སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་འཇམ་དཔྱད་བསྐུ་མཉེའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.11.2020
ཆེད་རྩོམ། >>

 

༄༅། །བོད་ཀྱི་གསོ་བ་རིག་པ་ལས་འཇམ་དཔྱད་བསྐུ་མཉེའི་སྐོར་གླེང་བ།

-    སྨན་པ་མིག་དམར།

 

ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།

མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།

དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།།

 

  ཞེས་མཆོད་བརྗོད་ཀྱིས་སྔོན་བསུས་ནས་སྤྱིར་ལོ་ངོ་ ༢༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞིིའི་འཇམ་རྩུབ་དཔྱད་ཀྱི་མདོ་ལས། འཇམ་པའི་དཔྱད་ལ་དུགས་ལུམས་བྱུག་པ་དང་རྩུབ་པའི་དཔྱད་ལ་གཏར་དང་མེ་བཙའ་ཞེས་རྩ་བའི་དཔྱད་ལྔ་དང་ཡན་ལག་དང་བཅས་པ་ལེགས་པར་ཡོངས་སུ་བསྟན་པའི་ནང་ནས། འདིར་ཆེད་དུ་གླེང་བར་བྱ་བའི་བརྗོད་གཞི་ནི་འཇམ་དཔྱད་བསྐུ་མཉེའམ་བྱུག་པའི་སྐོར་ས་བཅད་བརྒྱད་དུ་འབྱེད་ནས་རགས་ཙམ་གླེང་བར་འདོད། དེའང་དུས་བཟང་ངན་དང་ཕྱི་ནང་གི་འབྱོར་ཆེ་ཆུང་སོགས་གནས་སྐབས་གང་ལའང་ང་ཚོ་ནི་ལུས་སེམས་གཉིས་ཀྱི་རྩོལ་བ་ལ་བརྟེན་ནས་འདི་ཕྱིའི་དོན་སྒྲུབ་དགོས་པས་ན་ངལ་བ་ལ་ཟློག་ཐབས་མེད་པས་བྱུག་པ་བསྐུ་མཉེ་ནི་རྒྱུན་དུ་སྤྱོད་མཁོ་ཆེ་བའི་དཔྱད་ཅིག་ཡིན། ལྷག་པར་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཉམས་སྨད་ཆེས་ཆེ་བའི་སྙིགས་མའི་དུས་འདིར་མི་རྣམས་དམ་ཆོས་ཞར་དུ་སྐྱུར་ནས་དེང་རབས་ཀྱི་ཚན་རྩལ་ལོག་པར་འདྲེན་པའི་ཚ་རླབས་ཀྱིས་དེད་ནས་ཕྱི་དངོས་པོའི་ཡར་རྒྱས་དང་ནོར་ལོངས་སྤྱོད་ཀྱི་རྗེས་སུ་སྙེག་སྟེ་མཐར་ཐུག་གི་བདེ་སྐྱིད་གྲུབ་པའི་རེ་སྟོང་གི་ཁྲོད་འདིར། རྩ་ངན་བཏབ་པས་ལྗང་པ་ཡོང་རེ་མེད་པ་བཞིན་ལུས་ངལ། སེམས་དུབ། ཁྲག་རླུང་སྟོད་འཚང་སོགས་ཀྱིས་མནར་བ་ཤིན་ཏུ་མང་། མ་ཟད་མ་རྩ་རིང་ལུགས་ཀྱི་གོ་ལའི་འཐབ་རྩོད་འོག་མི་རྣམས་སྔར་ལས་ལྷག་པའི་ལུས་ངལ་སེམས་ངལ་དུ་འགྱུར་བཞིན་པའི་སྐབས་འདིར་བསྐུ་མཉེ་ནི་ཤིན་ཏུ་མཁོ་ལ་སྐྱེ་བོ་མང་པོས་རེ་བའི་དཔྱད་ཅིག་ཡིན།

 

དང་པོ། བསྐུ་མཉེའི་སྤྱི་བཤད།

  གདོད་མའི་བོད་ཀྱི་མི་རྣམས་ཀྱིས་ཟས་མ་ཞུ་བར་ཆུ་ཁོལ་བསྟེན་པ་དང་། ན་སར་ལག་པས་གནོན་པ། རྨ་ཡོད་སར་མར་ཁུ་བྱུག་ནས་ཁྲག་གཅོད་པའམ་སེམས་ཅན་གྱི་ཚིལ་བསྐུས་ནས་རྨ་གསོ་ཐབས་བྱེད་པ། རོ་སྟོད་གཟེར་སར་བརྡུང་བའམ་མཉེ་བའི་ཐབས་ཀྱིས་ན་ཟུག་གཅོག་པ་ལ་སོགས་ཁོང་སྨན་བསྟེན་མི་དགོས་པར་ལུས་ཀྱི་ཕྱི་ནས་ཐད་ཀར་སེམས་ཅན་གྱི་ཚིལ་གྱི་རིགས་དང་རྩི་ཤིང་གི་སྣུམ་རིགས་སོགས་བྱུག་པའམ་བསྐུས་ནས་ནད་ཞི་བར་འབད་བརྩོན་བྱེད་ཀྱི་ཡོད། མིའི་འཚོ་བའི་ཡར་རྒྱས་དང་རིག་གནས་གོང་མཐོར་ཕྱིན་ཏེ་སྨན་རྫས་ཀྱི་ཕན་ནུས་དང་།  གསང་དམིགས་བླ་གནས་ཀྱི་ཕན་གནོད་སོགས་ཤེས་རྟོགས་བྱུང་ནས་བྱུག་པའི་བཅོས་ཐབས་རིག་པ་དེ་རིམ་པས་དར་ཁྱབ་ཏུ་ཕྱིན་ཏེ་དུས་རབས་བརྒྱད་པར་བྱུང་བའི་གསོ་རིག་རྒྱུད་བཞིའི་འཇམ་རྩུབ་དཔྱད་ཀྱི་མདོའི་ནང་བསྐུ་མཉེ་རུང་མི་རུང་དང་། ཕན་གནོད། བྱ་བའི་ཐབས་བཅས་ས་བཅད་བཞིའི་སྒོ་ནས་དངོས་སུ་བསྟན་པའི་ལེའུ་ཞིག་དང་ཞིབ་པར་དཔྱད་ན་རྒྱུད་ཀྱི་དགོངས་དོན་སྐབས་གཞན་དང་འབྲེལ་དགོས་པ་གལ་ཆེར་སྣང་། གང་ལྟར་ཡང་མཐོ་སྒང་བོད་ཀྱི་ཁུལ་ལ་སྔར་ནས་ད་བར་བསྐུ་མཉེའི་ལག་ལེན་དེ་གཙོ་ཆེར་ནད་བཅོས་སྨན་དཔྱད་ཀྱི་ངོ་བོར་སྤྱད་པ་ལས། ནུབ་ཕྱོགས་ཡུལ་གྲུ་ཁག་དང་ལྷག་པར་དེང་དུས་སྤྱི་ཚོགས་ཁྲོད་དར་སྲོལ་ཆེ་བ་བཞིན་སོས་དལ་གུ་ཡང་དང་ངལ་སེལ་མཐུན་རྐྱེན་གྱི་ངོ་བོར་ཁྲོམ་རའི་ནང་སྤྱོད་སྲོལ་དེ་ཙམ་མེད་པའི་རྐྱེན་གྱིས་མངོན་པར་མི་གསལ་བའི་ཚུལ་དུ་གནས་སྟབས། སྐྱེ་བོ་མང་པོར་བོད་ལུགས་བསྐུ་མཉེ་དེ་ཕྱི་ལུགས་པའི་ལག་ལེན་ནང་འདྲེན་མིན་ནམ་སྙམ་པའི་སོམ་ཉི་བྱེད་མཁན་ཡང་མཐོང་བས། དེ་ནི་ནུབ་ཕྱོགས་པས་ཐོག་མའི་མེས་པོ་དམ་པ་རྣམས་མི་རྒོད་ནས་མཆེད་པར་བཞེད་པ་བདེན་དུ་སྲིད་ཀྱང་སྒྲུབ་བྱེད་དེ་ཙམ་དང་དེའི་གྲགས་པས་འགྲོ་བ་མིའི་རིགས་ཐམས་ཅད་ཀྱི་ཕ་མེས་མི་རྒོད་དུ་འཐད་པའི་སྡོམ་ཚིག་དུ་བསྒྲགས་པ་ནི་ཅུང་བཞད་གད་དུ་སྣང་། དོན་དུ་བོད་ཀྱི་བསྐུ་མཉེའམ་བྱུག་པའི་རིག་པ་ནི་གོང་དུ་སྨྲས་པ་བཞིན་ང་ཚོའི་གནའ་བོའི་མེས་པོ་དམ་པ་རྣམས་ཀྱིས་ནད་གཞིར་གདོང་ལེན་ངེས་ཅན་བྱས་པའི་བྱུང་རིམ་ཁྲོད་མཐོ་སྒང་བོད་རང་དུ་དར་འཕེལ་དང་དུས་ད་ལྟ་བར་ནད་བཅོས་ཉམས་ལེན་དུ་ཁེལ་བཞིན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་དཔྱད་བཅོས་རིག་པ་ཞིག་ཡིན་པ་གོར་མ་ཆག དེ་ལྟར་ཡང་དུས་ཕྱིས་སུ་རིག་གཞུང་བརྗེ་ལེན་དང་ཡུལ་དུས་དངོས་པོས་ཁོམ་མིན། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྱུར་བའི་རྐྱེན་གྱིས་བོད་ཀྱི་བསྐུ་མཉེའི་དཔྱད་ལ་ཕན་གནོད་ཀྱང་སྣ་ཚོགས་ཞིག་འབྲེལ་ཡོད་པ་ཚིག་གི་ལོ་མས་དོན་གྱི་འབྲས་བུ་བསྒྲིབ་པར་དོགས་པས་འདིར་གླེང་བར་མི་བྱ།

  དེའང་བོད་ཀྱི་གསོ་རིག་གཞུང་ལས་འཆད་པའི་བསྐུ་མཉེ་ཞེས་པའི་དོན་ལ། བསྐུ་ནི་མར་དང་ཚིལ་དེ་བཞིན་སྣུམ་རིགས་རྐྱང་པའམ་ཡང་ན་སྔོ་སྨན་རིགས་བསྲེས་ནས་ལུས་ཀྱི་ཕྱི་ནས་བྱུག་པའམ་བསྐུ་བའི་དོན་དང་། མཉེ་ནི་ཤ་སྒྲིམ་དང་ཆུ་རྒྱུས། པགས་པ་སོགས་ལ་ཁུ་ཚུར། ལག་མཐིལ། གྲུ་མོ་སོགས་ཀྱིས་མཉེ་བ་དང་། བརྡེག་པ། གནོོན་པ། འཕུར་བ་དང་བཤུད་པ་སོགས་ལ་གོ་བ་ཡིན། རིམ་པ་དེ་གཉིས་ཚར་རྗེས་སུ། རྒྱུད་ལས། མི་ཞུན་བྱུག་མཉེ་བསྐམས་ནས་ཕྱེ་ཡིས་ཕྱི། །ཞེས་གསུངས་པ་ལྟར་ལུས་ལ་བྱུག་པའི་སྣུམ་ཚིལ་དག་སྲན་ཕྱེའམ་རྩམ་ཕྱེ་གང་རུང་གིས་འཕྱི་བ་ཡིན། དེ་ལྟར་མ་ཕྱིས་ན་བྱུག་པས་རླུང་ནད་འཇོམས་པར་ཕན་ཡང་པགས་ངོས་སུ་ལུས་པའི་སྣུམ་ཞག་ལུས་ལ་སིམ་ནས་བད་ཀན་འཕེལ་བར་ཉེན་པ་ཡིན། དེས་ན་བྱུག་མཉེ་འཕྱི་གསུམ་ནི་བོད་ལུགས་གསོ་རིག་གི་བསྐུ་མཉེའི་ནད་ཐོག་ཐད་ཀར་ལག་ལེན་སྐབས་ངེས་པར་བྱ་དགོས་པའི་རིམ་པ་གལ་ཆེན་གསུམ་ཡིན། བཅོས་ཐབས་དེ་ནད་པར་བཅོས་ཉེས་ཀྱི་སྐྱོན་ཆུང་བ། ནད་པས་ཞེད་སྣང་མི་བྱེད་པ། ནད་པའི་ལུས་སེམས་ལ་བདེ་བ་སྟེར་བ། ཕན་ནུས་ཆེ་བ། བཅོས་ཐབས་ཀྱི་ལག་ལེན་བདེ་བ་མ་ཟད་སྨན་རྫས་དང་ཡོ་ཆས་ཀྱི་རྒྱས་སྤྲོས་ཡོད་ན་མཐུན་རྐྱེན་དང་ཁུ་བསྡུས་ན་བྱུག་སྣུམ་དང་དྲིལ་ཕྱིས། ཕྱི་རས་ཙམ་གྱིས་འཐུས་པ་བཅས་ཀྱི་དགེ་མཚན་ཆེ་བས་རྒྱུན་གཏན་འཚོ་བའི་ནང་མི་ཚང་མས་སྐབས་དུས་འོས་འཚམས་ཀྱི་ལག་ལེན་ཐུབ་པའི་དཔྱད་ཅིག་ཡིན།

 

གཉིས་པ། བསྐུ་མཉེའི་དབྱེ་བ།

  དེ་ཡང་བསྐུ་མཉེའམ་བྱུག་པར་དབྱེ་ན་ནད་གཞི་མི་འདྲ་བར་གཞིགས་ནས་སྣུམ་རིགས་ཀྱི་བྱུག་པ་དང་། ལྡེ་གུའི་རིགས་ཀྱི་བྱུག་པ་ཞེས་དབྱེ་བ་གཉིས་སུ་གསུངས་པ་ལས་རླུང་ནད་ཕལ་ཆེ་བར་སྣུམ་བྱུག་དང་པགས་ནད་རིགས་ལ་ལྡེ་གུ་བསྟེན་དགོས་པ་ཡིན། ལྡེ་གུ་ཞེས་པ་སྐྱོ་མའི་དོན་ཡིན་ལ་འདིར་སྔོ་སྨན་ལ་སོགས་པའི་སྨན་རྒྱུ་སྡེབ་སྦྱོར་ལས་གྲུབ་པའི་སྐྱོ་མའི་བྱུག་པར་གོ་བ་ཡིན། རྒྱུད་ལས་སྣུམ་རིགས་ཀྱི་བྱུག་པར་དབྱེ་བ་བཅུ་བཞི་དང་། ལྡེ་གུའི་རིགས་ཀྱི་བྱུག་པར་དབྱེ་བ་བཅུ་བཞི་གསུངས་ཡོད། འོན་ཀྱང་ད་བར་རྒྱུད་ལས་གསུངས་པའི་སྣུམ་རིགས་དང་ལྡེ་གུའི་རིགས་ཀྱི་བྱུག་པ་ཆ་ཚང་ལག་ལེན་དངོས་ནང་བེད་སྤྱོད་བྱ་རྒྱུ་མི་བདེ་བ་དང་མི་ལྡང་བའི་ཞན་ཆ་ཡོད་རུང་།  དེང་སང་ཁྲོམ་རར་ཡོད་པའི་ཚི་གུ་དང་རྩི་ཤིང་གི་སྣུམ་རིགས་འདྲ་མིན་ཡོད་པ་དེ་དག་གི་ཕན་གནོད་ལ་གཞིག་སྟེ་སྤྱོད་ཆོག ལྷག་པར་གསོ་རིག་བྱུག་སྣུམ་ཨ་གར་བདེ་སྟེར་དང་། གསོ་རིག་གྲུམ་བུའི་བྱུག་སྣུམ། གསོ་རིག་ཛཱ་ཏིའི་དུགས་སྣུམ། གསོ་རིག་བྱིས་པའི་བྱུག་སྣུམ་སོགས་དང་། བྱུག་པ་གཞན་ (Lotion) ལ་མཚོན་ན་གསོ་རིག་ཐོན་རྫས་མཁྲིས་བྱུག་དང་། བད་བྱུག རླུང་བྱུག བྱིས་པའི་བྱུག་པ་ལ་སོགས་པ་དེ་དག་གིས་ནད་ཐོག་ཕན་པ་མངོན་གསལ་དུ་འཐོན་བཞིན་ཡོད་པ་དང་ཕྱི་ནང་ནད་པ་མང་པོས་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།།

 

གསུམ་པ། བསྐུ་མཉེའི་སྔོན་འགྲོ།

  བསྐུ་མཉེ་བྱ་སྐབས་སྔོན་འགྲོ་དང་དངོས་གཞི་དང་རྗེས་བཅད་བཅས་ཆ་ཚང་ཞིང་གོ་རིམ་མ་ནོར་བར་བྱེད་ཐུབ་ན་ཧ་ཅང་ལེགས། བསྐུ་མཉེའི་སྔོན་འགྲོ་ནི། གནས་མཐུན་པ་དང་། དུས་འཚམ་པ། ལྟོ་བ་སྙོམས་པ་བཅས་ཡང་དག་པར་སྲུང་ན་ཧ་ཅང་བཟང་བ་དང་། ཡོ་བྱད་ལ་སྣུམ་མམ་ལྡེ་གུ་གང་རུང་དང་ཕྱེ་མ། སྤོས། ཉལ་གདན་ལ་སོགས་པའི་ཉེར་མཁོའི་ཡོ་བྱད་རྣམས་གྲ་སྒྲིག་ལེགས་པར་ཚང་བའི་ཐོོག་རབ་བྱུང་ན་གདོན་གནོད་མི་འཇུག་པ། བླ་མ་ཤོར་བ། དེ་བཞིན་ལུས་ཁམས་སྙོམས་པ་སོགས་ཀྱི་སླད་སྐུད་པ་དམར་པོ་དང་སྔགས་ཡིག་དང་རིན་ཆེན་རིལ་བུ་བཅས་ཀྱང་གྲ་སྒྲིག་དགོས།

  དེ་ཡང་གནས་ནི་དབེན་པའམ་རྣ་བར་སུན་པའི་སྒྲ་མེད་པ། བྱ་བྱིའུས་སྐད་སྙན་སྒྲོག་པ། མཚོ་འགྲམ་དང་སྤང་ཐང་། མེ་ཏོག་རྣམ་པར་བཀྲ་ཞིང་དྲི་ཞིམ་འཐུལ་བ། ཆུ་ཕྲན་ལྷུང་ལྷུང་དུ་བབས་པའི་སྒྲ་སོགས་ཀྱིས་གནས་མཛེས་ཤིང་བར་ཆད་མེད་པ། ཁྱད་པར་དུ་རྒྱུད་ལས། ཉེས་པ་གསུམ་གྱི་རང་བཞིན་གསུངས་པའི་སྐབས་ལྟར་རླུང་ལ་དྲོ་ཞིང་འོད་ཆུང་བའི་གནས་དང་། མཁྲིས་པར་བསེར་བུ་དང་ཤིང་གྲིབ་དང་ཆུ་འགྲམ་སོགས་བསིལ་བའི་གནས་དང་། བད་ཀན་ལ་དྲོ་ཞིང་སྐེམ་པའི་གནས་བཅས་བསྟེན་པ་གལ་ཆེ། ལྷག་པར་དུ་རྒྱུད་ལས། རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་སྤྱིར་བསྐུ་མཉེ་ནི་རླུང་ནད་བརླ་རེངས་མིན་པའི་གཞན་རླུང་ནད་ཀུན་ལ་ཕན་ཐོགས་ཧ་ཅང་ཆེ་ལ་གཞུང་ལས་ཀྱང་ཆེད་དུ་བསྟན་པའི་ཕྱིར། རླུང་ཁམས་དང་མཐུན་པའི་གནས་ཤེས་དགོས་པ་གལ་ཆེ། ཁང་ཁྱིམ་དུ་བྱས་ན། ཁང་པའི་ནང་བཀོད་མཛེས་ཤིང་མེ་ཏོག་རྣམ་པར་བཀྲ་བ། གློག་ཤུགས་ཆེན་པོ་མིན་པར་མུན་ཤས་ཆེ་བ། བསིལ་དྲོད་སྙོམས་པ། རོལ་དབྱངས་སྙན་པོ་དང་སྤོས་བཟང་གི་དྲི་ལྡང་བ་བཅས་བྱུང་ན་ཤིན་ཏུ་ལེགས། དེ་ལྟ་བུའི་གནས་ཀྱི་སྟོབས་ཀྱིས་ནད་པའི་སེམས་སྐྱིད་ཅིང་སྙིང་ལ་བདེ་བ་སྟེར་བ་དང་ལུས་བདེ་ཞིང་ལྷོད་པར་གྱུར་བས་བསྐུ་མཉེའི་ནུས་པ་འཕེལ་བའི་མཐུན་རྐྱེན་དུ་འགྲོ།

  བསྐུ་མཉེ་བྱ་བའི་དུས་ནི། སྣུམ་གྱི་ཕན་ཡོན་ལ་ལྟོས་ནས་ཏིལ་མར་དབྱར་དུས་སུ་ཕན་པ་དང་ཞུན་མར་དབྱར་མཐའ་དང་དཔྱིད་ཀར་བཟང་ཞེས་གསུངས། བཤད་རྒྱུད་ལས། དེ་ཚེ་མཚན་མོ་རིང་བའི་བཀྲེས་འགྱུར་ཏེ། །དེ་ཡིས་ལུས་ཟུངས་བྲི་བར་འགྱུར་བས་ཕྱིར། །ཏིལ་མར་གྱིས་བྱུག་ཤ་ཁུ་སྣུམ་པ་ཟ། །པགས་པའི་གོས་དང་ལྷམ་ནི་རྟག་ཏུ་བགོ། །དུགས་དང་ཉི་མའི་འོད་ལ་རན་པར་བསྲོ། །ཞེས་གསུངས་པ་ལྟར། དགུན་དུས་སུ་གནམ་གཤིས་ཤིན་ཏུ་གྲང་བས་མིའི་ལུས་ཀྱི་བ་སྤུའི་བུ་ག་རྣམས་ཆོས་ཉིད་ཀྱི་དབང་གིས་རང་བཞིན་དུ་འགག་སྟེ་ཁོང་པའི་མེ་དྲོད་ཀྱི་སྟོབས་ཤིན་ཏུ་ཆེ་བར་གྱུར་པས། དེའི་ཚེ་གལ་ཏེ་ཟས་ཟོས་ཉུང་བར་གྱུར་ན་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་བསྲེགས་པས་སྟོབས་བྲི་བར་འགྱུར་བ་དང་ལྷག་པར་དུ་ཡང་མཚན་མོ་རིང་བས་ཐོ་རངས་སྐབས་བཀྲེས་པར་འགྱུར་བ་ཡིན་པས། ཕོ་བའི་ནང་ཟས་སྐོམ་མེད་པས་ལུས་ཟུངས་དང་སྣུམ་བཅུད་རྣམས་འབྲི་བར་འགྱུར་བའི་ཕྱིར། དུས་དེར་རྒྱུན་དུ་ཏིལ་མར་གྱིས་ལུས་ལ་བྱུག་པ་བྱེད་དགོས་པ་གལ་ཆེ། སོས་ཀ་ཉི་མའི་འོད་ཟེར་རབ་ཏུ་ཚ་བས་ཕྱི་ནང་གི་མེ་དྲོད་ལྷག་པར་སྐྱེས་ཏེ་ལུས་ཟུངས་སྐེམ་པའི་ཚུལ་གྱིས་སྟོབས་འཕྲོག་ཅིང་ཟད་པར་འགྱུར་བས་ན། སྟོབས་བསྐྱེད་པའི་ཕྱིར་སྣུམ་བྱུག་བསྟེན་ན་ལེགས་པ་དང་། དེ་བཞིན་དབྱར་དུས་ཀྱང་། རྒྱུད་ལས། དབྱར་དུས་མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །རླུང་དང་གྲང་བ་ས་རླངས་ཆུ་རྙོག་ཅན། །མེ་དྲོད་གནོད་པས་མེ་དྲོད་བསྐྱེད་པ་བསྟེན། །དང་པོའི་རོ་གསུམ་ཡང་དྲོ་སྣུམ་བཅས་བཟའ། །ཞེས་གསུངས་པ་ལྟར། དབྱར་དུས་སུ་ཡུལ་ཁམས་ཕལ་ཆེར་བརླན་ཤས་ཆེ་བ་དང་མི་རྣམས་ཀྱི་ཟས་གོས་སྤྱོད་ལམ་སོགས་བསིལ་བའི་རང་བཞིན་ལ་བསྟེན་ཆེ་བས་མེ་དྲོད་ཉམས་ཉེས་སུ་འགྲོ་བ་སོགས་ཀྱི་རྐྱེན་པས་དབྱར་དུས་རླུང་ནད་ལྡང་བའི་ཕྱིར་མེ་དྲོད་སྐྱེད་ཅིང་འཕེལ་བར་བྱེད་པ་དང་རླུང་ནད་ཀྱི་སྔོན་འགོག་ཆེད་དུ་སྣུམ་བྱུག་བསྟེན་ན་ལེགས། ཉིན་ཞག་གཅིག་ལས་རླུང་ནད་དགོང་དང་ཐོ་རེངས་ལྡང་བའི་ཕྱིར་སྣུམ་བྱུག་ཀྱང་དུས་དེ་གཉིས་ལ་བཟང་ཞེས་གསུངས་སོ།།

  ལྟོ་བ་སྙོམས་པ་ནི། བསྐུ་མཉེ་མ་བྱས་སྔོན་ནད་པ་དང་བསྐུ་མཉེ་མཁན་གཉིས་ཀ་ལྟོ་སྟོང་ལྟོགས་ཆེས་མིན་པ་དང་། ཁ་ཟས་ཟོས་དྲགས་པའམ་ཟས་ཟོས་རྗེས་སུ་འཕྲལ་དུ་བསྐུ་མཉེ་བྱས་ན་མི་འགྲིག་པར་ཟོས་རྗེས་ཆུ་ཚོད་གཅིག་ནས་གཉིས་ཙམ་གྱི་རྗེས་སུ་བསྐུ་མཉེ་བྱ་དགོས་པ་ཡིན། དེ་ལྟར་བྱས་པས་ནད་པའི་ཕོ་བའི་མེ་དྲོད་ལ་མི་གནོད་པ་དང་བསྐུ་མཉེ་བྱེད་མཁན་གྱི་ལུས་ཁམས་སྙོམ་པ་དང་ཐང་མི་ཆད་པའི་དགེ་མཚན་ཆེ།

  དེ་ལྟར་རྒྱུད་ནང་དུ་གསུངས་པ་བཞིན་བསྐུ་མཉེའི་སྔོན་འགྲོ་ལས་གནས་དང་དུས་གཉིས་ལག་ལེན་དངོས་ནང་དེ་ལྟ་བུའི་རང་བྱུང་གི་མཐུན་འགྱུར་ནི་དེང་གི་ཆར་ཅུང་དཀའ་བར་སྣང་ཡང་། རྒྱུད་དུ་གསུངས་པའི་གནས་དུས་ཀྱི་དགོས་དམིགས་གྲུབ་པའི་ཞི་འཇམ་བག་ཕེབས་ཀྱི་བཅོས་མའི་ཁོར་ཡུག་ཅིག་སྐྲུན་པས་ཀྱང་ཆོག་པ་ནི་ཁྲོམ་རའི་ནང་མཐོང་ཆོས་སུ་ཡོད་པའི་ཚད་ལྡན་གྱི་བསྐུ་མཉེ་དང་འཇམ་དཔྱད་ཁང་དེ་དག་བཞིན་ནོ། །དེ་བཞིན་དུས་ཀྱི་ངོས་ནས་བཤད་ན་རྒྱུད་ནང་གསུངས་པའི་སྣུམ་གྱི་ཕན་ཡོན་ལ་ལྟོས་པའི་དུས་ལ་སོགས་ཇི་མ་ཇི་བཞིན་ལག་ལེན་དུ་ཅུང་འཁོད་པར་དཀའ་ཡང་། ནམ་དུས་དང་ཉིན་ཞག་གཅིག་གི་དུས་ཀྱི་ཁྱད་པར་ལ་གཞིག་སྟེ་གང་ཐུབ་ཀྱིས་ནད་པའི་རང་བཞིན་དང་བསྟུན་ནས་དུས་ཚོད་བགོས་ཐབས་བྱེད་གལ་ཆེ།

 

བཞི་པ། ཐ་མལ་ནད་མེད་ཀྱི་བསྐུ་མཉེ།

  བསྐུ་མཉེའམ་བྱུག་པའི་དཔྱད་དེ་རླུང་ནད་དང་རླུང་མིར་དམིགས་ཆེ་བ་ལྟ་བུར་སྣང་ཡང་། དུས་ཀྱི་འཕོ་འགྱུར་དང་འཚོ་བའི་བྲེལ་འཚུབ་ཀྱིས་མི་མང་པོ་ཞིག་ལ་ཕྱི་ལུས་ཀྱི་དཀའ་ཚེགས་དང་ནང་སེམས་ཀྱི་སྡུག་བསྔལ། ལས་བྲེལ་རྐྱེན་པའི་དུས་སུ་ཟས་ཟོས་མ་ཐུབ་པར་ལུས་ཀྱི་བཅུད་ཟད་ནས་པགས་པ་རྩུབ་པ་དང་སྟོབས་ཆུང་བ། ལུས་ཐང་ཆད་སླ་བ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ལ་བསྐུ་མཉེ་བྱས་ན་ཕན་ཐོགས་ཧ་ཅང་ཆེ་བ་མཐོང་། བསྐུ་མཉེ་མཁན་ནམ་ཡང་ན་བསྐུ་མཉེ་བྱེད་མཁན་གྱི་སྨན་པ་དེས་བསྐུ་མཉེའི་གནད་ཤེས་ཚེ་མི་གང་ཡང་རུང་བ་ཞིག་ལ་བསྐུ་མཉེ་བྱ་ཆོག་པ་ཡིན།

  ཐ་མལ་ནད་མེད་ཀྱི་མིའི་དབྱེ་བ། དེ་ཡང་། ཐ་མལ་ནད་མེད་ཅིག་ལ་བསྐུ་མཉེ་བྱེད་པའི་ཐོག་མར། རྒྱུད་དུ་གསུངས་པའི་མིའི་ལུས་ཀྱི་དབྱེ་བ་སྟེ། རྟེན་དང་། ན་ཚོད་དང་། རང་བཞིན་སོགས་གང་འདྲ་ཡིན་མིན་ཤེས་དགོས་གལ་ཆེན་པོ་ཡིན། དེ་ཡང་རྟེན་གྱི་དབྱེ་བ་ཕོ་མོ་མ་ནིང་བཅས་གསུམ་དང་། ན་ཚོད་དབྱེ་བ་ནི་བྱིས་པ་སྟེ་ལོ་བཅུ་དྲུག་བར་དུ་ཡིན་པ་དང་། བཙས་པ་ནས་ལོ་གསུམ་བར་དུ་ལུས་ངག་ཡིད་གསུམ་གྱི་འགུལ་སྐྱོད་ཞན་པས་བད་ཀན་གྱི་ཁམས་ཤས་ཆེ་བ་དང་། དེ་ནས་རིམ་བཞིན་ལུས་ཁམས་རྒྱས་ཤིང་ལུས་ངག་གི་བྱ་བ་མང་བས་རླུང་ཁམས་ཤས་ཆེར་འགྱུར་བ་ཡིན། དར་མ་སྟེ་བཅུ་དྲུག་ནས་བདུན་བཅུའི་བར་དར་མ་ཡིན། དུས་དེར་ལུས་ངག་ཡིད་གསུམ་གྱི་བྱ་བ་ཧ་ཅང་མང་བས་མཁྲིས་ཤས་ཆེ་བ་ཡིན། རྒན་པོ་སྟེ་ལོ་བདུན་བཅུ་ཕན་ཆད་རྒན་པོ་ཡིན། དུས་དེར་ལུས་ཀྱི་འབྱུང་བ་ས་ཆུ་གཉིས་རྒུད་ཅིང་ཟད་པ་དང་ཉེས་པ་རླུང་ཤས་ཆེར་འཕེལ་ནས་ལུས་ཁམས་རླུང་ཤས་ཆེ་བ་ཡིན།

  རང་བཞིན་གྱི་དབྱེ་བ་ནི། རླུང་གི་རང་བཞིན། མཁྲིས་པའི་རང་བཞིན། བད་ཀན་རང་བཞིན། རླུང་མཁྲིས་རང་བཞིན། བད་རླུང་རང་བཞིན། བད་མཁྲིས་རང་བཞིན། འདུས་པའི་རང་བཞིན་བཅས་རང་བཞིན་བདུན་ཡོད། རང་བཞིན་ཤེས་པ་དང་ཆབས་ཅིག་ཏུ་དེ་དག་གི་མཚན་ཉིད་ཀྱང་རྟོགས་དགོས་སོ།།

  ནད་མེད་ལ་བསྐུ་མཉེ་བྱ་བའི་དུས་དང་སྣུམ་རིགས་བྱ་ཐབས་བཅས་ཀྱི་དབྱེ་བ་དང་བྱ་རིམ་བཤད་པ།    དེ་ལྟར་གོང་དུ་སྨོས་པ་བཞིན་ཐ་མལ་ནད་མེད་ལུས་ཀྱི་དབྱེ་བ་རྟེན་དང་ན་ཚོད་དང་རང་བཞིན་བཅས་ཀྱི་མཚན་ཉིད་དང་དེ་དག་དང་འཚམ་པའི་དུས་ཀྱི་ཁྱད་པར་སོགས་བབ་བསྟུན་གྱིས་བསྐུ་མཉེ་བྱ་རྒྱུ་གལ་ཆེ་བཞིན། ལུས་ཁམས་དང་བསྟུན་ནས་སྣུམ་དང་སྨན་རྫས་རིགས་མི་འདྲ་བ་སོ་སོ་བེད་སྤྱོད་བྱེད་དགོས་པ་ལས་སྣུམ་དང་སྨན་རྫས་གང་བྱུང་བེད་སྤྱོད་བྱས་ན་མི་འགྲིག་པ་ཡིན། ཅི་སྟེ་སྐྱེ་བོ་གང་སྐབས་འཕྲལ་ནད་མེད་ཡིན་ནའང་དེང་གི་ཁོར་ཡུག་ཧ་ཅང་འབགས་བཙོག་ཆེ་ལ་དངངས་འཚབ་དང་སེམས་ངལ་ཆེ་བའི་ཁར་མི་རྣམས་གང་དགའ་གང་སྐྱིད་ཁོ་ན་ལས་རང་ཉིད་ཀྱི་ཁམས་དང་འཕྲོད་བསྟེན་ལ་གཞིག་པའི་ཟས་སྤྱོད་བསྟེན་མཁན་ནི་ཧ་ཅང་ཉུང་བས་ཉེས་པ་གསུམ་གྱི་རང་བཞིན་གང་ཡིན་པ་དེའི་ནད་གཞི་བྱུང་བ་དེ་བས་སླ། དེར་བརྟེན་གསོག་ལྡང་ཞི་གསུམ་གྱི་དུས་དང་བསྟུན་ནས་མིའི་རང་བཞིན་མི་འདྲ་བ་བདུན་དུ་གསུངས་པ་བཞིན་དེ་མཐུན་སྣུམ་གྱི་སྦྱོར་བ་མི་འདྲ་བས་བསྐུ་མཉེའམ་བྱུག་པ་བྱས་ན་ནུས་པ་ཁྱད་པར་དུ་འདོན་པ་དང་། ནད་གཞི་སྔོན་འགོག་ཐུབ་པ་སོགས་ཕན་ཐོགས་ཆེ་བ་ཡོད་པས་དུས་དང་སྣུམ་རིགས་ཀྱི་དབྱེ་བ་དེ་དག་ངེས་དགོས། ཇི་ལྟར་བྱ་བའི་ཚུལ་ལ་ཡང་མི་རྨོངས་པ་དགོས་རྒྱུ་གནད་ཆེ། དེ་ཡང་མིའི་རང་བཞིན་ཉེས་པ་གང་ཡིན་པ་དེའི་ནད་གསོག་པའི་དུས་ནི་བཤད་རྒྱུད་ལས། དུས་ནི་སོ་ག་སོགས་གསུམ་རླུང་གི་སྟེ། །མཁྲིས་པ་དབྱར་དང་བད་ཀན་དགུན་སྨད་དོ། །ཞེས་དང་། ཉེས་པ་གསུམ་གྱི་ནད་ལྡང་བའི་དུས་ནི་རྩ་བའི་རྒྱུད་ལས། རླུང་ནད་དབྱར་དུས་དགོང་དང་ཐོ་རངས་ལྡང་། །མཁྲིས་པ་སྟོན་དུས་ཉིན་དགུང་མཚན་དགུང་ལྡང་། །བད་ཀན་དཔྱིད་དུས་སྲོད་དང་སྔ་དྲོ་ལྡང་། །ཞེས་གསུངས་པ་ལྟར།

  རླུང་ནད་སོ་ག་གསོག་པ་དང་། དབྱར་དུས་དགོང་མོ་དང་ཐོ་རེངས་ལ་ལྡང་བ། སྟོན་དུས་ཞི་བར་བྱེད་པ་ཡིན་པས་སོ་ག་རླུང་གསོག་པའི་དུས་བསྐུ་མཉེ་བྱས་ན་རླུང་མི་གསོག་པའི་སྔོན་འགོག་ཐུབ་པ་དང་། དབྱར་དུས་ལྡང་བའི་དུས་བསྐུ་མཉེ་བྱས་ན་རླུང་ནད་སེལ་སླ་བ་དང་། སྟོན་དུས་ཞི་བའི་དུས་བསྐུ་མཉེ་བྱས་ན་འཕྲལ་དུ་ཞི་བར་བྱེད་པའི་དགེ་མཚན་ཡོད། རླུང་གི་མི་ལ་ཏིལ་མར་དང་། རྐང་མར། ལོ་མར། ཞུན་མར། ཨ་གར། ཛ་ཏི་སོགས་སྦྱར་བའི་སྣུམ་ཤིན་ཏུ་ལེགས། གཞན་ཡང་གསོ་རིག་བྱུག་སྣུམ་ཨ་གར་བདེ་སྟེར་དང་རླུང་བྱུག་སོགས་ཀྱང་སྨན་རྒྱུ་དུ་མས་བསྒྲུབས་པས་ཕན་ནུས་ཆེ་ལ་མཁོ་སྒྲུབ་བདེ་བ་དང་སྤྱོད་སླ་བ་སོགས་དེང་བྲེལ་ཟིང་ཆེ་བའི་དུས་ལ་གཞིག་པའི་དགེ་མཚན་ཆེ་བར་སྣང་། རླུང་གི་མི་ལ་འཚམ་པའི་དུས་དང་མཁོ་བའི་སྣུམ་བསྒྲུབས་རྗེས་ཇི་ལྟར་བྱ་བའི་ཐབས་ནི། ལུས་ཡོངས་དང་ཁྱད་པར་མགོ་དང་བྲང་རྒྱབ་ལ་རླུང་ལ་ཕན་པའི་སྣུམ་མང་ཙམ་བསྐུས་ནས་བྱུག་མཉེ་ཅུང་མགྱོགས་ལ་དྲོད་ཐོན་པར་བྱ་དགོས། སྣུམ་བྱུག་རྗེས་སུ་རླུང་གི་སྤྱི་གནས་དང་བྱེ་བྲག་གི་གནས་སུ་རྡོ་དང་སོ་ཕག་དང་ལག་མཐིལ་སོགས་ཀྱི་དྲོད་སྤྲོད་དགོས་ཏེ། རླུང་ལ་དྲོད་ཀྱིས་བཅོས་ཞེས་གསུངས་སོ།།

  མཁྲིས་པའི་རང་བཞིན་ལ་དབྱར་ཁ་མཁྲིས་པ་གསོག་པའིི་དུས་བསྐུ་མཉེ་བྱས་ན་མཁྲིས་པ་མི་གསོག་པའི་སྔོན་འགོག་ཐུབ་པ་དང་། སྟོན་ཀ་ལྡང་བའི་དུས་བསྐུ་མཉེ་བྱས་ན་མཁྲིས་ནད་བཅོས་སླ་བ། དགུན་སྟོད་ཞི་བའི་དུས་བསྐུ་མཉེ་བྱས་ན་འཕྲལ་དུ་ཞི་བའི་དགེ་མཚན་ལྡན། སྤྱིར་མཁྲིས་པའི་མི་ལ། མར་གསར་དང་། ཏིག་ཏ་དང་གུར་གུམ་སྦྱར་བའི་སྣུམ། Olive Oil སྣུམ་སོགས་བཟང་། དེ་བཞིན་སྨན་སྦྱོར་ལས་སྣོན་ལས་སྒྲུབ་པའི་གསོ་རིག་མཁྲིས་བྱུག་དེའང་མཁྲིས་པ་གསོག་ལྡང་གི་དུས་སུ་བྱུག་མཉེ་ཡང་ཡང་ཐུབ་ན་ཕན་ཡོན་ཆེ་ལ་ལུས་ཁམས་བསིལ་བར་བྱེད་པ་དང་། མཁྲིས་པའི་རྐྱེན་པས་པགས་ནད་རིགས་སྣ་ཚོགས་འཇོམས་པར་ནུས། གང་ཟག་མཁྲིས་པའི་རང་བཞིན་ལ་བསྐུ་མཉེ་བྱ་ཚེ་ལུས་ཡོངས་སུ་སྣུམ་ཉུང་ལ་བྱུག་མཉེའི་སྐབས་སུ་དལ་ཞིང་དྲོད་མི་འཐོན་པ་བྱེད་དགོས། མཁྲིས་པ་གྲང་བས་ཞི་བར་བྱེད་ཅེས་གསུངས་པ་བཞིན་བྱུག་མཉེའི་རྗེས་སུ་ཆུ་རྡོ་དང་སྐར་རྡོ། སྔོ་སྨན་བསིལ་བའི་རིགས་ཀྱིས་མཁྲིས་གསང་ལ་གྲང་བདུག་བྱའོ།།

  བད་ཀན་གྱི་རང་བཞིན་ལ་དགུན་སྨད་བད་ཀན་གསོག་པའིི་དུས་བསྐུ་མཉེ་བྱས་ན་བད་ཀན་མི་གསོག་པའི་སྔོན་འགོག་ཐུབ་པ་དང་། དཔྱིད་ཀ་ལྡང་བའི་དུས་བསྐུ་མཉེ་བྱས་ན་བད་ཀན་ནད་བཅོས་སླ་བ། སོས་ཀ་ཞི་བའི་དུས་བསྐུ་མཉེ་བྱས་ན་འཕྲལ་དུ་བད་ཀན་ཞི་བའི་དགེ་མཚན་ལྡན། བད་ཀན་མི་ལ། ཏིལ་མར་དང་། རྐང་ཚིལ་རིགས། སྨན་སྒ་སྦྱར་བའི་སྣུམ་སོགས་བྱུག་དགོས་པ་ཡིན། ལྷག་པར་གོང་དུ་སྨོས་མ་ཐག་པའི་སྣུམ་རིགས་དེ་དག་སྒྲུབ་སྤྱོད་མི་བདེ་བ་ཡོད་ཚེ་གསོ་རིག་བད་ཀན་བྱུག་པ་དང་གྲུམ་བུའི་བྱུག་སྣུམ་བེད་སྤྱོད་བྱས་པས་བད་ཀན་ནད་རྟགས་ཞི་བ་དང་པགས་ནད་རིགས་གསོ་བ་དང་པགས་པ་འཇམ་པོར་བྱེད་པ་ཡིན། བད་ཀན་རང་བཞིན་ལ་བསྐུ་མཉེ་བྱ་བའི་ཐབས་ནི་བད་ཀན་ལྕི་ལ་བསིལ་བ་ཡིན་པའི་ཕྱིར་བསྐུ་མཉེའི་སྐབས་སུ་ལུས་ཡོངས་ལ་སྣུམ་ཉུང་བ་དང་བྱུག་འཕུར་སྐབས་ཤུགས་ཆེ་ལ་དྲོད་འཐོན་པར་བྱ་རྒྱུ་གལ་ཆེ་ལ་ཚིགས་སྦྱོར་མང་ཙམ་དང་དྲོད་བདུག་བྱ་དགོས། སྣུམ་རིགས་ཀྱི་བྱུག་མཉེའི་མཇུག་ཏུ་བད་ཀན་མི་འཕེལ་བའི་ཆེད་རྩམ་པའམ་སྲན་ཕྱེ་སོགས་ཕྱེ་མ་གཏོར་ནས་དྲིལ་ཕྱིས་བྱ་དགོས། འོན་ཏེ་བཙས་ནས་ཡུན་རིང་མ་ལོན་པའམ་ཕྲུ་གུ་དམར་འབྱར་སྐབས་ལུས་ངག་ཡིད་གསུམ་གྱི་འགུལ་སྐྱོད་ཞན་པས་བད་ཀན་གྱི་ཁམས་ཤས་ཆེ་ན་ཡང་བྱུག་མཉེ་བྱེད་སྐབས་ཉི་མར་སྲོ་ཞིང་འཇམ་དལ་གྱིས་བྱས་པ་ལས་དར་མར་བསྐུ་མཉེ་བྱས་པ་ལྟར་ཤུགས་ཀྱིས་བྱ་མི་རུང་། དེའང་བྱུག་མཉེའི་རྗེས་སུ་རས་སང་སྲབ་པོས་འགེབས་ནས་རན་པོར་སྲོ་བ་ལས་ཐད་ཀར་ཉི་མར་སྲོས་ཆེ་ན་མི་འགྲིག ལྷག་པར་བྱིས་པའི་མིག་གཉིས་ཡོལ་བ་སྟུག་པོས་སྒྲིབ་དགོས། མཚོག་མ་དང་རྐང་མཐིལ་གཉིས་ཀྱང་ཉི་འོད་དུ་ཐད་ཀར་སྲོ་མི་རུང་བར་གསུང་མཁན་ཡོད་པས་གཟབ་དགོས་པར་སྣང་། བྱིས་པར་ཏིལ་མར་དང་ཁམ་ཚིའི་སྣུམ་དང་བེ་ཏའི་སྣུམ་སོགས་བཟང་། གཞན་ཡང་གསོ་རིག་བྱིས་པའི་བྱུག་པ་དང་བྱུག་སྣུམ་གཉིས་ཕན་ནུས་ཆེ་ལ་རྫས་སྤྱོད་པས་ཀྱང་གདེང་འཇོག་ཆེན་པོ་གནང་གི་ཡོད།

  ཉེས་པ་གཉིས་ལྡན་དང་འདུས་པའི་སྐབས་གང་ཤས་ཆེ་བ་དེ་གཙོ་བོར་དམིགས་ནས་ཇི་ལྟར་བྱ་བའི་ཐབས་དང་དུས་སྲུང་དགོས་པ་ཡིན་ལ་སྣུམ་དང་བྱུག་པར་མཚོན་ན་རླུང་མཁྲིས་མི་ལ་གོ་སྙོད་སྦྱར་བའི་སྣུམ་དང་། བ་མོ་དང་ར་ཡི་མར་སོགས་བྱུག་ན་བཟང་བ་དང་། བད་རླུང་མི་ལ་ཡུངས་དཀར་གྱི་སྣུམ་དང་། ཏིལ་མར། ཟོ་མར། འབྲི་མར་དང་ལུག་མར་བྱུག་པས་གྲང་རླུང་སེལ་བ་ཡིན། བད་མཁྲིས་མི་ལ་སྐྱུ་རུ་ར་སྦྱར་བའི་སྣུམ་དང་། ཉེས་གསུམ་འདུས་པའི་མི་ལ་ཏིལ་སྣུམ་དང་ཡང་ན་ཨ་རུ་ར་སྦྱར་པའི་སྣུམ་བྱུག་དགོས་པ་བཅས་ཐ་མལ་ནད་མེད་ཀྱི་མི་ལ་བསྐུ་མཉེ་བྱ་བའི་རིམ་པ་གཙོ་བོར་བཤད་པའོ།།

 

ལྔ་པ། ནད་ཅན་གྱི་བསྐུ་མཉེ།

  ནད་ཅན་ལ་བསྐུ་མཉེ་བྱ་སྐབས་ཐོག་མར་ནད་གང་ཡིན་དང་། ནད་པའི་ལོ་རྒྱུས། ཡན་ལག་དང་དོན་སྣོད་གང་ལ་སྐྱོན་ཡོད་པ་སོགས་བལྟ་རེག་དྲི་བའི་ཐབས་ལམ་ནས་ངེས་པར་དུ་ཤེས་དགོས་པ་ཤིན་ཏུ་གལ་ཆེ། ནད་མེད་ལ་དུས་དང་རང་བཞིན་སོགས་དང་མི་མཐུན་པའི་སྣུམ་དང་བྱུག་མཉེ་བྱས་པ་ལས་ཛ་དྲག་པ་དང་འཕྲལ་དུ་གནོད་པ་ཅུང་ཉུང་། འོན་ཏེ་ནད་ཅན་ཞིག་ལ་མ་བརྟགས་མ་དཔྱད་པར་མི་མཐུན་པའམ་མི་རུང་བའི་བྱུག་མཉེ་བྱས་ཚེ་ནད་སྡུག་ཏུ་འགྲོ་བ་དང་འཕྲལ་དུ་གནོད་པར་ཉེན་པས་གཟབ་དགོས།

  དང་པོ་བསྐུ་མཉེ་བྱ་རུང་བའི་ནད་ནི། རྒྱུད་ལས། རུང་བ་ལུས་རྩུབ་ཁྲག་དང་ཁུ་བ་ཟད། །སྟོབས་ཆུང་རྒས་དང་མྱ་ངན་སེམས་ལས་ཆེ། །མིག་འགྲིབ་གཉིད་མེད་རྩོལ་བས་དུབ་པ་དང་། །རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། ལུས་ཀྱི་བཅུད་ཟད་ནས་སྣུམ་མེད་པར་གྱུར་ཏེ་ཤ་པགས་རྩུབ་པ་དང་། དྭངས་མ་ཚུལ་བཞིན་མ་སྨིན་པས་ཁྲག་དང་ཁུ་བ་ཟད་པ་སོགས་ཀྱིས་ལུས་ཀྱི་སྟོབས་ཆུང་བ། ན་ཚོད་རྒས་ནས་འབྱུང་བའི་སྟོབས་བྲི་སྟེ་ལུས་སྟོབས་ཉམས་པ། མྱ་ངན་སེམས་ལས་ཆེ་བས་རླུང་འཕེལ་ཏེ་གཉིད་ཡེར་བ། མཐོང་བྱེད་དབང་པོ་ཉམས་པ། མི་ནུས་བཞིན་དུ་འབད་བརྩོན་ཆེན་པོས་བྱ་བའི་ལས་ལ་ཞུགས་པས་ལུས་ངལ་ཞིང་དུབ་པ་དང་། མན་ངག་ལྷན་ཐབས་སུ། རླུང་ནད་སྤྱི་བཅོས་སྐབས། ཡན་ལག་རེངས་འཁུམས་ཞ་ན་སྣུམ་འཆོས་དང་། །ལུག་རིལ་ཆང་དུ་བཙོས་པའི་ལུམས་སུ་གཞུག །ལོ་མར་བསྐུ་མཉེ་སྣུམ་འཆོས་བྱས་ན་ཕན། །ཞེས་གསུངས་པ་ལྟར། རླུང་ནད་བརླ་རེངས་ཕུད་དེ་མིན་རྩ་གྲུམ་དང་། རྩ་དཀར། རླུང་གི་རྐྱེན་པས་ཡན་ལག་རེངས་པ་དང་འཁུམས་པ། ཞ་བ། རླུང་ནད་ད་རྒན་དང་ཤ་རེངས་སོགས་རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ་བ་དང་། གཞན་ཡང་པགས་པའི་ནད་རིགས་ཐོར་པ་དང་། འབྲུམ་ཆུང་། ཤ་བཀྲ། ཟ་འཕྲུག གླང་ཤུ་སོགས་སྐྲངས་པ་རྣམས་ལ་ལྡེ་གུ་བྱུག་པར་བྱ་བ་ཡིན།

  གཉིས་པ་བསྐུ་མཉེ་བྱ་མི་རུང་བའི་ནད་ནི། རྒྱུད་ལས། མ་ཞུ་བརླ་རེངས་དབྱིག་དུག་ཡི་ག་འཆུས། །དམུ་རྫིང་བད་ཀན་ནད་ལ་སྣུམ་བྱུག་སྤང་། །ཞེས་གསུངས་པ་ལྟར། ཁ་ཟས་མ་ཞུ་བ་ལ་བྱུག་མཉེ་བྱས་ན་ནད་སྡུག་ཏུ་འགྲོ་བ་ཡིན་པས་ལྡེ་གུ་བྱུག་པ་ལས་སྣུམ་བྱུག་མི་རུང་། རླུང་ནད་བརླ་རེངས་ལ་སྣུམ་བྱུག་བྱས་ན་དམུ་ཆུ་སྐྱེད་ཉེན་ཡོད་པས་སྣུམ་བྱུག་སྤང་། རིན་པོ་ཆེའི་དབྱིག་དུག་ལ་སྣུམ་བྱུག་བྱས་ན་ནད་སྡུག་ཏུ་འགྲོ་བ་དང་ཡི་ག་འཆུས་པ་ལ་ཡང་དེ་བཞིན་ནོ། །དམུ་རྫིང་ནད་ལ་སྣུམ་བཅོས་བྱས་ན་དམུ་ཆུ་འཕེལ་བར་བྱེད་པ་ཡིན། བད་ཀན་ནད་ལ་སྣུམ་བྱུག་སྤང་ཞེས་བསྟན་པ་དེ་སྣུམ་བྱུག་སྤང་དགོས་པ་ལས་སྤྱིར་སྔོ་སྨན་དང་མཉམ་དུ་བད་ཀན་ལ་འཕྲོད་པའི་སྣུམ་གྱི་སྦྱོར་བ་བྱས་ན་མ་ཞུ་བ་སོགས་ལའང་འཕྲོད་པ་ཡིན་ནོ་ཞེས་གསུངས་སོ།།

 

དྲུག་པ། བསྐུ་མཉེའི་གསང་དམིགས།

  བསྐུ་མཉེའི་སྐབས་ཐ་མལ་ནད་མེད་ལ་ལུས་སྤྱི་ལ་སྣུམ་བྱུག་བྱེད་ཆོག་ལ་དམིགས་གསལ་གྱི་གསང་དམིགས་ལ་བྱུག་མཉེ་མ་བྱས་ནའང་འགྲིག ཡིན་ནའང་ནད་ཅན་རྣམས་ལ་བསྐུ་མཉེ་བྱེད་པའི་ཚེ་གསང་དམིགས་ངེས་པར་དུ་ངེས་དགོས། ཐོག་མར་གལ་གནད་ཀྱི་གསང་དམིགས་ཁག་དུགས་པས་བསྲོ་བ་དང་ལྷག་པར་ནད་ཅན་ལ་དེའི་ཁྱད་པར་བའི་གསང་དམིགས་རྣམས་ནན་གྱིས་བསྲོ་དགོས།

དེ་ཡང་སྲིང་བལ་ལམ་ཛ་ཏིའི་བདུག་པ་གཅིག་སྣུམ་དྲོད་དང་ལྡན་པའི་ནང་བརླན་ནས་གསང་དམིགས་དེ་དག་སྟེང་གནོན་པ་དང་ལེགས་པར་མཉེས་ནས་དེ་རྗེས་བསྐུ་མཉེ་དངོས་འགོ་འཛུགས་དགོས་པ་ཏེ། རྒྱུད་ལས་གསུངས་པ་བཞིན་ནད་ཀྱིས་བསྟན་པའི་གསང་དམིགས་དང་སྨན་པས་བཙལ་བའི་གསང་དམིགས་བཅས་གཉིས་སུ་དབྱེ་བ་ལས་ནད་པས་བསྟན་པའི་གསང་ནི། ལུས་ཀྱི་ཆ་ཤས་གང་རུང་ལ་ན་ཟུག་ཡོད་པ་དང་དེར་མནན་པའི་ཚེ་ཕན་སྙམ་བྱེད་པ་དེ་ཡིན། སྨན་པས་བཙལ་བའི་གསང་རྣམས་ཞིབ་ཕྲ་བཀོད་ན་ཧ་ཅང་མང་བས་འདིར་རྒྱུན་དུ་འཇམ་དཔྱད་བསྐུ་མཉེའི་སྐབས་སྤྱོད་བཞིན་པའི་གསང་དམིགས་རྣམས་ནི་མགོ་གསང་དང་། ལུས་ཀྱི་རྒྱབ་གསང་། ལུས་ཀྱི་མདུན་གསང་། ཡན་ལག་གསང་བཅས་ཁག་བཞི་ལ་དབྱེ་ནས་དེ་དག་གི་གསང་མིང་དང་མཉེ་བའི་ཕན་ཡོན་མདོར་ཙམ་གླེང་ན།

  དང་པོ། མགོ་གསང་། སྤྱི་གཙུག འདུས་སོ་གསུམ། ལྟག་ཟུར་སྤུ་འཁྱིལ་གཉིས། སྐྲ་མཚམས། རྣ་རྩེའི་སྐྲ་མཚམས། རྣ་དྲུང་གསང་། ལྟག་སྡུད་མས་གསང་། བཅས་ཀྱི་ཕན་ཡོན་ནི་རླུང་གི་མགོ་འཁོར་བ་དང་འབོག་པ། གཉིད་ཡེར་བ། སྙིང་མི་དྲན་པ། མིག་འགྲིབ་པ། སྣ་ཁྲག་འབྱམས་པ། སྲིན་ནད། སོ་ནད། རླུང་རིམས་ཀྱིས་སྨྲ་མི་ཤེས་པ་དང་། རླུང་གི་རྐྱེན་པས་རྣ་བ་འུར་བ་དང་འོན་པ་སོགས་ལ་ཕན།

  གཉིས་པ། ལུས་ཀྱི་མདུན་གསང་རྣམས་ནི། ༡། སྐེ་སྟོང་ཙ་ར་ཁུང་། བྲང་གཞུང་དཀར་ནག་མཚམས། དེ་གཉིས་ཀྱི་ཕན་ཡོན་ནི་སྙིང་འཕྱོས་པ་དང་གྲེ་བ་འགགས་པ། སྙིང་མི་དགའ་བ། འཕྱོ་འདར་སོགས་ལ་ཕན། ༢། བྱ་རོག་མིག ཕུག་རོན་གསང་། ཕན་ཡོན་ནི། རླུང་གཟེར་གྱི་རྒྱབ་མདུན་སྦྲགས་ནས་ལུ་བ་དང་ལག་པ་འགུལ་སྐྱོད་དཀའ་བ། ཁྲག་ཚད་སྐྱེས་པ་དང་ཁྱད་པར་དབུགས་ཐུང་བ་ལ་མཆོག་ཏུ་ཕན། ༣། ལྷེན་གསང་ཁ་གསུམ། སྐྲན་གསང་ཁ་གསུམ། མེ་མཉམ་གསང་ཁ་གསུམ། ཕོ་གསང་རྣམས་ལ་སྤྱི་ཁྱབ་ཀྱི་སྣུམ་ཉུང་ཙམ་དང་སེ་འབྲུ་ལ་སོགས་པའི་དྲོད་སྨན་རིགས་སྣུམ་དང་བསྲེས་ནས་བྱུག་ན་བཟང་། ཕན་ཡོན་ནི་ཕོ་བ་སྦོ་བ། མ་ཞུ་བའི་སྐྲན། སྣབས་ལུད་མང་བ། གསུད་སྒྲེགས་འོང་བ། གྲང་རླུང་རྒྱས་པ། ཆུ་སྐྱུར་སྐྱུག་པ་སོགས་ལ་ཕན། ༤། ལྟེ་བའི་གསང་། ལོང་གསང་། ལོང་ཕུག་གསང་། རྒྱུ་སྟོད་ཁ་གསུམ། རྒྱུ་སྨད་ཁ་གསུམ། ལྒང་གསང་ཁ་གསུམ་བཅས་ལ་མཉེ་བའི་ཕན་ཡོན་ནི་མངལ་དུ་རླུང་ཞུགས་པ། ཟླ་མཚན་འབྱམས་པ། ལོང་ནད་ཀྱི་སྦོ་འཁྲོག་བྱེད་པ། རྒྱུ་མར་གྲང་རླུང་ཞུགས་པ། འཁྲུ་བ་འབྱམས་པ། གྲང་བས་ཆུ་ཁ་སྙི་བ། རླིག་སྐྲངས་ཆུ་སོ་ན་བ་སོགས་ལ་ཕན།

  གསུམ་པ། ལུས་ཀྱི་རྒྱབ་གསང་། ༡། ཨན་སྟོང་ཚིགས་པ་དང་པོ་ཁ་གསུམ་རླུང་གསང་། ཚིགས་པ་དྲུག་པ་ཁ་གསུམ་སྲོག་རྩའི་གསང་། ཚིགས་པ་བདུན་པ་ཁ་གསུམ་སྙིང་གི་གསང་། བཅོ་ལྔ་ཁ་གསུམ་དོན་སྣོད་སྤྱི་གསང་། བཅས་ཀྱི་ཕན་ཡོན་ནི་སེམས་ལས་དང་མྱ་ངན་ཆེ་བ། སྙིང་མི་བདེ་བ། སྲོག་རླུང་གིས་སྨྱོ་བ། རྒས་པ་ལ་མཆོག་ཏུ་ཕན་པ། དབུགས་ཐུང་བ། དང་ག་མི་བདེ་བ། སྲོག་རྩར་ཆུ་སེར་དང་རླུང་ཞུགས་པ་ནས་བྲང་གས་སྙམ་བྱེད་པ། གཉིད་ཡེར་བ། འཕྱོ་འདར་སྨྱོ་འབོག་ཀྱི་ནད། ཁྱད་པར་དུ་རླུང་ནད་ཕལ་ཆེ་བར་ཕན། ༢། རྩ་དཀར་གསང་། རྩ་ནག་གསང་། སོག་པའི་མེ་ལོང་དཀྱིལ་གསང་། དེ་གསུམ་གྱི་ཕན་ཡོན་ནི། མཇིང་པ་རེངས་པ། རྩ་དཀར་ལ་རླུང་ཞུགས་ནས་ལག་ངར་རེངས་པ། རྩ་ནག་ལ་རླུང་ཞུགས་ནས་དཔུང་སོག་གྲུ་མོ་རེངས་པ་སོགས་རྩ་དཀར་གྱི་ནད་ལ་ཕན།

  བཞི་པ། ཡན་ལག་གསང་ལས། དང་པོ་ལག་པའི་གསང་སྟེ། ཕྲག་པའི་ཐལ་གོང་། དཔུང་མགོའི་གསང་། དཔུང་འཛུམ་གསང་། ལུག་གཞུག་གསང་། མཆན་ཁུང་གཉེར་རིང་། གྲུ་མོའི་ཁུང་གསང་། གྲུ་མོའི་རུས་འབུར་གསང་། མཁྲིག་ཆུའི་བར་གསང་། མཁྲིག་མའི་གཉེར་རིང་གསང་། མཁྲིག་རུས་འབུར་བོ། མཐེབ་མཛུབ་བར་གསང་། སྲིན་ལག་ཚིགས་གསང་། ལག་མཐིལ། སོར་བཅུའི་ནེ་ལེ་གསང་བཅས་སོ། །དེ་དག་གི་ཕན་ཡོན་ནི་གློ་ནད་དང་རོ་སྟོད་གཟེར་བ། སྣ་ཁྲག་མང་དུ་འཛགས་ནས་མ་ཆད་པ། ལག་པ་བཤལ་བ། རྩ་དཀར་གྱི་ལག་དཔུང་འདེགས་དཀའ་བ། གྲུ་མོར་ཆུ་སེར་ཞུགས་པའི་ནད། འཆོལ་ལབ་སྨྲ་བ། ནད་རིམས་ཀྱིས་ཁ་ལྐུག་པ། མཆུ་ལ་བད་ཀན་ཆགས་པ། རླུང་ནད་ཀྱིས་ངག་ལྐུག་པ། རྩ་དཀར་གྱི་ནད། རྒྱལ་འབོག་སོགས་ལ་ཕན།

  གཉིས་པ་རྐང་པའི་གསང་སྟེ། དཔྱི་ཡི་འཁོར་མིག་དཔྱི་རུས་འབུར་བོ། སྣག་པོ་ཆེའི་གཤོང་། བརླའི་ཕྱི་སུལ། སྒྱིད་ཁུང་སྒབ་རྩའི་གསང་། པུས་མོའི་གཉན་གོང་། པུས་མོའི་སྒོ་བཞི། ཕྱི་ལོང་གྱེན་གསང་། ནང་ལོང་ཡས་གསང་། རྐང་བོལ་རྒྱ་ཆིང་། མཐེབ་མཛུབ་འོག་གསང་། མཐེབ་ཆུང་སྲིན་མཛུབ་བར་གསང་། མཐེ་བོང་སྤུ་སྐྱེས་གསང་། རྟིང་པའི་དྲེག་མཚམས། རྐང་མཐིལ་གསང་བཅས་པའི་ཕན་ཡོན་ནི། གྲང་སྐྲན་འོར་ལྷུང་རྟུག་སྐམ། རྐང་པ་ན་བ་དང་རུས་པ་ཁོལ་བ། རྐང་པ་སྦྲིད་པ། རྐང་པ་བཤལ་བ། ཆུ་རྒྱུས་འཁུམ་པ། དཔྱི་རྐེད་འཁོར་ནས་གཟེར་བ། རྩ་དཀར་ནད་ཀྱི་རྐང་པ་རེངས་འཁུམས་སུ་གྱུར་བ། པུས་མོ་ན་བ་དང་སྐྲངས་པ། རྐང་པ་སྐྲངས་ཤིང་གཟེར་བ། རླིག་པ་སྐྲངས་པ། སྨྲ་བརྗོད་མི་ནུས་པ། བརྒྱལ་འབོག་གི་ནད། མིག་རབ་རིབ་བྱེད་པ་དང་སྨད་ཀྱི་གྲང་བའི་ནད་རིགས་ཐམས་ཅད་ལ་ཕན་ནོ།།

 

བདུན་པ། བསྐུ་མཉེའི་རྗེས་བཅད།

  སྤྱིར་ནད་ཅན་རྣམས་ལ་བསྐུ་མཉེའི་རྗེས་ནད་ཀྱི་རང་བཞིན་ལ་བསྟུན་པའི་ཟས་སྤྱོད་སྲུང་དགོས་པ་དཔེར་ན། རླུང་ནད་ཅན་ཞིག་ལ་བསྐུ་མཉེའི་རྗེས་སུ་ལམ་སང་ཁྲུས་མ་བྱས་ན་ལེགས་པ་དང་གོས་དྲོན་གྱོན་ནས་དྲོ་བའི་གནས་སུ་སྡོད་དགོས་པ། ཟས་སུ་སྐྱ་ཟས་རིགས་འཛེམ་དགོས་པ་དང་གནས་སྐབས་གསོལ་ཇ་གར་པོ་དང་ཚིགས་ཇའི་རིགས་སྤང་དགོས་པའི་ལམ་སྟོན་བྱེད་དགོས། འོན་ཏེ་ཐ་མལ་ནད་མེད་པས་བསྐུ་མཉེའི་རྗེས་སུ་ཁྲུས་དང་ཟས་སྤྱོད་ངེས་པར་དུ་སྲུང་མི་དགོས། གལ་ཏེ་བསྐུ་མཉེ་བྱེད་ཡུལ་རང་ཉིད་བསྐུ་མཉེའི་རྗེས་སུ་གཟུགས་པོ་བཀྲུ་འདོད་ཡོད་ཚེ་རྒྱུད་ལས་ཁྲུས་ཀྱི་ཕན་ཡོན་གསུངས་པ་བཞིན་ཕན་ཆེ་བ་ཡོད།

 

བརྒྱད་པ། ཕན་ཡོན།

  བསྐུ་མཉེའི་ཕན་ཡོན་ནི་རྒྱུད་ལས། བྱུག་པའི་ཕན་ཡོན་ཚེ་རིང་དབང་པོ་གསལ། །ཞེས་ནང་དོན་བསྡུས་ནས་བསྟན་པ་བཞིན། གནད་ལ་སྨིན་པའི་བསྐུ་མཉེ་རྒྱུན་དུ་ཐུབ་ན་ཁྲག་རླུུང་གི་རྒྱུ་ལམ་ཕྱེ་ནས་འཁོར་བསྐྱོད་བདེ་བགྲོད་ཐུབ་ལ་ལུས་པོ་ཡོངས་ཀྱི་འབྱུང་ཁམས་སྙོམ་པས་བདེ་བར་བྱེད། རླུང་སྣ་གནོན་པས་སེམས་བག་ཡངས་བ། ངལ་དུབ་གསོ་ཞིང་བློ་རིག་གསལ་བ། བྱུག་པས་པགས་པ་འཇམ་ལ་མདངས་དང་ལྡན་པ། རྩ་དང་ཤ་རྒྱུས་མཉེན་ལ་ལྷོད་པས་གཉིད་བདེ་སོགས་ལུས་སེམས་གཉིས་ཀྱི་སྟོབས་འཕེལ་བ་ཡིན།

མདོར་ན་བོད་ཀྱི་གསོ་རིག་འཇམ་དཔྱད་བསྐུ་མཉེ་དེ་བཞིན་གཞུང་གི་དགོངས་དོན་ལག་ལེན་གྱིས་མཐིལ་ཕྱིན་ན་ནད་བརྒྱ་འཇོམས་པའི་སྨན་མཆོག་དང་གཉིས་སུ་མ་མཆིས་ལ། རགས་ཙམ་རྟོགས་པའི་ལག་ལེན་གྱིས་ཀྱང་ཕན་པ་མང་བ། སྤྱོད་བདེ་ལ་བཅོས་ཉེས་ཆུང་བ་སོགས་རྒྱ་ཆེ་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་གི་བདུད་རྩིའི་ཐིགས་པ་ཞིག་དུ་སྣང་ངོ་།། །།

 

-          འདི་ནི་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་དུས་དེབ་<<སྨན་རྩིས་དུས་དེབ་>>འདོན་ཐེངས་བཅུ་གཅིག་པ་ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 21.11.2020 ཉིན། 9:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།