སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

གསོ་རིག་བསྟན་རྒྱས་སྨོན་ལམ་རྒྱས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>

 

༄༅། །གསོ་རིག་བསྟན་རྒྱས་སྨོན་ལམ་རྒྱས་པ་བཞུགས་སོ།།

༄༅།། ནོ་མོ་གུ་རུ། བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་ལྷ།། ཕྱོགས་དུས་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་།། བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཀྱང་།། གཞོན་ནུ་སེམས་ཅན་སྨན་དུ་སྐུ་འཁྲུངས་ནས།། ནད་རྣམས་སེལ་བར་ཐུགས་བསྐྱེད་བདེན་པའི་མཐུས།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། ཡུན་རིང་ཕ་དང་མར་གྱུར་དྲིན་ཆེན་འགྲོ།། མི་བཟོད་སྡུག་བསྔལ་ནད་ཀྱི་འདམ་ཚུད་པ།། དེ་ལ་ཕན་གདགས་བདེ་གཤེགས་མཆོད་པའི་མཆོག། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། རིན་ཆེན་སྨན་མཆོག་སྦྱིན་པའི་ལག་བརྐྱང་ཚེ།། ཕྱོགས་བཅུའི་ཞིང་ནས་སྲས་བཅས་རྒྱལ་བ་ཡི།། གསེར་མདོག་ཕྱག་གིས་མེ་ཏོག་ཡང་ཡང་འཐོར།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། དྲི་མེད་བྱམས་པའི་བདུད་རྩིས་རྒྱུད་གཏམས་ཤིང་།། ནད་རྣམས་ཀུན་སེལ་བདུད་རྩིའི་མཆོད་སྦྱིན་གྱིས།། རིས་མེད་འགྲོ་ལ་ཕན་པའི་དྲིན་གཟོ་བ།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། བཟོད་མེད་སྙིང་རྗེ་ཆེན་པོས་རྒྱུད་བསྐུལ་ནས།། རྒྱལ་བ་སྲས་ཀྱི་ལམ་མཆོག་ཕར་ཕྱིན་དྲུག། ཉམས་ལེན་སྨན་ལ་ཚང་བའི་ཐབས་མཁས་ཅན།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། ཚེ་འདིར་ལྷ་མིའི་གཙུག་གིས་མངོན་པར་འདུད།། ཕྱི་མར་བདེ་ཆེན་ཌཱ་ཀིའི་ཚོགས་ཀྱི་མཆོད།། བདེ་ནས་བདེ་བར་འགྲོ་བའི་ལམ་བཟང་པོ།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། ཁྱད་པར་སྨན་པའི་རྒྱལ་པོ་གཡུ་ཐོག་པར།། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དང་།། འཇམ་དཔལ་དཔའ་བོས་མངོན་སུམ་ལུང་བསྟན་བཞིན།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། མ་འོངས་རྒྱུད་འདི་འཆད་ཉན་དར་བ་དང་།། འདི་ཡི་ཚིགས་བཅད་གཅིག་ཙམ་ཐོས་པ་ཡང་།། དོན་གཉིས་འགྲུབ་ཅེས་ལུང་བསྟན་བདེན་པའི་མཐུས།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། མགོན་པོ་མཆོག་དེས་རྒྱུད་འདི་འཛིན་པ་དང་།། སྙིགས་མའི་འགྲོ་ལ་ལྷག་པར་བདག་ཉིད་ཀྱི།། ཐུགས་རྗེ་ཆེན་པོས་སྐྱོབས་པར་དམ་བཅས་པས།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། དེ་བཞིན་ཕྱོགས་བཅུའི་སྲས་བཅས་རྒྱལ་བས་ཀྱང་།། སེམས་ཅན་ཕན་ཐོགས་དམ་པའི་གང་ཟག་ལ།། རྟག་ཏུ་ཐུགས་རྗེས་གཟིགས་པར་དམ་བཅས་པས།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། དེ་ཚེ་སྨན་སྲུང་ཞང་བློན་སྡེ་དགུ་སོགས།། འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མ་ཡིས།། རྒྱུད་འཛིན་སྲུང་སྐྱོབས་ཞལ་བཞེས་བདེན་པའི་མཐུས།། གསོ་བ་རིག་པའི་བསྟན་པ་རྒྱས་གྱུར་ཅིག། གསོ་དཔྱད་མདོར་རྒྱས་ཀུན་ལ་མཁས་པ་དང་།། ལག་ལེན་མན་ངག་གནད་དུ་ཕེབས་གྱུར་ཅིང་།། སྙིང་རྗེ་ཆེན་པོའི་གཞན་དབང་སོང་བ་ཡི།། འཚོ་བྱེད་དམ་པས་ས་འདི་ཡོངས་གང་ཤོག། ཀུན་ཀྱང་སྤྱོད་ལམ་ཞི་ཞིང་སེམས་ཀྱང་ཞི།། འགྲོ་བའི་སྡུག་བསྔལ་ཞི་བའི་ཐབས་བརྩོན་པས།། རང་གཞན་ཀུན་ཀྱང་བླ་མེད་ཞི་བ་ཡི།། གོ་འཕང་མཆོག་ལ་མྱུར་དུ་རེག་གྱུར་ཅིག། བདུད་རྩི་མི་གཡོ་རྒྱལ་བའི་ཐུགས་རྗེ་དང་།། བདུད་རྩི་དང་འདྲ་བྱམས་པའི་སེམས་ཀྱི་མཐུས།། བདུད་རྩི་སྙིང་པོ་གསོ་བ་རིག་པའི་གཞུང་།། བདུད་རྩིའི་སྤྲིན་ཆེན་བཞིན་དུ་རྒྱས་གྱུར་ཅིག། མཚུངས་མེད་སྨན་པའི་རྒྱལ་པོ་གཡུ་ཐོག་པ།། ཡང་ཡང་དྲན་ཅིང་གསོ་བ་རིག་པའི་གཞུང་།། ནམ་གཞུག་རྫོགས་པའི་ཆུ་བཞིན་འགྲིབ་མཐོང་བས།། མི་བཟོད་སྙིང་གི་ཟུག་རྔུ་ཆེས་ཆེར་ལྡང་།། དེ་ཚེ་གང་དྲན་བཅོས་བཅོས་མེད་པ་རུ།། བདེན་ཚིག་སྨོན་ལམ་ཁ་ནས་རང་རྡོལ་བ།། འདི་བཞིན་སྨོན་པར་བྱེད་པའི་གང་ཟག་ལ།། སྨན་པའི་རྒྱལ་པོའི་བྱིན་རླབས་འཇུག་གྱུར་ཅིག།

          ཅེས་འཚོ་བྱེད་བློ་གྲོས་དྲི་མེད་པས་ཚེས་ ༢༩ ལ་འཕྲལ་བྲིས་དགེ། རབ་ཚེས་ཤིང་ཁྱི་ལོར་རྒྱུད་བཞི་ཡོངས་རྫོགས་ཀྱི་བཤད་པ་དང་། ལག་ལེན་ཕལ་ཆེ་བའི་མཐོང་བརྒྱུད་བཅས་བཙུན་པ་བཅུ་ཕྲག་གཅིག་ལ་ཁྲིད་སྐབས་མཇུག་ཏུ་མཆོད་པ་དང་འབྲེལ་བར་སྨོན་ལམ་འདི་ལྟ་བུ་གདབ་པར་འདོད་ནས་བྱས་སོ།། །།

 

 

 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།