སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་ནད་དེབ་འབྲི་སྟངས་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.09.2019
ཆེད་རྩོམ། >>


༄༅། །གསོ་རིག་ནད་དེབ་འབྲི་སྟངས་ཀྱི་རྨང་གཞི་སྐོར་བསམ་ཚུལ་ཐོར་བུ།

སྨན་པ་བྱང་པ་ངག་དབང་ཚེ་རིང་།

གསོ་རིག་བརྟག་དཔྱད་སྨན་པ།

 

ཐོག་མའི་གཏམ།

རང་རེའི་གསོ་བ་རིག་པ་འདི་ཉིད་ཡར་རྒྱས་དང་གོང་འཕེལ་ཡོང་བར་ཁ་ཕྱོགས་འདྲ་མིན་གྱི་གནད་ལ་སྨན་པའི་བསམ་ཚུལ་ཡིག་ངག་གཉིས་ནས་འབྲི་བ་དང་གླེང་རྒྱུ་ནི་ཐོག་མའི་གོམ་སྟབས་ཤིག་སྙམ་ནས་གོ་རིམ་ལྡན་པའི་གསོ་རིག་ནད་དེབ་འབྲི་སྟངས་སྐོར་ཡིག་འབྲུ་འགའ་ཞིག་གཡར་པོ་ཞུས་ནས་བསམ་ཚུལ་ཞུ་བར་འདོད། སྤྱིར་ཡོངས་གྲགས་སུ་འཛམ་གླིང་འདིར་ལུས་སེམས་གསོ་བྱེད་ཀྱི་སྨན་བཅོས་ཀྱི་རིག་པ་ཇི་སྙེད་ཅིག་དར་ཡོད་པ་དང་། དེ་དག་སོ་སོར་ཐུན་མིན་གྱི་ཉེས་པའམ་ནད་ངོས་བཟུང་བའི་བརྟག་ཐབས་རིག་པ་དང་ནད་དེབ་འབྲི་སྟངས་ཇི་སྙེད་ཅིག་བསྟན། དེ་ཡང་རིག་པའི་གཞུང་ལུགས་གསོ་བ་རིག་པའི་ནང་དུ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ངོས་བཟུང་བརྟག་ཐབས་ཀྱི་རིག་པ་ཟབ་མོ་བསྟན་པ་རྣམས་ཞིབ་ཅིང་ཕྲ་བ། རྒྱས་ཤིང་བསྡུས་པ། ནང་དོན་ཡོངས་སུ་རྫོགས་པའི་བརྟག་ཐབས་རིག་པའི་གཞུང་ལུགས་ཆ་ཚང་བ་ཞིག་བསྟན་ཡོད་ཀྱང་། ནད་ཐོག་ལག་ལེན་དུ་གསོ་རིག་སྨན་པ་རྣམས་ཀྱིས་གོ་རིམ་ངེས་ཅན་ལྡན་པའི་ནད་དེབ་ཚད་ལྡན་ཞིག་མ་འབྲི་བའམ་གོམས་སྲོལ་མེད་པས་སྨན་པ་དང་ནད་པ་གཉིས་ཀར་ནད་ངོས་འཛིན་བྱེད་སྟངས་དང་སྨན་བཅོས་ཀྱི་རྩ་དོན་གཉིས་ཀར་དཀའ་ངལ་འཕྲད་ཅིང་ཡོད། ཅི་སྟེ་སྨན་པས་ནད་ལ་བརྟག་ཐབས་ཚུལ་བཞིན་མ་བྱས་པའམ་ཡང་ན་ལེགས་པར་མ་རྟོགས་ན་གསོ་རིག་གཞུང་དུ་བསྟན་པའི་ཉེས་སྐྱོན་རྣམས་འབྱུང་བར་ཐེ་ཚོམ་མེད། དེ་ཡང་བཤད་རྒྱུད་ལེའུ་ཉེར་བཞི་པ་ཉེས་པ་དངོས་སུ་སྟོན་པའི་བརྟག་ཐབས་སྐབས། ངོས་བཟུང་བརྟག་ལ་བསླབ་པ་ནི། །མེ་དང་དུ་བ་ཇི་བཞིན་དུ། །ནད་ཀྱི་ངོས་ནི་རྟགས་ལ་བཟུང་། །བརྟག་ཐབས་མེད་པའི་སྨན་པ་ཡིས། །རྟགས་ཉིད་རྟགས་སུ་མི་ཤེས་ཏེ། །དུ་བ་རླངས་པར་འཁྲུལ་དང་འདྲ། །སྤྲིན་འདུས་ཆར་བྱུང་ཟེར་བ་ལྟར། །མ་ངེས་རྟགས་སུ་བྱེད་པ་ཡོད། །ཅེས་ངོས་བཟུང་བརྟག་ལ་ལེགས་པར་བསླབ་པའམ་མཐར་ཕྱིན་པ་ཞིག་སྦྱང་དགོས་པའི་གདམས་པ་ལ་གསོ་རིག་སྨན་པ་རྣམས་ཀྱི་བློ་རྒྱ་ཡངས་པོས་རིག་པས་དཔྱད་ནས་ནད་ཐོག་ལག་ལེན་དུ་འཁྲིད་དགོས་པ་མཐོང་།

དེ་ལྟར་ལེགས་བཤད་བྱིས་པ་དག་ལས་ཀྱང་བླངས་ཞེས་པ་ལྟར་ནང་དོན་སྙིང་པོ་གསོ་རིག་གཞུང་དུ་བསྟན་པའི་བཤད་རྒྱུད་ལེའུ་ཉེར་བཞི་ཉེས་པ་དངོས་སུ་སྟོན་པའི་བརྟག་ཐབས་ལ་སློང་བ་རྒྱུ་དང་། མཚན་ཉིད་རྟགས། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་གསུམ་པོ་གཞིར་རྩ་བཟུང་བའི་སྟེང་དེང་དུས་ཕྱི་ལུགས་སྨན་གྱི་ནད་དེབ་འབྲི་སྟངས་ལ་དཔེར་བླངས་ནས་གོ་རིམ་ངེས་ཅན་ལྡན་པའི་ཡོངས་ཁྱབ་གཅིག་གྱུར་གྱི་གསོ་རིག་ནད་དེབ་འབྲི་སྟངས་ཤིག་དགོས་མཁོར་མཐོང་ནས་འདིར་ཚིག་ཉུང་ལ་དོན་སྒྲིལ་བའི་གསོ་རིག་ནད་དེབ་འབྲི་སྟངས་སྐོར་ས་བཅད་མ་སྟོང་ཙམ་ཞིག་ཞུ་བར་འདོད།

 

དང་པོ། གསོ་རིག་ནད་དེབ་འབྲི་དགོས་པའི་གལ་གནད།

དེ་ཡང་ནད་ཐོག་ལག་ལེན་གྱི་སྨན་པའམ་བརྟག་དཔྱད་སྨན་པ་ཞིག་ཡིན་ཕྱིན་ཆད་ངེས་པར་དུ་གོ་རིམ་ལྡན་པའི་ནད་དེབ་ཚད་ལྡན་ཞིག་འབྲི་རྒྱུ་ནི་འདོར་དུ་མེད་པའི་སྨན་པ་ཞིག་གིས་ཐོག་མའི་འོས་འགན་དང་། སྨན་བཅོས་ཀྱི་རྩ་དོན་ཉག་ཅིག་ཡིན། དེར་བརྟེན་སྨན་པའི་ནད་དེབ་ནི་སྨན་པ་རང་ཉིད་ཀྱི་ནད་ཀྱི་བརྟག་ཐབས་ངོས་འཛིན་དང་།སྨན་བཅོས་ཀྱི་རྒྱུད་རིམ་གསལ་སྟོན་བྱེད་ས་ཞིག་དང་།ནད་པ་རང་ཉིད་ཀྱི་ནད་གཞི་དྲག་བསྐྱེད་ཡོང་བའི་དཔུང་གཉེན་ལྟ་བུ་ཞིག་ཡིན། ནད་པ་རང་ཉིད་གསོ་རིག་བརྟག་དཔྱད་སྨན་ཁང་དང་། ཕྱི་ལུགས་སྨན་ཁང་གཞན་ལ་བསྟེན་གཏུགས་གནང་སྐབས་ནད་དེབ་དེ་བརྒྱུད་སྨན་པས་ནད་གཞིའི་གནས་སྟངས་རྒྱུས་ལོན་བྱེད་ས། དེ་བཞིན་ཁྲིམས་དང་འབྲེལ་བའི་གནད་དོན་གང་ཞིག་ལ་བདེན་དཔང་ཡིག་ཆ་འཛིན་ས། གཞན་ཡང་འབྱུང་འགྱུར་གསོ་རིག་སྨན་ཁང་ཆེན་མོ་རྣམས་ལ་གོ་རིམ་ལྡན་པའི་ནད་དེབ་རྩ་འཛིན་བྱེད་ས། མདོར་ན་ནད་ཐོག་ལག་ལེན་དང་འབྲེལ་བའི་ཉམས་ཞིབ་དཔྱད་གཞི་ཡིག་ཆ་སོགས་ལ་མཁོ་གལ་ཆེན་པོར་གྱུར། གོ་རིམ་ལྡན་པའི་ནད་དེབ་ཚད་ལྡན་ཞིག་འབྲི་མ་ཐུབ་མཁན་སྨན་པ་ཞིག་ཏུ་འགྱུར་ན་གཞུང་ལུགས་ཇི་ལྟར་ཕྱུག་ཀྱང་རྐང་རྗེས་ལག་བསུབས་ལྟ་བུའི་རང་གི་སྨན་གཞུང་དང་། སྨན་པའི་མཚན་མཐོང་། ནད་པའི་ཚེ་སྲོག་བཅས་ལ་གནོད་སྐྱོན་འབྱུང་། མདོར་ན་ནད་པའི་ཚེ་སྲོག་དང་ཐད་ཀར་འབྲེལ་བས་ངེས་པར་དུ་ནད་དེབ་ཚད་ལྡན་ཞིག་འབྲི་ཐུབ་པར་གསོ་རིག་སྨན་པ་རྣམས་ཀྱི་ཐུགས་སྣང་གནང་དགོས་པ་གལ་གནད་བརྩིགས་ཆེན་ཞིག་ཏུ་མཐོང་། དེ་མིན་ལུགས་གཞན་གྱི་སྨན་པས་ཀྱང་ཁྱད་གསོད་དང་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་འགྱུར་མ་སྲིད་པ་མིན། དེར་བརྟེན། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་མི་འགྱངས་པར་ཡོངས་ཁྱབ་གོ་རིམ་ངེས་ཅན་ལྡན་པའི་གསོ་རིག་ནད་དེབ་ཚད་ལྡན་ཞིག་ཡོང་བའི་ཕྱིར་ལམ་སྟོན་དང་བསླབ་གཞི་རྩ་འཛིན་སྒྲིག་སྲོལ་གཏན་འབེབས་གནང་རྒྱུ་ནི་ཕྱི་མ་དྲགས་ནའང་སྔ་དྲགས་མེད་པས་དེ་ལྟར་དགོངས་བཞེས་ཡོང་བར་ཞུ།

 

གཉིས་པ། གསོ་རིག་ནད་དེབ་དབྱིན་བོད་སྐད་ཡིག་གཉིས་ཀ་འབྲི་དགོས་ཚུལ།

གསོ་བ་རིག་པ་ནི་བོད་རིགས་ཙམ་མིན་པར་གནས་ཡུལ་རྒྱ་གར་ཡུལ་མི་གཙོས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་མི་རིགས་དབྱེར་མེད་ཀྱི་སྨན་བཅོས་བསྟེན་གཏུགས་བྱ་ཡུལ་ཞིག་དང་། དུས་འདིར་ཕྱི་ལུགས་གཉེན་འཇོམས་སྨན་གྱི་དུས་སྐབས་མཇུག་རྫོགས་ལ་ཉེ་ཞིང་།སྲོལ་རྒྱུན་སྨན་བཅོས་རིག་པའི་ལྷད་མེད་རང་འབྱུང་ཁམས་ཀྱི་སྨན་རྫས་ལས་བཟོ་སྐྲུན་བྱས་པའི་སྨན་གྱི་དུས་སྐབས་སླར་ཡང་འགོ་ཚུགས་པ་དང་། མི་རིང་བར་རང་རེའི་གསོ་བ་རིག་པའི་བསྟན་པ་འདི་ཉིད་ཀྱང་འཕགས་ཡུལ་ནས་འཛམ་གླིང་གང་སར་རིམ་པས་ཁྱབ་འཕེལ་དང་། ཁྱད་པར་དུ་ནད་ཐོག་ལག་ལེན་དུ་ནད་གཞི་ཇི་སྙེད་ཅིག་ལ་འབུར་དུ་འཐོན་པའི་སྨན་བཅོས་ཀྱི་ཐབས་ལམ་རྙེད་ནས་སླར་ཡང་ཕུལ་བྱུང་གི་སྲོལ་རྒྱུན་སྨན་བཅོས་རིག་པ་ཞིག་ལ་ངོས་འཛིན་འཐོབ་པར་སོམ་ཉི་ག་ལ་དགོས། དེའི་ཕྱིར་བོད་རིགས་མ་ཡིན་པའི་ནད་པར་བོད་ཡིག་མ་ཡིན་པར་དབྱིན་ཡིག་དུ་འབྲི་ཐུབ་ན་ནད་པར་ཕན་ཐོགས་ཆེན་པོ་ཡོད་ངེས། ཅི་སྟེ་བོད་ཡིག་རྐྱང་པ་བྲིས་ཚེ་ནད་པས་ནད་དེབ་ཏུ་བྲིས་པའི་སྨན་པས་ནད་ངོས་འཛིན་དང་། ནད་རྟགས། ཟས་སྤྱོད་ལམ་སྟོན། སྨན་བཅོས་ཀྱི་བྱ་རིམ་གང་ཡིན་མིན་སོགས་གསལ་པོ་མ་རྟོགས་པའམ་ཅི་ཡང་མ་ཤེས་པས་ནད་གཞི་དྲག་བསྐྱེད་དང་། སྨན་པ་གཞན་ལ་བསྟེན་གཏུགས་བྱེད་སྐབས་ནད་གཞིའི་གནས་ཚུལ་ཆ་ཚང་བ་ཞིག་རྒྱུས་ལོན་མ་ཐུབ་པ་བཅས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་པ་མངོན་སུམ་ཚད་མ་ཡིན་པ་མ་ཟད།ནད་གཞི་དྲག་བསྐྱེད་ཡོང་བར་སྨན་པ་ཁོ་ན་མིན་པར་གཙོ་བོ་ནད་པ་རང་ཉིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན་པས་དབྱིན་ཡིག་དུ་འབྲི་ཐུབ་ན་དགེ་མཚན་ཆེ།རབ་བྱུང་ན་རང་རེའི་གསོ་རིག་བརྟག་དཔྱད་སྨན་པས་ཕྱི་ནང་སྨན་པ་ཀུན་གྱི་བལྟ་ཀློག་ཐུབ་པའི་ནད་དེབ་འབྲི་རྒྱུ་ནི་བརྟག་དཔྱད་སྨན་པ་ཞིག་ལ་ཚང་དགོས་པའི་ཐོག་མའི་ཆ་རྐྱེན་གལ་ཅན་ཞིག་ཀྱང་ཡིན།

ྋགོང་ས་མཆོག་ནས་ཀྱང་གསོ་བ་རིག་པ་ནི་བོད་རིགས་ཙམ་མིན་པར་རིས་མེད་སྐྱེས་འགྲོ་ཀུན་ལ་ཕན་པའི་སྤྱི་ནོར་ཞིག་དང་། དེ་ཉིད་དེང་དུས་ཚན་རིག་དང་མཐུན་པར་གནང་དགོས་ལུགས་ཀྱི་བཀའ་སློབ་སྔ་ཕྱི་རིམ་པ་བསྩལ་བ་རྣམས་ཀྱི་ནང་དོན་ལག་ལེན་བསྟར་རྒྱུ་ནི་གང་ཉིད་ཀྱི་ཐུགས་རེ་ཡིན་པ་སྨོས་ཅི་དགོས།

གསུམ་པ། གསོ་རིག་ནད་དེབ་ཅིག་ལ་ཚང་དགོས་པའི་ནང་དོན།

དེ་ཡང་། བཤད་རྒྱུད་ལེའུ་ཉེར་བཞིར་པ་ཉེས་པ་དངོས་སུ་སྟོན་པའི་བརྟག་ཐབས་ལ་སློང་བ་རྒྱུ་ཡི་སྒོ་ནས་བརྟག་པ་དང་། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ་བཅས་གཞི་རྩར་བཟུང་ནས་གསོ་རིག་ནད་དེབ་ཅིག་ལ་ཚང་དགོས་པའི་ནང་དོན་ས་བཅད་དགུ་ཅན་ཞིག་ཞུ་རྒྱུ།

  

དང་པོ། ནད་པའི་ལོ་རྒྱུས།

མིང་དང་། ལོ་ཚད། ཕོ་མོ། སྡོད་གནས་ཀྱི་ཁ་བྱང་། ཆོས་ལུགས། ཟླ་ཚེས།

 

གཉིས་པ། སློང་བ་རྒྱུ་ཡི་སྐོ་ནས་བརྟག་པ།

༡། ཟས་སྐོམ་གང་ཟོས་པ་དང་། ༢། སྤྱོད་ལམ་གང་བྱས་པ། ༣། རྒྱུ་རྐྱེན་བྱུང་སྟངས།

 

གསུམ་པ། མཐོང་བ་ཡུལ་གྱི་སྒོ་ནས་བརྟག་པ།

༡། དབང་པོ་མིག་དང་། རྣ་བ། སྣ། ལྕེ། ལུས། ༢། ཡུལ་དུས་རང་བཞིན་སོགས་གོམས་པ་བཅུས་བརྟག་པ།

༣། ཁྱད་པར་ལྕེ་དང་ཆུ་ལ་བརྟག་པ། ༤། ནད་པའི་བརྟག་དཔྱད་སྙན་ཐོར་བརྟག་པ།

 

བཞི་པ། རེག་པ་རྩ་ལ་བརྟག་པ།

༡། ལུས་ཀྱི་ཚ་གྲང་འབུར་འཇམ་སོགས་བརྟག་པ། ༢། རྒྱུ་བ་བཅུ་གཉིས་ཀྱིས་རྩ་ལ་བརྟག་པ།

 

ལྔ་པ། ཐོས་པ་སྒྲ་ཡི་སྒོ་ནས་བརྟག་པ།

༡། རྐྱེན་གང་གིས། ༢། ན་ལུགས་གང་ལྟར། ༣། ལུས་ཀྱི་གནས་གང་ན།

༤། ཚ་གདུང་རླན་ཅན་སྣུམ་གང་དུ། ༥། དབྱར་དགུན་སོགས་དུས་ག་དུས་ན།

 

དྲུག་པ། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ།

༡། ཟས་སྤྱོད་སྨན་དཔྱད་བཞི་རྒྱུ་དང་ངོ་བོ་མཐུན་མིན་བརྟག་པ།  

༢། ཟས་སྤྱོད་སྨན་དཔྱད་བཞི་འཕྲོད་དང་མི་འཕྲོད་བརྟག་པ།

 

བདུན་པ། ཟུར་འཛར་གྱི་བརྟག་ཐབས།

༡། སྙིང་གི་སྒྲ་ལ་བརྟག་པ། ༢། གློ་བའི་སྒྲ་ལ་བརྟག་པ།

 

བརྒྱད་པ། ནད་གཞི་གཏན་འབེབས།

༡། སྔར་ཚུལ། ༢། ཚུལ་ཕྱེད། ༣། དཀྱེལ་དུ་གྱུར་ཡོད་མེད།

 

དགུ་པ། སྨན་བཅོས་ལམ་སྟོན།

༡། ཟས། ༢། སྤྱོད། ༣། སྨན། ༤། དཔྱད།

 

གསོ་རིག་ནད་དེབ་འབྲི་སྟངས་ཀྱི་དཔེ་མཚོན།

དང་པོ། ནད་པའི་ལོ་རྒྱུས།  

མིང་། __________________________________________ལོ། _________ཕོ་མོ། _________________

སྡོད་གནས་ཀྱི་ཁ་བྱང་། ________________________________ཆོས་ལུགས། ______________________

ཟླ་ཚེས། ____________________

 

གཉིས་པ། སློང་བ་རྒྱུ་ཡི་སྐོ་ནས་བརྟག་པ།  

ཟས་སྐོམ་གང་ཟོས་པ། _______________________________________________________________

སྤྱོད་ལམ་གང་བྱས་པ། _______________________________________________________________

རྒྱུ་རྐྱེན་བྱུང་སྟངས། _________________________________________________________________

 

གསུམ་པ། མཐོང་བ་ཡུལ་གྱི་སྒོ་ནས་བརྟག་པ།  

མིག_________________________རྣ་བ། ______________________________________________

སྣ། __________________________ལྕེ། _______________________________________________

ལུས། __________________________________________________________________________

ཡུལ་དུས་རང་བཞིན་སོགས་གོམས་པ་བཅུས་བརྟག་པ། __________________________________________

ཁྱད་པར་ལྕེ་དང་ཆུ་ལ་བརྟག་པ། _________________________________________________________

ནད་པའི་བརྟག་དཔྱད་སྙན་ཐོར་བརྟག་པ། ___________________________________________________

 

བཞི་པ།  རེག་པ་རྩ་ལ་བརྟག་པ།  

ལུས་ཀྱི་ཚ་གྲང་འབུར་འཇམ་སོགས་ལ་བརྟག་པ། ______________________________________________

རྒྱུ་བ་བཅུ་གཉིས་ཀྱིས་རྩ་ལ་བརྟག་པ།

_____________________________________________________________________________

 

ལྔ་པ། ཐོས་པ་སྒྲ་ཡི་སྒོ་ནས་བརྟག་པ།  

རྐྱེན་གང་གིས། _________________________ན་ལུགས་གང་ལྟར། ______________________________

ལུས་ཀྱི་གནས་གང་ན། ____________________ཚ་འདུ་རླན་ཅན་སྣུམ་གང་དུ། ________________________

དབྱར་དགུན་སོགས་གང་། ____________________________________________________________

 

དྲུག་པ། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ།  


ཟས་སྤྱོད་སྨན་དཔྱད་བཞི་རྒྱུ་དང་ངོ་བོ་མཐུན་མིན་བརྟག་པ། ______________________________________ 

ཟས་སྤྱོད་སྨན་དཔྱད་བཞི་འཕྲོད་དང་མི་འཕྲོད་བརྟགཔ། _________________________________________

 

བདུན་པ། ཟུར་འཛར་གྱི་བརྟག་ཐབས།  

སྙིང་གི་སྒྲ་ལ་བརྟག་པ། _______________________________________________________________

གློ་བའི་སྒྲ་ལ་བརྟག་པ། _______________________________________________________________

 

བརྒྱད་པ། ནད་གཞི་གཏན་འབེབས།  

སྔར་ཚུལ། _______________________________________________________________________

ཚུལ་ཕྱེད། _______________________________________________________________________

དཀྱེལ་དུ་གྱུར་ཡོད་མེད། _____________________________________________________________

གཙོ་བོ་བརྟག་པ། __________________________________________________________________

 

དགུ་པ། སྨན་བཅོས་ལམ་སྟོན།

ཟས། __________________________________________________________________________

སྤྱོད་ལམ། _______________________________________________________________________

སྨན། __________________________________________________________________________

དཔྱད། _________________________________________________________________________

སྨན་པའི་མཚན་རྟགས།

 

ཐ་མའི་གཏམ།

མདོར་ན་སྨན་པའི་མཚན་ཐོགས་པའི་གསོ་རིག་སྨན་པ་ཞིག་ལ་རང་ལུགས་གསོ་རིག་ནད་དེབ་འབྲི་སྟངས་ཀྱི་རྨང་གཞི་ཤེས་རྟོགས་ཡོད་པའི་ཁར་ཕྱི་ལུགས་སྨན་པས་བྲིས་པའི་ནད་དེབ་ཀྱང་འབྲི་ཀློག་ཐུབ་པར་བྱ་རྒྱུ་ནི་དུས་རབས་ཉེར་གཅིག་པའི་གསོ་རིག་སྨན་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་རང་རེའི་བོད་ཕྱི་ནང་གཉིས་སུ་ཆགས་པའི་གསོ་རིག་སློབ་གཉེར་ཁང་ཁག་ཏུ་དེང་དུས་སྨན་དང་མཐུན་པའི་ནད་དེབ་འབྲི་སྟངས་ཀྱི་རྨང་གཞི་དང་། དེའི་གལ་གནད་སྐོར་བསླབ་གཞི་སློབ་ཚན་ཟུར་དུ་གཏན་འབེབས་མེད་པས་གསོ་རིག་སློབ་གཉེར་བ་དང་། དེ་ནས་བསླབ་པ་མཐར་སོན་པའི་གསོ་རིག་སྨན་པ་ཕལ་ཆེ་བར་ནད་དེབ་འབྲི་སྟངས་ཀྱི་རྨང་གཞི་དང་། དེའི་གལ་གནད་རང་བཞིན་སོགས་ལ་ཤེས་རྟོགས་དང་རྒྱུས་མངའ་དེ་ཙམ་མེད། དེར་བརྟེན་ནད་པས་ལྟ་ཅི་སྨོས་གསོ་རིག་སྨན་པས་བྲིས་པའི་ནད་དེབ་ཀྱང་སྨན་པ་ཕན་ཚུན་ལྟ་ཀློག་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་པ་དངོས་བདེན་ཡིན། རང་ཉིད་ཀྱང་སློབ་གཉེར་ཡིན་པའི་སྐབས་ནད་ཐོག་ལག་ལེན་དུ་མཁོ་གནད་ཆེ་བའི་ནད་དེབ་ཀྱི་རིན་ཐང་དང་། དེའི་གལ་གནད་རང་བཞིན་སོགས་ལ་རྒྱུས་མངའ་དེ་ཙམ་མེད་པས་ནད་ཐོག་ལག་ལེན་ཁྲོད་དུ་ནད་དེབ་དང་འབྲེལ་བའི་གནད་དོན་ལ་དཀའ་ཚེགས་ཇི་སྙེད་ཅིག་འཕྲད་པར་བརྟེན་གཞི་ནས་དེའི་གལ་གནད་རང་བཞིན་སོགས་ལ་ཤེས་རྟོགས་ལྟ་བུར་གྱུར། 

དེས་ན་རང་རེའི་གསོ་རིག་སྨན་པ་རྣམས་ལ་ཡོངས་ཁྱབ་གཅིག་གྱུར་གྱི་གོ་རིམ་ལྡན་པའི་ནད་དེབ་འབྲི་སྟངས་ཤིག་མཁོ་གནད་ཆེ་ཞིང་། མེད་ན་མི་འབྱུང་ཐབས་མེད་ལྟ་བུ་ཞིག་ཏུ་མཐོང་། དེའང་དེང་དུས་སྨན་གྱི་ལུགས་དང་མཐུན་པ་མ་ཟད། དབྱིན་བོད་སྐད་ཡིག་གང་རུང་ཐོག་ཕྱི་ནང་ནད་པའི་ངོ་བོ་མི་རིགས་ལ་གཞིར་བཅོལ་ནས་བོད་རིགས་རྣམས་ལ་བོད་ཡིག་དང་། ཕྱི་རྒྱལ་མི་རིགས་གཞན་དག་ལ་དབྱིན་ཡིག་ཏུ་འབྲི་ནས་ཕྱི་ནང་སྨན་པ་ཀུན་གྱི་བལྟ་ཀློག་ཐུབ་པའི་གོ་རིམ་ངེས་ཅན་ལྡན་པའི་གསོ་རིག་ནད་དེབ་འབྲི་ཐུབ་པ་བྱ་རྒྱུ་ནི་ཁོ་བོས་བྲིས་པའི་ཆེད་རྩོམ་གྱི་ནང་དོན་སྙིང་སྲོག་ལྟ་བུ་དེ་ཡིན།།

 

- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 27.09.2019 ཉིན། 2:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།