སྨན་རྩིས་དྲ་བ། - འཕྲོད་བསྟེན།

གློ་གཅོང་ཟད་བྱེད་(TB)ཀྱི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.03.2014
འཕྲོད་བསྟེན། >>


གློ་གཅོང་ཟད་བྱེད་(TB)ཀྱི་ངོ་སྤྲོད།

                                

བོད་ཀྱི་སྨན་རྩིས་ཁང་ཉམས་ཞིབ་སྡེ་ཚན།


དེང་དུས་ཕྱི་ལུགས་སྨན་གྱི་བརྡ་ཆད་ཊི་བི་(TB) ཞེས་པའི་ནད་དེ་ལ་བོད་ལུགས་ལས་གློ་གཅོང་ཟད་བྱེད་ཅེས་ངོས་འཛིན་བྱེད་ཅིང་། དེ་ཡང་རྒྱུན་ལྡན་ཟས་སྤྱོད་མི་མཐུན་པ་ཡུན་རིང་བསྟེན་པའི་རྐྱེན་གྱིས་ཕོ་བའི་མེ་དྲོད་ཉམས་ནས་ལུས་ཀྱི་ཟུངས་སྟོབས་རྒྱས་པར་མི་འགྱུར་བར་ཟད་པས་གཟུགས་པོའི་ནད་འགོག་ནུས་པ་(immune system) ཉམས་ཞན་དུ་སོང་བའི་གནས་སྐབས་སུ་ཆམ་རིམས་ལ་སོགས་ཕོག་ནས་རིམ་པས་གློ་གཅོང་ཟད་བྱེད་ཀྱི་ནད་དུ་འགྱུར། འདི་ནི་ཡུན་རིང་སྨན་བཅོས་བྱེད་དགོས་པའི་ནད་ཅིག་ཡིན་པ་མ་ཟད། གཞན་ལ་འགོས་ཁྱབ་ཆེན་པོ་འགྲོ་བའི་ནད་ཅིག་ཀྱང་ཡིན་ལ་སྨན་བཅོས་ཀྱང་དུས་ཐོག་མ་བྱས་ན་བཅོས་དཀའ་བའི་ནད་དུ་འགྱུར་ནས་ཚེ་སྲོག་ཀྱང་འཕྲོག་པར་བྱེད།

སློང་རྐྱེན། ཟས་ཤ་མར་རྙིང་པ་དང་། ཚ་སྐྱུར་གྱི་རིགས། ཁ་ཟས་བཅུད་མེད་པའི་རིགས། སྣུམ་སྲེག་ཆེ་བའི་རིགས། ཐ་མག་དང་ཆང་རག  གྲང་མོའི་རིགས་བསྟེན་དྲགས་པ།  དུ་བའམ་ཐལ་རྡུལ། འབག་བཙོག་ཆེ་བའི་སར་བསྡད་དྲགས་པ། སེམས་དུབ་ཆེ་བ། བཤང་གཅི་བཙིར་བ་དང་བཀག་དྲགས་པ། གཉིད་ཉུང་དྲགས་པ། མི་གཙང་བའི་ཟས་བཟས་པ། ནད་ཅན་མཉམ་དུ་མཉམ་བཟའ་མཉམ་འཐུང་བྱས་པ་སོགས་ཀྱིས་ནད་འདི་སློང་བའི་རྐྱེན་བྱེད་པ་དང་ནད་འབུ་འགོས་ཁྱབ་བྱུང་བས་ཡིན།

ནད་གཞི་འདི་ཕོག་ལ་ཉེ་བ་དང་ཕོག་ཟིན་པའི་ནད་རྟགས་གཙོ་བོ་ནི། དོན་མེད་གཟུགས་པོ་ཐང་ཆད་པ། ཆམ་པ་ཡང་ཡང་ཕོག་པ། གློ་ལུ་བ། ལུད་པ་མཉམ་དུ་ཁྲག་འབྱུང་བ། བྲང་གཟེར་བ། དང་ག་ཞན་པ། ཤ་སྐེམ་ལ་ལུས་ཀྱི་ལྗིད་ཚད་ཆག་པ། ཚ་བ་འཕར་བ། མཚན་མོར་རྔུལ་ཆེ་བ། དབུགས་མི་བདེ་བ། མགོ་ན་བ་སོགས་ཀྱི་ནད་རྟགས་སྟོན་པ་ཡིན།  གོང་གི་ནད་རྟགས་རྣམས་བྱུང་ཚེ་རང་ལུས་རང་གཅེས་ཀྱིས་ངེས་པར་དུ་ལྷོད་གཡེང་དུ་མ་སོང་བར་ཕྱི་ལུགས་སམ་བོད་ལུགས་སྨན་པ་ཚད་ལྡན་ཞིག་ལ་བསྟེན་གཏུགས་གནང་དགོས། གང་ལགས་ཤེ་ན། ནད་གསར་པའི་དུས་སུ་ངོས་འཛིན་བྱུང་ན་བཅོས་སླ་བས་དུས་ཐོག་ཏུ་ངོས་བཟུང་བ་དང་གསོ་ཐབས་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན།

སྔོན་འགོག་བྱ་ཐབས།  སྤྱིར་འགོས་ནད་རིགས་འགོག་པ་ལ་མིའི་ལུས་ཁམས་ཀྱི་ནད་འགོོག་ནུས་པ་ (immune system) ཚད་དང་ལྡན་པ་ཞིག་དགོས་ངེས་ཡིན་ལ། དེ་མི་ཉམས་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡང་བོད་ཀྱི་གསོ་རིག་གཞུང་ནང་ཕོ་བ་ལྟ་བུ་འཇུ་བྱེད་མ་ལག་གི་འཇུ་སྟོབས་ནུས་པ་སྟོབས་དང་ལྡན་པ་ཞིག་དགོས་པ་ཡིན། དེ་ལྟར་སྟོབས་དང་ལྡན་ན་ཟས་སྐོམ་གང་ཟོས་ཀྱང་འཇུ་སླ་བ་དང་། ཟས་སྐོམ་ལས་བྱུང་བའི་འཚོ་བཅུད་ཚུལ་བཞིན་གཟུགས་པོར་རག་སྟེ་ལུས་སྟོབས་རྒྱས་པ། ནད་མེད་པ། ཚེ་རིང་བ། བཀྲག་མདངས་རྒྱས་པ། ནད་རིགས་སྔོན་འགོག་གི་ནུས་པ་འཕེལ་བ་སོགས་ཕན་ནུས་ཁྱད་པར་ལྡན་ཡོད།

དེར་བརྟེན་རྒྱུན་དུ་འཕྲོད་པའི་ཟས་སྐོམ་དང་སྤྱོད་ལམ་བསྟེན་དགོས་པ་དཔེར་ན། འབྲུ་རིགས། སྔོ་ཚལ། ནམ་དུས་ཀྱི་ཤིང་ཏོག་སོས་པའི་རིགས། ཆུ་སྐོལ་དྲོད་འཇམ། ལྷག་པར་དུ་ཟས་ཟ་བའི་སྐབས་དང་ཟོས་རྗེས་ཆུ་སྐོལ་འཐུང་ན་ཟས་འཇུ་བར་ཕན། རྒྱུན་ལྡན་ཆུ་སྐོལ་འཐུང་ན་ཆམ་ནད་གསར་པའི་རིགས་འཕྲལ་དུ་ཟློག་པར་བྱེད་ནུས། དེ་བཞིན་སྣུམ་སྲེག་རིགས་དང་། ཆུ་གྲང་མོ། ཚ་སྐྱུར་གྱི་རིགས། ཤ་མར་རྙིང་པ། ཚིགས་ཇ་ (Coffee) ཇ་གར་པོ། དེང་དུས་ཁྲོམ་གྱི་ཟས་རིགས་ཙག་ཙིག་རིགས་དཔེར་ན་ ( Chips, biscuits, cakes, pies, chocolate, candies) སོགས་དང་མྱུར་ཟས་ (fast food) སོགས་བཅུད་མེད་ཁ་ཟས་རིགས་རྣམས་འཛེམས་དགོས།

དེ་བཞིན་སྤྱོད་ལམ་ཡང་ཁ་ཟས་དུས་ཐོག་ཏུ་བསྟེན་པ། ཟ་ཚོད་རན་པར་ཟ་བ། མཚན་མོར་གཉིད་ལེགས་པར་ཁུག་པ། ཁྲུས་དང་གཙང་སྤྲ་ལེགས་པ། ལུས་རྩལ་འོས་འཚམས་རྩེ་དགོས་པ་ཡིན།  དུ་བ་དང་འབག་བཙོག་ཆེ་བའི་གནས་སུ་ཡུན་རིང་སྡོད་པ་དང་། སེམས་རྒྱུད་ལ་ཞེ་སྡང་དང་ཁོང་ཁྲོ་དྲག་པོ་སྐྱེ་བ། དོན་མེད་སེམས་ངལ་ཆེ་བ། ཐ་མག་འཐེན་པ། ཆང་རག་ཚད་མེད་བཏུང་པ། ཡུན་རིང་གྲོད་པ་སྟོང་པར་སྡོད་པ་སོགས་སྤོང་དགོས། ཆམ་པའི་ནད་ལ་སྣང་མེད་མ་བྱས་པར་དུས་ཐོག་སྨན་བཅོས་བྱེད་དགོས། རང་ཉིད་ལ་ཆམ་པ་ཕོག་ནས་ཉིན་ཤས་སོང་ཡང་དྲག་སྐྱེད་མ་བྱུང་ན་ངེས་པར་དུ་སྨན་བཅོས་གནང་དགོས་པ་ལས་སྣང་མེད་བཞག་ན་གློ་གཅོང་གི་ནད་དུ་འགྱུར་ཉེན་ཆེ། གློ་གཅོང་ཟད་བྱེད་ནད་པ་ཐུག་ཕྲད་དུ་འགྲོ་དགོས་ཚེ་རང་ཉིད་ནས་ཁ་རས་གྱོན་པ་སོགས་ནད་མི་འགོ་བའི་ཐབས་ཤེས་བྱེད་དགོས།

གློ་གཅོང་ནད་ཅན་རྣམས་ནས་ཐུགས་སྣང་། བློ་སེམས་མི་ཞུམ་པར་སྨན་དང་སྨན་ཁབ་སོགས་སྨན་བཅོས་མ་ཆད་པ་རྒྱུན་འཁྱོངས་གནང་རྒྱུ་གལ་ཆེན་ཡིན། མི་གཞན་ལ་མི་འགོ་བའི་ཕྱིར་ལུད་པ་གང་བྱུང་གཡུག་མི་རུང་། ཁ་རས་ངེས་པར་དུ་གྱོན་དགོས། སྡོད་གནས་ལ་མཁའ་རླུང་གཙང་མ་ཡོང་ཆེད་ཐོ་རངས་སྒེའུ་ཁུང་རྣམས་ཕྱེ་དགོས། ཁྲུས་དང་གཙང་སྤྲ་ལེགས་པོ་བྱེད་དགོས། སྔ་དགོང་ལུས་རྩལ་འོས་འཚམས་རྩེ་ན་ལེགས། གསོ་རུང་བའི་ནད་གཞི་འདི་མགྱོགས་པོ་གསོ་བར་བྱེད་པ་ལ་གཟུགས་པོའི་ཟུངས་སྟོབས་ཡག་པོ་དགོས་གལ་ཡིན་པས་བཅུད་དང་ལྡན་པའི་ཟས་སྐོམ་དུས་ཐོག་ཟ་དགོས་ལ། གོང་དུ་བརྗོད་པའི་གནོད་ཟས་རིགས་སྤོང་དགོས། སེམས་སྐྱིད་པོ་དང་ལྷོད་ལྷོད་སྡོད་པ་སོགས་ལ་ཐུགས་སྣང་ངེས་པར་གནང་དགོས་པ་ཡིན།  རང་ཉིད་ལ་བྱུང་ཟིན་པའི་ནད་དེ་གསོ་ཐབས་ལ་འབད་བརྩོན་དང་གཞན་ལ་མི་འགོ་པའི་ཐབས་ཤེས་གནང་རྒྱུ་ནི་རང་གཞན་གཉིས་ཀར་ཕན་པའི་གལ་ཆེའི་ལས་འགན་ཞིག་ཡིན།།  

མཐའ་མའི་འདོན་ཐེངས་།: 26.03.2014 ཉིན། 3:53 PM

<< སྔ་མ།

ནང་གསེས་དཀར་ཆག