སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༩ ཉིན་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.03.2023
ྋགོང་ས་མཆོག་གི་བཀའ་སློབ། >>


ང་ལ་མོས་པ་ཡོད་ན་སེམས་པ་བཟང་པོ་གྱིས།

ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༩ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་དྷ་ས་སྨན་རྩིས་མཐོ་སློབ་ཁང་ནས་བསླབ་པ་མཐར་སོན་པའི་སྐབས་ ༢༠ སྨན་གྱི་སློབ་མ་ཉེར་བཞི་དང་དགེ་ལས་བཅས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གསེར་ཞལ་མཇལ་བཅར་སྐབས། ལོགས་སུ་དགེ་ལས་སློབ་མ་རྣམས་ཐུགས་ཕྲད་ཀྱིས་བོད་པའི་སྨན་གྱི་ཁྱད་ཆོས་དང་དུས་རྟག་ཏུ་སེམས་པ་བཟང་པོ་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་བའི་བརྙན་ཐུང་དུམ་ཚན་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡུ་ཊུབ་དྲ་ཚིགས་ <<སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག>> ཅེས་པའི་ནང་དུ་དྲངས་ཡོད། དེ་ནས་རྒྱལ་བའི་བཀའ་སློབ་འདི་ཡིག་ཐོག་ཕབ་པ་ཡིན།
 

“་་་ནུབ་ཕྱོགས་པའི་སྨན་གྱིས་གཟུགས་པོ་རྐྱང་རྐྱང་མ་གཏོགས་བསམ་བློར་འབྲེལ་བ་གང་ཡང་མེད། དཔེར་ན། རཏྣ་བསམ་འཕེལ་ཆ་བཞག་ན། སེམས་ཀྱི་ཞི་བདེ་ཡོང་བ་དང་། ཡང་། མང་སྦྱོར་གྱིས་སེམས་ལྷོད་ལྷོད་བྱེད་པ། བོད་པའི་སྨན་གྱིས་འབྱུང་བ་འཁྲུགས་པ་རྣམས་ཆ་སྙོམ་པོ་བཟོ་ཡག་དང་། འབྱུང་བ་ག་རེ་རྒུད་པ་དེ་གསོ་ཡག དེ་འདྲ་བོད་པའི་སྨན་འདི་ཐུན་མོང་མ་ཡིན་པ་ཞིག་ཡོད། རྒྱ་སྨན་ཡུན་རིང་པོ་བཟས་ནས་མ་ཕན་པ་དེ་འདྲ་ལ་བོད་པའི་སྨན་ཟ་ན་ཕན་མཁན། ཡང་ལྷག་པར་རླུང་གི་ན་ཚ་ཡོད་པ་དེ་ཚོར་བོད་སྨན་འདི་ཡག་པོ་ཞེ་དྲགས་རེད་བཞག  ངས་ཀྱང་རྟག་པར་བོད་སྨན་ཟ་བཞིན་ཡོད། དེ་ང་ཚོ་བོད་པའི་སྨན་གྱི་ཁྱད་ཆོས་ཤིག་རེད་བཞག ངས་ངོ་ཤེས་པ་ཁ་ཤས་ཀྱིས་ཟེར་གྱི་འདུག སྨན་པ་ཅིག་ཅིག་མཁས་པ་ཞེ་དྲགས་ཡོད་རེད། ཡིན་ནའང་། སེམས་བཟང་པོ་གང་ཡང་ཡོད་མ་རེད། ཡང་སྨན་པ་ཅིག་ཅིག་སྨན་ལ་མཁས་པ་ཞེ་དྲགས་ཡོད་ནས་མེད་ནས། སེམས་པ་བཟང་པོ་ཡོད་རེད། དེ་མི་ལ་ཞེ་དྲགས་ཕན་ཐོགས་ཆེ་བ་འདུག དེ་འདྲ་ཟེར་གྱི་འདུག འདི་ང་ཆུང་དུས་སྐད་ཆ་རེད། འདི་ཏན་ཏན་ཡོད་ས་རེད།

སེམས་པ་བཟང་པོ་བྱེད་ན། སོ་སོའི་དོན་དག་ཡིན་ནའང་སེམས་ཞི་བདེ་དང་། སེམས་ཞི་བདེ་ཡོད་པའི་རྒྱུ་མཚན་གྱིས་ལུས་བདེ་པོ། གཞན་དོན་ཆ་བཞག་ནའང་། བྱང་ཆུབ་ཀྱི་སེམས་བསམ་བློ་གཏོང་བ་ཡིན་ན། མི་ལ་རླུང་བསྟན་པའམ། མི་ལ་ཕྲག་དོག་བྱེད་པ་ཧ་ལམ་ཡོང་གི་མ་རེད། བྱས་ཙང་། རང་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས། གཞན་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་ཡག་རེད། བྱང་ཆུབ་ཀྱི་སེམས་འདི་ཞེ་དྲགས་ཡག་པོ་རེད་བཞག  རང་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས། གཞན་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས།  རང་དོན་ཆ་བཞག་ན། སེམས་ཀྱི་ཞི་བདེ་བཟོས་ཡོང་དུས། ལུས་ཀྱི་བདེ་ཐང་ལའང་འདིས་ཕན་ཡོང་བ་དང་། སེམས་མ་སྐྱིད་པ་ཞེ་དྲགས་བསྡད་པ་ཡིན་ན་གཉིད་ཡག་པོ་མ་ཁུག་པ་དང་། སེམས་ཀྱི་ཞི་བདེ་ཡོད་པ་ཡིན་ན་ལུས་ཀྱི་འབྱུང་བ་སྙོམ་ལ་ལྷོད་ཤིག་ཤིག་ཆགས་ཡག་ཡོད། ང་ཆ་བཞག་ན། ངས་བྱང་ཆུབ་ཀྱི་སེམས་འདི་ཉིན་ལྟར་སྒོམ་གྱི་ཡོད། དེས་དགོང་མོ་ཉལ་དུས་ལམ་སང་གཉིད་ཁུག  ཆུ་ཚོད་དགུ་གཉིད་འཇམ་ཐིང་ངེར་བསྡད་ཀྱི་ཡོད་རེད། ཉལ་བའི་ཁ་ཐུག་ལ་ཁོང་ཁྲོ་དང་ཕྲག་དོག་ལང་པའི་བཟོ་འདྲ་བོ་ཁྱོན་ནས་མེད་པ་བྱེད། གང་ལྟར་ངའི་མི་ཚེ་འདིས་གཞན་ཕན་ག་ཚད་ཡོང་བ་བྱེད་བསམ་བློ་ད་གའི་ཐོག་ལ་གཉིད་ལ་འགྲོ་བ་བྱེད་དུས། སེམས་ཞི་བདེ་ཡོད་པའི་ཐོག་ནས་གཉིད་ལ་འགྲོ་བ་དེ་ལས་སླ་པོ་ཡོང་། རྨི་ལམ་ཡང་འཁྲུགས་བསྡད་པའི་རྨི་ལམ་དེ་འདྲ་ཧ་ལམ་ཡོང་བ་མེད། སེམས་ལ་ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་དེ་འདྲ་ཤུགས་ཆེན་པོ་སྐྱེས་བསྡད་པ་ཡིན་ན། རྨི་ལམ་ཡང་འཁྲུགས་བསྡད་པ་དེ་འདྲའང་ཡོང་གི་རེད། གང་ལྟར། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར།། དེ་ལྟ་བུའི་སེམས་པ་བཟང་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག་ཡིད་དུ་འོང་བ་རང་གཞན་ཀུན་ལ་ཕན་བདེ་འབའ་ཞིག་སྟེར་བར་བྱེད་པའི་སྤྱོད་པ་ཡིན་དུས་ན། ཡིད་དུ་འོང་བའི་སྤྱོད་པ། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། སེམས་སྐྱིད་པོ་བྱེད་ནས་སྡོད་ཨང་།

བོད་ཀྱི་རིག་གཞུང་ཟེར་དུས། སེམས་པ་བཟང་པོ་བྱེད་པ་འདི་བོད་ཀྱི་རིག་གཞུང་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་དུས་ཙ་ནས། འཕགས་པ་སྤྱན་རས་གཟིགས་ཟེར་བ་འདི་སྙིང་རྗེ་ལྷ་མཆོག་ཡིན། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྣ་ཚོགས་ཡོད་རེད། སོ་སོའི་དགོས་ཆོས་ལྟ་བུ་མི་འདྲ་བ་ཡོད་རེད་དེ། འཕགས་པ་སྤྱན་རས་གཟིགས་ནི་དམིགས་བསལ་གྱི་སེམས་བཟང་པོ་བྱེད་དགོས་པ་དེ་འདུག  ང་རང་ཚོ་བོད་པ་ཚོ་ལ། འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་ལས་འབྲེལ་ཡོད་པ་ཞིག་ཡིན། ང་ཆ་བཞག་ན། རྒྱལ་བ་རིན་པོ་ཆེ་མིང་ཐོགས་ཡོད་དུས། གང་ལྟར། ངའི་སྤྱི་གཙུག་ལ་འཕགས་པ་སྤྱན་རས་གཟིགས་བྲལ་མེད་ཡོད་བསྡད་པ་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས། འཕགས་པ་སྤྱན་རས་གཟིགས་ལ་ངས་གསོལ་བ་བཏབ་ནས། ནད་པ་ཡིན་ནའང་རེད། སེམས་འཁྲུགས་བསྡད་པ་ཡིན་ནའང་རེད། དེ་ལ་བྱིན་རླབས་གནང་རོགས། འཕགས་པ་སྤྱན་རས་གཟིགས་མཁྱེན་བསམ་པ་བགྱི། བོད་གངས་ཅན་པ་ཚོ་རང་བཞིན་གྱིས་སེམས་པ་བཟང་པོ་ཡོད་བསྡད་པ་ཞིག་འདུག་ག འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་གི་མི་ཡིན་དུས་ཙ་ནས་རང་བཞིན་གྱི་སེམས་བཟང་པོ་བྱེད་ཡག་ཅིག་ཡོད། ང་ལ་མོས་པ་ཡོད་མཁན་ཚོས། སེམས་པ་བཟང་པོ་བྱོས་དང་། དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་བཟུང་ཡག་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། ཤེས་སོང་ངམ། ང་རང་ཚོ་མི་ཚེ་འདི་ལ་ཡང་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་འབྱུང་བ་རེད། དེ་འདྲ་ཡིན་དུས། མ་འོངས་པར་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ཡག་དང་གཞན་ཕན་བྱེད་ཐུབ་མཁན་ཞིག་བྱེད་ཤོག་ཨང་། ད་ག་ཡིན།ཞེས་བཀའ་སྩལ།།

འདིར་ནོན། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དུམ་ཚན་དེ་གསན།

འདིར་ནོན། ཡུ་ཊུབ་བརྙན་འཕྲིན་གཟིགས། https://youtu.be/_J_PBXCqOHU














མཐའ་མའི་འདོན་ཐེངས་།: 03.04.2023 ཉིན། 11:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།