སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་འབུམ་བཞིའི་ནང་དོན་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.10.2019
ཆེད་རྩོམ། >>

 

གསོ་རིག་འབུམ་བཞིའི་ནང་དོན་སྐོར་རོབ་ཙམ་གླེང་བ།

ར་ནག་གཡུང་དྲུང་འོད་ཟེར།    

གསོ་རིག་འབུམ་བཞིའི་མཐོ་སློབ།

 

 

སྔོན་གླེང་།

སྤྱིར་འགྲོ་བ་ཡོད་དོ་ཅོག་སྐྱེ་རྒ་ན་འཆི་བཞིའི་བདག་ཉིད་དུ་གྱུར་བ་གཤིས་ཀྱི་གནས་ལུགས་ཤིག་ཡིན་ལ། དེ་ལ་ཕན་པ་དང་བདེ་བའི་ཆོས་ཉིད་ཅིག་སྦྱིན་དགོས་ན་ལྷ་བོན་སྒོ་བཞིའམ་བོན་སྤྱོད་ཀྱི་རྒྱུན་མཁོ་བཞིས་བཅོས་ཀ་བྱས་ན་ལེགས་ཚུལ་སྨོས། དེ་བཞི་ནི་མོ་དང་རྩིས། གཏོ་དང་དཔྱད་བཅས་རེད། བོད་ལུགས་ཀྱི་གནའ་བོའི་སྲོལ་རྒྱུན་ལྟར་ན། སྐྱེ་བོ་གང་ཞིག་ལ་ནད་གཞི་ཕོག་སྟབས་དང་ཤོས་མོ་དང་རྩིས་གང་རུང་ཞིག་བཏབ་རྗེས་མོ་བས་ནད་གཞི་འདི་ལ་གཏོ་རིགས་དང་ལས་ཀྱི་སྨན་པ་སོགས་ཀྱིས་བཅོས་ཀ་བྱེད་ན་བཟང་ངན་ལེགས་ཉེས་ཀྱི་ཁ་དམར་གདགས་ཚུལ་ཡོད་པ་བཞིན་དེའང་བོད་ཀྱི་དམངས་སྲོལ་དུ་རྒྱུན་འཇགས་སུ་གནས། གསོ་དཔྱད་རིག་པའི་རིག་གནས་ཀྱི་གཞུང་ལུགས་ཁག་བོན་གྱི་བཀའ་དང་བཀའ་བརྟེན་རྣམས་ལས་ད་ཆར་དངོས་སུ་མཇལ་རྒྱུ་ཡོད་པ་མ་ཟད་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་ལས་ཀྱང་མཐོང་བ་ཡོད། གསོ་བ་རིག་པའི་རིག་གནས་ནི་བོད་རྒྱལ་གཉའ་ཁྲི་བཙན་པོའི་གོང་ནས་ཀྱང་དར་བ་མ་ཟད་ཁོང་གི་སྐུ་དུས་སུའང་བོད་ཡུལ་དུ་དར་ཁྱབ་ཆེ་བ་ཤུགས་ཀྱིས་རྟོགས་ནུས་ཏེ་<<བྱམས་མ་>>ལས། “རྒྱུ་ཡི་བོན་བཅུ་གཉིས་དར་”ཞེས་པས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཡ་གྱལ་ཕན་ཤེས་སྨན་དཔྱད་ཅེས་པ་དེའོ། །དེའི་རིག་གནས་ཀྱི་མ་ལག་དང་བཅས་མི་རབས་ནས་མི་རབས་སུ་རྡོ་ལག་བརྒྱུད་དང་། ཆུ་ལམ་ཞུགས་ཞེས་པའི་དཔེར་ལྟར་འགག་འཕྲང་གི་ལམ་ཁ་དུ་མ་བརྒྱུད་ནས་ཕ་མེས་དང་ཡང་མེས་རྣམས་ཀྱིས་དཀའ་བ་ཆེད་བསད་དང་ངལ་བ་དོན་བླངས་བྱས་ནས་ད་ལྟའི་དབར་དུ་ཞལ་ཁྲིད་གནད་གདམས་ཀྱི་ཚན་ཁ་མ་ཡལ་པའི་གསོ་རིག་གི་གཞུང་ལུགས་ཡོངས་གྲགས་སུ་“གསོ་རིག་འབུམ་བཞི་”འམ་མཚན་ཆ་ཚང་ལ་“བདུད་རྩིའི་བང་མཛོད་འབུམ་བཞི་”ཞེས་པ་དེའི་སྐོར་གནས་བསྡུས་ཤིག་གཤམ་དུ་ཞུ་རྒྱུ་ཡིན།

 

འབུམ་བཞི་གསུང་པ་པོ་དང་དེའི་བརྒྱུད་རིམ། 

བོན་ལུགས་ལྟར་ན།  ྋརྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་(ཕྱི་ལོ་སྔོན་ 16017 ལོར་འཁྲུངས་)མཆོག་གིས་སྤྱིར་གསོ་དཔྱད་རིག་པའི་གཞུང་རྣམས་ནི་བཀའ་འཁོར་རིམ་པ་དང་པོའི་གྲལ་ཡིན་པར་བརྗོད། དུས་སྐབས་དང་བསྟུན་ནས་སྟོན་པ་ཉིད་སྨན་གྱི་ལྷ་བེེཌྰུརྱ་འོད་ཀྱི་རྒྱལ་པོའི་སྐུ་རུ་བཞུགས་ནས་སེམས་ཅན་རྣམས་མི་ན་བ་གནས་པ་དང་ན་བ་གསོ་བ་འདོད་པ། ཚེ་རིང་བ་འདོད་པ། བོན་ནོར་བདེ་སྐྱིད་འདོད་པ། ནད་གདོན་བར་ཆད་ཀྱི་ཁྲོམ་ལས་ཐར་བར་འདོད་པ་སོགས་ཀྱི་ཆེད་དུ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ལ་གནས་མཆོག་འོལ་མོ་ལུང་རིང་དུ་“གསོ་རིག་འབུམ་བཞི་”ཞལ་ཁྲིད་དང་བཅས་གཉེར་དུ་གཏད་པ་ནས་བཟུང་ད་བར་དུ་ཁྲིད་ལུང་དང་ལག་ལེན་གྱི་རྒྱུན་མ་ཉམས་པ་གནས་ཡོད། “གསོ་རིག་འབུམ་བཞི་”འདི་ཉིད་ཐོག་མ་ཞང་ཡིག་ཏུ་ཡོད་པའི་ཕྱིས་སུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱིས་གཙང་བྱེ་མ་གཡུང་དྲུང་གནས་སུ་བོད་ཡིག་ཏུ་བསྒྱུར་བ་གྲགས། དྲང་སྲོང་དཔྱད་བུ་ཁྲི་ཤེས་མཆོག་ནི། སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་ལྕམ་དྲལ་བརྒྱད་ཀྱི་གྲལ་ནས་ཆེ་ཤོས་དེ་རེད། སྔ་ཞང་ཞུང་གི་ཡུལ་དུ་གསོ་དཔྱད་ཀྱི་རིག་པའི་གཞུང་ཆེས་ཆེ་དར་མྱོང་བ་མ་ཟད་བོད་ཀྱི་གསོ་དཔྱད་རིག་པའི་ཕུགས་ཀྱང་ཞང་ཞུང་ཡིན་ཚུལ་ཀྱང་རྒྱ་ཤ་ཅུའམ་ཏུན་ཧོང་ནས་རྙེད་པའི་གསོ་རིག་མེ་བཙའི་བཅོས་ཐབས་ཀྱི་ཡིག་ཆའི་གྲལ་དུ་ད་ཆར་ཚིག་དངོས་སུ་མཐོང་ཆོས་སུ་གྱུར་བ་ལྟར་ན་“དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མྱེད་དེ། དཔྱད་ཡིག་ཐམས་ཅད་ལས་ཀྱང་བདུས་པའི་སྟེང་དུ། ཞང་ཞུང་གི་དཔྱད་ཕུགས་པ་དང་། སྦྱར་ཏེ་བགྱིས་པ་ལགས་སོ། །”ཞེས་པས་བོད་ཀྱི་གསོ་དཔྱད་རིག་པའི་ཕུགས་དེ་ཞང་ཞུང་ཡིན་པ་ར་སྤྲོད་ཀྱི་བསྡོམས་ཚིག་ཅིག་གྲུབ་བོ།།

“གསོ་རིག་འབུམ་བཞི་”ནི་བདུད་རྩི་སྨན་གྱི་མདོ་དགུའི་ཡ་གྱལ་བ་ཞིག་ཏེ། བདུད་རྩི་སྨན་གྱི་མདོ་དགུ་ནི། བདུད་རྩི་མ་ཏྲིའི་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་སྒོས་བཅོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་ཤེལ་དཀར་མེ་ལོང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམས་ངག་འཕྲུལ་མདོ་དང་བཅས་དགུ་དེའི་ནང་ཚན་བདུད་རྩི་སྨན་གྱི་མདོ་དགུའི་བརྒྱུད་རིམ་ནི། <<རྩ་བ་ཐུགས་འབུམ་མཁའ་སྔོན་>>གྱི་གཞུང་གི་མཇུག་ཏུ་རྐམ་བཙུན་དྲུང་མུ་ཉི་ཝེར་གྱིས་སྦྱར་བ་ལྟར། “བདུད་རྩི་སྨན་གྱི་མདོ་དགུའི་བརྒྱུད་རིམ་ནི། སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་ཙ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་བན་དྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེགས་པའི་གྲབས་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོའི་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ། །”ཞེས་པས་སོ། ། དེ་ནས་མར་རིམ་བཞིན་མི་རབས་ནས་མི་རབས་བརྒྱུད་པའི་སྨན་གྱི་ཁྱིམ་རྒྱུད་ཀྱང་ད་ཆར་བོད་ལ་གནས་ཡོད།

 

འབུམ་བཞི་གསུང་པའི་དགོས་དོན། 

ྋསྟོན་པ་གཤེན་རབ་མི་བོས་འབུམ་བཞི་གསུངས་དགོས་པའི་རྒྱུ་མཚན་ནི། གསོ་རིག་<<ཐུགས་འབུམ་མཁའ་སྔོན་>>ལས། “མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པ་བྱའོ། །བོན་དང་ནོར་དང་བདེ་སྐྱིད་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །ནད་གདོན་བར་གཅོད་ཀྱི་ཁྲོམ་ལས་ཐར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །གཞན་གྱི་སྤྱི་བོར་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། །”ཞེས་དང་། ཡང་སྟོན་པ་མཆོག་སྐུ་ཡི་ཆ་ལུགས་ངོ་མཚར་ཅན་དུ་གྱུར་བ་དང་དྲང་སྲོང་དཔྱད་བུས་ཐུགས་ཀྱི་དགོངས་པར་གང་ལགས་ཞུས་པ་དང་འཚོ་བྱེད་སྨན་ཀྱི་རྒྱལ་པོས་འདི་ལྟར་གསུངས་སོ་སྟེ་<<གསོ་བྱེད་དཔྱད་འབུམ་ཁྲ་བོ་>>ལས། “འགྲོ་དྲུག་སེམས་ཅན་མ་རིག་འཁྲུལ་བ་ཡིས། དུག་ལྔའི་རྟེན་བཅས་མི་དགེ་བཅུ་ལ་སྤྱད། ལུས་ངན་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་རྒྱས། བདེ་བའི་སྐབས་མེད་སྡུག་བསྔལ་ནད་ཀྱིས་གདུང་། སེམས་ཅན་སྡུག་བསྔལ་བསལ་བའི་ཕྱིར་དུ་བཞུགས་པ་ཡིན། ”ཞེས་པས་སེམས་ཅན་རྣམས་སྡུག་བསྔལ་གྱི་དྲྭ་རྒྱ་ནས་བྲལ་ཏེ་བདེ་བའི་འཚོ་ཐབས་ཀྱི་ཆེད་དུ་གསུངས་པ་དངོས་སོ།།

 

གསོ་རིག་འབུམ་བཞིའི་ནང་དོན་གནས་བསྡུས། 

བདུད་རྩི་སྨན་གྱི་མདོ་སྡེ་གསུམ་པ་<<བདུད་རྩི་བང་མཛོད་འབུམ་བཞི་>>ནི་རྩ་བ་ཐུགས་འབུམ་མཁའ་སྔོན་དང་། གསོ་བྱེད་སྨན་འབུམ་དཀར་པོ། གསོ་བྱེད་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ་དང་བཞི་བཅས་ཡིན་པས་གཤམ་དུ་དེ་རྣམས་ཀྱི་ལེའུ་ཚན་གྱི་གྲངས་འདྲེན་ཙམ་དུ་འབྲི་བ་འབད་བརྩོན་བགྱིས། དེ་ཡང་གཞུང་ལུགས་ཁག་ལས་དཔེ་ཆའི་མཚན་ལ་དཀར་ནག་ཁྲ་གསུམ་ཞེས་པའི་དཔེ་དོན་སྦྱར་སྲོལ་མང་པས་དེའི་དོན་ལའང་འདི་ལྟར་འགྲེལ་བརྗོད་བྱས་ཡོད་དེ་<<རྣམ་རྒྱལ་>>ལས། “མ་ཐུལ་བ་འདུལ་བའི་ནག་པོ། ཐུལ་བ་བཀྲིད་དྲང་གི་ཁྲ་བོ། བཀྲིད་དྲང་རྟོགས་པས་དཀར་པོར་བསྟན་པའོ། །”ཞེས་སྨོས་ཡོད་ཀྱང་སྐབས་འདིའི་དཀར་ནག་ཁྲ་གསུམ་གྱི་འགྲེལ་ནི་གསོ་བྱ་ལུས་དང་ནད། གསོ་བྱེད་སྨན་དང་གསོ་བ་པོ་སྨན་པ་སོགས་ལ་སྦྱར་ནས་བཤད་དགོས་ཞེས་པའི་དགེ་རྒན་དམ་པའི་ངག་རྒྱུན་དུ་མཆིས།

༡། རྩ་བ་ཐུགས་འབུམ་མཁའ་སྔོན་གྱི་གནས་བསྡུས།

ཞང་ཞུང་སྐད་དུ། འཚོ་ཅི་དེ་ཤིན་ཙ་རི་ཤེ་འབའ་མུ་ཏིང་བིན། བོད་སྐད་དུ། གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་ཞེས་བྱ་བའོ། །དེ་ཡང་<<རྩ་བ་ཐུགས་འབུམ་མཁའ་སྔོན་>>ཞེས་པའི་གཞུང་འདི་ཉིད་ཀྱི་དབུའི་མཚན་གྱི་དོན་ཟུར་ཅིག་སྨོས་ན་སངས་རྒྱས་ཀྱི་ཐུགས་རྒྱ་དང་ནམ་མཁའ་སྔོན་པོ་ལྟར་རྒྱ་ཆེ་ལ་གཏིང་ཟབ་པ། མུ་མཐའ་མེད་པ་ལྟར་དཔེ་བྱས་ནས་དོན་དངོས་ཀྱི་གཞུང་གི་བརྗོད་བྱ་འདི་ཉིད་དཔེ་ཅན་གྱིས་མཚོན་པས་དཔྱད་འབུམ་དང་། སྨན་འབུམ། ནད་འབུམ་སོགས་ཀྱི་རྩ་བར་ལྟ་བུ་བསྡུས་པས་ན་རྩ་བ་ཐུགས་འབུམ་མཁའ་སྔོན་ཞེས་སུ་གྲགས་པ་དེ་ཉིད་ལེའུ་བདུན་གྱི་སྒོ་ནས་གསུངས་ཡོད་པ་སྟེ། གླེང་གཞིའི་ལེའུ། གླེང་སློང་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ། གནས་ལུགས་ནད་གཞིའི་ལེའུ། ངོས་འཛིན་རྟགས་ཀྱི་ལེའུ། གསོ་ཐབས་ཀྱི་ལེའུ། དཔེ་དོན་གྱི་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་དང་འབུམ་བཞིའི་ཡོན་ཏན་བཤད་པའི་ལེའུ་དང་བདུན་ཡིན་ནོ།།

༢། གསོ་བྱེད་དཔྱད་འབུམ་ཁྲ་བོའི་གནས་བསྡུས།

ཞང་ཞུང་སྐད་དུ། འཚོ་ཅི་སྐྱིད་བྷ་ཤི་སྲི་ཞལ་བིན། བོད་སྐད་དུ། འཚོ་མེད་ཀྱི་དཔྱད་འབུམ་ཁྲ་བོ་ཞེས་བྱ་བ། དེ་ཡང་<<གསོ་བྱེད་དཔྱད་འབུམ་ཁྲ་བོ་>>ཞེས་པའི་གཞུང་འདི་ཉིད་ལའང་གནས་བཅུ་གཅིག་གི་སྒོ་ནས་དཔྱད་འབུམ་ལེའུ་སོ་གཅིག་སྟོན་པ་ཞིག་ཡིན་པས་དཔྱད་འབུམ་སྡོམས་དང་ལུས་ཀྱི་ཆགས་ཚུལ་དང་། འདྲ་དཔེ་གནས་ལུགས་མཚན་ཉིད་ལས། དབྱེ་བ་འཇིག་ལྟས་ནད་ཀྱི་རྒྱུ་རྐྱེན་དང་། ཞུགས་ཚུལ་མཚན་ཉིད་དབྱེ་བ་སོ་སོར་དོན། རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་གསུམ། ཟས་ལ་བཟའ་ཚུལ་ཟས་བསྡམས་ཟ་ཚོད་གསུམ། རོ་ནུས་སྦྱོར་ཐབས་དཔྱད་དང་དཔྱད་ཆ་ལྔ། ནད་མེད་གནས་དང་རིང་དུ་འཚོ་བ་དང་། ངོས་བཟུང་ཉེས་པ་དངོས་སུ་བརྟག་པ་དང་། ངན་གཡོ་སྐྱོན་བརྟགས་སྤང་བླང་མུ་བཞིས་བརྟག གསོ་ཚུལ་བཅོས་ཚུལ་གསོ་ཐབས་སོ་སོར་བཅོས། སྨན་པའི་གནས་སོགས་དཔྱད་འབུམ་གནས་བཅུ་གཅིག དཔྱད་འབུམ་ཁྲ་བོར་ལེའུ་སོ་གཅིག་བཅས་ཀྱིས་གནས་བཅུ་གཅིག་གི་ཁོངས་སུ་བསྡུས་ཚུལ་བསྟན་ནོ།།

ཀ༽ རྩ་བ་མདོ་ཡི་གནས་ཀྱི་ཁོངས་སུ།

(༡)དཔྱད་འབུམ་སྤྱི་བསྡོམས་བཤད་པའི་ལེའུ།

 

ཁ༽ གྲུབ་པ་ལུས་ཀྱི་གནས་ཀྱི་ཁོངས་སུ།

(༡) ལུས་ཀྱི་ཆགས་ཚུལ་བསྟན་པའི་ལེའུ།

(༢) ལུས་ཀྱི་འདྲ་དཔེ་བསྟན་པའི་ལེའུ།

(༣) ལུས་ཀྱི་གནས་ལུགས་བསྟན་པའི་ལེའུ།            

(༤) ལུས་ཀྱི་མཚན་ཉིད་བསྟན་པའི་ལེའུ།

(༥) ལུས་ཀྱི་ལས་བསྟན་པའི་ལེའུ།

(༦) ལུས་ཀྱི་འཇིག་ལྟས་བསྟན་པའི་ལེའུ།

 

ག༽འཕེལ་འགྲིབ་ནད་ཀྱི་གནས་ཀྱི་ཁོངས་སུ།

(༡) ནད་ཀྱི་རྒྱུ་བསྟན་པའི་ལེའུ།

(༢) ནད་སློང་རྐྱེན་བསྟན་པའི་ལེའུ།

(༣) ནད་འཇུག་ཚུལ་བསྟན་པའི་ལེའུ།

(༤) ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ།

(༥) ནད་ཀྱི་དབྱེ་བ་བསྟན་པའི་ལེའུ།

 

ང་༽བྱ་བ་སྤྱོད་ལམ་གནས་ཀྱི་ཁོངས་སུ།

(༡) རྒྱུན་དུ་སྤྱོད་པ་བསྟན་པའི་ལེའུ།

(༢) དུས་སུ་སྤྱོད་པ་བསྟན་པའི་ལེའུ།

(༣) གནས་སྐབས་སྤྱོད་པ་བསྟན་པའི་ལེའུ།

 

ཅ༽འཚོ་བ་ཟས་ཀྱི་གནས་ཁོངས་སུ།

(༡) ཟས་ཀྱི་ཚུལ་ཤེས་པར་བྱ་བ་བསྟན་པའི་ལེའུ།

(༢) ཁ་ཟས་བསྡམ་པར་བྱ་བ་བསྟན་པའི་ལེའུ།

(༣) ཟས་ཚོད་རན་པར་བཟའ་བའི་ཚུལ་བསྟན་པའི་ལེའུ།

 

ཆ༽སྦྱོར་བ་སྨན་གྱི་གནས་ཁོངས་སུ།

(༡) རོ་དང་ཞུ་རྗེས་བསྟན་པའི་ལེའུ།

(༢) སྨན་གྱི་ནུས་པ་བསྟན་པའི་ལེའུ།

(༣) སྨན་གྱི་སྡེ་ཚན་དང་སྦྱར་ཐབས་བསྟན་པའི་ལེའུ།

 

ཇ༽ཆ་བྱད་དཔྱད་ཀྱི་གནས་ཁོངས་སུ།

(༡) གཉེན་པོ་ཆ་བྱད་བསྟན་པའི་ལེའུ།

 

ཉ༽ཐ་མལ་ནད་མེད་གནས་ཀྱི་ཁོངས་སུ།

(༡) མི་ན་བར་གནས་པར་བྱ་བ་བསྟན་པའི་ལེའུ།

 

ཏ༽ངོས་བཟུང་རྟགས་ཀྱི་གནས་ཁོངས་སུ།

(༡) ཉེས་པ་དངོས་སུ་བརྟག་པ་བསྟན་པའི་ལེའུ།

(༢) ངན་གཡོ་སྐྱོན་གྱི་བརྟག་པ་བསྟན་པའི་ལེའུ།

(༣) སྤང་བླང་མུ་བཞིའི་སྒོ་ནས་བརྟག་པ་བསྟན་པའི་ལེའུ།

 

ཐ༽གསོ་བྱེད་ཐབས་ཀྱི་གནས་ཁོངས་སུ།

(༡) གསོ་ཚུལ་སྤྱི་བསྟན་པའི་ལེའུ།

(༢) ཁྱད་པར་གྱི་གསོ་ཚུལ་རྒྱས་པར་བསྟན་པའི་ལེའུ།

(༣) གསོ་ཐབས་གཉིས་བསྟན་པའི་ལེའུ།

(༤) གསོ་ཐབས་དངོས་བསྟན་པའི་ལེའུ།

 

ད༽བྱ་བྱེད་སྨན་པའི་གནས་ཁོངས་སུ།

(༡) གསོ་བ་པོ་སྨན་པ་བསྟན་པའི་ལེའུ་དང་བཅས་གནས་བཅུ་གཅིག་གི་ཁོངས་སུ་དཔྱད་འབུམ་ལེའུ་སོ་གཅིག་བསྟན་ཚུལ་དེ་ལྟར་ཡིན་ནོ།།

 

༣༽གསོ་བྱའི་ནད་འབུམ་ནག་པོའི་གནས་བསྡུས།

ཞང་ཞུང་སྐད་དུ། འཚོ་ཅི་ན་ར་རྗུབ་འབའ་ཤིང་ཁ་རློན་བིན། བོད་སྐད་དུ། གསོ་བྱའི་ནད་འབུམ་ནག་པོ་ཞེས་བྱ་བའོ། །དེ་ཡང་<<གསོ་བྱའི་ནད་འབུམ་ནག་པོ་>>ཞེས་པའི་གཞུང་འདི་ཉིད་གཙོ་བོའི་བསྟན་དོན་ནི་ནད་སོ་སོར་འབྱུང་བའི་རྒྱུ་རྐྱེན་དང་། དབྱེ་བ་ངོས་འཛིན་གསོ་ཐབས་བཅས་ཀྱི་སྒོ་ནས་བསྟན་པས་ནད་འབུམ་ནག་པོ་ཞེས་བསྟན་པའོ། །དེ་ལ་སྐབས་བཅོ་ལྔས་གཞིར་བཟུང་ནས་ལེའུ་གོ་བཞི་བསྟན་ཡོད།

ཀ༽ཉེས་གསུམ་གསོ་བའི་སྐབས།

(༡) ཀླད་དོན་གླེང་སློང་བའི་ལེའུ།

(༢) རླུང་ནད་གསོ་བའི་ལེའུ།

(༣) མཁྲིས་པའི་ནད་གསོ་བའི་ལེའུ།

(༤) བད་ཀན་གྱི་ནད་གསོ་བའི་ལེའུ།

(༥) འདུས་པའི་ནད་གསོ་བའི་ལེའུ།

 

ཁ༽ཁོང་ནད་གསོ་བའི་སྐབས།

(༡) མ་ཞུ་བ་གསོ་བའི་ལེའུ།

(༢) གཅོང་ཆེན་སྐྲན་ནད་གསོ་བའི་ལེའུ།

(༣) སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ།

(༤) འོར་ནད་གསོ་བའི་ལེའུ།

(༥) དམུ་ཆུ་གསོ་བའི་ལེའུ།

(༦) གཅོང་ཆེན་ཟད་བྱེད་གསོ་བའི་ལེའུ།

 

ག༽ཚ་བ་གསོ་བའི་སྐབས།

(༡) ཚ་བ་སྤྱི་བཅོས་པའི་ལེའུ།

(༢) འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོའི་ལེའུ།

(༣) ཚ་བ་རི་ཐང་མཚམས་བཅོས་པའི་ལེའུ།

(༤) མ་སྨིན་ཚ་བ་བཅོས་པའི་ལེའུ།

(༥) རྒྱས་པའི་ཚ་བ་བཅོས་པའི་ལེའུ།

(༦) སྟོངས་པའི་ཚ་བ་བཅོས་པའི་ལེའུ།

(༧) གབ་པའི་ཚ་བ་བཅོས་པའི་ལེའུ།

(༨) རྙིངས་པའི་ཚ་བ་བཅོས་པའི་ལེའུ།

(༩) རྙོགས་པའི་ཚ་བ་བཅོས་པའི་ལེའུ།

(༡༠) འགྲམས་ཀྱི་ཚ་བ་བཅོས་པའི་ལེའུ།

(༡༡) འཁྲུགས་པའི་ཚ་བ་བཅོས་པའི་ལེའུ།

(༡༢) རིམས་ཚད་བཅོས་པའི་ལེའུ།

(༡༣) འབྲུམ་བུའི་རིམས་བཅོས་པའི་ལེའུ།

(༡༤) རྒྱུ་གཟེར་གྱི་རིམས་བཅོས་པའི་ལེའུ།

(༡༥) གག་ལྷོག་བཅོས་པའི་ལེའུ།

(༡༦) ཆམ་རིམས་བཅོས་པའི་ལེའུ།

 

ང༽ལུས་སྟོད་གསོ་བའི་སྐབས།

(༡) མགོ་ནད་གསོ་བའི་ལེའུ།

(༢) མིག་ནད་གསོ་བའི་ལེའུ།

(༣) རྣ་བའི་ནད་གསོ་བའི་ལེའུ།

(༤) སྣ་ནད་གསོ་བའི་ལེའུ།

(༥) ཁ་ནད་གསོ་བའི་ལེའུ།

(༦) མགུལ་ནད་ལྦ་བ་གསོ་བའི་ལེའུ།

 

ཅ༽དོན་སྣོད་གསོ་བའི་སྐབས།

(༡) སྙིང་ནད་གསོ་བའི་ལེའུ།

(༢) གློ་ནད་གསོ་བའི་ལེའུ།

(༣) མཆིན་ནད་གསོ་བའི་ལེའུ།

(༤) མཚེར་ནད་གསོ་བའི་ལེའུ།

(༥) མཁལ་ནད་གསོ་བའི་ལེའུ།

(༦) ཕོ་བའི་ནད་གསོ་བའི་ལེའུ།

(༧) རྒྱུ་མའི་ནད་གསོ་བའི་ལེའུ།

(༨) ལོང་ནད་གསོ་བའི་ལེའུ།

 

ཆ༽གསང་ནད་གསོ་བའི་སྐབས།

(༡) ཕོ་མཚན་གསོ་བའི་ལེའུ།

(༢) མོ་མཚན་གསོ་བའི་ལེའུ།

 

ཇ༽ཐོར་ནད་གསོ་བའི་སྐབས།

(༡) སྐད་འགགས་གསོ་བའི་ལེའུ།

(༢) ཡི་ག་འཆུས་པ་གསོ་བའི་ལེའུ།

(༣) སྐོམ་ནད་གསོ་བའི་ལེའུ།

(༤) སྐྱིགས་བུའི་ནད་གསོ་བའི་ལེའུ།

(༥) དབུགས་མི་བདེ་བ་གསོ་བའི་ལེའུ།

(༦) གླང་ཐབས་གསོ་བའི་ལེའུ།

(༧) སྲིན་བུའི་ནད་བཅོས་པའི་ལེའུ།

(༨) སྐྱུགས་པའི་ནད་བཅོས་པའི་ལེའུ།

(༩) འཁྲུ་བའི་ནད་བཅོས་པའི་ལེའུ།

(༡༠) དྲི་མ་འགགས་པ་བཅོས་པའི་ལེའུ།

(༡༡) གཅིན་འགགས་བཅོས་པའི་ལེའུ།

༡༢) གཅིན་སྙིའི་ནད་བཅོས་པའི་ལེའུ།

(༡༣) བལ་ནད་བཅོས་པའི་ལེའུ།

(༡༤) དྲེག་ནད་བཅོས་པའི་ལེའུ།

(༡༥) གྲུམ་བུ་ནད་གསོ་བའི་ལེའུ།

(༡༦) ཆུ་སེར་ནད་གསོ་བའི་ལེའུ།

(༡༧) རྩ་དཀར་ནད་གསོ་བའི་ལེའུ།

(༡༨) པགས་ནད་བཅོས་པའི་ལེའུ།

(༡༩) ཕྲན་བུའི་ནད་གསོ་བའི་ལེའུ།

 

ཉ༽ལྷན་སྐྱེས་རྨ་གསོ་བའི་སྐབས།

(༡) འབྲས་ནད་གསོ་བའི་ལེའུ།

(༢) གཞང་འབྲུམ་ནད་གསོ་བའི་ལེའུ།

(༣) མེ་དབལ་བཅོས་པའི་ལེའུ།

(༤) སུར་ཡ་བཅོས་པའི་ལེའུ།

(༥) རྨེན་བུ་བཅོས་པའི་ལེའུ།

(༦) རླིག་རླུགས་བཅོས་པའི་ལེའུ།

(༧) རྐང་འབམ་བཅོས་པའི་ལེའུ།

(༨) མཚན་བར་རྡོལ་བ་བཅོས་པའི་ལེའུ།

 

ཏ༽བྱིས་པ་གསོ་བའི་སྐབས།

(༡) བྱིས་པ་ཉེར་སྤྱོད་གསོ་བའི་ལེའུ།

(༢) བྱིས་པའི་ནད་གསོ་བའི་ལེའུ།

(༣) བྱིས་པའི་གདོན་ནད་གསོ་བའི་ལེའུ།

 

ཐ༽མོ་ནད་གསོ་བའི་སྐབས།

(༡) མོ་ནད་གཙོ་བོ་སྤྱི་བཅོས་པའི་ལེའུ།

(༢) མོ་ནད་བྱེ་བྲག་བཅོས་པའི་ལེའུ།

(༣) མོ་ནད་ཕལ་པ་བཅོས་པའི་ལེའུ།

 

ད༽གདོན་ནད་གསོ་བའི་སྐབས།

(༡) འབྱུང་པོའི་གདོན་གསོ་བའི་ལེའུ།

(༢) སྨྱོ་བྱེད་ཀྱི་གདོན་གསོ་བའི་ལེའུ།

(༣) བརྗེད་བྱེད་བརྒྱལ་གདོན་གསོ་བའི་ལེའུ།

(༤) གཟའི་གདོན་ནད་གསོ་བའི་ལེའུ།

(༥) ཀླུའི་གདོན་གསོ་བའི་ལེའུ།

 

ན༽མཚོན་རྨ་གསོ་བའི་སྐབས།

(༡) རྨ་སྤྱི་གསོ་བའི་ལེའུ།

(༢) མགོ་རྨ་གསོ་བའི་ལེའུ།

(༣) ལུས་སྟོད་གསོ་བའི་ལེའུ།

(༤) བྱང་ཁོག་སྨད་གསོ་བའི་ལེའུ།

(༥) ཡན་ལག་གི་རྨ་གསོ་བའི་ལེའུ།

(༦) སྐེའི་རྨ་གསོ་བའི་ལེའུ།

 

པ༽དུག་ནད་གསོ་བའི་སྐབས།

(༡) སྦྱར་བའི་དུག་གསོ་བའི་ལེའུ།

(༢) གྱུར་པའི་དུག་གསོ་བའི་ལེའུ།

(༣) དངོས་དུག་གསོ་བའི་ལེའུ།

 

ཕ༽རྒས་ནད་གསོ་བའི་སྐབས།

(༡) རྒས་པ་གསོ་བའི་ལེའུ།

 

བ༽རོ་ཙ་གསོ་བའི་སྐབས།

(༡) རོ་ཙ་བར་བྱ་བའི་ལེའུ།

(༢) བུད་མེད་བཙལ་བའི་ལེའུ།

(༣) འཁོར་ཀྱིས་བསྟོད་པའི་ལེའུ་དང་བཅས་ནད་འབུམ་ལེའུ་དགུ་བཅུ་བཞི་རྣམས་སྐབས་བཅོ་ལྔར་བསྡུས་ཚུལ་དེ་ལྟར་ཡིན་ནོ། །

༤༽གསོ་བྱེད་སྨན་འབུམ་དཀར་པོའི་གནས་བསྡུས།

ཞང་ཞུང་སྐད་དུ། བསྔལ་ཆར་བི་ལས། འཚོ་ཅི་ར་ས་འབའ་ཤི་ནམ། བོད་སྐད་དུ། སྡུག་བསྔལ་གསོ་བའི་སྨན་འབུམ་དཀར་པོ་ཞེས་བྱ་བ། དེ་ཡང་<<གསོ་བྱེད་སྨན་འབུམ་དཀར་པོ་>>ཞེས་པའི་གཞུང་འདི་ཉིད་ཀྱི་བསྟན་དོན་གཙོ་བོ་ནི་གསོ་བྱེད་སྨན་གྱི་སྐོར་ཡིན། དེ་ཡང་མདོ་བཞིའི་སྒོ་ནས་ལེའུ་སོ་གཉིས་སུ་བསྟན་པའོ།།

ཀ༽བརྟག་པ་རྩ་ཆུ་མདོ།

(༡) གླེང་བསླང་པ་སྤྱིའི་དོན།

(༢) རེག་པ་རྩ་ཡི་ལེའུ།

(༣) མངོན་པ་ཆུ་ཡི་ལེའུ།

 

ཁ༽ཞི་བྱེད་སྨན་གྱི་མདོ།

(༡) ཐང་གི་སྡེ་ཚན་བསྟན་པའི་ལེའུ།

(༢) ཕྱེ་མའི་སྡེ་ཚན་བསྟན་པའི་ལེའུ།

(༣) རིལ་བུའི་སྡེ་ཚན་བསྟན་པའི་ལེའུ།

(༤) ལྡེ་གུའི་སྡེ་ཚན་བསྟན་པའི་ལེའུ།

(༥) སྨན་མར་གྱི་སྡེ་ཚན་བསྟན་པའི་ལེའུ།

(༦) ཐལ་སྨན་གྱི་སྡེ་ཚན་བསྟན་པའི་ལེའུ།

(༧) ཁཎྡའི་སྡེ་ཚན་བསྟན་པའི་ལེའུ།

(༨) སྨན་ཆང་གི་སྡེ་ཚན་བསྟན་པའི་ལེའུ།

(༩) སྔོ་སྦྱོར་གྱི་སྡེ་ཚན་བསྟན་པའི་ལེའུ།

(༡༠) རིན་པོ་ཆེའི་སྡེ་ཚན་བསྟན་པའི་ལེའུ།

 

ག༽སྦྱོང་བྱེད་ལས་ཀྱི་མདོ།

(༡) ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པའི་ལེའུ།

(༢) བཤལ་གྱི་ལས་བསྟན་པའི་ལེའུ།

(༣) སྐྱུགས་ཀྱི་ལས་བསྟན་པའི་ལེའུ།

(༤) འཇམ་རྩིའི་ལས་བསྟན་པའི་ལེའུ།

(༥) ནི་རུ་ཧ་ཡི་ལས་བསྟན་པའི་ལེའུ།

(༦) སྣ་སྦྱོང་གི་ལས་བསྟན་པའི་ལེའུ།

(༧) ལོག་གནོན་རྩ་སྦྱོང་བསྟན་པའི་ལེའུ།

 

ང༽འཇམ་རྩུབ་དཔྱད་ཀྱི་མདོ།

(༡) གཏར་ག་བསྟན་པའི་ལེའུ།

(༢) མེ་བཙའ་བསྟན་པའི་ལེའུ།

(༣) དུགས་བསྟན་པའི་ལེའུ།

(༤) ལུམས་བསྟན་པའི་ལེའུ།

(༥) བྱུགས་པ་བསྟན་པའི་ལེའུ།

(༦) ཐུར་མ་བསྟན་པའི་ལེའུ།

 

མཇུག་བསྡུས་པ་ལ།

(༡) གཉེན་པོ་ཆིག་རྒྱུག་བསྟན་པའི་ལེའུ།

(༢) འགོ་ནད་བསྲུང་ཐབས་བསྟན་པའི་ལེའུ།

(༣) མདོ་དོན་བསྡུ་བ་བསྟན་པའི་ལེའུ།

(༤) རྒྱུད་ཀྱི་ཆེ་བ་བསྟན་པའི་ལེའུ།

(༥) གཙོ་བོས་འཁོར་ལ་རྒྱུད་གཏད་པ་བསྟན་པའི་ལེའུ།

(༦) སྟོན་པ་ལ་བསྟོད་པ་བསྟན་པའི་ལེའུ་བཅས་འབུམ་བཞི་བསྡོམས་པས་ལེའུ་བརྒྱ་དང་དྲུག་ཅུ་རེ་བཞི་བསྟན་པའོ།།

 

གསོ་རིག་འབུམ་བཞིའི་ཡོན་ཏན།

<<གསོ་རིག་ཐུགས་འབུམ་མཁའ་སྔོན་>>ལས། “འགྲོ་ཀུན་སྡུག་བསྔལ་ཞི་ཕྱིར་དང་། །ཞིང་ཁམས་བདེ་ལེགས་འཕེལ་བ་དང་། །སངས་རྒྱས་བསྟན་པ་དར་བ་དང་། །གསོ་རིག་བརྒྱུད་འཛིན་སྐལ་ལྡན་ཀུན། །འབུམ་སྡེ་འདི་ལ་མོས་པར་བྱ། །འབུམ་སྡེ་འདི་ལ་འདུན་པར་བྱ། །འབུམ་སྡེ་འདི་ལ་བསླབ་པར་བྱ། །འབུམ་སྡེ་འདི་ལ་སྤྱོད་པ་བྱ། །ཞེས་དང་ཡང་། “རང་དོན་མཁས་པར་སྦྱོང་འགྱུར་ན། །ལྷ་དབང་ལག་གི་ནོར་བུ་འདྲ། །གཞན་དོན་སྨན་གྱི་སྦྱིན་བཏང་ན། །སྟོང་གསུམ་གསེར་གྱི་སྦྱིན་བཏང་མཉམ། །བསོད་ནམས་རྒྱ་མཚོ་ཉེར་མི་ཕོད། །དྲི་མེད་སངས་རྒྱས་སྨན་ལྷའི་ཞིང་། །སྤོས་ཀྱིས་བརྒྱན་པའི་འཇིག་རྟེན་དུ། །སྨན་ལྷའི་རྒྱལ་པོའི་གོ་འཕང་ཐོབ། །སངས་རྒྱས་ཐོབ་པ་གོར་མ་ཆག །”ཞེས་གསུངས་པ་བཞིན་སྨན་གྱི་གཞུང་འདིར་ཐོས་བསམ་དང་ཉམས་ལེན་བྱེད་ན་རང་གཞན་གཉིས་ཀའི་དོན་དུ་འབྲས་བུ་གཡུར་དུ་ཟ་བ་སྨིན་པའི་གོར་མ་ཆག་པའི་ཡོན་ཏན་འཐོབ་ངེས་པའི་རྒྱུར་འགྱུར་པ་གསུངས།

 

མཇུག་སྡོམ་གྱི་གཏམ།

གསོ་བ་རིག་པའི་རིག་གནས་ཀྱི་ལོ་རྒྱུས་དང་འབྱུང་ཁུངས་སོགས་ལ་མཁས་པ་སོ་སོའི་ལྟ་གྲུབ་འདྲ་མིན་མཆིས་པས་ཕྲན་གྱིས་ཀྱང་འདི་ནས་དེའི་སྐོར་དམིགས་བསལ་ཞུ་རྒྱུ་མིན། ད་ལམ་<<གསོ་རིག་འབུམ་བཞིའི་ནང་དོན་སྐོར་རོབ་ཙམ་གླེང་བ་>>ཞེས་པའི་རྩོམ་ཐུང་འདི་ནི་རང་ཉིད་ཀྱིས་“གསོ་རིག་འབུམ་བཞིའི་གཞུང་”ལ་སློབ་གཉེར་བྱེད་ཞོར་དུ་གཞུང་དོན་གྱི་བསྡོམས་རྩིས་ཤིག་རང་ལ་གསལ་འདེབས་དང་གཞན་གསོ་རིག་འབུམ་བཞིའི་གཞུང་ལ་ཐུགས་སྣང་ཡོད་པའི་ལས་དང་པོ་པའི་སློབ་གཉེར་རྣམས་ཀྱིས་གཞུང་ལ་འཇུག་བདེ་བའི་ཕྱིར་དུ་ཅུང་ཙམ་ཟུར་བཀོད་དུ་བྲིས། མཐའ་དོན་དུ་འཛམ་གླིང་ཡངས་པའི་ཁྱོན་འདི་ནས་མི་བདེ་སྡུག་བསྔལ་གྱི་ཟུག་རྔུའི་ནད་རྣམས་སེལ་ནས་འཚེ་མེད་ཞི་བདེ་དཔལ་ལ་རོལ་བའི་སྨོན་འདུན་དང་བཅས། ཐ་ཚན་མུ་ཙུག་སྨར་རོ།། །།

- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།

མཐའ་མའི་འདོན་ཐེངས་།: 01.10.2019 ཉིན། 4:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།