། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཆེན་པོ། གོང་སྨན་ཆོས་ཀྱི་མཚན་ཅན་དང་གཉིས་ཀྱིས་རྗེས་སུ་བཟུང་པ་སློབ་བུའི་ཐ་ཆུང་གོང་ཁ་བ་དཀོན་མཆོག་བདེ་ལེགས་ཀྱིས་སྦྱར་བ་ཞེས་པ་ལས་ཤེས་ནུས་སོ། །དེ་བཞིན་གསོ་རིག་དགོས་པ་ཀུན་འབྱུང་ལས་ཀྱང་བྲང་ཏི་དཔལ་མགོན་རྡོ་རྗེ་དང་། གོང་སྨན་ཆོས་ཀྱི་མཚན་ཅན་གཉིས་གོང་ཁ་བ་དཀོན་མཆོག་བདེ་ལེགས་ཀྱི་སློབ་དཔོན་ཡིན་པར་བསྟན་ཡོད།

བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ནི་གོང་སྨན་དཀོན་མཆོག་འཕན་དར་(1511-1576)གྱི་སློབ་དཔོན་ཡིན་ཞིང་། དཀོན་མཆོག་འཕན་དར་གྱིས་སློབ་དཔོན་དེ་ཉིད་ཀྱི་དྲུང་དུ་རྒྱུད་བཞི་དང་། ཡན་ལག་བརྒྱད་པ། གསེར་བྲེ་དང་དངུལ་བྲེ། བདུད་རྩི་བུམ་ཆེན་སོགས་ཀྱི་ལུང་མན་ངག་དང་བཅས་པ་ཞུ་གནང་བར་མཛད། དཀོན་མཆོག་འཕན་དར་བྱོན་པའི་དུས་ཚོད་ལ་དཔག་ན་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ནི་དུས་རབས་བཅུ་དྲུག་སྐབས་སུ་བྱོན་པའི་བྲང་ཏིའི་མཁས་པ་ཞིག་ཡིན་པར་ཤེས་ཐུབ།  

བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ཀྱི་རྗེས་སུ་ས་སྐྱ་སྨན་གྲོང་པའི་བརྒྱུད་པ་རྣམས་ཀྱིས་མུ་མཐུད་གསོ་རིག་སློབ་གཉེར་བྱེད་ཀྱི་ཡོད་པར་སྣང་སྟེ། དེ་ཡང་གོང་སྨན་པའི་ཉམས་ཡིག་བརྒྱ་རྩ་རུ་ཚ་སྐྲན་དང་། གྲང་སྐྲན། སྟོད་འཚངས་བཅོས་ཐབས་སོགས་བྲང་ཏི་སྨན་གྲོང་པའི་སྲས་པོ་ལ་གནང་ཚུལ་བཤད་ཡོད།  གཞན་ཡང་གོང་དུ་བསྟན་པ་ལྟར་ན། བྲང་ཏི་ཀུན་དགའ་དོན་གྲུབ་ལས་ཟུར་མཁར་བློ་གྲོས་རྒྱལ་པོས་ལུང་བཤད་ཀྱི་རྒྱུན་རྣམས་ཞུས་ཚུལ་གསལ་བས་ཀྱང་ཤེས་ནུས།  

བྲང་ཏི་ཀུན་དགའ་དོན་གྲུབ་ཀྱི་སྲས་བྲང་ཏི་པཎ་ཆེན་ནམ་མཁའ་དཔལ་བཟང་(1535-1602)ཡིན། མུས་ཆེན་སངས་རིན་གྱི་བུ་ཆེན་ནམ་མཁའ་སངས་རྒྱས་ཞབས་ནས་ཁོང་ལ་ལྷ་རྗེ་སློབ་གཉེར་མ་བྱེད། མདོ་རྒྱུད་ལ་སློབ་གཉེར་གྱིས། བསྟན་པ་དང་སེམས་ཅན་ལ་ཕན་པ་སྲིད་གསུངས་པས་ནམ་མཁའ་དཔལ་བཟང་ནས་ཆོས་ཕྱོགས་ཀྱི་སློབ་གཉེར་གཙོ་ཆེར་མཛད་ཡོད་ཀྱང་། ཡབ་ལས་སྨན་གྱི་རྒྱུད་བཞི་གསན་བཞེས་མཛད་ཡོད་ཚུལ་འཁོད་འདུག ཁོང་གིས་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་གསུམ་པ་མཛད།  དེ་ནས་བཟུང་བྲང་ཏིའི་མི་བརྒྱུད་ལས་བྱུང་བའི་མཁས་གྲུབ་དུ་མ་ཞིག་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་མཛད་པར་སྣང་། འོན་ཀྱང་སྙན་གྲགས་ཅན་གྱི་བྲང་ཏིའི་ལྷ་རྗེ་བྱོན་པའི་ལོ་རྒྱུས་ད་ཕན་མ་མཐོང་བས། དུས་དེ་ནས་བཟུང་བྲང་ཏིའི་བརྒྱུད་པ་ལ་བརྟེན་ནས་བྱུང་བའི་གསོ་དཔྱད་ཀྱི་འཕྲིན་ལས་རིམ་བཞིན་ཉམས་རྒུད་ཕྱིན་པ་ཨེ་ཡིན་སྙམ། །

བྲང་ཏི་ནམ་མཁའ་སངས་རྒྱས་(དུས་རབས་ ༡༦ སྨད -- ༡༧ སྟོད་)ནི་ནམ་མཁའ་དཔལ་བཟང་གི་དབོན་པོ་ཡིན། དེས་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་བདུན་པ་མཛད། མཁན་ཆེན་ནམ་མཁའ་རིན་ཆེན་(1612-1657)ནི་བྲང་ཏི་ནམ་མཁའ་སངས་རྒྱས་ཀྱི་དབོན་པོ་ཡིན། དེས་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་བཅུ་དགུ་པ་མཛད། སྨན་གཞུང་གསན་བསམ་མཛད་མིན་གསལ་ཁ་མ་མཆིས། མཁན་ཆེན་ཤེས་བྱ་བཟང་པོ་(1661-1702)ནི་ཡུམ་བྲང་ཏིའི་དབོན་རིགས་ལས་འཁྲུངས་ཤིང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཉེར་བདུན་པ་མཛད། བྲང་ཏི་བྱམས་པ་ནམ་མཁའ་བསམ་གྲུབ་(1696-1754) ནི་བྲང་ཏིའི་དབོན་རིགས་ལས་འཁྲུངས་ཤིང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་གསུམ་པ་མཛད། བྱམས་པ་ནམ་མཁའ་འཆི་མེད་(1765-1820) ནི་བྲང་ཏིའི་གདུང་ལས་འཁྲུངས་ཤིང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཞེ་བཞི་པ་མཛད། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་(1776-1862) ཡང་བྲང་ཏིའི་གདུང་ལས་འཁྲུངས་ཤིང་ངོར་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ཞེ་བདུན་པ་མཛད། དེ་ཉིད་ཀྱི་གཅུང་པོ་རྣལ་འབྱོར་འཇམ་དཔལ་བཟང་པོ་(1789-1864) ཡང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་གཅིག་པ་མཛད། མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཞབས་(1829-1870) ནི་བྲང་ཏི་མཁས་པའི་རིགས་ལས་འཁྲུངས་ཤིང་ངོར་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ང་བཞི་པ་མཛད། འཇམ་དབྱངས་རིན་ཆེན་རྡོ་རྗེ་(1837-1901)ནི་བྲང་ཏིའི་རིགས་ལས་མཆེད་པའི་ཡུམ་ལས་འཁྲུངས་ཤིང་ངོར་གྱི་གདན་རབས་ང་བརྒྱད་པ་མཛད། འཇམ་དབྱངས་ཀུན་བཟང་བསྟན་པའི་རྒྱལ་མཚན་(དུས་རབས༡༩སྨད --༢༠སྟོད)ནི་བྲང་ཏི་མཁས་པའི་གདུང་ལས་འཁྲུངས་ཤིང་ངོར་གྱི་གདན་རབས་རེ་གསུམ་པ་མཛད། དེ་ཉིད་ཀྱི་སྐུ་ཡི་སྲིང་མོ་ལས་འཁྲུངས་པའི་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་(དུས་རབས་༢༠སྟོད)ནི་ངོར་གདན་རབས་རེ་བདུན་པ་མཛད།   

གོང་གི་རྒྱུ་མཚན་དེ་དག་ལ་གཞིགས་ན། མ་མཐར་ཡང་དུས་རབས་བརྒྱད་པ་ནས་བཅུ་བདུན་བར་བྲང་ཏི་ནི་བོད་ཀྱི་གསོ་དཔྱད་བསྟན་པ་འཛིན་མཁན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པར་འདུག་པས།  དམར་བྱང་མ་བུའམ་དམར་བྱང་རྩ་འགྲེལ་ཡང་དུས་རབས་དེ་དག་གི་ནང་དུ་བྲང་ཏིའི་བརྒྱུད་པ་ལ་བརྟེན་ནས་འཆད་ཉན་བྱས་ཡོད་པར་སེམས་སོ། །དུས་རབས་བཅུ་བདུན་ཙམ་ནས་ངོར་ཨེ་ཝཾ་གྱི་གདན་རབས་མང་དག་ཅིག་ནི་བྲང་ཏི་བརྒྱུད་པ་ལས་བྱུང་བས། ཆོས་ཕྱོགས་ཀྱི་མཁས་གྲུབ་མང་པོ་བྱུང་ཡོད་ཚུལ་ནི་ཡིག་ཆ་ཁག་ཏུ་གསལ། འོན་ཀྱང་གྲགས་ཅན་སྨན་པ་མཁས་པ་ནི་བྱུང་ཡོད་ཚུལ་ད་བར་ཡིག་ཆ་ཁག་ཏུ་མ་མཐོང་བས། དུས་རབས་བཅུ་བདུན་ཙམ་ནས་བྲང་ཏིའི་བརྒྱུད་པ་དག་གི་གསོ་དཔྱད་འཕྲིན་ལས་ཉམས་རྒུད་སོང་བ་དང་སྦྲགས་དམར་བྱང་འཆད་ཉན་གྱི་རྒྱུན་ཡང་ཆད་པ་ཨེ་ཡིན་སྙམ། །

 

བྱང་ཁོག་དམར་བྱང་དང་རྒྱུད་བཞི་དབར་གྱི་འབྲེལ་བ་རགས་ཙམ་དཔྱད་པ།

བྱང་ཁོག་དམར་བྱང་ནང་དུ་བྱང་ཁོག་སྟོད་ཀྱི་གནས་ལུགས། རྟགས། གསོ་ཐབས་སོགས་རྒྱས་པར་བསྟན་ཡོད། དེ་ཡང་ཐོག་མར་གཞུང་འདི་ཉིད་གང་ལས་བྱུང་བའི་ལོ་རྒྱུས་བསྟན་ཡོད། དེའི་རྗེས་སུ་གཞུང་དོན་མདོར་བསྟན་གྱི་ཚུལ་དུ་བསྟན། དེ་ནི་བྱང་ཁོག་གནས་ལུགས་སྐབས་ཀྱི་མདོར་བསྟན་དང་ཕལ་ཆེར་དང་མཚུངས། ལེའུ་དང་པོ་ཤ་གནད་བསྟན་པའི་ལེའུ་སྟེ་དེ་ནི་རྒྱུད་བཞིའི་བྱང་ཁོག་གནས་ལུགས་སྐབས་ཀྱི་གཡོགས་པ་ཤ་ཡི་གནས་ལུགས་ཀྱི་ནང་དོན་དང་ཕལ་ཆེར་གཅིག་པ་ཡིན།

ལེའུ་གཉིས་པ་རུས་གནད་བསྟན་པའི་ལེའུ་སྟེ་དེ་ནི་རྒྱུད་བཞིའི་བྱང་ཁོག་གནས་ལུགས་ཀྱི་བརྟེན་པ་རུས་པའི་གནས་ལུགས་ཀྱི་ནང་དོན་དང་ཕལ་ཆེར་མཚུངས། མི་འདྲ་བའི་ཁྱད་པར་ནི་རྒྱུད་ལས་རྣམ་གྲངས་ཙམ་ལས་བསྟན་མེད། འོན་ཀྱང་དམར་བྱང་དུ་རུས་པ་དེ་དག་གི་རྟགས་དང་བཅས་པ་རྒྱས་པར་བཤད་ཡོད།

ལེའུ་གསུམ་པ་རྩ་ཐིག་བསྟན་པའི་ལེའུ་སྟེ་དེ་ནི་འབྲེལ་བ་རྩའི་གནས་ལུགས་ཀྱི་ནང་དོན་དང་ཕལ་ཆེར་མཚུངས་པ་ཡིན།

ལེའུ་བཞི་པ་གསང་ཐིག་བསྟན་པའི་ལེའུ་སྟེ་དེ་ནི་རྒྱུད་བཞིའི་བྱང་ཁོག་སྟོད་ཀྱི་རྒྱ་དཀར་གསང་གི་གནས་ལུགས་ཀྱི་ནང་དོན་དང་འདྲ། འོན་ཀྱང་གཞུང་དེ་གཉིས་ལས་བསྟན་པའི་རང་གསང་། མདའ་གསང་དང་། ཕོག་གསང་། དབྱེ་གསང་གི་ངོས་འཛིན་བྱེད་སྟངས་ཐད་ལ་ཁྱད་པར་ཡོད། 

ལྔ་པར་ཡུལ་ཐིག་བསྟན་པའི་ལེའུ་ནི་བྱང་ཁོག་སྟོད་ཀྱི་བགོ་སྐལ་ས་བཅད་ཡུལ་གྱི་གནས་ལུགས་ཀྱི་ནང་དོན་དང་ཕལ་ཆེར་མཚུངས་པར་ཡིན།

ལེའུ་དྲུག་པར་ལྷན་ཅིག་སྐྱེས་པའི་ནད་གསོ་བའི་ནང་དུ་བསྟན་པའི་གློ་རླུང་དང་བད་ཀན་གློ་ལ་བབས་པའི་རྟགས་བཅོས་གཉིས་ནི་མན་རྒྱུད་གློ་ནད་ལེའུར་བསྟན་པའི་ཐང་པོ་དང་། ཐེས་པོ་གཉིས་ཀྱི་རྟགས་བཅོས་དང་ཕལ་ཆེར་མཚུངས། 

ལེའུ་བདུན་པ་ནང་བརྟོལ་བྱེ་བྲག་བསྟན་པའི་ལེའུར་གསལ་བའི་སྙིང་ངམ་སྙིང་རྩ་འགྲམས་པ་དང་གློ་བ་འགྲམས་པའི་རྟགས་བཅོས་ནི་ཕལ་ཆེར་མན་རྒྱུད་འགྲམས་ཚད་ལེའུར་བསྟན་པའི་སྙིང་དང་གློ་བ་འགྲམས་པའི་རྟགས་བཅོས་དང་ཕལ་ཆེར་མཚུངས། བརྟོལ་པའི་རྟགས་དང་། བརྟོལ་བའི་མ་བརྟོལ་བ་དང་། མ་བརྟོལ་བརྟོལ་བ། ཉེན་ཆེ་ཆུང་སོགས་ཀྱི་བརྗོད་བྱ་རྗོད་བྱེད་གཉིས་ཀ་མན་རྒྱུད་བྱང་ཁོག་ལེའུའི་སྐབས་དང་འདྲ།

ལེའུ་བརྒྱད་པ་འཚོ་འཆི་མཚན་ཉིད་བསྟན་པའི་ལེའུའི་ནང་དོན་ཕལ་ཆེར་ནི་རྒྱུད་བཞིའི་བྱང་ཁོག་གསོ་བའི་ལེའུའི་དོན་སྣོད་ཟིན་པའི་རྟགས་བསྟན་པའི་ས་བཅད་དང་ཕལ་ཆེར་མཚུངས།

ལེའུ་དགུ་པ་མར་འདྲེན་ཁུགས་ཀྱི་ལེའུ་ནི་རྒྱུད་བཞིའི་བྱང་ཁོག་གསོ་བའི་ལེའུའི་ཁྲག་ཁུགས་མར་འདྲེན་གྱི་སྐབས་དང་ཕལ་ཆེར་མཚུངས་སོ། །

ལེའུ་བཅུ་པ་ཟག་པ་བཅད་ཐབས་ལེའུར་བསྟན་པའི་གཏར་རྩ་བརྒྱད་ཀྱི་སྐོར་ནི་རྒྱུད་བཞིའི་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་གཅིག་མཚུངས་ཡིན། དེ་བྱིངས་ཚིག་དོན་གཞན་རྣམས་ཀྱང་བྱང་ཁོག་གསོ་བའི་རྒྱུད་ཚིག་དང་འདྲ་བོ་ཡོད། 

ལེའུ་བཅུ་གཅིག་ཤ་གནད་བཅོས་པའི་ལེའུར་གསལ་བའི་སྨན་སྦྱོར་རེ་ཟུང་ནི་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་གཅིག་པ་ཡིན། སྨན་སྦྱོར་ཁ་ཤས་ནི་ཕལ་ཆེར་མཚུངས་ཤིང་། སྨན་སྦྱོར་ཁག་གཅིག་ནི་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་མི་འདྲའོ། །

 ལེའུ་བཅུ་གཉིས་རྩ་གནད་བཅོས་པའི་ལེའུར་བསྟན་པའི་མེ་བཙས་རྩ་ཆད་འཐུད་ཐབས་དང་། ཁྲག་ཤོར་གཅོད་ཐབས། གསང་ཁ་བསྡམ་ཐབས། གཟེར་ཟུག་གཅོག་ཐབས་བཅས་ནི་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་ཤིན་ཏུ་འདྲ་བར་མ་ཟད། དེ་བཞིན་རྩ་ཚད་གཞོམ་པའི་སྨན་སྦྱོར་ཁ་བསྒྱུར་དང་བཅས་པ་དང་། ཁད་སྤུ་གཞུག་པའི་སྨན་སྦྱོར་བཅས་ནི་དམར་བྱང་དང་མན་རྒྱུད་བྱང་ཁོག་གསོ་བའི་ལེའུ་གཉིས་གཅིག་པ་ཡིན།

ལེའུ་བཅུ་གསུམ་རྣག་དང་ཆུ་སེར་བཤལ་སྐྱུག་གི་ལེའུར་བསྟན་པའི་ཆུ་སེར་ཁོང་དུ་ཤོར་བ་སྐྱུགས་ཀྱིས་འདྲེན་ཚུལ་དང་། མཆིན་དྲི་ནག་པོ་མཚོན་གྱིས་ཟིན་པའི་རྟགས་སོགས་ནི་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་གཅིག་མཚུངས་ཡིན།

ལེའུ་བཅུ་བཞི་པ་སྐེམས་སྦྱོར་གྱི་ལེའུ་དང་མན་རྒྱུད་བྱང་ཁོག་གསོ་བའི་ལེའུ་གཉིས་ཀར་བསེ་རུ་དང་དངུལ་ཆུ་མུ་ཟི་བཅས་ཀྱི་སྦྱོར་བ་ནི་རྣག་དང་ཆུ་སེར་སྐེམས་པར་བྱེད་པའི་སྨན་གཙོ་བོར་བཞག་ཡོད། འོན་ཀྱང་གཞུང་དེ་གཉིས་སུ་བསྟན་པའི་སྨན་སྦྱོར་ལ་ཁྱད་པར་ཆེ་ཙམ་ཡོད།

བཅོ་ལྔ་པ་རྣག་རྟགས་ཀྱི་ལེའུར་རྣག་ཡོད་མེད་ཀྱི་ཕྱི་རྟགས་བསྟན་ཡོད་ཅིང་དེར་བསྟན་པའི་རྟགས་ཕལ་མོ་ཆེ་ནི་མན་རྒྱུད་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་གཅིག་པ་ཡིན།

བཅུ་དྲུག་པར་འདྲ་མིན་གྱི་ནོར་སོ་བཞིའི་ལེའུར་བསྟན་པའི་རྣག་གི་གསང་རྟགས་ནི་བྱང་ཁོག་གསོ་བའི་སྐབས་དང་ཕལ་ཆེར་གཅིག་མཚུངས་ཡིན།

ལེའུ་བཅུ་བདུན་པ་ལ་རྣག་གི་བཙལ་ལུགས་བསྟན་པའི་ལེའུ་ཞེས་པ་དེ་ཉིད་ཀྱི་ནང་དུ་མི་རིགས་རླུང་མཁྲིས་བད་ཀན་གསུམ་དང་གློ་བ་རིགས་མི་འདྲ་བ་གསུམ་དང་སྦྱར་ནས་བཤད་ཡོད། སྦྱར་ཚུལ་དེ་ལྟ་བུ་ནི་དཔལ་ལྡན་རྒྱུད་བཞིའི་ནང་དུ་བསྟན་ཡོད་པར་མ་མཐོང་།

ལེའུ་བཅོ་བརྒྱད་པར་བསྟན་པའི་གློ་སྦུབས་རྣག་ཡོད་པའི་རྟགས་དང་། རྣག་གྱེན་དུ་འདྲེན་པའི་སྨན་སྦྱོར་ཁག་གཅིག་དང་། དེ་བཞིན་གཞལ་བ་ཐིག་ལ་བརྟག་པའི་ཐབས་དང་། སྤྲུགས་པའི་སྐད་ལ་བརྟག་པའི་ཐབས་བཅས་ནི་རྒྱུད་བཞིར་བསྟན་པ་དང་ཕལ་ཆེར་མཚུངས་པ་ཡིན། 

ལེའུ་བཅུ་དགུ་པ་གསང་གི་ལག་ལེན་བསྟན་པའི་ལེའུར་བསྟན་པའི་ཉིན་རེའི་རྣག་གི་དབྱུང་ཐེངས་ནི་རྒྱུད་བཞི་དང་ཕལ་ཆེར་མཚུངས་པ་ཡིན། འོན་ཀྱང་མན་རྒྱུད་བྱང་ཁོག་གསོ་བའི་ལེའུ་ལྟར་ཞིབ་ཅིང་ཕྲ་བ་ནི་བསྟན་མེད་དོ། །

ལེའུ་ཉི་ཤུར་རྣག་པྲ་དང་རྨ་ཆས་གཞུག་ཐབས་བཅས་བསྟན་ཡོད་ཅིང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ཕལ་ཆེར་མན་རྒྱུད་བྱང་ཁོག་སྐབས་དང་འདྲའོ། །

ལེའུ་ཉེར་གཅིག་པ་ནི་རྨ་ཁྲུས་བསྟན་པའི་ལེའུ་སྟེ། དེ་ཉིད་ནང་དུ་བསྟན་པའི་རྣག་ལ་བཀྲུ་བཤལ་བྱ་ཐབས་དང་ཐེམ་བུ་གཞོན་ཐབས་ནི་མན་རྒྱུད་བྱང་ཁོག་སྐབས་དང་ཕལ་ཆེར་འདྲ་བོ་ཡོད།

ལེའུ་ཉེར་གཉིས་པར་རྣག་རྗེས་གཅད་པའི་ལེའུ་སྟེ། དེ་ཉིད་ཀྱི་ནང་རྣག་འབྱམས་པའི་རྒྱུ་དྲུག་དང་དེ་དག་གི་བཅོས་ཐབས་བསྟན་ཡོད། རྣག་འབྱམས་པའི་རྒྱུ་དྲུག་ནི་དམར་བྱང་དང་མན་རྒྱུད་བྱང་ཁོག་གསོ་བའི་ལེའུ་གཉིས་གཅིག་པ་ཡིན་མོད། དེ་དག་གི་བཅོས་ཐབས་ནི་གཞུང་གཉིས་སུ་བསྟན་པ་རྣམས་ཕལ་ཆེར་མཚུངས་སོ། །

 

མཇུག་བསྡུ་བ།

བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ཞེས་པ་ནི་འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་མེས་ཨག་ཚོམས་ཀྱི་སྐུ་དུས་སུ་བྱུང་བའི་གསོ་དཔྱད་ཀྱི་གཞུང་ལུགས་རྙིང་མ་ཞིག་ཡིན་ཞིང་། སྨན་པ་བི་ཅི་དང་བེག་ལྷའམ། ཡང་ན་ཁྲོམ་གྱི་སྨན་པ་ཙན་པ་ཤི་ལ་ཧས་བོད་སྐད་དུ་བསྒྱུར་ཚུལ་བཤད་ཡོད་ཀྱང་ཚིག་དོན་ལ་བརྟག་ན་གཞུང་འདི་ནི་བོད་སྐད་ཐོག་ཏུ་བརྩམས་པའི་བསྟན་བཅོས་ཤིག་ཡིན་པར་སེམས། དུས་རབས་བརྒྱད་པའི་སྐབས་སུ། བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གཞུང་དེ་ཉིད་བྲང་ཏི་རྒྱལ་མཉེས་མཁར་བུ་ལ་གནང་བ་ནས་བཟུང་བྲང་ཏིའི་བརྒྱུད་པ་ལ་བརྟེན་ནས་འཆད་ཉན་བྱས་ཤིང་། མཐར་དུས་རབས་བཅུ་བདུན་ཙམ་ན་འཆད་ཉན་གྱི་རྒྱུན་ཆད་པར་སྣང་ངོ་། །

ཤ་དང་། རུས་པ། རྩ།  གསང་། ས་བཅད་ཡུལ་སོགས་བྱང་ཁོག་སྟོད་ཀྱི་གནས་ལུགས་དང་། བྱང་ཁོག་བརྟོལ་བའི་རྟགས་དང་། བརྟོལ་བའི་མ་བརྟོལ་བ་དང་། མ་བརྟོལ་བརྟོལ་བ། ཉེན་ཆེ་ཆུང་། དོན་སྣོད་དང་མཆིན་དྲི་ནག་པོ་མཚོན་གྱིས་ཟིན་པའི་རྟགས། རྣག་ཡོད་མེད་ཀྱི་ཕྱི་རྟགས། རྣག་གི་གསང་རྟགས། གློ་སྦུབས་རྣག་ཡོད་པའི་རྟགས། རྣག་ཡོད་མེད་གཞལ་བ་ཐིག་དང་སྤྲུགས་པའི་སྐད་ཀྱིས་བརྟག་ཐབས་སོགས་བརྟག་པའི་ཐབས་དང་། དེ་བཞིན་སྨན་སྦྱོར་དང་། གཏར་བསྲེག ཁྲག་ཁུགས་མར་འདྲེན། ཉིན་རེའི་རྣག་གི་དབྱུང་ཚད། རྣག་པྲ། རྨ་ཆས་གཞུག་ཐབས། རྣག་ལ་བཀྲུ་བཤལ་བྱ་ཐབས། ཐེམ་བུ་གཞོན་ཐབས་སོགས་བཅོས་ཐབས་སྐོར་རྣམས་དང་། རྣག་འབྱམས་པའི་རྒྱུ་དྲུག་དང་དེ་དག་གི་བཅོས་ཐབས་སོགས་ལོག་གནོན་རྗེས་བཅད་ཀྱི་སྐོར་བཅས་བསྟན་ཡོད། དེ་དག་ནི་མན་རྒྱུད་བྱང་ཁོག་གསོ་བའི་ལེའུར་བསྟན་པ་དང་གཅིག་པའམ་ཤིན་ཏུ་འདྲ་བའོ། །གཞན་ཡང་གློ་རླུང་དང་བད་ཀན་གློ་ལ་བབས་པའི་རྟགས་བཅོས་གཉིས་ནི་མན་རྒྱུད་གློ་ནད་ལེའུར་བསྟན་པའི་ཐང་པོ་དང་། ཐེས་པོ་གཉིས་ཀྱི་རྟགས་བཅོས་དང་ཕལ་ཆེར་མཚུངས། སྙིང་ངམ་སྙིང་རྩ་འགྲམས་པ་དང་གློ་བ་འགྲམས་པའི་རྟགས་བཅོས་ནི་ཕལ་ཆེར་མན་རྒྱུད་འགྲམས་ཚད་ལེའུར་བསྟན་པའི་སྙིང་དང་གློ་བ་འགྲམས་པའི་རྟགས་བཅོས་དང་ཕལ་ཆེར་མཚུངས་སོ། །མི་རིགས་རླུང་མཁྲིས་བད་ཀན་གསུམ་དང་གློ་བ་རིགས་མི་འདྲ་བ་གསུམ་དང་སྦྱར་ཚུལ་ནི་དཔལ་ལྡན་རྒྱུད་བཞིའི་ནང་དུ་བསྟན་ཡོད་པར་མ་མཐོང་། དེ་ལྟར་གོང་དུ་དམར་བྱང་དང་རྒྱུད་བཞིའི་དབར་ཕན་ཚུན་བསྡུར་བ་བྱས་པ་བརྒྱུད། རང་རེས་སྡོམས་ཚིག་འདི་ལྟར་འཇོག་ཆོག་སྟེ། བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ནི་རྒྱུད་བཞིའི་བྱང་ཁོག་ལེའུ་སྤྱི་དང་ཁྱད་པར་དུ་བྱང་ཁོག་སྟོད་གསོ་བའི་སྐབས་ཀྱི་རྒྱབ་རྟེན་གྱི་ཡིག་ཆ་གལ་ཆེ་ཤོས་ཤིག་ཡིན་ཞེས་བཤད་ཆོག  །

 

དཔྱད་གཞིའི་ཡིག་ཆ།

  • དཀོན་མཆོག་གྲགས་པས་མཛད་པའི་ 《ཨེ་ཝཾ་པའི་གདན་རབས་རིན་ཆེན་ཕྲེང་མཛེས་ཀྱི་ཁ་སྐོང་རྟོགས་བརྗོད་བྱིན་རླབས་འདོད་དགུའི་དཔལ་སྟེར》ནི་《ཨེ་ཝཾ་བཀའ་འབུམ》པོད་ཉིས་ཤུ་པའི་ནང་དུ་བསྡུས་ཤིང་དེ་ནི་སྤྱི་ལོ་ ༢༠༡༣ ལོར་པེ་ཅིན་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་གྲངས ༡༧༩ ནས་ ༢༦༥ བར།
  • མཁན་ཐུབ་བསྟན་སྙིང་པོས་མཛད་པའི་《ངོར་ཨེ་ཝཾ་ཆོས་ལྡན་གྱི་ལོ་རྒྱུས་ངོ་མཚར་ནོར་བུའི་ཕྲེང་བ་》ནི་སྤྱི་ལོ་༢༠༠༤ལོར་ལན་ཀྲུའུ་རུ་ཤང་ཀང་ཐེན་མྰ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། 
  • མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་《དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་ནོར་བུའི་ཕྲེང་བ།》ནི་《ཨེ་ཝཾ་བཀའ་འབུམ》པོད་ཉིས་ཤུ་པའི་ནང་དུ་བསྡུས་ཤིང་དེ་ནི་སྤྱི་ལོ་ ༢༠༡༣ ལོར་པེ་ཅིན་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་གྲངས་ ༡༡༨ ནས་༡༧༨ བར།
  • གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་མཛད་པའི་《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ་》ནི་སྤྱི་ལོ་ ༢༠༠༦ ལོར་པེ་ཅིང་དུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། 
  • གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་རྒྱུད་དོན་གསལ་བྱེད་བྲིས་མ་དཔར་སློག་རྒྱབ་པ།
  • གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་མན་ངག་པོ་ཏི་དམར་པོ་སྟོད་ཆ་དང་སྨད་ཆ་གཉིས་ནི་སྤྱི་ལོ་ ༢༠༡༠ ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། 
  • གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་གསོ་རིག་དགོས་པ་ཀུན་འབྱུང་སྟོད་ཆ་དང་སྨད་ཆ་གཉིས་ནི་སྤྱི་ལོ་ ༢༠༠༥ ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། 
  • གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་《རིན་པོ་ཆེའི་བཀྲ་ཤིས་མངའ་གསོལ་》ནི་བྲིས་མ་དཔར་སློག་རྒྱབ་པ་ཞིག་ཡིན།
  • གོང་སྨན་དཀོན་མཆོག་ཕན་དར་གྱིས་མཛད་པའི་《ཉམས་ཡིག་བརྒྱ་རྩ།》སྤྱི་ལོ༡༩༩༨ལོར་ཟི་ལིང་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། །
  • འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་《དེབ་ཐེར་སྔོན་པོ་》སྟོད་ཆ་དང་སྨད་ཆ་གཉིས་ནི་སྤྱི་ལོ་ ༡༩༨༥ ལོར་ཁྲེན་ཏུར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། 
  • ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ནི་རྡོ་རྗེ་རྒྱལ་པོས་བསྒྲིགས་ཏེ་སྤྱི་ལོ་ ༡༩༨༦ ལོར་པེ་ཅིན་དུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
  • འཇམ་དབྱངས་བསྟན་པའི་ཉི་མས་མཛད་པའི་《ཨེ་ཝཾ་པའི་མཁན་རབས་རིམ་བྱོན་གྱི་གདན་རབས་ནོར་བུའི་ཕྲེང་བའི་ཡང་སྐོང་ནོར་བུའི་ཕྲེང་རྒྱན་》ནི་《ཨེ་ཝཾ་བཀའ་འབུམ་》པོད་ཉིས་ཤུ་པའི་ནང་དུ་བསྡུས་ཤིང་དེ་ནི་སྤྱི་ལོ་ ༢༠༡༣ ལོར་པེ་ཅིན་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་གྲངས་ ༣༢༡ ནས་ ༣༦༢ བར།
  • སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བེེཌྰུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་》ནི་སྤྱི་ལོ་ ༡༩༨༢ ལོར་ལན་ཀྲུའོ་རུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
  • དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་བྱུང་མཁས་པའི་དགའ་སྟོན་》སྟོད་ཆ་དང་སྨད་ཆ་གཉིས་ནི་སྤྱི་ལོ་ ༡༩༨༦ ལོར་པེ་ཅིང་དུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
  • བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་《བུ་སྟོན་ཆོས་འབྱུང་》ནི་སྤྱི་ལོ་ ༡༩༨༨ ལོར་པེ་ཅིན་དུ་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
  • བྱང་ཁོག་དམར་བྱང་གསལ་པའི་སྒྲོན་མེ་བཞུགས་སོ། བྲིས་མ། [བསྡུས་མིང་། དམར་བྱང་། བྲིས་མ།] བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་པའི་《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་རྒྱས་པ།》ནི་དབུ་མེད་བྲིས་མ་དཔར་སློག་རྒྱབ་པ་ཞིག་ཡིན།
  • བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་པའི་《མགོ་དང་བྱང་ཁོག་ཡན་ལག་གི་ཐིག་ཁྲེམས་གསལ་བའི་སྒྲོན་མེ་》ནི་དབུ་མེད་བྲིས་མ་(ཁ་པ་)དཔར་སློག་རྒྱབ་པ་ཞིག་ཡིན།
  • བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱིས་མཛད་པའི་《བྲང་ཏི་ལྷ་རྗེ་རིམ་བརྒྱུད་ཀྱི་མན་ངག་གསེར་བྲེ་ཆེན་མོ་》ནི་སྤྱི་ལོ་ ༢༠༠༥ ལོར་ལྷ་སར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
  • བློ་གཏེར་དབང་པོས་མཛད་པའི་《ཤྲྰི་ཨེ་ཝྃ་པའི་གདན་རབས་ནོར་བུའི་ཕྲེང་བའི་ཞལ་སྐོང་བདུད་རྩིའི་ཐིགས་ཕྲེང་》ནི་《ཨེ་ཝཾ་བཀའ་འབུམ་》པོད་ཉིས་ཤུ་པའི་ནང་དུ་བསྡུས་ཤིང་དེ་ནི་སྤྱི་ལོ་ ༢༠༡༣ ལོར་པེ་ཅིན་དུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་གྲངས ༢༦༦ ནས་ ༣༢༠ བར།
  • ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《སྨན་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བའི་ཤེས་བྱ་སྤྱིའི་ཁོག་དབུབས་》ནི་ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་ཞུ་དག་བྱས་ཏེ་སྤྱི་ལོ་ ༢༠༠༡ ལོར་ཁྲེན་ཏུར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།

 

རྩོམ་ཁུངས། བོད་ཀྱི་གསོ་རིག་དྲྭ་བ།





 

མཐའ་མའི་འདོན་ཐེངས་།: 10.04.2023 ཉིན། 10:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།