སྨན་རྩིས་དྲ་བ། - སྔ་དྲོའི་ཞལ་འདོན།

དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
སྔ་དྲོའི་ཞལ་འདོན། >>


༄༅། །དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་རྒྱུན་བཞུགས་སོ།།

༄༅།། དཔལ་ལྡན་སྟོབས་བཅུ་མངའ་བ་མ་ལུས་པ།། ས་གསུམ་འགྲོ་བའི་སྡུག་བསྔལ་སེལ་བའི་ཕྱིར།། མཆོག་གི་སྤྲུལ་སྐུའི་སྒྱུ་འཕྲུལ་དྲྭ་བའི་གར།། བདེ་གཤེགས་སྨན་གྱི་བླ་མར་གསོལ་བ་འདེབས།། གང་གི་རྣམ་འཕྲུལ་རིག་པའི་ཡེ་ཤེས་དང་།། རྒྱུད་བཞིའི་ཞུ་གསོལ་ཆེན་པོ་ཡིད་ལས་སྐྱེས།། རྒྱུན་ཤེས་བུ་དང་འཚོ་བྱེད་གཞོན་ནུ་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ཐུབ་བསྟན་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་མགོན།། གསུང་རབ་རྒྱ་མཚོའི་མཐར་སོན་མ་ཁོལ་དང་།། གནས་ལྔ་རིག་པའི་ཟླ་བ་མངོན་དགའ་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། གངས་ཅན་མིག་གཅིག་བཻ་རོ་ཙ་ནའི་ཞབས།། ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དཔལ།། ཟབ་གཏེར་སྒོ་འབྱེད་གྲྭ་བ་མངོན་ཤེས་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། གང་གི་ཐུགས་སྲས་དར་མ་གྲགས་པ་དང་།། ཚེ་ཡི་རིག་བྱེད་འཛིན་པ་དཀོན་མཆོག་སྐྱབས།། འཇའ་ལུས་མངོན་གྱུར་རྗེ་བཙུན་གཡུ་ཐོག་པར།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། སྐྱེ་བར་སྙིང་ཐིག་མངའ་བདག་ཡེ་ཤེས་གཟུངས།། དྲི་མེད་ལུགས་འཛིན་གཞོན་ནུ་ཡེ་ཤེས་འབར།། གཞན་ཕན་གཏེར་གྱུར་གཡུ་ཐོག་འབུམ་སེང་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ཚུལ་འདིར་མཁས་གྲུབ་བུདྡྷ་རཏྣའི་མཚན།། རིག་བྱེད་མང་ཐོས་དོན་གྲུབ་རིན་ཆེན་དང་།། དོན་ཀུན་གྲུབ་པ་རྒྱལ་མཚན་དཔལ་བཟང་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ཚིག་དོན་གསལ་བྱེད་དཀོན་མཆོག་རྒྱལ་མཚན་དཔལ།། མཁྱེན་པའི་སྤྱན་སྔ་དཔལ་ལྡན་འཚོ་བྱེད་ཞབས།། ཚངས་སྤྱོད་བརྟུལ་ཞུགས་འཛིན་པ་དབང་ཕྱུག་གྲགས།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ངེས་དོན་མངོན་གྱུར་རིག་འཛིན་ཕུན་ཚོགས་བཟང་།། མཁས་གྲུབ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཞབས།། ལག་ལེན་མཐར་ཕྱིན་རྗེ་བཙུན་ཚེ་འབུམ་པར།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། བྱར་པོ་པཎ་ཆེན་ཟླ་བའི་དབང་བོ་དང་།། རི་ལྡིང་བློ་བཟང་རྒྱ་མཚོ་བྱང་ངོས་པ།། བསྟན་འཛིན་དར་རྒྱས་བློ་བཟང་རྒྱ་མཚོའི་ཞབས།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ངག་དབང་དོན་གྲུབ་བློ་མཆོག་རྡོ་རྗེ་དང་།། ཀུན་མཁྱེན་ལྔ་པ་རང་ཤར་རང་གྲོལ་མཚན།། ངག་དབང་གཞུང་ལུགས་སྟོད་ལུང་ཆོས་ཀྱི་རྗེ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ངག་དབང་ཆོས་ལྡན་བླ་དགའ་དོན་གྲུབ་དང་།ཁྱབ་བདག་རྡོ་རྗེ་རིན་ཆེན་དབང་གི་རྒྱལ།། ལུང་རིགས་རྒྱ་མཚོ་མཁས་བཙུན་རྡོ་རྗེ་གྲགས།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། ངག་དབང་བརྩོན་འགྲུས་བློ་བཟང་ཆོས་འཕེལ་ཞབས།། གསོ་རིག་མངའ་བདག་ཕུན་ཚོགས་ཡོན་ཏན་དང་།། བཀའ་དྲིན་མཉམ་མེད་ཆོས་ཀྱི་སེང་གེ་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། སྒུབ་པ་མཐར་ཕྱིན་འཇིགས་མེད་འཕྲིན་ལས་དཔལ།། སྨན་རྩིས་བསྟན་པ་རྒྱས་མཛད་གཞན་ཕན་གཏེར།། བཀའ་དྲིན་མཚུངས་མེད་མཁྱེན་རབ་ནོར་བུ་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། *རྗེས་སྦྱངས་གསོ་དཔྱད་ལས་གོམས་བཟོ་ལ་མཁས།། ཀུན་སྙོམས་གཞན་ཕན་རྒྱུད་པའི་ལུགས་བཟང་འཛིན།། མཚུངས་འབྲལ་སློབ་དཔོན་བསྟན་འཛིན་ཆོས་གྲགས་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། སྐབས་གསུམ་པ་དང་ཕྱི་ནང་དྲང་སྲོང་འཁོར།། འཆི་མེད་ཚེ་ཡི་རིག་པ་འཛིན་ལ་སོགས།། གནང་རིགས་རྗེས་སྦྱངས་འགྲོ་བའི་ཉེར་འཚོ་གང་།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། དངོས་གྲུབ་འདོད་རྒུའི་དཔལ་སྟེར་ཡི་དམ་ལྷ།། མཐུན་རྐྱེན་ཀུན་སྒྲུབ་ཆོས་སྲུང་རྒྱ་མཚོའི་ཚོགས།། ཁྱད་པར་ཆོས་འདིའི་བཀའ་སྲུང་ཞང་བློན་ལ།། གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ།། མི་མཐུན་འདུ་བ་འཁྲུགས་པའི་ལས་དབང་གིས།། ཉམ་ཐག་ནད་ཀྱིས་གཙེས་པའི་སྐྱེ་བོ་ཀུན།། ལུས་སེམས་བདེ་བ་བསྐྱེད་པའི་བདུད་རྩི་ལ།། མི་ཟད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས།། རོ་ནུས་ཞུ་རྗེས་མཁས་པའི་ཕྱག་ལེན་ལྟར།། མཐུན་པར་བསྡེབས་པས་ཚ་གྲང་འདུས་པ་ཡི།། ནད་ཀྱི་གཡུལ་ལས་རྒྱལ་བའི་བ་དན་ཆེ།། སྲིད་པའི་རྩེ་མོར་བསྒྲེངས་པར་བྱིན་གྱིས་རློབས།། སྣ་ཚོགས་སྨན་གྱིས་རླུང་མཁྲིས་བད་ཀན་སོགས།། འདུས་པའི་ནད་ཀུན་འཇོམས་པའི་རྟེན་འབྲེལ་གྱིས།། རང་གཞན་འཁོར་བར་ལྷུང་བྱེད་དྲག་པོའི་ནད།། དུག་གསུམ་རྩད་ནས་གཅོད་པར་བྱིན་གྱིས་རློབས།། འགྲོ་ཀུན་གུ་ཎའི་སྙིང་ཐིག་གདམས་པའི་གནད།། ཉམས་སུ་བསྟར་བས་མ་བཅོས་རང་གི་སེམས།། བདེ་ཆེན་ཆོས་ཀྱི་འཁོར་ལོར་ངོ་འཕྲོད་ནས།། ཚེ་འདི་ཉིད་ལ་གྲོལ་བར་བྱིན་གྱིས་རློབས།། ལྷག་བསམ་ཁ་བའི་རྡུལ་བརྩེགས་ལས་འོངས་པའི།། རླབས་ཆེན་སྨོན་ལམ་མ་དྲོས་ཀླུང་ཆེན་གྱིས།། གསོ་རིག་བསྟན་པའི་ནོར་འཛིན་ཀུན་ཁྱབ་ནས།། གཞན་ཕན་ནོར་བུའི་དགའ་སྟོན་རྒྱས་པར་མཛོད།། །།




 

 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།