སྨན་རྩིས་དྲ་བ། - ཆེད་རྩོམ།

དངུལ་ཆུའི་ཉམས་ཞིབ་སྙན་ཐོ་ལ་བསྐྱར་ཞིབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.03.2019
ཆེད་རྩོམ། >>


 དངུལ་ཆུའི་ཉམས་ཞིབ་སྙན་ཐོ་ལ་བསྐྱར་ཞིབ།

-          སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན།

 

༄༅། །སྔ་ལོ་ཨ་རིའི་ཚན་རིག་དང་འཁོར་ཡུག་གི་དུས་དེབ་འདོན་ཐེངས་ ༥༢ (༡༥) ཐོག་བོད་སྨན་ནང་དངུལ་ཆུ་བེད་སྤྱོད་གནང་བ་དེས་བོད་ཀྱི་འཁོར་ཡུག་ལ་ཉེན་ཚབས་ཡོད་པའི་གྲུབ་དོན་ཞེས་འདོན་སྤེལ་བྱེད་པ་ལ་བཞུགས་སྒར་སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་བསྐྱར་ཞིབ་ཞུས་པ།

 

དང་པོ། དཔྱད་རྩོམ་གྱི་ངོ་སྤྲོད་ནང་ཞན་ཆ་འཚོལ་བ།

 

 

འཛམ་གླིང་འདིར་མིའི་ཚུལ་མིན་བྱ་སྤྱོད་ཀྱིས་འཁོར་ཡུག་ཏུ་རང་བཞིན་གྱི་གནས་པའི་དངུལ་ཆུའི་འཁོར་དུས་ཀྱི་རིམ་པ་ལ་དོ་ཕོག་བཏང་སྟེ་མི་མང་གི་འཕྲོད་བསྟེན་ལ་ཉེན་ཚབས་ཆེན་པོ་བཟོས་ཡོད། དེང་དུས་རྫས་སྦྱོར་རིག་པས་དངུལ་ཆུའི་ངོ་བོ་དང་། ལུས་ནང་ཐུན་ཚད། འཁོར་ཡུག་ཏུ་འབྲེལ་འདྲིས་རིམ་པ་བཅས་ཀྱིས་ཐོག་ནས་མིའི་ལུས་ཁམས་ནང་དུག་ནད་བྱུང་བ་དང་། ལྷག་པར་སྐྱེས་ལྡན་དངུལ་ཆུ་(Methyl mercury)ལ་ཡུན་རིང་འབྲེལ་བ་བྱུང་བས་མངལ་གནས་བུ་དང་བྱིས་པ་འཚར་ལོངས་ལ་གནོད་པ་དང་། རྒན་གྲས་རིགས་ལ་སྙིང་དང་ཁྲག་རྩའི་ནད་ཕོག་པ་བཤད་ཡོད། རྒྱལ་སྤྱིའི་ནང་དུ་དེའི་འབྱུང་ཁུངས་གཙོ་བོ་ནི་མཚོར་གནས་ཉ་རིགས་ཟོས་དྲགས་པའི་རྐྱེན་གྱིས་ཡིན་པ་དང་། ཨེ་ཤི་ཡ་གླིང་ཕྲན་ནང་ལ་ནི་འབག་བཙོག་ཤོར་བའི་འབྲུ་རིགས་ནང་གི་འབྲས་མང་པོ་བསྟེན་དྲགས་པ་ཡིན་པར་ཉམས་ཞིབ་ཏུ་གསལ་ཡོད། རྒྱའི་ཉམས་ཞིབ་པ་ལིའུ་དང་ཁོང་གི་ལས་རོགས་རྣམས་ནས་སྙན་ཐོའི་ངོ་སྤྲོད་ནང་དུ་འཛམ་གླིང་གི་དངུལ་ཆུའི་འབྱུང་ཁུངས་གཙོ་བོ་གཉིས་ཡོད་པའི་ཐོག་གསལ་ཁ་གང་ཡང་མ་གནང་བར་བོད་མི་རྣམས་ཀྱིས་བོད་སྨན་བསྟེན་པ་ལས་དངུལ་ཆུ་དཀའ་ངལ་ཡོང་རྒྱུ་ལོག་བཤད་དང་འཁྱོག་བཤད་བྱས་ཡོད། དངུལ་ཆུའི་འབྱུང་ཁུངས་གཙོ་བོ་གཉིས་ཡོད་པ་ལས། དང་པོ་རང་བཞིན་གྱི་དངུལ་ཆུ་ནི།  མེ་རི་དང་། ཤིང་ནགས་སུ་མེ་ཤོར་བ། ས་འོག་དྲོད་ཀྱི་ནུས་པའི་བྱ་ལས། ཆུ་བཅས་ལས་འབྱུང་བ་ཡིན། གཉིས་པ་མིའི་བྱ་སྤྱོད་རྐྱེན་པས་དངུལ་ཆུ་འབྱུང་བ་ནི། གཏེར་དངོས་བསྔོག་པ་དང་། ལྕགས་རིགས་ཞུན་སྦྱང་གི་ལས་རིགས་ལ་ཞུགས་པ། རྡོ་སོལ་གྱི་བཟོ་གྲྭ་དང་ནུས་བསྐྲུན་ཁང་། དངུལ་ཆུ་བཀོལ་སྤྱོད་བྱས་པའི་ཅ་དངོས་གློག་རྫས་དང་། སྨན་གྱི་འཕྲུལ་ཆས་རིགས་བཟོ་སྐྲུན། གློག་གི་ཤེལ་རྡོག་དཀར་པོ་ཅན་བཟོ་སྐྲུན། དེ་རིགས་བེད་མེད་གད་སྙིགས་སུ་གྱུར་སྐབས་མེར་བསྲེགས་ལ་སོགས་པའི་རྐྱེན་གྱིས་དངུལ་ཆུ་འཁོར་དུས་ཀྱི་རིམ་པར་ས་གནས་ཙམ་མིན་པར་མངའ་སྡེ་དང་། རྒྱལ་ནང་། རྒྱལ་སྤྱིའི་ནང་དུ་མཁའ་རླུང་དང་ཆུའི་འཁོར་ལམ་བརྒྱུད་ནས་མཚོ་དང་མཚེའུ། རྒྱུགས་ཆུ་དང་ཐ་ན་བཙོག་ཆུའི་འགྲོ་ལམ་ནང་དུའང་རྒྱུ་བ་ཡིན།

 

 

ཉམས་ཞིབ་པ་ཁོང་གིས་བོད་འདི་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་པ་དེ་ཉིད་ད་ཡོད་འབག་བཙོག་གི་ས་གནས་སུ་གྱུར་ཡོད་པ་བཤད་ཡོད། དེའི་སྒྲུབ་བྱེད་དུ་ཁོང་རང་ཉིད་ཀྱིས་སྔ་ལོ་ལྷ་ས་གྲོང་སྡེ་ལས་ཁུངས་ཀྱི་བཙོག་ཆུའི་ནང་དུ་དངུལ་ཆུ་ཚད་གཞི་དེ་ཉིད་རྒྱ་ནག་གི་ས་ཕྱོགས་ཚང་མའི་ནང་ནས་ཀྱང་མཐོ་བ་ཡོད་པའི་དཔྱད་རྩོམ་རང་ཉིད་ཀྱིས་བརྩམས་པ་དེ་ལ་ཁུངས་གཏུགས་ནས་གྲུབ་ཡོད། དེ་ནི་རང་གི་བཤད་པའི་གཏམ་དེ་བདེན་པ་སྟོན་པའི་ཆེད་དུ་རང་གིས་རང་ལ་དཔང་པོ་བྱེད་པ་ལྟ་བུ་ཡིན།

 

 

ཁོང་གིས་མུ་འཐུད་ནས་བོད་སྨན་གྱི་སྨན་རྫས་སུ་སྔོ་སྨན་དང་རྡོ་སྨན་ཙམ་མ་གཏོགས་མེད་པ་དང་། དེ་ཡང་སྨན་གྱི་སྦྱོར་བ་གང་ལའང་དངུལ་ཆུ་བླུག་ཡོད་པ། བོད་སྨན་དེ་ཡང་བོད་རིགས་ཁོ་ནས་བསྟེན་བཞིན་ཡོད་པ་བཤད་འདུག བོད་ཀྱི་གསོ་བ་རིག་པའི་ནང་དུ་སྨན་རྫས་ཀྱི་རིགས་ལ། རིན་པོ་ཆེའི་སྨན་དང་། ས་རྡོའི་སྨན། ཤིང་སྨན། རྩི་སྨན། ཐང་སྨན། སྔོ་སྨན། སྲོག་ཆགས་སྨན་བཅས་དབྱེ་བ་བརྒྱད་བཤད་ཡོད་པ་ཉམས་ཞིབ་པ་ཁོང་དང་ཁོང་གི་ལས་རོགས་མ་གཏོགས་འཛམ་གླིང་ཀུན་ལ་ཡོངས་གྲགས་ཡིན། བོད་སྨན་ནང་ལ་དངུལ་ཆུ་དུག་འདོན་ཟིན་པའི་བཙོ་ཐལ་བེད་སྤྱོད་བྱེད་པ་ལས་དངུལ་ཆུ་རྗེན་པ་ནམ་ཡང་བེད་སྤྱོད་གཏོང་སྲོལ་མེད་པ་ཚང་མས་ངེས་པར་དུ་མཁྱེན་དགོས། དེ་ཡང་བོད་སྨན་སྦྱོར་བ་ཉུང་ཤས་ལས་བོད་སྨན་ཚང་མའི་ནང་བཙོ་ཐལ་སྒྲོན་སྲོལ་མེད། བཙོ་ཐལ་དེ་ནི་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ལས་ཐོག་མར་དངུལ་ཆུའི་གཡའ་སྦྱོང་བ་དང་། ལྕི་འབིགས་ཀྱི་ནུས་པ་བཙོ་བཀྲུས་འདུལ་བ། དགྲ་དང་སྤྲད་དེ་རང་གཟུགས་བསྒྱུར་ནས་གྲུབ་པའི་དངུལ་ཆུ་དུག་འདོན་ནམ་བདུད་རྩི་བཅུད་ཀྱི་རྒྱལ་པོ་ཞེས་བརྗོད་པ་ཡིན།  བོད་སྨན་བསྟེན་མཁན་ལ་ཆ་བཞག་ནའང་བོད་རིགས་ཙམ་མ་ཡིན་པར་རྒྱའི་མི་རིགས་དང་། ཧི་མ་ལ་ཡའི་མི་རིགས་ལ་སོགས་པ་འཛམ་གླིང་གི་མི་རིགས་མང་པོས་བསྟེན་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད།

 

 

གཉིས་པ། ཉམས་ཞིབ་ཀྱི་རྒྱུ་ཆ་དང་ཐབས་ལམ་ནང་དུ་ཞན་ཆ།

 

ཀ༽ ཉམས་ཞིབ་ཀྱི་རྒྱུ་ཆ།

རྒྱའི་ཉམས་ཞིབ་པ་དེས་བོད་ནང་དུ་དེབ་སྐྱེལ་མེད་པའི་བོད་སྨན་བཟོ་གྲྭ་བརྒྱད་ནས་རྒྱུན་གཏན་དུ་བེད་སྤྱོད་ཆེ་བའི་བོད་སྨན་བདུན་ཏེ། རིན་ཆེན་མང་སྦྱོར་དང་། རིན་ཆེན་རཏྣ་བསམ་འཕེལ།(ཐེངས་གཉིས་བཀོད་འདུག) རིན་ཆེན་གྲང་སྦྱོར། རིན་ཆེན་བཙོ་བཀྲུ་ཟླ་ཤེལ། མུ་ཏིག་ ༢༥།  སེ་འབྲུ་དྭངས་གནས་བཅས་ཞིབ་འཇུག་ཆེད་དུ་མཁོ་གྲུབ་བྱས་འདུག་ཀྱང་། བོད་སྨན་བཟོ་གྲྭ་དེ་དག་དེབ་སྐྱེལ་མེད་པ་མ་ཟད། མིང་བྱང་ཡང་བཀོད་མེད་དུས་བཟོ་གྲྭ་དེ་དག་གིས་བེད་སྤྱོད་བཏང་བའི་སྨན་རྒྱུའི་སྤུས་ཚད་དང་། བཟོ་གྲྭའི་འགྲོ་ལུགས་ལྟར་སྤུས་ཚད་སྟངས་འཛིན། སྨན་སྦྱོར་བྱེད་སྟངས་སོགས་ཀྱི་དངོས་ཡོད་གནས་ཚུལ་ཐད་ང་ཚོས་ངོས་ནས་ཤེས་ཐབས་མེད་པར་བརྟེན་རང་བཞིན་གྱིས་དྭོགས་པ་སྐྱེས་པའི་གནས་ཞིག་ཏུ་གྱུར་ཡོད། དེ་ལྟར་བོད་སྨན་བདུན་པོ་དེ་དག་གི་ནང་དུ་དངུལ་ཆུ་གཙོས་པའི་ཁམས་རྫས་བརྒྱད་ཐོག་ཞིབ་འཇུག་བྱེད་སྐབས་དངུལ་ཆུ་སོགས་ཚད་གཞི་རིམ་པ་གང་ཐོན་པ་དེ་མིང་བྱང་ཡང་མེད་པའི་བཟོ་གྲྭ་བདུན་པོར་མ་གཏོགས་བོད་སྨན་སྤྱི་ཡོངས་ལ་ཁྱབ་ཐུབ་ཐབས་མེད་ཅེས་གསལ་པོ་ཞུ་རྒྱུ་ཡིན།  

 

ཁ༽ ཉམས་ཞིབ་ཀྱི་ཐབས་ལམ།

༡༽ ཉིན་ལྟར་བསྟེན་འོས་པའི་ཚོད་དཔག (Probable Daily Intake-PDI)  ཞེས་པ་འདི་ཉམས་ཞིབ་ཀྱི་ཐབས་ལམ་ཞིག་ཡིན། འདི་ནི་རྒྱུན་ལྡན་འབག་བཙོག་ཤོར་བའི་ཟས་སྐོམ་ནང་དུ་འབག་བཙོག་གི་རྫས་རིགས་དང་མང་ཉུང་གི་ཚད་གཞི་རྟོགས་པར་བྱེད་ཐུབ། ད་ལན་རྒྱའི་ཉམས་ཞིབ་པ་རྣམས་ནས་བོད་དུ་བོད་མི་ཚོའི་བཙོག་ཆུའི་ནང་དངུལ་ཆུའི་ཚད་གཞི་མཐོ་བོ་ཡོད་པ་ཤེས་རྟོགས་བྱུང་ཡོད། དེའི་འབྱུང་ཁུངས་འཚོལ་ཞིབ་བྱེད་སྐབས་བོད་མི་ཚང་མས་གོང་གི་བོད་སྨན་བདུན་པོ་གང་རུང་ཉིན་ལྟར་སྤྱི་བསྡོམས་ཚད་གཞི་གྷ་རམ་ ༠་༧༦ བཞེས་ཀྱིས་ཡོད་པའི་ཚོད་དཔག་བྱས་ནས་བཤད་ཡོད། དེ་ཡང་བོད་མི་ཚང་མས་གོང་གི་བོད་སྨན་བདུན་པོ་དེ་དག་ཉིན་ལྟར་ཁ་ཟས་ལྟར་བསྟེན་པ་ལས་བྱུང་བ་ཡིན་པ་དང་། དེས་བོད་ཀྱི་འཁོར་ཡུག་ཐོག་དངུལ་ཆུའི་དཀའ་ངལ་བཟོ་ཡི་ཡོད་པའི་གྲུབ་དོན་སྤེལ་བ་རེད། དེ་ནི་ཁྱོགས་བཤད་རང་ཡིན། རྒྱུ་མཚན་ནི། ང་ཚོའི་བཤད་སྲོལ་ལ་ཟས་དེ་སྨན་ལྟར་བསྟེན་དགོས་པ་ལས་སྨན་དེ་ཟས་ལྟར་བསྟེན་མི་རུང་བ་ཡིན་པ་དང་། ལྷག་པར་བོད་ནང་གི་བོད་མི་རྒན་གཞོན་ཚང་མས་ཉིན་ལྟར་བོད་སྨན་བསྟེན་མི་སྲིད་པ་ལྟ་བུ་ཡིན་ལ། གལ་ཏེ་བོད་སྨན་བསྟེན་པའི་དབང་དུ་བཏང་ཡང་གོང་གསལ་སྨན་བདུན་ནས་བཞི་རིན་ཆེན་རིལ་བུ་ཆགས་ཡོད། རིན་ཆེན་རིལ་བུ་རྣམས་ཉིན་ལྟར་ཁ་ཟས་བཞིན་བསྟེན་སྲོལ་མེད་པ་ནི་བོད་སྨན་བསྟེན་མཁན་ཚང་མས་ཤེས་ཀྱི་ཡོད། ཉམས་ཞིབ་པ་གཟུ་བོར་གནས་པ་ཚད་ལྡན་ཞིག་ཡིན་ན་ད་ལན་རྒྱ་རིགས་འདུས་པའི་ཉམས་ཞིབ་འདིའི་ནང་དུ་བོད་ནང་གི་གསོ་རིག་སྨན་པ་ཚད་ལྡན་ཞིག་གདན་འདྲེན་ཞུ་དགོས་ངེས་ལྟ་བུ་ཞིག་ཡིན་ཀྱང་དེ་ལྟར་བྱུང་མེད། དེའི་སྟེང་བོད་སྨན་བསྟེན་སྟངས་དང་བཙོ་ཐལ་སྐོར་མཁྱེན་རྒྱ་ཡོད་པ་ཞིག་གི་དྲུང་ནས་ངེས་པར་སློབ་སྟོན་ཞུ་དགོས་པ་ཡིན་ཀྱང་དེ་ཡང་བྱུང་མེད་སྟབས། བོད་སྨན་བཏང་སྲོལ་ཐད་ལ་ཚོད་དཔག་ནོར་འདུག་པ་མ་ཟད་གྲུབ་དོན་ཡང་ནོར་འཁྲུལ་ཆེན་པོ་བྱུང་ཡོད།

 

༢༽ ཉམས་ཞིབ་འདིའི་དཔྱད་གཞི་ཐབས་ལམ་ ༼Material flow analysis༽ཞེས་བེད་སྤྱོད་བྱས་པ་འདིས་ཚོད་དཔག་གི་ཐོག་ནས་ད་ཡོད་བོད་སྨན་ནང་དུ་སྐྱེས་ལྡན་དངུལ་ཆུ་ ༼Methyl mercury༽ཡི་བརྒྱ་ཆ་ཤིན་ཏུ་ཉུང་བ་ ༠་༠༨༦ ནས་ ༡་༡ བར་གསལ་བ་དེ་ཉིད་ཐོག་མར་ཁོང་དུ་བཏང་བ་དང་། བར་དུ་མྱག་བཞུ་དྭངས་སྙིགས་བྱུང་ནས་བཙོག་ཆུ་ནང་སླེབས་པ། མཐར་དེ་ནས་འཁོར་ཡུག་ལ་གནོད་ཅིང་། ཉེན་ཚབས་བརྟག་ཐབས་དེ་ཉིད་ཤིན་ཏུ་དཀའ་བ་ཡོད་པ་མ་ཟད་། གང་རྟོགས་པ་ནོར་འཁྲུལ་རང་བཞིན་ཆགས་ཉེན་ཤིན་ཏུ་ཆེ་བ་ཡོད།

 

༣༽ ལྷ་སའི་གྲོང་སྡེའི་བོད་མིའི་བཙོག་ཆུའི་ནང་དངུལ་ཆུ་ཚད་གཞི་མཐོ་བོ་དེས་བོད་སྨན་ཁོ་ན་ནས་འབྱུང་བ་ཞིག་བརྗོད་པ་དེའང་ཁྱོགས་བཤད་ཆགས་ཡོད། གང་ཡིན་ཞེ་ན། ཉམས་ཞིབ་བྱེད་མཁན་རྒྱའི་ཚན་རིག་པ་དེ་ཡིས་དེ་སྔ་ཞིབ་འཇུག་སྙན་ཐོ་མང་པོའི་ནང་གཏེར་ཁ་སྔོགས་བཏོན་དང་། བཟོ་གྲྭའི་སྙིགས་ཆུ། ལྕགས་བཞུ་བཟོ་ལས་སོགས་ནས་མཁའ་རླུང་ནང་དངུལ་ཆུ་འབག་བཙོག་གིས་འཁོར་ཡུག་ལ་གནོད་ཀྱི་ཡོད་པ་བཤད་ཡོད་པ་དང་། དེ་ལས་གལ་ཆེ་བ་ཕྱི་ལོ་ ༢༠༡༠ ཡི་དུས་དེབ་དེ་རང་ནང་དབྱིན་ཡུལ་གྱི་ཚན་རིག་པ་དང་རྒྱའི་ཚན་རིག་པ་འགའ་ཤས་ཟུང་འབྲེལ་ཐོག་བོད་ནང་གི་མཚོའི་བྱེ་མར་བརྟག་དཔྱད་གནང་རྗེས་སྤྱི་ལོ་༡༩༧༠ ནས་བཟུང་བོད་ཀྱི་མཐོ་སྒང་དུ་དངུལ་ཆུའི་འབའ་བཙོག་ཤུགས་ཆེ་རུ་ཕྱིན་ཡོད་པ་འདིས། རྒྱ་དཀར་ནག་གཉིས་ཀྱི་དཔལ་སྤྱོར་ཡར་རྒྱས་དང་བཟོ་གྲྭ་ཇེ་མང་དུ་འགྲོ་བར་བརྟེན་ནས་བྱུང་ཡིན་པ་བཤད་ཡོད།

 

གསུམ་པ། ཞིབ་འཇུག་གྲུབ་དོན་དང་གླེང་གཞིའི་ནང་ཞན་ཆ་འཚོལ་བ།

 

༡། རྒྱའི་ཉམས་ཞིབ་པ་རྣམས་ནས་གོང་གསལ་བོད་སྨན་བདུན་པོའི་ནང་དངུལ་ཆུ་སྤྱི་ཡོངས་ཀྱི་ཚད་གཞི་འདི་གཏེར་སྔོགས་ས་གནས་ཀྱི་འབྲས་ཞིང་ལས་མང་བ་ཡོད་པ་བརྗོད་པ་དེ་ལ་དོགས་གཞི་ཆེན་པོ་ཡོད།                        ༢། གོང་གི་བོད་སྨན་བདུན་པོ་རྣམས་བོད་ནང་གི་བོད་མི་ཚང་མས་ཉིན་ལྟར་བཞེས་ཀྱིས་ཡོད་པ་གཞིར་བཞག་ནས་དངུལ་ཆུ་གཙོས་པའི་ལྕགས་རྫས་གཞན་རྣམས་ཀྱང་རྒྱལ་སྤྱིའི་ཚད་ལས་མཐོ་དྲགས་ཐོན་པའི་རྒྱུ་རྐྱེན་བོད་སྨན་ཡིན་པར་བཤད་པ་ནི། རྒྱལ་སྤྱིའི་ནང་བོད་སྨན་གྱི་ཆེས་མཐོང་ལ་མཚན་ཤས་དང་། བོད་ཀྱི་གསོ་བ་རིག་པའི་འཕྲིན་ལས་རྒྱས་བཞིན་པ་ལ་དོ་ཕོག་གཏོང་ཐབས་འབད་བརྩོན་བྱས་པ་ཞིག་ལས་མ་འདས། བོད་དུ་བོད་སྨན་ནང་དངུལ་ཆུ་གཙོས་ལྕགས་རྫས་བརྒྱད་ཀྱི་བརྟག་དཔྱད་གནང་འབྲས་ ༼lead༽ དང་། ༼arsenic༽ གྱི་ཚད་གཞི་མཐོ་བོ་མངོན་ཡོད་པ་བརྗོད་ཀྱང་། བཞུགས་སྒར་སྨན་རྩིས་ཁང་གི་བོད་སྨན་ནང་དུ་དེ་ལྟར་བརྟག་དཔྱད་གནང་སྐབས་ལྕགས་རྫས་འདི་གཉིས་རྩ་བ་ཉིད་ནས་ཐོན་མེད།

 

༣། རྩིས་འགོ་ནོར་ན་རྩིས་འབྲས་ནོར་བ་ཆོས་ཉིད་ཡིན་པ་ལྟར། བོད་ནང་གི་བོད་མི་ཚང་མས་རིན་ཆེན་རིལ་བུ་གཙོས་པའི་བོད་སྨན་བདུན་པོ་རྣམས་ཉིན་ལྟར་བཞེས་ཀྱི་ཡོད་པའི་རྩིས་ནོར་བཏབ་ནས་བོད་མིའི་བཙོག་ཆུའི་ནང་དངུལ་ཆུ་ཚད་གཞི་ཐོན་པ་དེ་རྒྱ་ནག་གི་གཏེར་སྔོགས་ས་གནས་ཀྱི་བརྒྱ་ཆ་ལས་ལྡབ་ ༣༥ མང་བ་དང་། དངུལ་ཆུ་འབའ་བཙོག་གི་དཀའ་ངལ་ཡོད་པའི་རྒྱལ་ཁབ་ཉི་ཧོང་དང་། ནོར་ཝེ། ཨ་རི་ལས་ཀྱང་ལྡབ་ ༢༠༠ ནས་ ༣༠༠༠ བར་མང་བ་ཡོད་པ་བཤད་དེ་རྒྱུན་ལྡན་བོད་སྨན་བསྟེན་མཁན་དང་། བོད་སྨན་ལ་ཡིད་ཆེས་དང་དགའ་ཞེན་གནང་མཁན་རྣམས་ལ་ཉམས་ཞིབ་འདིའི་བརྒྱུད་ནས་འཇིགས་སྐུལ་དང་དོགས་གཞི་ས་བོན་འདེབས་ཐབས་བྱས་པ་ཞིག་ཡིན།       

 

༤། རྒྱའི་ཉམས་ཞིབ་པ་རྣམས་ནས་རྒྱ་ནག་ནང་དུ་རྒྱ་རིགས་ཚོས་ཉ་མང་པོ་ཟོས་པ་ལ་བརྟེན་ནས་དངུལ་ཆུ་སྤྱི་དང་ལྷག་པར་དུག་ཤས་ཆེ་བའི་ Methyl mercury དཀའ་ངལ་འབྱུང་བཞིན་པར་འདོད། འོན་ཀྱང་བོད་མི་རྣམས་ནི་ཉ་དང་འབྲས་ཉུང་ངུ་ལས་མི་བཟའ་བར་བཤད་ཡོད། འོ་ན་བོད་དུ་བོད་མི་རྣམས་ཀྱིས་བོད་སྨན་སྟེང་དེང་སང་དངུལ་ཆུ་འབག་བཙོག་ཡོད་པའི་ཀྲུང་གོའི་སྲོལ་རྒྱུན་སྨན་ཇི་སྙེད་ཅིག་བསྟེན་བཞིན་ཡོད་པ་སྨོད་མེད་མ་ཡིན་ནམ། ད་ལན་བཙོག་ཆུའི་ནང་དངུལ་ཆུ་ཐོན་པ་དེ་བོད་སྨན་ཁོ་ན་ལ་ཁག་དཀྲི་པ་འདི་ནི་མ་ཉེས་ཁ་ཡོག་རང་ཡིན།     

 

༥། གོང་གསལ་བོད་སྨན་བདུན་པོར་དངུལ་ཆུ་གཙོས་པའི་ལྕགས་རྫས་བརྒྱད་ལ་བརྟག་དཔྱད་གནང་འབྲས་དབང་རྩར་ཕན་པའི་རྫས་སི་ལི་ནྱིམ་(Selenium) ཐོན་མེད་པར་རྒྱའི་ཚན་རིག་པས་འབག་བཙོག་ཅན་གྱི་ཉ་ལས་བོད་སྨན་གྱིས་མིའི་ལུས་པོ་ལ་གནོད་ཚབས་ཆེ་བ་ཡོད་པའི་ཁྱད་གསོད་བྱས་འདུག་ཀྱང་། སྨན་གཞུང་ནང་བཙོ་ཐལ་གྱི་ཕན་ཡོན་དུ་། དུག་དང་བྲལ་བའི་བཅུད་ཀྱི་རྒྱལ་པོ་བཙོ་ཐལ་གྱིས་དབང་པོ་གསལ་བ་དང་། ལུས་ཟུངས་འཕེལ་བ། རྒས་ཀ་སྲ་བ།  ཚེ་བསྲིང་ལུས་སྟོབས་སྐྱེད་ཅིང་བདེ་ཐང་སྲུང་འཛིན་བྱེད་པ། དུག་རིགས་སེལ་བ། སྨན་ནུས་འཕེལ་བར་བྱེད་པ་སོགས་གསུངས་ཡོད། དེ་ཙམ་དུ་མ་ཟད་འདི་ག་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན་ནས་ཕྱི་རྒྱལ་ཚན་རིག་པ་ཚད་ལྡན་དང་ཟུང་འབྲེལ་ཐོག་བཙོ་ཐལ་ལ་ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་གནང་ནས་ཤེས་རྟོགས་འབྱུང་བ་ནི། བཙོ་ཐལ་སྒྲོན་པའི་བོད་སྨན་སྦྱོར་བས་མིའི་ལུས་ཁམས་ཀྱི་དབང་རྟེན་ལ་གནོད་ཚབས་མེད་པར་བདེ་འཇགས་གྱི་རང་བཞིན་བཟང་པོ་ལྡན་པའི་བདེན་དཔང་ར་སྤྲོད་གསལ་པོ་བྱུང་ཡོད། ཉམས་ཞིབ་ཐེངས་གཉིས་པའི་སྐབས་བཙོ་ཐལ་སྨན་སྦྱོར་བྱས་པའི་བོད་སྨན་རྣམས་དུས་བསྲིངས་ནས་བསྟེན་པས་ཤེས་རྟོགས་ཀྱི་ནུས་པར་ཕན་ནུས་ཐོན་ཡོད་པའང་གསལ་ཡོད། ཉམས་ཞིབ་སྔ་ཕྱི་ཐེངས་གཉིས་ཀྱི་སྙན་ཐོ་གཉིས་པོ་སྤྱི་ལོ་ ༢༠༠༦ དང་ ༢༠༡༦ ལོར་རྒྱལ་སྤྱིའི་ཚན་རིག་དུས་དེབ་ནང་དུ་འདོན་སྤེལ་ཞུས་ཡོད།     

 

༦། ད་ཡོད་ཉམས་ཞིབ་ནང་དུ་ཚད་ལྡན་ཡོད་མེད་དོགས་པའི་བོད་སྨན་སྦྱོར་བའི་ནང་དུ་སྐྱེས་ལྡན་(Methyl mercury)ཐོན་པ་དེ་གཏེར་བསྔོག་ས་གནས་ཀྱི་འབྲས་ཤིང་ལས་མང་བ་མངོན་པ་བཤད་པ་དེས་བོད་སྨན་བཟོ་བསྐྲུན་གནང་མཁན་དང་། སྨན་རྒྱུའི་སྤུས་ཚད། བཙོ་ཐལ་ལག་ལེན་ཚད་ལྡན་མེད་པར་བརྟེན་ནས་བྱུང་བ་རེད།  རྒྱའི་ཉམས་ཞིབ་པ་རྣམས་ཀྱིས་གོང་གི་བོད་སྨན་བདུན་པོའི་ནང་དུ་(Methyl mercury)ཐོན་པ་དེ་གཏེར་བསྔོག་ས་གནས་ཀྱི་འབྲས་ཤིང་ལས་མང་བ་མངོན་པ་ནི། གོང་གི་བོད་སྨན་བདུན་པོའི་བཟོ་གྲྭའི་ནང་དུ་བོད་སྨན་བཟོ་སྐྲུན་གནང་མཁན་དང་། སྨན་རྒྱུའི་སྤུས་ཚད། སྤུས་ཚད་སྟངས་འཛིན་མེད་པ། བཙོ་ཐལ་ལག་ལེན་ཚད་ལྡན་མེད་པ་སོགས་ལས་འབྱུང་བ་ཞིག་ཡིན།

 

༧། མཐར་རྒྱའི་ཉམས་ཞིབ་པ་རྣམས་ནས་བོད་ནང་དུ་བོད་སྨན་བཞེས་མཁན་དང་མ་བཞེས་མཁན་གྱི་བོད་མིའི་གྲངས་ཐོ་དངོས་ཡོད་བརྒྱ་ཆ་གང་ཡིན་པ་ཤེས་མེད་ལ། དེ་ཡིས་ཁོང་ཚོའི་ཚོད་དཔག་ལ་ནོར་འཕྲུལ་བྱུང་བའི་དཀའ་ངལ་འདི་ཕྲད་པ་ཞིག་ཡིན། མ་འོངས་པར་ཉམས་ཞིབ་འདི་རིགས་ལག་བསྟར་ཆེད་དུ་ཐོག་མར་ས་གནས་ཀྱི་བོད་མི་བོད་སྨན་བཞེས་མཁན་དང་མ་བཞེས་མཁན་གྱི་གྲངས་ཐོ་ངེས་པར་ཤེས་རྟོགས་དགོས་རྒྱུ་གལ་ཆེན་པོ་ཡིན། འདིའི་ཤུགས་སུ་བོད་སྨན་བསྟེན་པ་ལས་འཁོར་ཡུག་ལ་གནོད་ཚབས་འཕྲད་བཞིན་པའི་ཉམས་ཞིབ་གྲུབ་དོན་འདི་ཡང་དག་པ་ཞིག་གཏན་ནས་མ་ཡིན་པ་ཚང་མས་གསལ་པོ་ར་སྤྲོད་ཐུབ་ངེས་ཡིན། ཐུགས་རྗེ་ཆེ།།

 

(འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ ཉིན་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གིས་གནད་དོན་གསུམ་གྱི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་གི་གནད་དོན་གལ་ཆེ་བ་གཅིག་ཡིན་པ་སྣོན་འཕྲི་ཅུང་ཟད་བྱས་ཡོད།)

 

 

 

 

 

 

མཐའ་མའི་འདོན་ཐེངས་།: 03.10.2019 ཉིན། 11:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།