སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བསྟན་འཛིན་དོན་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.06.2018
གསོ་རིག་མཁས་དབང་རིམ་བྱོན། >>

 

བསྟན་འཛིན་དོན་གྲུབ།

- བྱམས་པ་འཕྲིན་ལས།

 

སྨན་པ་འབུམ་རམས་པ་མཁས་དབང་བསྟན་འཛིན་དོན་གྲུན་མཆོག་ནི་ན་ཚོད་ཕྲ་མོའི་དུས་ནས་ཡི་གེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད་སྐོར་ལ་བསླབ་སྦྱང་བྱེད་སྐབས་རྣམ་དཔྱོད་ཤེས་རབ་གཞན་དང་མི་འདྲ་བ་ཞིག་ཡོད་པ་དང་། དེའི་རྗེས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཁ་གྱ་ཞེས་པའི་ཡུལ་གྱི་རི་ཁྲོད་གོང་མར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེ་པོ་ཤཱ་སའི་མཚན་ཙན་གྱི་ཞལ་སྔ་ནས་སུམ་རྟགས་དག་གསུམ་གྱི་གཙོས་རྩིས་དཀར་ནག་དང་སྒྲ་སྙན་ངག་སོགས་ཐུན་མོང་གི་རིག་གནས་དང་། ལམ་ཁྲིད་བློ་སྦྱོང་སོགས་ནང་དོན་རིག་པ་བཅས་ལ་ཐོས་བསམ་དང་། ཁྱད་པར་དུ་གསོ་རིག་སྐོར་ལ་སློབ་གཉེར་ནན་ཏན་མཛད་ནས་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པའི་གཞུང་འགྲེལ་དུ་མ་དང་དེ་མིན་མན་ངག་ལག་ལེན་དང་སྨན་རྫས་ངོས་འཛིན་སོགས་ཀྱི་ཤེས་བྱ་མང་པོ་ཁོང་དུ་ཆུད་པར་མཛད། དེའི་རྗེས་ཆོས་གྲྭ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་བཞིན་བཞུགས་སྐབས་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་བྱུང་སྟེ་རང་ཡུལ་དུ་ཕྱིར་ཕེབས་པ་དང་ཡུལ་དེའི་མང་ཚོགས་ཀྱི་རེ་འདོད་ལྟར་ཁོང་གིས་ཕྱོགས་གཅིག་ནས་སྨན་བཅོས་དང་། ཕྱོགས་གཞན་ནས་དམངས་ཁྲོད་ཀྱི་སྨན་པ་མི་ཉུང་བ་གསོ་སྐྱོང་གནང་བ་མ་ཟད་ལྷག་པར་དུ་དེ་ཕྱོགས་ལ་མཛད་རྗེས་ཧ་ཅང་ཆེ་བའི་མཛོད་དགེའི་ཉི་མ་ཞེས་པའི་སློབ་མ་ཕུལ་བྱུང་ཞིག་ཀྱང་བྱུང་འདུག ལྷག་པར་སྤྱི་ལོ་ ༡༩༧༤ ལོར་རྔ་པ་ཁུལ་དུ་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་སློབ་སྦྱོང་འཛིན་གྲྭ་དང་པོ་ཚུགས་པ་ནས་བཟུང་སློབ་ཁྲིད་དང་བཅོས་རྡུགས་ཀྱི་ནད་པར་གསོ་བཅོས་གནང་བ་ཟུང་སྦྲེལ་གྱིས་ཁུལ་དེའི་གསོ་རིག་བསྟན་པ་མི་ཉམས་དར་རྒྱས་ཡོང་བའི་གཞི་ཚུགས་ཐུབ་པ་བྱུང་། མཁས་དབང་བསྟན་འཛིན་དོན་གྲུབ་མཆོག་རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་པ་ལྟར་ཐེངས་མང་དབུས་གྱུར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་ཕྱག་བཞེས་གནང་མཁན་དགེ་རྒན་ཆེན་མོ་ཐུབ་བསྟན་ཚེ་རིང་དང་སྨན་རྩིས་རིག་པའི་འབྱུང་གནས་ཀྱི་ཡོན་ཀྲང་མཁས་དབང་ཀུན་དགའ་ཕུན་ཚོགས་སོགས་ཀྱི་ཞབས་ལ་གཏུགས་ནས་གཞུང་དང་ལག་ལེན་མང་པོའི་འཁྲིད་རྒྱུན་གསན་སྐབས་ཉིན་མཚན་ལྟོས་མེད་ཀྱི་སྐུ་ངལ་བསྐྱོན་པར་ཚང་མས་ཡིད་སྨོན་བརྩི་བཀུར་དང་། སྨན་རྩིས་ཁང་དུ་བག་ཆགས་བཟང་པོ་འཇོག་གནང་མཛད་ཡོད་ལ། དེང་གི་ཆར་རྔ་པ་ཁུལ་མཛོད་དགེ་རྫོང་བོད་ལུགས་སྨན་ཁང་གི་མཁས་དབང་སྨན་པ་བསྟན་འཛིན་དོན་གྲུབ་མཆོག་ལ་གོང་གི་དབུ་ཁྲིད་དང་གཤམ་གྱི་མང་ཚོགས་ཚང་མས་གོང་བཀུར་ཞུ་ཡུལ་ཞིག་ཏུ་གྱུར་ཡོད།

ཁོང་ཉིད་ཀྱིས་ད་ལྟ་སྨན་ཁང་གི་འགོ་ཁྲིད་ལས་འགན་བཞེས་ཀྱི་མེད་ཀྱང་སྔར་བཞིན་འབད་པ་དུ་མས་བོད་ཀྱི་གསོ་རིག་བསྟན་པ་མི་ཉམས་གོང་འཕེལ་ཆེད་དུ་ལུས་སེམས་ཡོངས་རྫོགས་ལེགས་སྐྱེས་སུ་འབུལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ། དཔེར་ན་རྔ་པ་ཁུལ་དུ་ལག་རྒྱུན་ཆེས་དཀོན་པའི་རིན་ཆེན་བཙོ་ཐལ་དང་། རིན་ཆེན་རཏྣ་བསལ་འཕེལ་སོགས་ཆུ་འགོ་གངས་ལ་གཏུགས་པ་དང་ཆུ་གཞུག་རྒྱ་མཚོར་བབས་པ་ལྟར་བོད་ལྗོངས་ནས་ལག་ལེན་བཞེས་ཏེ་སྦྱོར་བཟོ་གནང་བ་ལེགས་གྲུབ་ཐོག་ཡོན་ཚད་ལྡན་པའི་སྨན་རྫས་ལས་ཀ་བྱེད་མཁན་གྱི་མི་སྣ་མི་ཉུང་བ་བསྐྱེད་བསྲིང་བྱུང་བ་སོགས་མཐའ་དག་རེ་རེ་བཞིན་བརྗོད་ཀྱི་མི་ལངས། སྐབས་བབས་སྨན་སྦྱོར་བདུད་རྩིའི་གཏེར་མཛོད་ཅེས་པ་འདི་ནི་མན་ངག་ཡོན་ཏན་རྒྱུད་དང་ཕྱི་མ་འཕྲིན་ལས་རྒྱུད་གཉིས་གཙོ་བོར་བྱས་ཏེ་དེའི་ཁར་མདོ་སྨད་ཁུལ་དུ་གྲགས་ཆེ་ཞིང་ཡིག་ཆ་དཀོན་པ་གཙང་སྨན་ཡེ་ཤེས་བཟང་པོས་མཛད་པའི་ཡང་ཞུན་ནོར་བུའི་དོ་ཤལ་སོགས་རྩ་ཆེན་སྨན་གཞུང་ཁུངས་ལྡན་བཅོ་བརྒྱད་ཙམ་ལས་བཏུས་ཏེ་ཕྱོགས་སྒྲིག་མཛད་པ་འདི་ཉིད་ཀྱི་ཁྱད་ཆོས་ནི་ནད་རིགས་རེ་རེ་བཞིན་དུ་ཐང་ཕྱེ་རིལ་བུ་གསུམ་གྱི་བཅོས་ཐབས་རིམ་པར་བཀོད་པ་དང་། ལྷག་པར་འཚོ་བྱེད་ལས་དང་པོ་བ་རྣམས་ཀྱིས་ལག་ལེན་བྱེད་བདེ་ཕྱིར་གསང་སྨན་ཡོད་པའི་སྦྱོར་སྡེའི་རིགས་ཧ་ཅང་ཉུང་བ། གཞན་ཡང་སྨན་རྫས་སྦྱོར་སླ་བའི་སྦྱོར་སྡེ་ཤ་སྟག་ཡིན་པས་དམངས་ཁྲོད་སྨན་པ་དང་གཞི་རིམ་ཁུལ་དུ་སྨན་ལས་བྱེད་མཁན་ཚོར་སྤྱོད་གོ་ཆེ་བའི་ཁར་ནད་རིགས་ཀུན་གྱི་བཅོས་ཐབས་ཡོངས་སུ་ཚང་བ་བཅས་ཀྱི་དགེ་མཚན་མངོན་པ་ཡིན་པས་དེ་ལྟ་བུའི་སྨན་སྦྱོར་ཕྱོགས་སྒྲིགས་འདི་ཉིད་མི་རབས་ནས་མི་རབས་བར་ཡོངས་སུ་གནས་པ་དང་། རྩོམ་པ་པོའི་ཐུགས་བསྐྱེད་རྣམས་ཇི་སྲིད་ཡུན་གནས་ཡོང་རྒྱུར་སོམ་ཉི་བྲལ་བ་དང་། ཁོང་གིས་སྔ་རྗེས་སུ་མཛོད་དགེ་རྫོང་བོད་ལུགས་སྨན་ཁང་གི་ཡོན་ཀྲང་དང། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པ་དང་བརྒྱད་པ་བཅས་ཀྱི་འཐུས་མི་དང་སྨན་པ་འབུམ་རམས་པ། རྒྱལ་ཁབ་རིམ་པའི་མཁས་པ་བཅས་ཀྱི་གོ་གནས་བཞེས་ཡོད་ལ། ད་ལྟ་རྔ་བ་ཁུལ་བོད་ལུགས་སྨན་ཁང་གི་ཡོན་ཀྲང་དང་གསོ་རིག་ཞིབ་འཇུག་སོའོ་ཡིས་སིའོ་ཀྲང་གནང་བཞིན་ཡོད།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས།


མཐའ་མའི་འདོན་ཐེངས་།: 04.06.2018 ཉིན། 11:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།