སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཐུབ་བསྟན་ཚེ་རིང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.06.2018
གསོ་རིག་མཁས་དབང་རིམ་བྱོན། >>


ཐུབ་བསྟན་ཚེ་རིང་།

- བྱམས་པ་འཕྲིན་ལས།

 

ལྕགས་རིའི་དགེ་རྒན་ཐུབ་བསྟན་ཚེ་རིང་མཆོག་ནི། ཁ་ཐོག་ཆུ་འཁོར་ཞེས་པའི་ཁྱིམ་སུ་ཡབ་རིག་འཛིན་དང་ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་ (སྤྱི་ལོ་ ༡༩༠༨) ལོར་འཁྲུངས། དགུང་ལོ་བརྒྱད་པ་ཤིང་ཡོས་ (སྤྱི་ལོ་ ༡༩༡༥) ལོར་ལྷོ་ཁ་སྣེ་གདོང་རྫོང་རྩེ་ཚོགས་དགོན་དུ་ཆོས་ཞུགས་སློབ་གཉེར་གནང་། ཁོང་ཉིད་ཀྱི་ཞང་པ་དགེ་སློང་བྱང་ཆུབ་ཀླུ་སྒྲུབ་བམ་མཚན་གཞན་ལ་སྐུ་ཞབས་དངོས་གྲུབ་ལགས་ཞུ་བ་དང་། རོང་རྒྱ་མ་ནས་ཡིན་པའི་རྒན་དར་བཟང་ལགས་ཞུ་བ་གཉིས་ཀྱི་དྲུང་ནས་འབྲི་ཀློག་གཉིས་ཀྱིས་མཚོན་བོད་ཡིག་གི་རྨང་གཞིའི་ཤེས་བྱ་ནས་དབུ་བཙུགས་ཏེ་གསན་སྦྱངས་གནང་། དགུང་ལོ་བཅུ་གཅིག་པ་ས་རྟ་ (སྤྱི་ལོ་ ༡༩༡༨) ལོར་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་དུ་གསོ་རིག་གསན་སྦྱངས་གནང་རྒྱུའི་སྐལ་བཟང་ཐོབ། སྙན་གྲགས་ཆེ་བའི་མཁས་དབང་གྲྭ་ཕྱི་བྱེ་ཚོགས་པ་སྐལ་བཟང་ལེགས་བཤད་མཆོག་དགེ་རྒན་དུ་བསྟེན་གནང་གིས་རིག་པ་དོན་གཉེར་ཆེད་དགེ་རྒན་གྱི་ཞུ་སྒོ་གང་ཅིར་ངག་བཀོད་དང་ལེན་ཐོག་ཚོགས་དང་ཆོས་རྭ་ཚུགས་རྒྱུ། ཕྱག་བདེ་གཞོན་ཁྲལ་གྱི་རིགས། སྒྲིག་ཁྲིམས་སྤྱི་མཚུངས་འཐུས་ཤོར་མེད་པ་དང་། རང་འཁྲི་སློབ་གཉེར་ལ་འབད་བརྩོན་ལྷོད་མེད་ཀྱི་ཉིན་ལྟར་དགེ་རྒན་ནས་དཔེ་ཁྲིད་གནང་བ་བློ་འཛིན་གྱིས་ངག་རྒྱུགས་འབུལ་རྒྱུ་སོགས་ཉིན་མཚན་ལྟོས་མེད་ཀྱི་འབད་བརྩོན་གནང་བས་ཟླ་རེ་བཞིན་ཚེས་ ༡༥ ནས་ཚེས་ ༢༩ གཉིས་ལ་གྲྭ་ཚང་ལྷན་རྒྱས་སུ་གསན་རྒྱུགས་འབུལ་གནང་བ་མ་ཟད། སྨན་རྩིས་དབུ་འཛིན་མཁས་དབང་མཁྱེན་རབ་ནོར་བུའི་དྲུང་དུ་གསན་རྒྱུགས་འབུལ་བར་རྟག་ཏུ་ཁོང་ཉིད་གཏོང་གནང་གི་ཡོད། དགུང་ལོ་བཅོ་ལྔ་པ་ཆུ་ཁྱི་ (སྤྱི་ལོ་༡༩༢༢) ལོར་རྒྱུད་གསུམ་དང་བཅས་པ་རྒྱུགས་ཐོག་བཞེས་ལ་མཁས་དབང་འདུས་ཚོགས་སུ་བཤད་པ་གནང་བས་སྙན་གྲགས་ཐོབ། གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཐུགས་ཉར་གནང་།

དགུང་ལོ་བཅུ་དྲུག་པ་ཆུ་ཕག་ (སྤྱི་ལོ་༡༩༢༣) ལོར་ནད་ཐོག་དངོས་ནང་ཞུགས་རྗེས་མཁས་དབང་དགེ་རྒན་སྐལ་བཟང་ལེགས་བཤད་མཆོག་གི་སྨན་གྱི་ཕྱག་ལེན་སྟོད་ལུགས་གཙོ་བོ་དང་ཕྱི་བཅོས་བཅོས་ཀ་གནང་རྒྱུར་སྙིང་སྟོབས་ཆེ་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྟབས་སྣོད་ཀ་གཏར་རྒྱུ་དང་རུས་ཆག་ཆག་བཅིང་གནང་རྒྱུ་སོགས་ཤིན་ཏུ་མཁས་པའི་ཕྱག་ལེན་དམར་ཁྲིད་མ་ལུས་བུམ་པ་གང་བྱོའི་ཚུལ་དུ་ཁོང་ལ་གནང་།

དགུང་ལོ་ཞེ་གཉིས་པ་ས་ཕག་ (སྤྱི་ལོ་ ༡༩༥༩) ལོར་ལྕགས་རི་བཻཌཱུརྱ་འགྲོ་ཕན་རིག་བྱེད་གླིང་གི་རྒྱུ་ནོར་རིན་བྲལ་དང་བཅས་པ་རྩ་བརླག་ཏུ་སོང་བ་དང་སྦྲགས་གང་ཉིད་ཀྱང་བོད་དམག་ཁུལ་ཁང་དང་ཕྲ་རིང་དུ་ལོ་གཅིག་བཙོན་འཇུག་བཀག་ཉར་བྱས་ཤིང་། ཞོལ་ཞིང་པའི་ཁུལ་དུ་ས་ཞིང་འདེབས་ལས་ལོ་གཅིག་གནང་དགོས་བྱུང་། དགུང་ལོ་ཞེ་ལྔ་པ་ཆུ་སྟག་ (སྤྱི་ལོ་ ༡༩༦༢) ལོར་ཁོང་གི་འགན་བབས་ལས་གནས་བསྐྱར་གསོ་གནང་སྟེ་ལྷ་ལྡན་སྨན་རྩིས་ཁང་ནང་དུ་ཕེབས་ཏེ་སྨན་དོན་ཕྱག་ལས་ཀྱི་དུས་ཚོད་མང་ཆེ་བ་ནད་ཐོག་དངོས་ནང་ཞུགས་གནང་སྟེ་ནད་པར་སྨན་བཅོས་གནང་བའི་མི་གྲངས་ཁྲི་ཡན་དེ་བཞིན་ས་མཐོའི་སྟེང་རྒྱུན་མཐོང་དང་བཅོས་དཀའི་ནད་གཞི་སྟེ་གཟའ་ནད་དང་རླུང་སྐྱོན་གྱི་རིགས། མཁལ་མའི་ནད། གྲུམ་བུ། ཕོ་བ་སྨུག་པོ་སོགས་བཅོས་གནང་རྒྱུར་མཁས་ཤིང་སྙན་གྲགས་ལྡན་ལ་དེའི་ཐད་སྤྱི་ལོ ༡༩༨༠ ལོ་བར་དཔེ་མཚོན་ནད་པ་བརྒྱ་ཕྲག་ལྷག་ཙམ་ནང་མངོན་དྲག་བྱུང་བ་བརྒྱ་ཆ་༥༠% དང་ཕན་ནུས་ཡོད་པ་༩༠% ཡན་ཟིན་གྱི་ཡོད། ཁོང་གི་རྒྱལ་གཟེར་གྱི་ནད་གཞི་བཅོས་གནང་བའི་སྐབས་མང་བ་སྣོད་མཁྲིས་ཀྱི་བྱ་ལས་དང་འབྲེལ་བ་ཡོད་པར་ངོས་འཛིན་གནང་ཞིང་དབང་རྩའི་བྱ་ལས་ལ་སྲུང་སྐྱོབ་ནུས་ཐོན་བྱ་རྒྱུ་ཕུད། ད་དུང་སྣོད་མཁྲིས་བྱ་ལས་ལ་ཕན་ནུས་ཡོད་པའི་སྨན་རིགས་བེད་སྤྱོད་ཟུང་འབྲེལ་གྱིས་གསོ་བྱར་དམིགས་བསལ་གྱི་ཕན་འབྲས་ཐོན་ལ། དེ་བཞིན་ཕོ་བ་སྨུག་པོ་སོགས་བཅོས་གནང་སྐབས་སྨན་སྦྱོར་གསར་བཟོ་དང་ཁ་ཚར་བསྣན་རྒྱུ་སོགས་བྱ་ཐབས་དམིགས་བསལ་སྤྱད་གནང་གིས་ནད་ཐོག་དངོས་ནང་ཕན་ནུས་ཆེན་པོ་ཡོད་པ་ར་འཕྲོད་བྱུང་། དགུང་ལོ་ང་བརྒྱད་པ་ཤིང་སྦྲུལ་ (སྤྱི་ལོ་༡༩༦༥) ལོར་སྨན་རྩིས་ཁང་གི་ནུབ་ངོས་ཉལ་ཁྲི་ ༢༠ ལས་གྲུབ་པའི་ནད་ཁང་ཐེངས་དང་པོ་གཉེར་བའི་གཙོ་འགན་བཞེས་གནང་ཐོག་ནད་ཁང་སྨན་བཅོས་ཀྱི་དགོས་མཁོ་དང་། རྒྱ་ཆེའི་མང་ཚཽགས་ཀྱི་བདེ་ཐང་ཆེད་གཞོན་ནུ་སྨན་དོན་མི་སྣ་༡༠ ཙམ་སྒྲིག་འགུགས་སྣེ་ཁྲིད་ཀྱིས་བོད་སྨན་ལུསམ་བཅོས་ཀྱི་བྱ་ཐབས་ཕྱག་ལེན་རེ་རེ་བཞིན་བརྒྱུད་སྤེལ་བེད་སྤྱོད་གནང་བས་ཡན་ལག་རེངས་པ་དང་། ཞ་བ། བུད་མེད་ཚབས་ནད་ཀྱི་རིགས། ཚིགས་འཆུས་སོགས་ཀྱིས་ལུས་སྒུར་བ། ཤ་རུས་ཆུ་སེར་གཡོས་པ། རླུང་ནད་ཀུན་དང་། བད་ཀན་གྲང་བའི་ནད་གཞི་སོགས་ལ་ཕན་ནུས་མངོན་གསལ་དོད་པོ་ཐོན་ཏེ་ཁོང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་མྱོང་རྒྱུད་དང་ཉམས་མྱོང་ཟུང་འབྲེལ་གྱི་དོན་ལྔའི་ནང་ཚན་མཁལ་ནད་རྐྱང་པ་བཅོས་པའི་ཟིན་བྲིས་མདོར་བསྡུས་ཞེས་པ་ཞིག་ཀྱང་ལྗགས་རྩོམ་གནང་། དགུང་ལོ་ང་དགུ་པ་མེ་རྟ་ (སྤྱི་ལོ་ ༡༩༦༦) ལོར་ལྷ་ལྡན་སྨན་རྩིས་ཁང་གི་སྒོ་བསྟེན་དུ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ་སྟེ་བདེ་སྲུང་འགོག་བཅོས་ཕྱག་ལས་ལོ་གཉིས་ཙམ་གནང་།

དགུང་ལོ་རེ་བདུན་པ་ཤིང་སྟག་ (སྤྱི་ལོ་ ༡༩༧༤) ལོར་དེ་གའི་ “བོད་ལུགས་ཞིབ་འཇུག་ཚོགས་ཆུང་”ཞེས་པའི་ནང་ཕྱག་ལས་གནང་། མཁས་དབང་འདི་ཉིད་དང་བཅས་པས་སྨན་པ་རྐང་རྗེན་མའི་བོད་སྨན་གྱི་སྦྱོར་སྡེ་གསར་བསྒྲིགས་ཞེས་པ་ཞིག་གསར་སྒྲིག་གནང་སྟེ་རྒྱ་ཆེའི་སྨན་དོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་འདོན་སྤེལ་དང་། ཞིང་འབྲོག་ས་ཁུལ་དུ་སྨན་པ་དཀོན་པ་དང་སྨན་ཉུང་བའི་རྣམ་པར་འགྱུར་ལྡོག་གཏོང་བ། དགུང་ལོ་རེ་དགུ་པ་མེ་སྤྲུལ་ (སྤྱི་ལོ་༡༩༧༧) ལོར་རྒྱལ་ཁབ་སྨན་རྫས་ཚིག་མཛོད་ལས་བོད་སྨན་གྱི་ཚད་གཞི་ཞེས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་ས་གནས་བོད་སྨན་གྱི་ཚད་གཞི་ཞེས་པའི་དཔེ་དེབ་རྩོམ་སྒྲིག་གི་ཕྱག་ལས་ནང་ཞུགས་ཏེ་ཕྱིན་ཆད་བོད་སྨན་བསྟེན་པར་ཉེན་ཁ་མེད་པའི་ཕན་ཆ་ར་འཕྲོད་བྱུང་།

དགུང་ལོ་དོན་གཅིག་པ་ལྕགས་སྤྲེལ་ (སྤྱི་ལོ་༡༩༨༠) ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་ ༣༡ བོད་ལ་དོན་འཁྱོལ་གནང་རྗེས་མཁས་དབང་འདི་ཉིད་མཆོག་གི་དེ་སྔའི་ཉེས་མིང་རྣམ་དཀར་འདོན་མཐར་ཕྱིན་ཐོག་ལྗོངས་སྨན་རྩིས་ཁང་གི་སྨན་པ་འབུམ་རམས་པའི་ལག་རྩལ་མཚན་གནས་དང་། ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་ཧྭ་རྒྱལ་ཡོངས་ཀྲུང་དབྱི་སློབ་ཚོགས་བོད་ལྗོངས་ཀྲུང་བོད་སློབ་ཚོགས་ཀྱི་མཚན་གནས་སོགས་བསྩལ། ལྷག་པར་ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་ཞེས་པའི་ཀུན་འདུས་ལྡུམ་རྭ་ཞིག་དབུ་བརྙེས་ནས་ཀྲུང་གོའི་གསོ་རིག་ཀུན་འདུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་བོད་ཡན་ལག་རྩོམ་སྒྲིག་པུའུའི་སྤྱི་ཁྱབ་རྩོམ་སྒྲིག་པའི་གཙོ་འགན་བཞེས། དགུང་ལོ་དོན་བརྒྱད་པ་མེ་སྟག་ (སྤྱི་ལོ་ ༡༩༨༦) ལོར་ལྕགས་པོ་རི་སྨན་པའི་གྲྭ་ཚང་བཙུགས་ནས་ལོ་ངོ་ ༢༩༠ འཁོར་བར་དྲན་གསོ་ཞུ་ཆེད་གངས་ལྗོངས་སྨན་པའི་གྲོང་ཁྱེར་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་གི་བྱུང་རབས་བརྗོད་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་མཛད། དགུང་ལོ་དོན་དགུ་པ་མེ་ཡོས (སྤྱི་ལོ་ ༡༩༨༧) ལོར་འཕགས་པ་ལྷ་ཨུ་ཡོན་ཀྲང་སྐུ་གཞོན་མཆོག་དང་སྨན་ཁང་ཏང་ཨུ་དང་ཡོན་ཨུ་ཀྱིས་རྒྱབ་སྐྱོར་ཆེར་བཞེས་འོག་མི་སྣ་སྒྲིག་འཛུགས་ཀྱིས་མི་ལོ་སུམ་ཅུ་ཙམ་རྒྱུན་ཆད་པའི་སྔ་སོར་ལྕགས་རི་གྲྭ་ཚང་འདུས་ཚོགས་སུ་བདུད་རྩི་སྨན་སྒྲུབ་རྒྱས་པའི་ཆོ་ག་གཞུང་འདོན་ཚུལ་ཇི་བཞིན་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གྱིས་བསྐྱར་གསོ་དང་སྐུ་ངོ་མས་གཙོ་སྐྱོང་ལོ་གསུམ་གནང་། དེའི་རིང་རྗེ་བཙུན་མཧཱ་གུ་ཎའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་བདུད་རྩི་སྨན་སྒྲུབ་རྒྱས་པའི་ཆོག་གཞུང་འདོན་ཚུལ་དགེ་ལེགས་སྣང་བ་ཞེས་བྱ་བ་ཞིག་ཀྱང་རྩོམ་སྒྲིག་གནང་། དེ་ལྟར་མི་རིགས་ཀྱི་རིག་གནས་ཉག་ཕྲ་བའི་སྐབས་འདིར་གནད་དུ་སྨིན་པའི་བཀའ་དྲིན་བསྐྱངས། མཐར་དགུང་གྲངས་གྱ་གསུམ་བཞེས་པ་ལྕགས་རྟ་གནམ་ལོའི་ཟླ་དང་པོ་སྐུ་གཤེགས།།


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 07.06.2018 ཉིན། 10:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།