སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

བཻ་སྔོན་སོགས་སྨན་གཞུང་མང་པོ་བརྩམས་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.01.2022
སྡེ་སྲིད་ཁོག་འབུགས། >>

བཻ་སྔོན་སོགས་སྨན་གཞུང་མང་པོ་བརྩམས་ཚུལ།

དེ་བསྟུན་བར་དུ་ནུབ་པ་དང་ལོག་ལམ་འཕྱན་པ་རྣམས་རྣམ་དག་གི་ལམ་དུ་གཅུར་ནས་རྒྱུད་བཞི་གའི་འགྲེལ་བ་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻ་ཌཱུརྱ་སྔོན་པོའི་མ་ལླི་ཀ་ཞེས་དཔེ་ཤོག་ཚད་མ་སྟོང་དང་ཉིས་བརྒྱ་སྐོར་ལོངས་པ་བརྩམས་པའི་དབུ་བཙུགས་པ་དང་། དགེ་བཤེས་ཆགས་པ་ཆོས་འཕེལ་འཛིན་ཤེ་གཞན་ལས་ཆེ་བ་འདུག་པས་འཛིན་བཅུག་པ་སྲིད་ཀྱི་བྲེལ་གཡེང་དང་བསྟུན་གཤིས་བཟུང་བར་ལག་གཏུགས་དོགས་པའི་བྲིས་གདན་ལྟ་བུ་ལས་བརླིང་བ་ཞིག་སྔར་ཕན་ཞུས་དག་མ་ཐུབ་རུང་རྩ་བཤད་ཕྱི་གསུམ་མན་རྒྱུད་དང་བཅས་ཡོངས་སུ་རྫོགས་པའི་འབྲི་བསྣན་དང་། དེའི་དོན་མ་ལུས་པ་ལག་མཐིལ་སྐྱུ་རུའི་རྣམ་པ་བཞིན་མཁས་ནས་བྱིས་པའི་བར་གྱི་བདེ་བླག་ཏུ་རྟོགས་པར་གཏན་ལ་ཕབ་པ་སྔོན་མེད་ཀྱི་བྲིས་ཆའི་སྐོར་ལ། དང་པོར་རྩ་རྒྱུད་ལེའུ་དང་པོའི་གླེང་གཞིའི་དོན་སྤྲུལ་བའི་གནས་སྨན་གྱི་ནགས་ཚལ་དང་གྲོང་ཁྱེར་གྱི་དབུས་ཚ་གྲང་ལྡན་འདུས་ཀྱི་གཉེན་པོའི་སྨན་སྐྱེ་ཞིང་སྟོབས་དང་ལྡན་པའི་རི་བོའི་རྩེར་ཕྱིའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་གཞལ་ཡས་ཁང་གི་ནང་དུ་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་སྟོན་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དེས་གསོ་རིག་གི་རྒྱུད་འདི་ཉིད་གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས། ཞེ་སྡང་རྣམ་དག་སྟོང་ཉིད་ཡི་ཤེས། ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས། འདོད་ཆགས་རྣམ་དག་སོར་རྟོགས་ཡེ་ཤེས། ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ཏེ་ལྔའི་རང་བཞིན་དྲང་སྲོང་མཆེད་ལྔས་ཞུ་བ་ཞུ་ལན་གྱིས་ཕྱི་ནང་གི་འཁོར་ཚོགས་དུ་མར་གསུངས་པའི་ཚུལ་ཁ་བྱང་དང་བཅས་པ། གཉིས་པར་ལེའུ་གཉིས་པའི་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་སྤྲུལ་ཚུལ། ལེའུ་གསུམ་པ་གནས་ལུགས་ནད་གཞིའི་རྩ་བ་ལས་རྣམ་པར་མ་གྱུར་བའི་སྡོང་པོ་དང་གྱུར་པའི་སྡོང་པོ་གཉིས་ཏེ། དང་པོ་ལས་ནད་དང་ལུས་ཟུངས་དྲི་མ་གསུམ་གྱི་ཡལ་ག་གསུམ། ལོ་འདབ་ཉི་ཤུ་རྩ་ལྔ་། གཉིས་པ་རྒྱུ་རྐྱེན། འཇུག་སྒོ།གནས། ལམ། ལྡང་དུས། འབྲས་བུ། ལྡོག་རྒྱུ་རྣམས་ཀྱི་ཡལ་ག་དགུ། ལོ་འདབ་དྲུག་ཅུ་རྩ་གསུམ། དྲིལ་བས་ལོ་འདབ་བརྒྱད་ཅུ་རྩ་བརྒྱད། མེ་ཏོག་ནད་མེད་པ་དང་ཚེ་རིང་བ་གཉིས་ལས། བྲས་བུ་ཆོས་ནོར་ཕུན་སུམ་ཚོགས་པ་དང་བདེ་བ་སྟེ་ཕུང་བོ་འོད་སྐུར་གྲོལ་བའི་ཚུལ་རྣམས། གསུམ་པར་ངོས་འཛིན་རྟགས་ཀྱི་རྩ་བ་ལས། བལྟ་བ། རེག་པ། དྲི་བའི་སྡོང་པོ་གསུམ། དང་པོ་བལྟ་བའི་སྡོང་པོ་ལས་ལྕེ་མཆུའི་ཡལ་ག་རེ་ལ་ལོ་འདབ་གསུམ་རེ་སྟེ་དྲུགགཉིས་པ་རེག་པའི་སྡོང་པོ་ལས་རླུང་མཁྲིས་བད་ཀན་གསུམ་གྱི་ཡལ་ག་གསུམ་ལས་ལོ་འདབ་རེ།  གསུམ་པ་དྲི་བའི་སྡོང་བོ་ལ་རླུང་མཁྲིས་བད་གསུམ་གྱི་ཡལ་ག་གསུམ་ལས། རླུང་ལ་ལོ་འདབ་བཅུ་གཅིག་དང་། མཁྲིས་པར་བདུན། བད་ཀན་ལ་བཅུ་གཅིག་སྟེ་ཉེར་དགུ། དྲིལ་བས་སྡོང་བོ་གསུམ། ཡལ་ག་བརྒྱད། ལོ་འདབ་སུམ་ཅུ་རྩ་གཅིག་ཏུ་ཡོད་ཚུལ། བཞི་པར་གསོ་དཔྱད་ཐབས་ཀྱི་རྩ་བ་ལ་ཟས་སྤྱོད་སྨན་དཔྱད་ཀྱི་སྡོང་པོ་བཞི་ལས། དང་པོར་ཉེས་གསུམ་ཟས་སྐོམ་གྱི་ཡལ་ག་དྲུགརླུང་ཟས་ཀྱི་ལོ་འདབ་བཅུ། སྐོམ་ལོ་བཞི། མཁྲིས་ཟས་ཀྱི་ལོ་འདབ་བདུན། སྐོམ་ལོ་ལྔ། བད་ཟས་ཀྱི་ལོ་འདབ་དྲུགསྐོམ་ལོ་གསུམ་སྟེ་ཁྱོན་སོ་ལྔ་། གཉིས་པར་ཉེས་གསུམ་གྱི་ཡལ་ག་གསུམ་ལས་གཉིས་རེས་ལོ་འདབ་དྲུགགསུམ་པར་རོ་ནུས་ཞི་སྦྱོང་སོགས་ཡལ་ག་བཅོ་ལྔ། ཉེས་གསུམ་རོ་ནུས་ཀྱི་ལོ་འདབ་བཅོ་བརྒྱད། ཞི་བྱེད་ཀྱི་ལོ་འདབ་ཉེར་གསུམ། སྦྱོང་བྱེད་ཀྱི་དགུ་སྟེ་ལྔ་བཅུ། བཞི་པར་ཉེས་གསུམ་གྱི་ཡལ་ག་གསུམ། ལོ་འདབ་བདུན། དྲིལ་བས་སྡོང་བོ་བཞི། ཡལ་ག་ཉི་ཤུ་རྩ་བདུན། ལོ་འདབ་དགུ་བཅུ་རྩ་རྒྱད་ཡོད་པ་དང་། རིག་པའི་ཡེ་ཤེས་ཐུགས་ཀར་ཐིམ་ཚུལ་ཏེ་རྩ་བ་ཐུགས་ཀྱི་རྒྱུད་ལ་བྲིས་ཆ་བཞི། ལྔ་པར་བཤད་རྒྱུད་ལེའུ་དང་པོ་ནས་སྤྲུལ་པའི་དྲང་སྲོང་སྤྲོས་པ་དང་གཉིས་པའི་གྲུབ་པ་ལུས་གནས་སྐོར། དྲུག་པར་ལྷུན་སྡིངས་ལུགས་བཤད་རྒྱུད་ཀྱི་རྩ་ཐིག་བདུན་དང་། བདུན་པར་རྒྱབ། བརྒྱད་པར་ལེའུ་གསུམ་པ་འདྲ་དཔེ་དང་བཞི་བའི་སྟོད་ཆ་ཕོ་མོའི་ལུས་ཟུངས་ཟླ་མཚན་ལྡང་ཚད་ཡན། དགུ་པར་གོང་འཕྲོས་ཀྱི་རུས་རིགས་ནས་བཟུང་གཟུགས་ངན་རང་ཁྲུ་ཕྱེད་བཞི་ཡན་སྟོན་པའི་མདུན་དང་། བཅུ་པར་དེ་དག་གི་རྒྱབ། བཅུ་གཅིག་པར་རང་ལུགས། ཆགས་སྲིད་འབྲེལ་བའི་རྩ་ཐིག་མདུན་དང་། བཅུ་གཉིས་པར་དེའི་རྒྱབ། བཅུ་གསུམ་པར་རྩ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་ཚུལ། བཅུ་བཞི་པ་ཡང་ཕྲན་ལུས་དང་དྲ་བར་གྱེས་ཚུལ་དང་། ཚེའི་རྩ་ཟུར་མཁར་བའི་གཏར་རྩ་དོན་བདུན་རྣམས། བཅོ་ལྔ་པ་ཀླད་པ་ནས་ཐུར་དུ་རྩ་དཀར་ཟུག་པའི་ཆུ་རྩ་དང་ཕྱི་རོལ་གྱི་རྩ་འབྲེལ་ཚུལ། བཅུ་དྲུག་པ་ཤ་གནད་ནས་བུ་གའི་གནད་ཀྱི་བར་བཅས་པའི་མདུན་དང་། བཅུ་བདུན་པར་དེའི་རྒྱབ། བཅོ་བརྒྱད་པར་ལེའུ་ལྔ་པའི་མཚར་བསྡུས། དྲུག་པ་རྟེན་གྱི་དབྱེ་བ་དང་འདུ་བའི་རང་བཞིན་བསྟན་པ། བདུན་པ་ལ་ཉེའི་རྟགས་ཟླ་ཟེར་ནས་ཁ་སྐོང་བཅས་པ། བཅུ་དགུ་པ་ལེའུ་བདུན་པ་སྨན་པའི་ལམ་ལྟས་དགེ་བ་འབྲུའི་སྣོད་གང་ནས་ཟླ་ཟེར་ཁ་སྐོང་རྨི་ལམ་ཡིད་འཇུག་གི་སྐོར་བཅས་པ། ཉི་ཤུ་པར་ཚེ་རིང་ནད་མེད་ཀྱི་རྨི་ལམ་བཟང་བ་ལྷ་ཚངས་པ་ནས་ཉེ་བའི་འཆི་ལྟས་བཟློག་པའི་བར། ཉེར་གཅིག་པ་ལེའུ་བརྒྱད་པ་དགུ་པ་བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་རྣམས་ཀྱི་མཚར་བསྡུས། ཉེར་གཉིས་པར་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་བཅོ་ལྔ་པ་བཅས་པ། ཉེར་གསུམ་པར་ལེའུ་བཅུ་དྲུག་པའི་འཚོ་བ་ཟས་སྡེ་འབྲས་ནས་ཆུ་སྐྱོའི་བར། ཉེར་བཞི་པར་གཡོས་སྡེ་ཟན་ཆང་ནས། བཅུ་བདུན་པ་ཟས་བསྡམས་གྱུར་དུག་གྱུར་ཚུལ། བཅོ་བརྒྱད་པའི་མཚར་བསྡུས། ཉེར་ལྔ་པར་ལེའུ་བཅུ་དགུ་བའི་འབྱུང་ལྔས་སྨན་སྐྱེད་ཚུལ་དང་ཉི་ཤུ་པ་རྐྱང་སེལ་ནས་མོ་དྷེ་ཡན། ཉེར་དྲུག་པ་རྐྱང་སེལ་གསེར་ཕྱེ་ནས་གུ་གུལ་ཡན། ཉེར་བདུན་པར་རྐྱང་སེལ་ཤེལ་ཏ་ནས་གསེར་ཏིག་ཡན། ཉེར་བརྒྱད་པར་རྐྱང་སེལ་དངུལ་ཏིག་ནས་སྙི་བའི་བར། ཉེར་དགུ་པར་ལུག་མུར་ནས་ལྕི་བའི་བར། སུམ་ཅུ་པར་རྐྱང་སེལ་བ་ལང་ལྕི་བ་ནས་རྨིགས་པའི་བར། སོ་གཅིག་པར་རྐྱང་སེལ་ཁ་སྐོངས་ཀར་ཕྲ་མེན་ནས་སྣེ་རྒོད་བར། སོ་གཉིས་པར་རྐྱང་སེལ་ཁ་སྐོངས་སྣེ་དམར་ནས་བོང་ང་ནག་པོའི་བར། སོ་གསུམ་པར་རྐྱང་སེལ་ཁ་སྐོང་ར་དུག་གམ་འཛིམ་པའི་བར་གྱིས་རྫོགས་པ། སོ་བཞི་པར་ལེའུ་ཉེར་གཅིག་པ་སྨན་སྡེའི་ཚ་བ་ཐུན་མོང་སྤྱི་འཇོམས་ག་པུར་ནས་ཁར་རུ་ཚའི་བར། སོ་ལྔ་པར་སྨན་སྡེ་བཙོང་སྒོག་ནས་ཆུ་རྩས་རྫོགས་པ། སོ་དྲུག་པར་ལེའུ་ཉེར་གཉིས་པའི་ཆ་དཔྱད་སྐོར། སོ་བདུན་པ་ལེའུ་ཉེར་གསུམ་མི་ན་བར་གནས་པ། ཉེར་བཞི་པ་ཉེས་པ་དངོས་བརྟགཉེར་ལྔ་ངན་གཡོ། ཉེར་དྲུག་པ་སྤང་བླང་། ཉེར་བདུན་གསོ་བ། ཉེར་བརྒྱད་ཁྱད་པར་གསོ་ཚུལ་རྣམས། སོ་བརྒྱད་པར་ལེའུ་ཉེར་དགུ་པ་དང་སུམ་ཅུ་པའི་གསོ་ཐབས་དངོས་བཅས་པ། སོ་དགུ་བར་ལེའུ་སོ་གཅིག་པ་བྱ་བྱེད་སྨན་པའི་སྐོར་དང་རིག་པའི་ཡེ་ཤེས་དབུ་གཙུག་ཏུ་ཐིམ་པའི་ཚུལ་ཏེ་བཤད་པ་སྐུའི་རྒྱུད་ལ་བྲིས་ཆ་སུམ་ཅུ་སོ་ལྔ། བྲིས་ཆ་བཞི་བཅུ་པར་མན་ངག་རྒྱུད་ལེའུ་དང་པོ་རྒྱུད་གསུངས་པའི་ཚུལ་ནས་ལེའུ་གོ་གཉིས་པ་མེ་ཐུར་གཏར་གསུམ་གྱི་དམིགས་རྣམས་མདུན་དང་། ཞེ་གཅིག་པར་དེའི་རྒྱབ། ཞེ་གཉིས་པར་ལེའུ་གཉིས་པའི་རླུང་ནད་ནས་བདུན་པ་སྐྲན་ནད་བར་གྱི་རྒྱུ་རྐྱེན། ཞེ་གསུམ་པར་ལེའུ་བརྒྱད་པ་སྐྱ་རྦབ་ནས་བཅུ་དྲུག་པ་རྒྱས་ཚད་བར་གྱི་རྒྱུ་རྐྱེན། ཞེ་བཞི་པ་ལེའུ་བདུན་པའི་སྟོངས་ཚད་ནས་ཉེར་གསུམ་པ་རིམས་སྤྱིའི་རྒྱུ་རྐྱེན་བར། ཞེ་ལྔ་པར་ཉེའུ་ཉེར་བཞི་པ་འབྲུམ་པ་ནས་ཞེ་གཉིས་ཕོ་མཚན་ནད་བར་གྱི་རྒྱུ་རྐྱེན། ཞེ་དྲུག་པར་ལེའུ་ཞེ་གསུམ་པ་མོ་མཚན་གྱི་ནད་ནས་རེ་བཞི་པ་གཞང་འབྲུམ་བར་གྱི་རྒྱུ་རྐྱེན། ཞེ་བདུན་པར་ལེའུ་རེ་ལྔ་པའི་མེ་དབལ་ནས་དོན་གསུམ་པ་བྱིས་གདོན་བར་གྱི་རྒྱུ་རྐྱེན། ཞེ་བརྒྱད་པར་ལེའུ་དོན་བཞི་པ་མོ་ནད་ནས་གྱ་གཉིས་པ་རྨ་སྤྱིའི་ནད་བར་གྱི་རྒྱུ་རྐྱེན། ཞེ་དགུ་པ་མན་རྒྱུད་ཡོངས་རྫོགས་ཀྱི་རྩ་ཐིག་མདུན་དང་ལེའུ་གྱ་གསུམ་པའི་མགོ་རིགས། ལྔ་བཅུ་པར་གོང་གི་རྩ་ཐིག་རྒྱུ་བ་དང་ལེའུ་གྱ་གསུམ་པ་མགོ་རྨ་ནས་གྱ་དྲུག་པ་ཡན་ལག་གི་རྨའི་བར། ང་གཅིག་པར་ལེའུ་གྱ་ལྔ་པ་བྱང་ཁོག་ཡུལ་ཐིག་གཉན་པའི་གནད་བཅས་པ། ང་གཉིས་པར་ལེའུ་གྱ་ལྔ་པ་བྱང་ཁོག་རྣག་འབབ་ཡུལ་ཐིགང་གསུམ་པར་ལེའུ་གྱ་བདུན་པ་སྦྱར་དུག་འཕྲོས་དོན་ནས་གྱ་བརྒྱད་གྱ་དགུ་བཅས་པ། ང་བཞི་པར་ལེའུ་དགུ་བཅུ་པ་རྒས་པ་གསོ་བའི་བཅུད་ལེན་ཆེན་པོ། ང་ལྔ་པར་ལེའུ་དགུ་བཅུ་པ་རྒས་གསོའི་བཅུད་ལེན་ཆུང་ངུ་དང་ལེའུ་གོ་གཅིག་གོ་གཉིས་པའི་རྒྱུ་རྐྱེན་ཏེ་མན་ངག་ཡོན་ཏན་གྱི་རྒྱུད་ལ་བྲིས་ཆ་བཅུ་དྲུགང་དྲུག་པ་ཕྱི་མ་རྒྱུད་ལེའུ་དང་པོ་གསུངས་པ་ནས་སྤྱི་དོན་བདུན་པ་དུས་བཞི་ཁམས་ལྔའི་དགུན་ཐ་ཆུང་གི་མཆེར་རྩ་རྒྱུ་བའི་བར། ང་བདུན་པ་རྩ་མདོའི་སྤྱི་དོན་བདུན་པ་དུས་བཞིའི་གོ་ལ་ནས་བརྒྱད་པ་དགྲ་ཕྱའི་རང་རྒྱལ་བའི་བར། ང་བརྒྱད་པར་སྤྱི་དོན་བརྒྱད་པ་ངོ་མཚར་རྩ་བདུན་གྱི་གྲོགས་རྩ་མཆིན་རྩ་དར་པ་ནས་གདོན་ཆའི་ཤིང་ཁམས་གདོན་གྱི་ལན་རྐྱེན་བར། ང་དགུ་པར་ངོ་མཚར་རྩ་བདུན་གྱི་སྙིང་རྩའི་གདོན་གྱི་ལན་རྐྱེན་ནས་དཔྱིད་མཆེར་རྩའི་བར། དྲུག་ཅུ་པར་དཔྱིད་གློ་རྩའི་གདོན་གྱི་ལན་རྐྱེན་ནས་མེ་ཆུ་གོ་ལྡོག་གི་མ་དང་བུ་མོའི་རྩར་བལྟ་བའི་བར། རེ་གཅིག་པར་རྩ་མདོའི་སྤྱི་དོན་བརྒྱད་པ་ངོ་མཚར་རྩ་བདུན་གྱི་ཁྱོན་ཆུང་མའི་རྩར་བལྟས་ནས་རང་རྩ་མ་ཆད་པའི་བར། རེ་གཉིས་པ་རྩ་མདོའི་ཟླ་ཞག་དུས་ཀྱི་ཁམས་ནས་སྐོར་བ་ནས་བཅུ་པ་སྟོད་སྨད་ཚ་གྲང་མི་སྲིད་པའི་བར། རེ་གསུ་པར་རྩ་མདོའི་སྤྱི་དོན་བཅུ་གཅིག་པ་རླུང་གི་འཆི་རྩ་ནས་བཅུ་གཉིས་པ་གདོན་རྩའི་ཚོགས་གསོག་སྦྱིན་གཏོང་གི་བར། རེ་བཞི་པར་རྩ་མདོའི་ཚེ་རྟགས་བླ་རྩ་ནས་ལེའུ་གཉིས་པ་ཆུ་མདོའི་སྔོན་འགྲོ་ལས་སྐོམ་ཆུར་གྱུར་ཚུལ་བར། རེ་ལྔ་པར་ཆུ་མདོའི་ནད་མེད་ཆུ་ནས་ཟླ་བའི་རྒྱལ་པོའི་ཆུ་མདོག་དང་རྒྱུད་རང་གི་གྲང་ཆུ་མར་མ་ཞུའི་བར། རེ་དྲུག་པ་ཟླ་བའི་རྒྱལ་པོའི་མ་ཞུ་བ་ནས་ཕོ་མོའི་འཁོར་ལོ་གསུམ་དང་གནོད་པ་དགུའི་བྱད་ཁ་ཟུག་པའི་བར། རེ་བདུན་པ་ཆུ་མདོའི་གནོད་པ་དགུའི་ནག་སྨུག་ནས་ཟླ་བའི་རྒྱལ་པོའི་བྱང་ལམ་གྱི་བརྟག་པའི་བར། རེ་བརྒྱད་པར་ཟླ་བའི་རྒྱལ་པོའི་བྱང་ལམ་རླངས་བརྟག་ནས་ཛི་ན་མི་ཏྲའི་ཆུ་དཔྱད་གཡུ་ཐོག་པའི་ཆུ་དཔྱད་མི་ལྡོག་སྐོར་ཆའི་བར། རེ་དགུ་པ་ལེའུ་གཉིས་པའི་མཐོང་བ་ལྕེར་བརྟག་པ་ནས་ལེའུ་གསུམ་པ་སྣུམ་འཆོས་མི་རུང་བའི་བར། བདུན་ཅུ་པར་ལེའུ་བཅུ་བཞི་པ་བཤལ་རུང་བ་ནས་བཅུ་བདུན་པ་འཇམ་རྩི་མི་རུང་བའི་བར། དོན་གཅིག་པར་ལེའུ་བཅོ་རྒྱད་པ་ནི་རུ་ཧ་མི་རུང་བ་ནས་ཉི་ཤུ་པ་གཏར་མི་རུང་བ་རླུང་ནད་ཁྲག་མཁྲིས་ཅན་བར། དོན་གཉིས་པ་ལེའུ་ཉི་ཤུའི་གཏར་རྩ་དོན་བདུན་ནམ་དོན་དགུ་པ་བསྡམས་བཅས་དང་ཉེར་གཅིག་པའི་མེ་བཙའི་བར། དོན་གསུམ་པ་ལེའུ་ཉེར་གཅིག་པ་མེ་བཙའ་ནས་ཉེར་ལྔ་པ་ཐུར་མ་བཅས་པའི་རྒྱབ་མདུན། དོན་བཞི་པར་མེ་བཙའི་ཁ་སྐོང་ཟླ་བའི་རྒྱལ་པོའི་ལུགས་ཀྱི་མདུན། དོན་ལྔ་པར་དེའི་རྒྱབ། དོན་དྲུག་པར་ལེའུ་ཉེར་གཉིས་པའི་དུགས་ནས་ཉེར་ལྔ་པའི་ཐུར་མའི་བར། དོན་བདུན་པར་ལེའུ་ཉེར་དྲུག་མཇུག་དོན་རྫོགས་པ་ནས་ཉེར་བདུན་པ་ཀུན་བརྟགས་གདོན་ནད་ཀྱི་བར། དོན་བརྒྱད་པར་ཡོངས་གྲུབ་ཚེའི་ནད་ནས་འཆི་བ་སློང་བ་བདུད་རྩི་བུམ་པའི་བར། དོན་དགུ་པ་ལེའུ་ཉེར་བདུན་པའི་རྒྱུད་གསང་བའམ་གཅེས་པར་གསུང་པ་སེང་གེའི་འོ་མ་ནས་སྨན་པ་འོད་སྐུར་འཚང་རྒྱ་བ། རིག་པའི་ཡེ་ཤེས་སྐུའི་གསང་བ་དང་ཡིད་ལས་སྐྱེས་ལྗགས་ལ་བསྡུས་པ་སྟེ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ལ་བྲིས་ཆ་ཉེར་བཞི་དང་བཅས་ཁྱོན་ཐང་ཚད་བཅུ་ཕྲག་བདུན་དང་ཉག་མ་དགུ། བསིལ་ལྡན་འདིར་སྤུས་དཀོན་པས་སྨན་པ་ཕལ་ཆེར་གྱིས་མི་འགྲུབ་པའི་སྨན་རྣམས་ཀྱང་མ་ཚང་བ་མེད་པར་རྩོལ་བ་ཆེན་པོས་བསྒྲུབས། ཆ་དཔྱད་རྣམས་ཀྱང་དཀའ་ཚེགས་དང་རྒྱུ་འགྲོར་མ་བལྟོས་པར་གཞུང་ནས་ཇི་ལྟར་བཤད་པ་བཞིན་གསར་དུ་བཟོ་བའི་བཀོད་པ་བྱས། ལག་ལེན་གྱི་རིམ་པ་ལ་ཤིན་ཏུ་མཁོ་ཞིང་མན་ངག་ཆིག་བརྒྱུད་ནུས་པ་ཉམས་ཀྱི་དོགས་པ་རྣམས་མ་གཏོགས་གསལ་བར་སྟོན་པ་མན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀདྤཱུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་རྩོམ་པར་ཡིད་ནེམ་ནུར་གྱི་སྐབས་བགྱིས་ན་ལེགས་པའི་མཚན་མ་གསལ་ཞིང་། སྔར་བོད་དུ་སྐྱེ་མ་མྱོང་བའི་དན་རོག་སོགས་འཕྲུལ་སྣང་བར་ཁང་གི་དཀོན་གཉེར་ནང་སོས་བཏབ་པ་ལེགས་པར་སྐྱེས་པའི་སྡོང་པོ་ངེད་རང་གི་གམ་དུ་སྐྱེལ་བར་ཡོང་པ་དང་འདི་ཉིད་རྩོམ་པའི་དབུ་བཙུགས་པ་མ་བསྒྲིགས་ལྷུན་གྲུབ་ཏུ་འགྲིགཉིན་སྔ་མ་ཁ་ཤས་སྦྱར་བའི་ཡིན་ནམ་གང་ལྟར་སྨན་གྱི་དྲི་ངད་བཟང་པོས་ཉེ་སྐོར་ཁྱབ་པ་བེག་གེའི་ནད་ཆད་པ་སོགས་དགེ་ལྟས་དུ་མ་བྱུང་། གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེས་རྐྱང་སེལ་སྐོར་འཚོ་བྱེད་སྤྱི་ལ་དྲི་བ་ཞིག་ར་སའི་རྡོ་རིངས་སུ་སྦྱར་བར། བྱིས་པའི་ཚིག་ངན་ལྟ་བུའི་ཅལ་སྒྲོག་ལས་དངོས་ལན་ཐེབས་པ་མ་བྱུང་འདུག་པས་དྲི་ལན་ནམ་གསལ་བྱེད་དྲང་ཐིག་སྲིད་སྒྲུབ་ཀྱི་མདའ་ཞེས་བྱ་བ་དང་། སྨིན་གྲིལ་གླིང་ནས་ཚེ་རིག་འཛིན་པ་ངག་དཔལ་གྱིས་བཻཎཌཱུརྱ་སྔོན་པོར་དོགས་གནས་ཀྱི་རྒྱུ་མཚན་བྱུང་བའི་ལན། བོད་མཁས་པ་མི་ཕམ་དགེ་ལེགས་སྙན་ངག་ཀྱི་རྩོམ་པ་བརླིང་བ་ཙམ་ལས་ཤེས་བྱ་སྤྱིར་མིང་དོན་མཚུངས་པ་ཞིག་ཡོད་མདོག་མ་ཁ་ཡང་། འབྲི་ཀློག་དང་ཚིག་རྩོམ་ཤེས་པ་རྒྱུ་མཚན་དུ་བྱས་པའི་བསྟན་བཅོས་ཁ་ཡར་འདུག་པ་ནས་སྨན་རྩིས་གཉིས་ཀྱི་ནོར་འཁྲུལ་རྣམས་ལ་དགག་པ་ཙམ་བྱས་པ་སོགས་སྨན་དཔྱད་སྐོར་གྱི་ཡིག་ཆ་ཐོར་བུའང་མང་། དྲིན་ཅན་རྩ་བའི་བླ་མ་རྒྱལ་དབང་ལྔ་པའི་སྐུའི་བསག་སྦྱངས་ལ་དམིགས་ལྷ་ས་བར་སྐོར་ནས་ཇོ་བོ་ཤཱཀྱ་མུ་ནེར་སྐོར་བ་འབུམ་གཅིག་བསགས་པ་རྫོགས་ཏེ་ཇོ་རགས་སྐོར་རྡོའི་ཚུལ་དུ་གླིང་སྐོར་ལ་ཕྱིན། ཕྱི་དྲོ་ལྕགས་ཁ་རིའི་གནས་མཇལ་བྱས་པའི་རྩེར་སླེབས་སྐབས་སྔོན་གྱི་ཡིག་ཆ་ལྟར་ན་ཕྱག་རྡོར་གྱི་བླ་རི་སེང་གེ་གནམ་མཆོངས་ཀྱི་དབྱིབས་སུ་བཞེད་ཀྱང་། རང་གི་ཡིད་ངོར་རི་བོ་ངོས་གསུམ་དང་བཞིའི་ཁྱད་པར་ལས་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་དེ་ཡང་འདི་ལྟ་བུ་ཡིན་ནམ་སྙམ་པ་སོགས་འཆར་སྒོ་དང་མཐོང་སྣང་ཡ་མཚན་པ་འགའ་ཞིག་བྱུང་བ་དང་། ལྷུན་སྡིངས་དགའ་ལྡན་སྨན་བླ་རི་བོའི་ངོས་རྣམས་སུ་བལྟ་རྟོག་ལ་བཏང་བར་ཚ་བསིལ་གྱི་ནུས་སྟོབས་གདགས་སྲིབས་དང་མ་ཛོལ་ཞིང་དེ་འདྲ་བའི་སྨན་རི་དེར་སྐྱེ་གི་ཡོད་བསམས་པ་སུ་ལའང་མེད་པ་དུ་མ་རྙེད་པ་སོགས་ཀྱིས་རྐྱེན་བྱས།

མཐའ་མའི་འདོན་ཐེངས་།: 27.01.2022 ཉིན། 2:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།