སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་གཉན་རིམས་དང་ཏོག་དབྱིབས་ནད་ཀྱི་འགོག་བཅོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.11.2020
ཆེད་རྩོམ། >>


༄༅། །བོད་ལུགས་གསོ་རིག་གཉན་རིམས་དང་འབྲེལ་ཏོག་དབྱིབས་ནད་དུག་གསར་པ་འགོག་བཅོས་སྐོར་མདོ་ཙམ་གླེང་བ།

-          སྨན་རམས་པ་བསྟན་འཛིན་མཐའ་ཡས།

 

ཐུགས་རྗེས་འགྲོ་བའི་དོན་མཛད་སྨན་གྱི་བླ།།

མཚན་ཙམ་ཐོས་པས་གཉན་རིམས་འཇིགས་ལས་སྐྱོབ།།

དུག་གསུམ་ལས་བསྐྱེད་ལུས་སེམས་འཁྲུགས་པའི་ནད།།

སེལ་མཛད་སྙིགས་མའི་མགོན་པོར་སྙིང་ནས་འདུད།།

 

      ཅེས་མཆོད་པར་བརྗོད་པས་སྔུན་བསུས་ཏེ་ཏོག་དབྱིབས་ནད་དུག་གསར་པའམ་གཉན་རིམས་གློ་ཚད་གསར་པ་འདི་ཕྱི་ལོ་ ༢༠༡༩ ལོ་མཇུག་ཙམ་ལ་རྒྱ་ནག་ཝུའུ་ཧན་ནས་གསར་དུ་ཐོན་ཞིང་ཡུལ་དེ་གཙོ་བོར་གྱུར་པའི་ཡངས་པའི་འཛམ་གླིང་ཁྱོན་ལ་རིམ་མཆེད་ཀྱིས་འགོས་ནད་ཁྱད་པར་བ་ཛ་དྲག་གི་རང་བཞིན་ཅན་འདིའི་སྐོར་ཅུང་གླེང་ན། ནད་འབུ་འདིའི་གཟུགས་དབྱིབས་ནི་རིལ་མོ་དང་ཕྱི་ངོས་སུ་ཅོད་པན་ལྟར་ཏོག་དབྱིབས་སུ་མངོན་པས་བོད་སྐད་དུ་ཏོག་དབྱིབས་སམ་པྲོག་དབྱིབས་ནད་དུག་ཅེས་ (Coronavirus) བཏགས།  རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་ཀོ་ཝིཌ་བཅུ་དགུ་ (Covid-19) ཞེས་ནད་མིང་གསར་པ་གཏན་ཁེལ་བྱས། ནད་འབུ་དེ་འགོས་ཁྱབ་ཀྱི་ནུས་པ་ཤིན་ཏུ་མཐོ་བར་མ་ཟད་འགོས་རྗེས་ཉིན་ཤས་རིང་ནད་རྟགས་གང་ཡང་མེད་པར་བདེ་ཐང་ངང་གནས་ཐུབ་པས་ནད་དུག་ངོས་འཛིན་མི་ཐུབ་པའི་དཀའ་ངལ་ཆེན་པོ་དང་། ནད་རྟགས་མངོན་རྗེས་ཉེ་འཁོར་གྱི་མི་མང་པོར་འགོས་ཚར་བ་དང་སོ་སོའི་ནད་གཞི་ཡང་ལྕི་ཡང་ཅི་རིགས་སུ་འགྱུར་ཡོད་པས། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནས་རྒྱལ་སྤྱིའི་བདེ་ཐང་ཉེན་ཚབས་ཅན་ཞིག་ཏུ་ངོས་འཛིན་བྱས། ནད་དུག་འདི་ཕྱི་ལོ་ ༢༠༠༣ ལ་བྱུང་བའི་སར་སིའི་ (SARS) དང་། ཕྱི་ལོ་ ༢༠༡༢ ལོར་བྱུང་བའི་མར་སི་ (MARS) གཉིས་ཀྱི་ནད་དུག་གི་གྲུབ་ཆ་དང་བརྒྱ་ཆ་ ༧༠ ཙམ་གཅིག་མཚུངས་ཡིན། དེ་གཉིས་དང་བསྡུར་ན་འགོས་ཁྱབ་ཀྱི་མྱུར་ཚད་དང་ནུས་པ་ཆེ་ནའང་ནད་ཚབས་ཅུང་ཡང་བ་དང་། སྨན་བཅོས་ཀྱི་ཕན་སྐྱེད་ཀྱང་ཅུང་ལེགས་པར་འཐོན་བཞིན་ཡོད། ཏོག་དབྱིབས་ནད་དུག་གི་རྒྱུ་རྐྱེན་དང་མཆེད་ཚུལ། ནད་རྟགས་སོགས་ལ་གཞིག་ན་རིམས་ནད་འདི་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་གཉན་རིམས་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན། དེར་བརྟེན་འདིར་བོད་ལུགས་གསོ་རིག་གི་གཞུང་ལས་གསུངས་པའི་གཉན་རིམས་ཀྱི་ནད་དང་བསྡུར་ཏེ་ཏོག་དབྱིབས་ནད་དུག་འདི་ཇི་ལྟར་བྱུང་བའི་རྒྱུ་རྐྱེན་དང་མཆེད་ཚུལ། དབྱེ་བ། བརྟག་ཐབས། ནད་རྟགས། སྔོན་འགོག་གམ་སྲུང་ཐབས། བཅོས་ཐབས་བཅས་ས་བཅད་བདུན་གྱི་སྒོ་ནས་བརྗོད་པར་བྱ་བ་ལ།

དང་པོ། རིམས་ནད་འདི་ཇི་ལྟར་བྱུང་བའི་རྒྱུ་རྐྱེན།

      བཅོམ་ལྡན་སྨན་གྱི་བླ་དང་དབྱེར་མ་མཆིས་པ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོའི་གསུང་དཔལ་ལྡན་རྒྱུད་བཞིའི་མན་ངག་རྒྱུད་ཀྱི་རིམས་ཚད་བལ་ནད་གསོ་བའི་ལེའུ་ལས། ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་ན། །མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད། །སྔགས་པ་རྣམས་ནི་རྡོ་རྗེ་ནང་དམེ་དར། །དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུག་བྱེད། །མུ་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན། །སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་བྱེད། །དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ། །ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང་། །གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག །དྲག་ཤུལ་དྲི་དུག་ཁྲོ་འཇིགས་མྱ་ངན་འདོད། །ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར། །རྒྱུ་རྐྱེན་དེ་ཡིས་མཁྲིས་པའི་མེ་དྲོད་བསླང་། །ཞེས་དང་། ཡང་མན་རྒྱུད་ཀླུའི་གདོན་གསོ་བའི་ལེའུ་ལས། ལན་ཅིག་ལྔ་བརྒྱ་ཐ་མའི་དུས་ཚོད་དུ། །བསྐལ་པའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བས། །མི་རྣམས་ཟ་ཐང་བྲི་ནས་དབུལ་པོར་འགྱུར། །ས་གཉན་རློག་ནས་སྤང་ཐ་ཞིང་དུ་འདྲུ། །ཆུ་གཉན་དཀྲུགས་ནས་ནེའུ་གསིང་རྫིང་དུ་བསྐྱིལ། །ཤིང་གཉན་གཅོད་ཅིང་རྡོ་གཉན་རྩ་བ་འདེགས། །མི་གཙང་ཐབ་གཞོབ་ཤན་དམར་འཇོལ་ཉོག་སྤྱོད། །བན་བོན་ནུས་པ་སྒྲུབ་པའི་ལོང་མེད་ནས། །གཉན་ས་དཀྲུགས་པས་དགྲ་རྣམས་ཐུལ་ལ་རེ། །དེ་ཚེ་ཀླུ་གཉན་ས་བདག་ལྷ་སྲིན་འཁྲུགས། །ཞེས་གསུངས་པ་དང་། མན་ངག་ལྷན་ཐབས་གཉན་ནད་ཀླད་གཟེར་བཅོས་པའི་ལེའུ་ལས། དེ་ལ་རྒྱུ་ནི་དུག་གསུམ་ལས་སྐྱེད་པའི། །སྡེ་བརྒྱད་ལ་སོགས་དྲག་པོའི་གདོན་ཡིན་ཏེ། །རྐྱེན་ནི་མི་བསྲུན་སྙིགས་མའི་མི་རྣམས་ཀྱིས། །ཁྲིམས་ལ་མི་གནས་མནའ་ཟ་ནང་དམེ་བྱེད། །བག་མེད་ཐོ་ཅོས་ལྷ་ཀླུ་ཀུན་ལ་བསྡོས། །དམ་ཚིག་མི་སྲུང་བླ་མའི་བཀའ་ཡང་བཅག །མ་རུང་མི་དགེ་སྤྱོད་ངན་སྣ་ཚོགས་ཀྱིས། །སྲུང་མའི་ཐུགས་ཁྲོས་ལྷ་ཡང་བདུད་དུ་བབས། །མ་མོའི་ཁ་རླངས་གདུག་པ་སྤྲིན་དུ་འཁྲིགས། །གཉན་རྒོད་རིམས་ནད་ཆར་བཞིན་བབ་པ་ལས། །སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན། །རྒྱུ་ལ་རྐྱེན་དེས་ཏྲེ་ཏྲེ་ཧོ་ཞེས་སམ། །པརྤ་ཏ་སྟེ་སྲིན་གྱི་གཟུགས་སྤྲུལ་པ། །རྩངས་པའི་མགོ་དབྱིབས་ཁ་ཆེ་སྦྲུལ་ལྟ་བུའི། །མཇུག་རིང་རྟ་བླ་ལྟར་དུ་ཡན་ལག་མང༌། །རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་ (བདུད་རྩི་བུམ་པ་དང་རྒྱུད་ཀྱི་དགོངས་པ་ཟུང་དུ་བསྒྲིལ་བ།) འཇུག །དེ་བསྟུན་ལུས་ནང་གནས་པའི་སྲིན་འབུ་ནི། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་དེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུ། །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཅེས་པའི་དུག་ཅན་སྲིན་བུ་རྣམ་པ་བདུན། །ཟངས་ལྟར་དམར་ཞིང་ཕྲ་ལ་བལྟར་མི་མངོན། །སྐད་ཅིག་ཙམ་ལ་མགོ་རྐང་ཁྱབ་རྒྱུ་ནུས། །དེ་ལ་རྐྱེན་ནི་རླུང་མཁྲིས་བད་ཀན་འདུས། །སྐྱེད་བྱེད་ཡུལ་དུས་ཟས་སྤྱོད་གདོན་རྐྱེན་གྱིས། །སྲིན་འཁྲུགས་ལུས་ཟུངས་བཟས་པས་གཉན་ནད་བྱུང༌། །ཞེས་སོགས་གསུངས་པ་ལྟར་དུས་ངན་སྙིགས་མའི་འགྲོ་བ་རྣམས་ཀྱིས་ཚུལ་མིན་གྱི་སྤྱོད་པ་སྣ་དགུ་བྱས་པའི་ཉེར་ལེན་གྱིས་དཀར་ཕྱོགས་ལ་དགའ་བའི་སྲུང་མ་དང་ལྷ་ཀླུ་སྡེ་བརྒྱད་རྣམས་མ་དགའ་བར་འཁྲུགས་པ་དང༌། བག་མེད་འདོད་རྔམ་གྱི་དབང་དུ་གྱུར་ཏེ་མི་རྣམས་ཕན་ཚུན་འཁྲུགས་པར་མ་ཟད་ལྷ་ཀླུ་ཀུན་ལ་བསྡོ་ཞིང་། རང་ཉིད་གནས་སའི་ཁོར་ཡུག་གི་རྩི་ཤིང་ནགས་ཚལ་སོགས་ཤིང་གཉན་རིགས་གཅོད་བྲེག་དང་། མཚོ་དང་མཚེའུ། འབབ་ཆུ་སོགས་ཆུ་གཉན་དཀྲུགས་པ། རི་བོ་དང་རི་ཕྲན་གྱི་ཁོང་ནས་གཏེར་རིགས་འདོན་ཆེད་ས་གཉན་དང་རྡོ་གཉན་སློག་པ། བྱ་དང་བྱིའུ། གཅན་གཟན། རི་དྭགས། ཆུར་གནས་སྲོག་ཆགས་རིགས་འདོད་སྲེད་ཀྱིས་གསོད་པ་དང་ཟ་བ་སོགས་ཀྱིས་མ་མོ་མཁའ་འགྲོ་འཁྲུགས་ནས་ནད་ཀྱི་ཁ་རླངས་གནམ་ས་བར་སྣང་ལ་སྤྲིན་ལྟར་འཁྲིགས་པར་བྱེད་པའི་རྒྱུ་རྐྱེན་ཚོགས་པས། སྤྲ་བ་རླན་མེད་མེ་དང་འཕྲད་པ་བཞིན་དུ་གྱུར་ནས་གཉན་ནད་གདུག་པ་ཅན་ནམ་ནད་འབུ་ (Virus) ཕྲ་མོ་འདི་དག་རིམ་པས་བྱུང་བ་ཡིན། མན་ངག་རྒྱུད་ཚ་བ་སྤྱི་བཅོས་པའི་ལེའུ་ལས། དུས་གདོན་གཉིས་ཀྱིས་མ་བསྐྱེད་རིམས་མི་འབྱུང་། །ཞེས་གསུངས་པ་ལྟར་རིམས་ནད་ཐམས་ཅད་དུས་དམན་ལྷག་ལོག་པ་དང་གདོན་གློ་བུར་བས་གཙེས་པས་བསྐྱེད་དེ་མི་རྣམས་མནར། ནད་འབུ་དེ་དག་ཀྱང་ལུས་ཀྱི་འཇུག་སྒོ་དྲུག་པོ་གང་རུང་ནས་ཞུགས་ཏེ་ནང་དོན་ལྔ་སྣོད་དྲུག་སོགས་ལ་བབས་ནས་སྐྱེད་པར་གསུངས་པའོ།།

 

གཉིས་པ། ནད་ཡམས་རིགས་ཇི་ལྟར་མཆེད་པའི་ཚུལ།

      མན་ངག་རྒྱུད་ཀྱི་རིམས་ཚད་བལ་ནད་གསོ་བའི་ལེའུ་ལས། རྔུལ་ལ་བབས་ནས་བད་ཀན་མཁྲིས་པ་རླུང་། །འཇུག་སྒོ་དྲུག་ཏུ་རིམ་པས་འཇུག་པའམ། །དྲིས་ཕོག་ཡམས་སུ་རིམས་ཀྱིས་འགོས་པའི་ཕྱིར། །རིམས་ཞེས་བྱ་བའི་རྒྱུ་མཚན་མིང་དུ་བཏགས། །ཞེས་ཐོག་མར་སྐྱི་ལ་གནས་པའི་རྔུལ་ལ་བབས་པ་དང་། དེ་ནས་བད་ཀན་དང་མཁྲིས་པ། རླུང་གསུམ་ལ་རིམ་གྱིས་འབབ། སྤྱིར་མིག་དང་། རྣ་བ། སྣ། ཁ། ཆུ་སོ་ཞེས་གཅིན་ལམ་དང་བཤང་ལམ་བཅས་ཕྱིའི་འཇུག་སྒོ་དྲུག་ལས་ཞུགས་པ་ཡོད་ཀྱང་མང་ཆེ་བ་སྣ་སྒོ་ནས་འཇུག ལུས་ཀྱི་ནང་དུ་འཇུག་པའི་རིམ་པ་ཡང་ལྤགས་ཤ་རྩ་རུས་དོན་སྣོད་བཅས་ནང་གི་འཇུག་སྒོ་དྲུག་ལ་རིམ་གྱིས་འཇུག་པ་སོགས་ཕྱི་ནས་འགོས་ཚུལ་དང་། ལུས་ནང་དུ་རྒྱུ་ཚུལ་གྱི་རིམ་པ་གསལ་པོར་གསུངས་ཡོད། དེ་དང་འདྲ་བ་མན་ངག་ལྷན་ཐབས་གཉན་ནད་ཀླད་གཟེར་བཅོས་པའི་ལེའུ་ལས། རླུང་གཤོག་ལྡན་པས་ཕྱོགས་ཀུན་རྒྱུ་བ་སྟེ། །བར་སྣང་ཁམས་ནས་བ་སྤུ་སྣ་སྒོར་འཇུག །ཅེས་དང་། དེ་བཞིན་རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ་ལས། དུས་ཐུག་བདུད་རྩི་གཉིས་ཀྱིས་སྒོ་དགུ་བསྡམ། །ཞེས་གསུངས་པའི་རྒྱུ་མཚན་ཡང་གཉན་རིམས་སྒོ་དགུ་ནས་འགོས་སྲིད་པ་གསལ་པོར་བསྟན་པ་ཡིན། ཡང་དེ་ཉིད་ལས། ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་བསྲུང་། །འགྲངས་ངོམས་སྲུང་བས་དཔའ་སྐྱེད་དེ་དུས་བལྟ། །ཞེས་ལུས་སྟོབས་ཞན་པ་དང་སེམས་ཞུམ་པའི་སྐབས་སུ་འགོས་སླ་བས་ངེས་པར་ནད་དྲི་སྲུང་དགོས་གསུངས་པ་བཞིན་ཤིན་ཏུ་གཟབ་ནན་བྱ་དགོས་པ་དང་། ལྟོ་འགྲངས་ལ་ངོམས་ཤིང་ལུས་སྟོབས་རྒྱས་པ་དང་། སེམས་དཔའ་བ་བཅས་ཀྱི་དུས་སུ་དེ་ཙམ་མི་འགོས་པས་སྲུང་བ་དང་ལྡན་པའི་སྒོ་ནས་ལས་དོན་ཆེད་ཕྱིར་སྐྱོད་ཆོག་པ་དང་། སྨན་པས་ཡང་ནད་པར་བལྟ་ཆོག་པ་གསུངས་ཡོད། དེ་བཞིན་རྫས་སྦྱོར་དུག་གི་ནད་རིགས་འགོས་ཚུལ་ཡང་། རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ་ལས། རྫས་སྦྱོར་དུག་གི་སྲུང་ཐབས་རྣམ་པ་གསུམ། །དུ་བ་སྣ་སྒོ་རེག་པ་ཆུ་སྒོ་བསྲུང་། །རླངས་པ་ཉི་ཟེར་བསྲུང་བ་གཉིས་ཀ་གཅེས། །ཞེས་སོགས་གསུངས་པ་ལྟར་དུ་བ་ལ་བསྐུར་ན་སྣ་སྒོ་དང་། རེག་བྱར་བསྐུར་ན་ཆུ་སྒོ་དང་། རླངས་པ་དང་ཉི་ཟེར་ལ་བསྐུར་ན་བ་སྤུའི་སྒོ་བསྲུང་དགོས་པ་སོགས་ཞིབ་རྒྱས་གསུངས་ཡོད།

      རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ནད་དུག་འདི་ཐོག་མར་སྒལ་ཚིགས་ཅན་དང་འོ་འཐུང་སྲོག་ཆགས། དཔེར་ན། ཕ་ཝང་དང་པི་ལྷ་མོ་སོགས་སྲོག་ཆགས་ལས་མིར་འགོས་པར་བཤད་པ་དང་། དེ་ཡང་མིའི་དབུགས་ལམ་དང་། འཇུ་བྱེད་མ་ལག་དབང་རྩའི་མ་ལག་སོགས་ལ་འགོས་ཤིང་མཆེད་པ་དང་། མི་ལ་འགོས་རྗེས་མིའི་ཁ་ལུད་དང་མཆིལ་མ། ཁ་རླངས་སོགས་ཀྱི་གཤེར་རྡུལ་བརྒྱུད་ནས་ཕན་ཚུན་འགོས་འགྲོ་བ་ཞིག་ཡིན། གཙོ་བོ་ནད་དུག་འདི་ཕོག་ཟིན་པའི་ནད་པའི་ཁ་རླངས་ཀྱི་གཤེར་རྡུལ་དང་། དེས་ཐུག་རེག་བྱས་པའི་དངོས་པོའི་ཐོག་མི་གཞན་གྱིས་ཐུག་རེག་བྱས་ཏེ་སོ་སོའི་ཁ་སྣར་ཐུག་རེག་བྱས་པ་སོགས་ལས་འགོས་པའི་གཤེར་རྡུལ་ཁ་སྣ་མིག་སོགས་སུ་ཤོར་ནས་ན་བ་དང་། དེ་བཞིན་འདུ་ཚོགས་ཁྲོད་དུ་ནད་པས་གློ་དང་སྦྲིད་པ་བརྒྱབས་པ་སོགས་ཀྱིས་གཤེར་རྡུལ་མཁའ་རླུང་དུ་འདྲེས་པ་མི་གཞན་གྱི་ཁ་སྣར་སོང་བ་སོགས་ཀྱིས་འགོས་ཁྱབ་འགྲོ་བཞིན་ཡོད་པ་གསལ་རྟོགས་བྱུང་ཡོད། ད་དུང་ནད་པའི་བཤང་བའི་ནང་ནད་འབུ་ཡོད་པས་བཤང་ལམ་ནས་ཀྱང་འགོས་སྲིད་པར་དོགས་པ་བྱེད་བཞིན་ཡོད།

 

གསུམ་པ། རིམས་ནད་ཀྱི་དབྱེ་བ།

      གསོ་རིག་རྒྱུད་བཞིའི་མན་ངག་རྒྱུད་ཀྱི་རིམས་ཚད་བལ་ནད་གསོ་བའི་ལེའུ་ལས། དབྱེ་བ་བལ་ནད་འབྲུམ་བུ་རྒྱུ་གཟེར་དང་། །གག་ལྷོག་ཆམ་པའི་རིམས་དང་རྣམ་པ་ལྔ། །ཞེས་དང་། མན་ངག་ལྷན་ཐབས་གཉན་ནད་ཀླད་གཟེར་བཅོས་པའི་ལེའུ་ལས། མདོར་ན་མིང་བཟུང་མི་ལང་ནད་ཀྱི་རིགས། །དུ་མས་འགྲོ་བའི་ཚེ་སྲོག་མྱུར་དུ་ལེན། །ཞེས་བབས་སའི་དབང་གིས་གཉན་ལེའུ་བཅོ་བརྒྱད་དངོས་སུ་གསུངས་ཤིང་། ད་དུང་དུས་ངན་སྙིགས་མའི་སྐབས་ནད་མིང་འདོགས་པར་དཀའ་བའི་གཉན་རིམས་མཐའ་ཡས་པ་འབྱུང་བར་གསུངས། ད་ལམ་གྱི་ཏོག་དབྱིབས་གློ་ཚད་ལ་དབྱེ་ན་ཀ་པ་དང་། ཁ་པ། ག་པ། ང་པ་བཅས་རིགས་བཞི་ཡོད་པར་བཤད་ལ། དེ་བཞིན་ཡུལ་གྲུ་ཁ་ཤས་ལ་ནད་དུག་གི་རྫས་ཕྲན་བུ་མི་འདྲ་བར་འགྱུར་བ་སོང་ཡོད་པ་ཡང་རྟོགས་ཡོད།

 

བཞི་པ། རིམས་ནད་བརྟག་ཐབས།

      རྒྱུད་བཞིའི་ཕྱི་མ་རྒྱུད་ཀྱི་རྩ་མདོ་ལས། རིམས་ཚད་རྩ་ནི་ཕྲ་ལ་མགྱོགས་པར་འཕར། །གཉན་གྱི་རྩ་ནི་འཁྱུག་ཅིང་ལྕམ་དྲལ་བྱེད། །གདོན་རྩ་རྩ་རྒྱུད་མི་སྙོམས་འགྱུར་ལྡོག་མང་། །ངེས་མེད་སྡོད་འཐེན་ལྕམ་དྲལ་བྱེད་པ་སྟེ། །ཞེས་སོགས་གསུངས་ན་ཡང་། བདུད་རྩི་བུམ་ཆེན་ལས། ནད་ཀྱི་རླངས་ཀྱིས་ཐེབས་པའི་རྟགས༔ སྔོན་ལ་རྨི་ལམ་ཉག་ཉོག་འོངས༔ ལུས་པོ་ཁ་ལྕེ་རྩེ་འདར་ཁྱེར༔ ཞེས་དང་། དཔྱི་རྐེད་ཚིགས་དང་རུས་མིག་ཁོལ༔ ཞེས་དང་། ལུས་འདར་ཁོང་ལྕི་ཤེས་པ་ཉོག༔ རྩ་ནི་གྲིམས་ཤིང་ཕྲ་ལ་སྤུན༔ སྙིང་མི་དགའ་ཞིང་འགྲོ་སྙིང་འདོད༔ ཅེས་དང་། རླུང་ཚད་གཉིས་ཀྱི་རྟགས་འབྱུང་བས༔ བརྟག་པ་ཤིན་ཏུ་དཀའ་བ་ཡིན༔  ཞེས་དང་། མན་ངག་ལྷན་ཐབས་ལས། དྲག་པོའི་ཟུག་རྔུས་ལུས་ཟུངས་གློ་བུར་འཁྲུག །ཚ་ཡང་གྲང་ཚུལ་གྲང་ཡང་ཚ་ཚུལ་སྟོན། །ངེས་མེད་སྣ་ཚོགས་རྩ་ཆུ་འཆོལ་བར་འབྱུང་། །ཞེས་སོགས་གསུངས་པས་རྩ་ཆུ་སོགས་ཀྱིས་བརྟག་དཀའ་ནའང་། གཉན་རིམས་ལ་དོགས་པའི་སྐབས་སུ་དང་པོ་དུས་དམན་ལྷག་ལོག་པ་བྱུང་ཡོད་མེད་དང་། གདོན་གྱི་གནོད་པ་ཡོད་མེད་བརྟག་པ་དང་། དེ་བཞིན་རྒྱུན་ལྡན་མིན་པའི་སྲོག་ཆགས་རིགས་ཀྱི་ཤ་ཟོས་པ་དང་སོ་བརྒྱབ་པ། རེག་ཐུག་གི་འབྲེལ་བ་བྱུང་ཡོད་མེད་བཅས་ལ་བརྟག་པ་དང་། ཁྱད་པར་གཉན་རིམས་ཁྱབ་གདལ་ཡོད་མེད་ལ་བརྟག་པ་དང་། ཡོད་ན་དེ་རྣམས་ལ་འབྲེལ་ཐུག་བྱུང་ཡོད་མེད་སོགས་ལ་བརྟག་དཔྱད་བྱས་ནས་ངོས་འཛིན་ཐུབ་ཐབས་བྱ་དགོས།

      དེང་དུས་ཚན་རིག་པས་བརྟག་ཐབས་རྣམ་པ་གཉིས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད། དང་པོ་ནད་དུག་ཕོག་ཡོད་མེད་ངོས་འཛིན་ཆེད་ཤིང་ཐུར་ཕྲ་མོའི་སྣེར་སྲིན་བལ་སྤྲས་པས་སྣ་ཁུང་དང་མིད་གྲེ་གཉིས་ལས་གཤེར་ཁུར་བླངས་ནས་བརྟག་དཔྱད་བྱེད་པ་དང་། དེ་ཡང་རིགས་གཅིག་ཆུ་ཚོད་ ༡ དང་ ༢ ནང་བརྟག་འབྲས་འདོན་ཐུབ་པ་དང་། རིགས་གཅིག་བརྟག་དཔྱད་ཁང་དམིགས་བསལ་ནས་བརྟག་དཔྱད་བྱ་དགོས་པ་དང་དེའི་བརྟག་འབྲས་ཉིན་ ༡ དང་ ༢ ནང་འདོན་ཐུབ་པ་ཡིན། གང་ལྟར་གཤེར་ཁུའི་ནང་ནད་འབུའི་ཆ་ཤས་ཀྱི་རྫས་ (DNA) ཡོད་མེད་བལྟ་བ་དང་། ཡོད་ན་ནད་འབུ་ཡོད་པས་ནད་ཕོག་ཡོད་པར་ངོས་འཛིན་བྱེད་པ་རེད། གཉིས་པ་སྔོན་ཆད་མི་དེར་ནད་འབུ་འདིའི་རིགས་ཕོག་མྱོང་ཡོད་མེད་བརྟག་པ་དང་། དེ་ནི་ནད་པའི་ཁྲག་བླངས་ནས་བརྟག་དཔྱད་བྱས་པས། མི་དེའི་ལུས་ནང་ནད་འབུ་འདི་འགོག་པའི་རྫས་བཟོས་ཡོད་མེད་བརྟག་པ་དེ་རེད། རྫས་ཡོད་ན་སྔོན་མི་དེར་ནད་འབུ་འདི་རིགས་ཕོག་ནས་དྲག་ཚར་བ་ཞིག་ཡིན་པར་ངོས་འཛིན་བྱེད། ནད་དུག་ཕོག་ཡོད་མེད་ལ་དང་པོ་ལྟར་བརྟག་དཔྱད་བྱེད་ལ། ནད་དུག་ཕོག་ཟིན་པའི་ནད་པ་ཞིག་ཡིན་ན་གཞོགས་འདེགས་བརྟག་དཔྱད་ལ་ཁྲག་གི་རྒྱུན་སྲོལ་བརྟག་དཔྱད་དང་། དྲི་ཆུའི་རྒྱུན་སྲོལ་བརྟག་དཔྱད། གློ་བའི་སི་ཊིའི་ (CT) བརྟག་དཔྱད། དགོས་ངེས་བྱུང་ན་དབུགས་འབྱིན་རྔུབ་མ་ལག་གི་བྱེད་ལས་སོགས་ལ་བརྟག་དཔྱད་བྱས་ནས་ནད་གཞིའི་ལྕི་ཡང་དང་། དོན་སྣོད་གཞན་ལ་གནོད་སྐྱོན་བྱུང་ཡོད་མེད་སོགས་ཞིབ་ཕྲ་བརྟག་དཔྱད་བྱས་ནས་དེ་མཐུན་གྱིས་གསོ་བཅོས་བྱེད་དགོས།

 

ལྔ་པ། རིམས་ནད་འདིའི་ནད་རྟགས།

      མན་ངག་རྒྱུད་ཀྱི་རིམས་ཚད་བལ་ནད་གསོ་བའི་ལེའུ་ལས། སྤྱི་ལ་མ་སྨིན་རྒྱས་དང་སྟོངས་པ་གསུམ། །དང་པོ་མ་སྨིན་རིམས་ཀྱི་མངོན་ཚུལ་ནི། །ཕྲུམ་སེར་ཡུན་རིང་མགོ་རྐང་ཚིགས་གཞི་ན། །ལུས་ལྕི་སྒྱིད་སྐྱུར་རྨི་ལམ་ཟ་ཟི་མང་། །ཞེས་དང་། ཡང་དེ་ཉིད་ལས། བར་དུ་རིམས་རྒྱས་ལུས་ལྕི་རྔུལ་དྲི་མནམ། །མིག་མདངས་དམར་སེར་ལྕེ་མཆུ་སོ་དྲེག་ཆགས། །མགོ་ན་སྐོམ་དད་ཆེ་ལ་ཤེས་པ་གཡུང་། །ཞེས་དང་། ཐ་མར་ཞུ་འཁྱགས་མཚམས་སླེབ་སྟོངས་པའི་རྟགས། །དཔྱི་དང་རྐེད་པ་རུས་རྐང་ཁྱད་པར་ན། །ལུས་རྔུལ་གཉིད་ཆུང་མགོ་འཐོམ་རྣ་བ་འུར། །ཞེས་དང་། གློར་བབས་རོ་སྟོད་གཟེར་ལ་ལུད་པ་སེར། །ཞེས་སོགས་གསུངས་པ་དང་། མན་ངག་ལྷན་ཐབས་ཆམ་རིམས་བཅོས་པའི་ལེའུ་ལས། སྤྱི་རྟགས་ཀུན་ལ་གློ་དང་སྦྲིད་པ་འབྱུང་། །གྲེ་བ་མཚུལ་བ་ཚ་འགགས་སྣ་ཆུ་འཛག །མཁྲིས་གྱུར་མགོ་དང་ཚིགས་གཞི་བྱིན་ཉྭ་ན། །ཞེས་སོགས་རིམས་ཀྱི་རྟགས་དང་། ཡང་མན་ངག་ལྷན་ཐབས་གཉན་ནད་ཀླད་གཟེར་བཅོས་པའི་ལེའུ་ལས། གཉན་ཞེས་བྱ་བའི་གདུག་ཅན་ནད་སྣ་ནི། །བསོད་ནམས་མཐུ་ཞན་སྙིགས་དུས་སེམས་ཅན་ལ། །གཞུང་ཆེན་རྣམས་སུ་མ་གྲགས་ནད་སྣ་དང་། །ཕྱོགས་ཙམ་མ་གཏོགས་མ་གསུངས་དུ་མ་འབྱུང་། །བཅོས་པའི་ལོང་མེད་འཕྲལ་དུ་ཐོག་བབས་གསོད། །གཉན་ནད་ནག་པོས་འཛམ་གླིང་བཞི་ཆ་སྟོང་། །དྲག་པོའི་ཟུག་རྔུས་ལུས་ཟུངས་གློ་བུར་འཁྲུག །ཚ་ཡང་གྲང་ཚུལ་གྲང་ཡང་ཚ་ཚུལ་སྟོན། །ངེས་མེད་སྣ་ཚོགས་རྩ་ཆུ་འཆོལ་བར་འབྱུང་། །ཞེས་དང་། ཡང་དེ་ཉིད་ལས། ནད་དེ་འབྱུང་བའི་སྤྱི་རྟགས་དང་པོ་ནི། །ཞག་འགའི་གོང་ནས་ཚིག་པ་ཟ་བ་དང་། །ཁྲོ་དང་ངུ་འདོད་སྐབས་སུ་འཁྲུ་སྐྱུག་འབྱུང་། །ནད་གཞི་གང་ཡོད་སྟེང་འབབ་རེས་འགའ་གཟེར། །ཞེས་དང་། ལྷན་ཐབས་གཉན་རིམས་ངམ་རུ་བཅོས་པའི་ལེའུ་ལས། སྤྱི་རྟགས་ཆམ་པའི་མངོན་ཚུལ་འདྲ་བ་ལ། །གྲང་ཤུམ་ཚིགས་བརྒྱུད་གཡའ་ལ་སྒྱིད་པ་སྐྱུར། །གློ་སོར་ལྷེན་སྣ་མགྲིན་པ་མི་བདེ་ཞིང་། །ཚ་སུབས་གྲེ་བའི་ནད་འབྱུང་རྩ་ཁ་བྱིང་། །ཞེས་སོགས་གཉན་ནད་ཀྱི་རྟགས་མང་དུ་གསུངས་ཡོད་ནའང་། ནད་དེ་བབ་ས་དང་གནས་ཡུལ་མི་འདྲ་བའི་དབང་གིས་ནད་རྟགས་མི་འདྲ་བ་དུ་མ་འབྱུང་ཚུལ་གསུངས་པས་ལག་ལེན་དང་མཐོང་བ་མངོན་གྱུར་གྱིས་དཔྱད་ཞིབ་བྱ་དགོས་སོ།།

      རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་དུག་གསར་པའི་ནད་པ་གྲངས་ ༢༠༡༩ ལ་ཞིབ་འཇུག་བྱས་པར་ཐུན་མོང་གི་ནད་རྟགས་ནི་ཚ་བ་རྒྱས་པ་བརྒྱ་ཆ་ ༨༧་༩ དང་། གློ་ལུ་བ་བརྒྱ་ཆ་ ༦༧་༧ ཡིན་ཞིང་། ཉུང་ཤས་ལ་འཁྲུ་བ་བརྒྱ་ཆ་ ༣་༧ དང་སྐྱུག་པའི་བརྒྱ་ཆ་ ༥་༠ རྟགས་ལྡན་པ་དང་། གློག་དཔར་བརྟག་དཔྱད་ (Computed tomography) བྱས་པར་ནད་པ་བརྒྱ་ཆ་ ༧༦་༤ ལ་གློ་ཚད་ཡོད་པར་མངོན་པ་དང་། ནད་པ་བརྒྱ་ཆ་ ༨༢་༡ ལ་རྨེན་བུའི་ཕྲ་ཕུང་ (Lymphopenia) བྲི་བ་དང་། བརྒྱ་ཆ་ ༣༦་༢ ལ་ཁྲག་ལེབ་ཆུང་བ་ (Thrombocytopenia) བྲི་བའི་རྟགས་ཡོད་འདུག སྤྱིའི་དབང་དུ་ནད་པ་བརྒྱ་ཆ་ ༣༣་༧ ལ་ཁྲག་རིལ་དཀར་པོ་ (Leukopenia) བྲི་བའི་རྟགས་མངོན་པའོ། །ཡོངས་གྲགས་སུ་ཚ་བ་རྒྱས་པ་དང་། གློ་ལུ་བ། རྒྱུན་ལྡན་ཆམ་རིམས་དང་མི་འདྲ་བར་དབུགས་ཐུང་བའམ་དབུགས་གཏོང་ལེན་དཀའ་བ་བཅས་ཀྱི་ནད་རྟགས་བྱུང་དང་འབྱུང་བཞིན་ཡོད། དེ་བཞིན་ནད་པ་རེ་ཟུང་ལ་སྣ་ཁུང་ནང་ཟ་འཕྲུག་འབྱུང་བ་དང་། མིད་པ་སྐམ་པ་དང་རྒྱུན་ལྡན་མིན་པའི་ཟ་འཕྲུག་འབྱུང་བ། མགོ་གཟེར་རྒྱག་པ། སྒྱིད་ལུག་འབྱུང་བ་སོགས་ཀྱི་ནད་རྟགས་མངོན་བཞིན་ཡོད། ནད་ཚབས་ཆེ་བར་གྱུར་སྐབས་དབུགས་འབྱིན་རྔུབ་དཀའ་བ་དང་བརྒྱལ་བའམ་འབོག་པ། ཟུངས་ཁྲག་ཟད་ནས་ཁྲག་གཅོད་ནུས་པ་ཞན་དུ་འགྲོ་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་། ཡང་ནད་པ་འགའ་ཤས་ལ་ཚབས་ཆེའི་ནད་རྟགས་སྣ་ཚོགས་འཐོན་བཞིན་ཡོད་པས་འདིའོ་ཞེས་གཅིག་ཏུ་ཁ་ཚོན་གཅོད་དཀའ་བའི་གནས་སུ་གྱུར་ཡོད།

      རྒྱ་ནག་ནས་ནད་དུག་གིས་ཤི་བའི་ཕུང་པོ་གཤགས་ལས་ཀྱིས་བརྟག་དཔྱད་བྱས་པར། གློ་བའི་ཕུང་གྲུབ་ལ་གནོད་སྐྱོན་ཆེར་མེད་ཀྱང་། གློ་བའི་ཡུལ་དུ་བེ་སྣབས་ཀྱིས་ཁེངས་ཏེ་རྩ་ལམ་རྣམས་འགག་ནས་གློ་བའི་བྱེད་ལས་ཉམས་རྒུད་དུ་སོང་བ་དང་། དེའི་རྐྱེན་གྱིས་སྙིང་དང་མཆིན་པ། མཁལ་མ་བཅས་ཀྱི་བྱེད་ལས་ཀྱང་ཉམས་ནས་འཆི་རྐྱེན་བྱུང་བའི་གནས་ཚུལ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པས་ཐོག་མ་ནས་ནད་དུག་མི་ཕོག་པའི་ཐབས་ལ་ངེས་པར་རིག་པ་སྒྲིམ་དགོས།

 

དྲུག་པ། ནད་དུག་འདི་སྔོན་འགོག་གམ་སྲུང་ཐབས།

      ན་ཚ་གང་ཞིག་ཡིན་ནའང་མི་ན་བར་གནས་པར་བྱ་བའི་ཐབས་བསྟེན་ནས་སྔོན་འགོག་བྱེད་རྒྱུ་གལ་ཆེ་བ་དང་། ཁྱད་པར་དུ་གཉན་རིམས་གདུག་པ་ཅན་གྱི་ནད་རིགས་རྣམས་སྔོན་འགོག་བྱེད་རྒྱུ་ཤིན་ཏུ་དོ་གལ་ཆེན་པོར་བརྩི་དགོས་པའི་ཚུལ་ལ་རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ་ལས། ལན་ཅིག་ལྔ་བརྒྱའི་ཐ་མར་བབ་དུས་ན། །འབྱུང་པོ་རྣམས་ཀྱིས་གློ་བུར་ཡེ་འདྲོག་གཏོང་། །མ་མོ་མཁའ་འགྲོས་ནད་ངན་ཡམས་སུ་འབེབས། །མུ་སྟེགས་གདུག་པས་རྫས་ཀྱི་སྦྱོར་བ་བྱེད། །དེ་དུས་བདག་གཞན་སྲུང་བ་ཤིན་ཏུ་གཅེས། །ཞེས་དང་། ཡང་དེ་ཉིད་ལས། སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། །དམག་གདོང་གཅེར་བུར་རལ་ཁ་བྱེད་དང་མཚུངས། །ཞེས་གསུངས་པ་དང་། སྲུང་ཐབས་དངོས་ལ་འཆི་མེད་བདུད་རྩི་བུམ་པ་གནམ་ལྕགས་རྡོ་རྗེ་ཁྲབ་རིང་གི་བཤད་རྒྱུད་ལས། ཅོག་འགྱེལ་ནག་པོའི་མགོ་རིམས་ལ༔ སྲུང་ཐབས་རྣམ་པ་གསུམ་ཡོད་དེ༔ ཕྱི་ནང་གསང་བའི་སྲུང་བ་བཤད༔ ཕྱི་སྲུང་སྤྱོད་ལམ་ཆོ་གས་བསྲུང༔ ནང་སྲུང་ཟུ་གུ་གྱད་ཀྱིས་སྲུང༔ གསང་སྲུང་ལྟ་སྒོམ་དམིགས་པས་བསྲུང༔ ཞེས་དང་། རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ་ལས། ཁྱད་པར་རིམས་སྲུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྲུང་ཐབས་སྔགས་དང་རྫས་གཉིས་ཏེ། །ཞེས་སོགས་གསུངས་པ་རྣམས་ཀྱི་དོན་བསྡུ་ན་སྤྱོད་ལམ་གྱིས་སྲུང་བ་དང་ཟས་ཀྱིས་སྲུང་བ། སྔགས་ཀྱིས་སྲུང་བ། རྫས་སྔགས་ཟུང་འབྲེལ་གྱིས་སྲུང་བ། རྫས་རྐྱང་པས་སྲུང་བ། སྨན་གྱིས་སྲུང་བ་བཅས་དྲུག་ཏུ་དབྱེ་རིགས་པར་སེམས།

 

༡། སྤྱོད་ལམ་གྱིས་སྲུང་བ།

      བདུད་རྩི་བུམ་པ་རྡོ་རྗེ་ཁྲབ་རིང་བཤད་རྒྱུད་ལས། དང་པོ་ཕྱི་ཡི་སྲུང་བ་ནི༔ མཁོན་འཐབ་སྣོལ་གྲིབ་བཙོག་ལ་འཛེམས༔ དུས་ཀྱི་རིམ་གྲོ་སྲུང་མ་བཅོས༔ ཆོས་སྤྱོད་དགེ་ལ་བརྩོན་པར་བཤད༔ དཀར་ཆོས་གསུང་རབ་བསྒྲག་པར་བསྔགས༔ སྡིག་སྤྱོད་ལོག་པའི་ལས་ལ་འཛེམས༔ དུས་མིན་ཉིད་དུ་ཆགས་པའི་ལས༔  ཉིན་མོ་གཉིད་དང་ངལ་དུབ་དང༔ ཁམས་དང་མི་འཕྲོད་ཟས་ངན་སྤངས༔ མདོར་ན་སྤྱོད་ལམ་བག་ལྡན་བྱ༔ ཞེས་དང་། ཡང་དེ་ཉིད་ལས། ནང་དུ་ཟུ་གུ་འཛུད་པ་དང༔ མཐའ་བཞི་གྱད་ཀྱིས་སྐོར་ལ་བསྲུང༔ དཔའ་བོ་དགུ་ཡི་ཟུ་གུ་ནི༔ ལྟོ་སྟོང་དྲོ་ལ་ནང་དུ་གཞུག༔ བྱུགས་པའི་གྱད་ཀྱིས་གསང་སྒོ་བསྲུང༔ ཕུར་མའི་གྱད་ནི་མགུལ་དུ་གདགས༔ སྔགས་ཀྱི་གྱད་ནི་དྲོ་ལ་བཟླ༔ འཁོར་ལོའི་གྱད་ནི་ལུས་ལ་བཅང༔ གང་ཡང་མ་ཚང་མེད་པ་གཅེས༔ དེས་ནི་ནད་ཀྱི་འཇིགས་དང་བྲལ༔ ཞེས་དང་། ཡང་དེ་ཉིད་ལས། གསུམ་པ་གསང་བའི་སྲུང་བ་ནི༔ མི་རྟོག་སྟོང་པའི་ངང་ཉིད་ལས༔ ལྷ་ཡི་ང་རྒྱལ་མ་བྲལ་བར༔ ཞེས་སོགས་གསུངས་པ་དང་། བཤད་པའི་རྒྱུད་ཀྱི་རྒྱུན་སྤྱོད་ཀྱི་ལེའུ་ལས། སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང་། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །ཞེས་དང་། མན་ངག་ལྷན་ཐབས་གཉན་ནད་ཀླད་གཟེར་བཅོས་པའི་ལེའུ་ལས། ལྷ་རྗེ་ནད་གཡོག་ཕག་རྒོད་མཆེ་བ་བཏགས། །ཞེས་དང་། རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུ་ལས། ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་བསྲུང་། །འགྲངས་ངོམས་སྲུང་བས་དཔའ་སྐྱེད་དེ་དུས་བལྟ། །ཞེས་སོགས་གསུངས་པ་ལྟར་ནད་སློང་བའི་རྐྱེན་རྣམས་སྤངས་པ་དང་། འགོས་ཚུལ་ལ་དོ་སྣང་གིས་སྤང་བླང་མ་འཛོལ་བ་དང་ལུས་ཁམས་མ་འཁྲུགས་པ་བྱ་བ། ལུས་སྦྱོང་རིགས་དང་། ཁྱད་པར་རླུང་བུམ་པ་ཅན་འཛིན་པ་ལ་སོགས་པའི་རླུང་སྦྱོར་རིགས་ཕན་ཆེ་བས་བརྩོན་པ་བསྟེན་ཏེ་འཕྲོད་བཞེས་བྱེད་པ། འཛམ་གླིང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གི་བཀོད་ཁྱབ་དང་། རང་ཉིད་གནས་ཡུལ་རྒྱལ་ཁབ་དང་གཞུང་སོ་སོའི་བཀོད་ཁྱབ་རིགས་དང་ལེན་བྱ་རྒྱུ་གལ་ཆེ། ད་དུང་ཉིན་རེའི་འཕྲོད་བསྟེན་བྱ་ཕྱོགས་ཚད་ལྡན་གསར་ལམ་ཁག་དང་། འཕྲོད་བསྟེན་མི་སྣ་སོགས་ཀྱིས་དྲ་ཐོག་ནས་རིམས་ནད་སྔོན་འགོག་གི་སློབ་སྟོན་བྱས་དང་བྱེད་བཞིན་པ་ལྟར་ལག་པ་ཡང་ཡང་བཀྲུ་བ། འདུ་འཛོམས་མི་བྱེད་པ། གློ་རྒྱག་སྐབས་ལག་པའི་གྲུ་ཁུག་སོགས་ཀྱིས་ཁ་སྣ་འགེབ་པ། འཚམས་འདྲི་བྱེད་སྐབས་ལག་པ་མི་གཏོང་བ། ཕྱི་མིར་འབྲེལ་གཏུག་མི་བྱེད་པ། རང་ཉིད་ཐག་རིང་ནས་ཕྱིར་ནང་དུ་འཁོར་མཚམས་རང་ཁྱིམ་དུ་ཉུང་མཐར་ཉིན་གྲངས་ ༡༤ རིང་ཟུར་འདུག་བྱ་བ་སོགས་ལག་བསྟར་བྱེད་དགོས་པ་ནི་ད་ལམ་གྱི་གཉན་རིམས་སྔོན་འགོག་བྱེད་པའི་ཆེས་གལ་ཆེའི་དོན་གནད་རྣམས་ཡིན།

 

༢། ཟས་ཀྱིས་སྲུང་བ།

      མན་ངག་ལྷན་ཐབས་གཉན་ནད་ཀླད་གཟེར་བཅོས་པའི་ལེའུ་ལས། ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང་། །ཞེས་དང་། ཡང་དེ་ཉིད་ལས། ནང་གི་ཟས་བསྲུང་རིམས་ལ་བཤད་ལྟར་བྱ། །ཞེས་དང་། མན་རྒྱུད་འཁྲུགས་ཀྱི་ཚ་བའི་ལེའུ་ལས། ཁ་ཟས་ཆག་ཚེ་བ་རའི་ཞོ་དར་དང་། །ཁུར་མང་སྐྱབས་ཚོད་ཆུ་གྲོག་བསྟེན་པར་བྱ། །ལན་ཚ་ཤ་ཆང་ལ་སོགས་དྲོད་བཅུད་བསྡམ། །ཞེས་གསུངས་པ་ལྟར་འབྲི་ལུག་གི་འོ་མ་ཞོ་དར་ལ་སོགས་པའི་དཀར་ཟས་དང་ཤ་རིགས་ལྡན་པའི་དམར་ཟས། དེ་བཞིན་མངར་མོའི་རིགས་དང་། རྙིང་རུལ་སྐྱུར་མོའི་ཟས་སྐོམ་རིགས་བཅས་སྤང་དགོས་པ་དང་། ཁྱད་པར་འཚོ་བ་ཟས་ཀྱི་ལེའུ་ལས་གསུངས་པའི་ཁ་ཟས་སོ་སོའི་ཕན་ནུས་ལ་གཞིག་ནས་སྤང་བླང་བྱ་དགོས་པ། དེ་ཡང་ཁ་ཟས་མི་འཕྲོད་པའི་རིགས་ལ་འཛེམ་པའམ་ཉུང་ངུ་ཟ་བ། དཔེར་ན། མངར་ཁུའི་རིགས་དང་། ཤ་དང་། ཕྱུར་བ། རྗེན་པ་དང་གྲང་མོའི་རིགས། མ་ཚོས་པ་སོགས་བེ་སྣབས་འཕེལ་བར་བྱེད་པའི་ཁ་ཟས་རིགས། སོ་སོའི་ལུས་ཁམས་དང་མེ་དྲོད་ཆེ་ཆུང་ལ་གཞིག་ནས་ཟས་རིགས་སོགས་སྤང་བླང་བྱེད་རྒྱུ་ཆེས་གལ་ཆེ་བར་མ་ཟད། ལུས་ཀྱི་ནད་འགོག་མ་ལག་གི་ནུས་པ་གསོ་བའི་ཁ་ཟས་ཡང་ཞིང་འཇུ་སླ་བའི་བཅུད་ལྡན་གྱི་ཟས་རིགས་ཀྱང་གང་འཚམས་སྤྱོད་དགོས་པ་གལ་ཆེ་བའོ།།

 

༣། སྔགས་ཀྱིས་སྲུང་བ།

      སྔགས་ཀྱིས་སྲུང་བར་སྔགས་འབུམ་རྡོ་རྗེ་གོ་ཁྲབ་དང་། དྲག་པོ་གསུམ་སྒྲིལ། ལྷ་མོ་ལོ་གྱོན་མའི་གཟུངས་སྔགས། རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་སོགས་དང་། དེ་བཞིན་དུ་རྒྱུད་བཞིའི་མཇུག་དོན་ལས། དང་པོ་རང་ཉིད་མཐུ་སྟོབས་བདག་པོར་བསྐྱེད། །ཨ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུར་ཡ་སོད། ཀུ་མ་ར་ཡ་སོད། ལ་ཙི་སོད། བནྡྷ་བནྡྷ་སོད། བཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། པུ་ཙ་ཡོ་གི་ནི་སོད། བརྒྱ་རྩ་བརྒྱད་ཀྱིས་རྒྱུན་གྱི་ཡི་དམ་བྱ། །ཞེས་དང་། ཡང་དེ་ཉིད་ལས། ཨ་མུག་ཐུམ་སརྦ་མུག་ཐུམ། ཏེ་ཙ་མུག་ཐུམ་ཐེ་ཕུར་སོད། ནི་ཕུར་སོད། བྱ་རྐང་སོད། ནད་སོད། རིམས་སོད། དལ་སོད། ཡམས་སོད་སྭཱ་ཧཱ། སུམ་ཡར་བརྒྱ་རྩ་མཆིལ་མ་སྲིན་ལག་གིས། །རྐང་མཐིལ་དྲི་མ་སྣུར་ལ་སྣ་སྒོར་བྱུག །ཅེས་སོགས་གསུངས་པ་ལས་རང་ཉིད་གང་མོས་ཀྱི་སྔགས་ཉིན་ལྟར་མ་ཆག་པར་བྱ་རྒྱུ་དང་། རྒྱུད་བཞིའི་མཇུག་དོན་ལས། རང་གིས་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས། །ཞེས་རང་གིས་འབད་པས་སྒྲུབ་ན་བསླུ་བ་མེད་པ་སངས་རྒྱས་སྨན་བླ་དང་དབྱེར་མེད་པའི་གཡུ་ཐོག་ཡོན་ཏན་མགོན་པོ་རང་གིས་ཞལ་བཞེས་གནང་བའོ།།

 

༤། རྫས་སྔགས་ཟུང་འབྲེལ་གྱིས་སྲུང་བ།

༡། མན་ངག་ལྷན་ཐབས་ནས་འབྱུང་བའི་གཉན་རིམས་སྲུང་འཁོར་རམ་ཕག་རྒོད་ཀྱི་སྲུང་འཁོར་མན་ངག་བཞིན་སྒྲུབ་གནང་བ་འདོགས་པ་དང་། སྔགས་ཀྱང་ཉིན་ལྟར་བགྲང་ཐབས་བྱ་དགོས།

༢། བོད་ཡུལ་སྟོད་སྨད་ཀུན་ལ་ཡོངས་སུ་གྲགས་པ་རིམས་སྲུང་ནག་པོ་དགུ་སྦྱོར་ནི། རིན་གཏེར་ལས། སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །ནག་པོ་དགུ་ཡི་སྦྱོར་བ་འདི། །རྒྱུད་སྡེ་ཀུན་ནས་བཏུས་པའོ། །སྨན་དགུ་ལ་ནི་ལྷ་དགུ་བསྐྱེད། །ལྷ་དགུ་ལ་ནི་སྔགས་དགུ་གདབ། །རབ་གནས་བྱས་ལ་མགུལ་དུ་གདགས། །ནད་གདོན་སྲུང་བ་ཐེ་ཚོམ་མེད། །ཅེས་དང་། ཡང་དེ་ཉིད་ལས། རིམ་བཞིན་སྨན་བླ་འཇམ་དབྱངས་དང་། །སྤྱན་རས་གཟིགས་དང་རྡོ་རྗེ་འཛིན། །རྟ་མགྲིན་ཁྲོ་བོ་བདུད་རྩི་འཁྱིལ། །གང་བཟང་དབང་ཕྱུག་ཆེན་པོ་དང་། །ཚོགས་ཀྱི་བདག་པོར་བསྐྱེད་བྱས་ནས། །རང་རང་སྙིང་པོ་གང་འགྲུབ་བཏབ། །རབ་གནས་ཤིས་བརྗོད་སོགས་ཀྱང་བྱ། །ཞེས་སོགས་གསུངས་པ་བཞིན་ལག་ལེན་མན་ངག་ལྡན་པས་སྦྱོར་བཟོ་སྨན་སྒྲུབ་རབ་གནས་སོགས་བྱས་ནས་མགུལ་དུ་འདོགས་པ་དང་། ལྷ་དགུའི་སྙིང་པོ་གང་འགྲུབ་རེ་འདོན་དགོས།

 

༥། རྫས་ཀྱིས་སྲུང་བ།

      རྫས་ཀྱིས་སྲུང་བ་ལ་རིམས་སྲུང་སྐེ་ལ་འདོགས་པ་དྲི་ཡིས་སྲུང་བ་དང་། བདུག་པས་སྲུང་བ། བྱུག་པས་སྲུང་བ་བཅས་སུ་འདུས་ཡོད།

༡། རྒྱུད་བཞིའི་མཇུག་དོན་ལས་གསུངས་པའི་རིམས་སྲུང་རིལ་བུ་རྡོ་རྗེ་ཕ་ལམ་སྐེར་བཏགས་ཏེ་སྔ་དགོང་ཉིན་གསུམ་མམ། ཕྱིར་སྐྱོད་ནད་དྲིར་དོགས་པའི་དུས་སུ་རིལ་བུའི་དྲི་མར་ཡང་ཡང་སྣོམས་དགོས།

༢། གསོ་རིག་རྒྱུད་བཞིའི་ཕྱི་རྒྱུད་སོགས་ལས་འབྱུང་བའི་རིམས་སྲུང་བདུག་པ་དང་། མནོལ་བསང་ལྷ་ཆབ་སྔོན་མོ་སོགས་ཀྱིས་བདུག་པ་སོགས་ཁུངས་ཐུབ་བདུག་རྫས་རིགས་ཀྱིས་རྒྱུན་དུ་བདུག་ན་ཤིན་ཏུ་ལེགས།

༣། རིམས་འགོག་བདུད་རྩིའི་ཐིགས་པ། འདི་ཉིད་སྣ་སྒོར་བྱུགས་དགོས། བོད་ཀྱི་སྨན་རྩིས་ཁང་ནས་སྡེབ་སྦྱོར་ཚད་ལྡན་བགྱིས་ཏེ་དེང་དུས་དང་མཐུན་པར་གསར་གཏོད་ཀྱིས་ཚོང་འགྲེམ་བྱེད་ཀྱིན་ཡོད།

༤། མན་ངག་ལྷན་ཐབས་གཉན་རིམས་ཀླད་གཟེར་བཅོས་པའི་ལེའུ་ལས། ལྷ་རྗེ་ནད་གཡོག་ཕག་རྒོད་མཆེ་བ་བཏགས། །ཞེས་གསུངས་པ་བཞིན་ནད་པར་ཐད་ཀར་འབྲེལ་འདྲིས་དགོས་པའི་སྨན་པ་དང་ནད་གཡོག་རྣམས་ཀྱིས་ཕག་རྒོད་ཀྱི་མཆེ་བ་སྐེར་བཏགས་ཏེ་སྲུང་ཚུལ་ཡང་གསུངས།

 

༦། སྨན་གྱིས་སྲུང་བ།

      རྒྱུན་དུ་ཐོ་རངས་མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་གཉིས་ལ་ཆོས་ཀྱི་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཙམ་མ་ཟད་རྒྱུ་ཆ་ཡང་རིམས་ནད་ལ་ཕན་པའི་སྨན་རྫས་སོགས་ལས་གྲུབ་པས་དེ་གཉིས་ཆུར་སྦངས་ནས་མཆོད་པ་དང་། གཞན་ཡང་ཕུར་ནག་དྲུག་ཐང་དང་། གཉན་ཐང་བཅོ་ལྔ། ནོར་བུ་བདུན་ཐང་སོགས་ཐང་གི་རིགས་བསྟེན་པ་དང་། བཅོས་ཐབས་སུ་བཤད་པའི་གཉན་འཇོམས་ཀྱི་སྨན་དང་། གློ་བ་དང་གྲེ་བ་གསོ་བའི་སྨན་བཅས་ཐུན་ཆུང་རེ་ཉིན་ལྟར་བསྟེན་ན་བཟང་། སྐབས་རེར་རིན་ཆེན་གྲང་སྦྱོར་ཆེན་མོ་དང་མང་སྦྱོར་ཆེན་མོ། རཏྣ་བསམ་འཕེལ་སོགས་ཉིན་ཤས་རེའི་མཚམས་སུ་ཐེངས་རེ་མཆོད་ན་ཕན་ཐོགས་ཆེ། དེ་ལྟར་སྔོན་འགོག་གི་རིགས་ལ་འབད་བརྩོན་ལྷོད་མེད་རྒྱུན་འཁྱོངས་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ་བས་ལྷོད་མེད་པར་རང་གིས་རང་སྲུང་གཙིགས་སུ་འཛིན་དགོས་པ་ནི་ནད་དུག་འདི་འགོག་ཐབས་ཀྱི་གདམས་ངག་མཆོག་ཏུ་གྱུར་པའོ།།

 

༧། ནད་དུག་འདི་ཇི་ལྟར་བཅོས་པའི་ཐབས་ནི།

      མན་ངག་རྒྱུད་ཀྱི་མ་སྨིན་ཚ་བ་བཅོས་པའི་ལེའུ་ལས། རིམས་ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱ། །ཞེས་དང་། ཡང་མན་ངག་རྒྱུད་རིམས་ཚད་བལ་ནད་བཅོས་པའི་ལེའུ་ལས། མ་སྨིན་རི་ཐང་མཚམས་གཉིས་རིམས་ལ་གཅེས། །ཞེས་དང་། དེ་འདྲ་བར་རྒྱུད་བཞིའི་མཇུག་དོན་ལས། རིམས་ལ་མ་སྨིན་སྟོངས་ཚད་གཅེས་པར་ཟུངས། །ཞེས་རིམས་ནད་ཀྱི་ཚ་བ་གང་ཡིན་ཡང་དང་པོ་སྨིན་པར་བྱེད་པ་དང་། ཚད་མཇུག་ཏུ་རླུང་ལ་བྱ་ར་བྱེད་རྒྱུ་གཙོ་བོར་འཛིན་དགོས་པར་གསུངས། བདུད་རྩི་བུམ་པ་རྩ་བའི་རྒྱུད་ལས། དེ་ལ་བཅོས་ཐབས་རྣམ་པ་གསུམ༔ གཉན་དང་ཚད་པ་རླུང་དུ་བཅོས༔ དང་པོ་གཉན་གྱི་རི་བོ་བསྙིལ༔ བར་དུ་ཚད་པའི་མེ་དབལ་བསད༔ ཐ་མར་རླུང་བཅོས་ལུས་ཟུངས་གསོ༔ ཞེས་དང་། གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ་ལས། གཉན་དུག་སྲིན་འཁྲུགས་ཕྱིར་ན་དཀར་དམར་གནོད། །དུག་གིས་ཕན་ཞིང་སྐྱུར་གྱིས་གནོད་པས་འཛེམས། །ཚ་ཡང་ག་བུར་སྲོག་རླུང་ལྡོག་ཕྱིར་སྤང་། །རིམ་གྲོ་ལ་འབད་གདོན་གྱི་འཛིན་ཐག་བཅད། །ཅེས་གསུངས་པའི་གསོ་ཚུལ་རྣམས་གཞི་རྩར་བཟུང་བའི་ཐོག་གོང་གསལ་ནད་རྟགས་ལྟར་རྨེན་བུའི་ཕྲ་ཕུང་དང་མཆིན་མཚེར་མཁལ་གསུམ་གྱི་བྱེད་ལས་སྲུང་སྐྱོབ་བྱ་རྒྱུ་དང་། ཟུངས་ཁྲག་སྐྱེད་པའི་ནུས་པ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་གསོ་བཅོས་ངེས་པར་བྱ་དགོས།

 

༡༽ སྤྱོད་ལམ་བཅོས་པའི་ཐབས།

      མན་ངག་རྒྱུད་ཀྱི་མ་སྨིན་ཚ་བ་བཅོས་པའི་ལེའུ་ལས། སྤྱོད་ལམ་གོས་དྲོ་ཉི་གྲིབ་མཚམས་སུ་བསྡད། །དྲག་ཤུལ་མེ་ཉིས་གདུངས་དང་ཉིན་གཉིད་ལོག །ཤ་ཆང་དྲོད་བཅུད་མཁྲིས་ཚད་སྐྱེད་ཕྱིར་སྤང་། །གྲིབ་འཁྱགས་ས་རླན་བསེར་བུ་གྲང་བ་སྤང་། །ཞེས་བསིལ་དྲོད་སྙོམས་པར་བསྟེན་དགོས་པ་དང་། མན་ངག་ལྷན་ཐབས་གཉན་རིམས་ཀླད་གཟེར་བཅོས་པའི་ལེའུ་ལས། སྤྱོད་ལམ་གཡེང་མེད་མུན་ནག་དབེན་པའི་སར། །ར་ཕྱར་གདན་བཏིང་བྱང་ལ་སྔས་བསྟད་ཉལ། །དམ་ཉམས་ཡུགས་ས་འདྲེ་ཅན་འགྲུལ་ལ་འཛེམ། །ཀ་ཅ་ (ཁྱད་པར་མྱུར་སྨད་ཀྱི་དུས་སུ།) ཁྱེར་ལེན་རོལ་མོའི་སྒྲ་སྐད་སྤང་། །ཚོགས་གསོག་འཆི་བསླུ་ལ་སོགས་རིམ་གྲོར་འབད། །ཅེས་སོགས་ནད་འདིར་གདོན་རྒྱབ་ཡོད་པས་ཕྱི་ནས་ཡོང་བའི་འགྲུལ་པ་ལ་འཛེམ་དགོས་པ་དང་།

      ཁྱད་པར་ད་ལམ་གྱི་གཉན་རིམས་གློ་ཚད་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པས། སྨན་ཁང་ཁག་ཏུ་ཛ་དྲག་ཇི་ལྟར་བྱུང་དང་འབྱུང་བཞིན་པ་སོགས་ཀྱིས་ཕྱི་ལུས་ཀྱི་ན་ཚ་ལས་ནང་སེམས་ཀྱི་དངངས་སྐྲག་དང་སྡུག་བསྔལ་ཤུགས་ཆེ་བ་ཡོད་པ་གསར་འགྱུར་ཁག་ལས་གསལ་པོར་མཐོང་བས། རང་ཉིད་ལ་ན་ཚ་མ་བྱུང་སྔོན་ནས་གལ་སྲིད་འདི་ལྟ་བུ་བྱུང་ཚེ་བློ་ངོར་དཔའ་གདེང་ཁེལ་བའི་སྦྱོང་བརྡར་རེ་བྱེད་དགོས་པ་ཤིན་ཏུ་གལ་ཆེ་བར་སེམས། ནད་པའི་སེམས་ཁམས་ནི་ནད་བཅོས་བྱེད་པར་ཆེས་གལ་ཆེ་ཞིང་དགེ་སྐྱོན་གཉིས་ཀྱི་ཕྱོགས་ལ་ཕན་ནུས་ལྡན་པ་ཞིག་ཡིན་པས་ཕན་སྐྱེད་ཅི་འབྱུང་བརྒྱ་ཆ་ལྔ་བཅུ་ཙམ་ནད་པ་རང་ལ་རག་ལས་ཡོད། སེམས་ཁམས་ཅི་ཙམ་ཞི་ལྷོད་ཡོད་པ་དེ་ཙམ་གྱིས་སེང་དྲག་ཡོང་བར་ཕན་རླབས་ཆེ་བས་རང་གིས་རང་ལ་གདེང་ཅི་ཐུབ་སྦྱིན་ཞོར་དུ་ན་ཚ་ལ་གདོང་ལེན་བྱ་དགོས་པའི་སློབ་སྟོན་བྱ་དགོས།

༡། ནད་དུག་འདིས་ཟིན་ཚད་ཐམས་ཅད་འཆི་མི་འགྲོ་བར་ནད་པ་བརྒྱ་ཆ་གོ་ལྔ་ 95% ལྷག་དྲག་སྐྱེད་ཡོང་བཞིན་པ་ཤེས་པར་བྱས་ཏེ་ནད་ཀྱིས་ཟིན་ནའང་སེམས་ལ་དངངས་སྐྲག་མེད་པ་ཞིག་བཟོ་བ་དང་དྲག་སྐྱེད་ཡོང་བཞིན་པའི་སློབ་གསོ་ངེས་པར་སྤྲོད་དགོས།

༢། ཆོས་ལུགས་གང་ཞིག་ལ་དད་པ་ཡོད་པ་རྣམས་ལ་སོ་སོའི་ཆོས་ལུགས་ནང་དུ་གསུངས་པའི་སེམས་ངལ་སེལ་བའི་བསླབ་བྱའམ་སེམས་ཤུགས་གསོ་བའི་གདམས་ངག་རྣམས་དྲན་པར་བྱ་བར་སྐུལ་མ་བྱ་བ། ཆོས་ལུགས་ཁས་མི་ལེན་པ་རྣམས་ལ་ད་ལམ་གྱི་ནད་ཡམས་འདི་འཇིག་རྟེན་སྤྱིའི་འགྲོ་བ་མི་རྣམས་ལ་ཁྱབ་ནས་ཡོད་པ་དང་། ནད་ཀྱི་རང་བཞིན་ངོ་སྤྲོད་དང་དངངས་སྐྲག་སྐྱེ་མི་དགོས་པའི་སེམས་གསོ། སྨན་ཁང་ནང་འགོག་སྲུང་གི་ནུས་པ་ཚད་ལྡན་ཡོད་པས་སེམས་ངལ་བྱ་མི་དགོས་ཚུལ་གྱི་སློབ་གསོ་དང་། སེམས་ངལ་མང་དུ་བྱས་ན་སྨན་མི་ཟུག་པ་དང་རང་གི་དངངས་སྐྲག་གིས་ཀྱང་ནད་གཞི་ཇེ་སྡུག་ཏུ་གཏང་སྲིད་པའི་སྐོར་སོགས་སེམས་ངལ་སེལ་བའི་བསླབ་བྱ་ནན་ཏན་བྱས་ན་བཟང་།

༣། ནང་པ་ཞིག་ཡིན་ན་ནང་པའི་ཆོས་ནང་གསུངས་པའི་སོ་སོས་མྱོང་བཞིན་པའི་བདེ་སྡུག་ཐམས་ཅད་སྔོན་བྱས་དགེ་སྡིག་གི་ལས་ཀྱི་འབྲས་བུ་ཡིན་པ་སོགས་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་དང་། བདེ་སྐྱིད་ཀྱི་རྩ་བ་གཞན་ལ་ཕན་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་ལ་ཡིད་སྨོན་སོགས་དེའི་བསླབ་བྱ་གང་ཐུབ་ཉམས་སུ་ལེན་དགོས་ཚུལ་དང་། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་གནང་མཛད་པ་སེམས་ངལ་སེལ་བའི་གསུང་ཆོས་ཁག་ལ་ཉན་པ་དང་། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་དང་། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་གང་སྟེ། །མི་འདོད་སྡུག་བསྔལ་ཆར་ལྟར་བབས་གྱུར་ཀྱང་། །ལས་ངན་འབྲས་བུར་ཟད་པའི་རྒྱུར་མཐོང་ནས། །རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ཞེས་སོགས་གཏོང་ལེན་དང་བྱང་ཆུབ་སེམས་སྦྱོང་གི་གདམས་པ་རྣམས་ཀྱི་དོན་ལ་བསམ་སྟེ་རང་ཉིད་ཀྱི་སེམས་ཁམས་གསོ་གང་ཐུབ་ཀྱི་ཐབས་ལ་འབད་ན། རང་སེམས་ཞི་ལྷོད་ངང་གནས་པས་ནད་གཞི་ལྕི་བ་ཡང་བ་དང་མགྱོགས་པོར་དྲག་སྐྱེད་ཡོང་བར་གཞོགས་འདེགས་ངེས་ཅན་བྱེད་པར་གདོན་མི་ཟ་བས། ནད་ཡམས་འདིས་མཚོན་པའི་ནད་ན་ཚས་མནར་བའི་ཚེ་ལུས་དང་སེམས་ཀྱི་སྤྱོད་ལམ་བཅོས་པ་ཨང་དང་པོར་འཇོག་དགོས་པས་རྒྱུན་དུ་དེ་སྐོར་གཟབ་ནན་བྱ་དགོས།

 

༢༽ ཟས་ཀྱིས་བཅོས་པའི་ཐབས།

      མན་ངག་རྒྱུད་ཀྱི་མ་སྨིན་ཚ་བའི་ལེའུ་ལས། ཟས་སྤྱོད་ཕྱེ་ཚོད་དྲལ་ཐུག་བསྐོལ་གྲང་ཆུ། །དེ་སོགས་བཅུད་མེད་འཇུ་སླ་དྲོ་འཇམ་བསྟེན། །ནང་ནུབ་དུས་སུ་ཆུ་སྐོལ་ཚན་མོ་བཏུང་། །ཞེས་དང་། ཤ་ཆང་དྲོད་བཅུད་མཁྲིས་ཚད་སྐྱེད་ཕྱིར་སྤང་། །ཞེས་དང་། ཞོ་དར་ཆུ་གྲང་རྗེན་ཟས་འཇུ་དཀའ་རྣམས། །བད་རླུང་གྲོགས་ལ་ཕོག་པས་སྤང་བར་བྱ། །ཞེས་གསུངས་པ་རྣམས་དང་། གཞན་ཡང་མན་ངག་ལྷན་ཐབས་གཉན་རིམས་ཀླད་གཟེར་བཅོས་པའི་ལེའུ་ལས། ཁ་ཟས་དཀར་དམར་མངར་སྐྱུར་དུག་འདྲ་སྤང་། །ཞེས་སོགས་གསུངས་པ་བཞིན་དཀར་གསུམ་དང་མངར་གསུམ་གྱིས་གཉན་སྲིན་འཕེལ་བར་བྱེད་པས་སྤང་དགོས་པ་དང་། དེ་བཞིན་སྔོ་ཚལ་དང་། ཤ་རིགས། སྒོ་ང་སོགས་རྗེན་པའི་རིགས་དང་། མ་ཚོས་པ། ཚིག་པ། རྙིང་པ་དང་རུལ་པ། རང་ལ་མི་འཕྲོད་པའི་ཟས་རིགས་བཅས་དང་། ཁྱད་པར་རྗེན་པ་དང་། གྲང་མོ། འཇུ་དཀའ་བའི་རིགས་སོགས་ཀྱིས་བད་ཀན་བེ་སྣབས་འཕེལ་བར་བྱེད་པའི་ཟས་ཀྱི་རིགས་སྤང་བ་དང་། དེ་སྔ་ཟ་མ་མྱོང་བའི་ཤ་རིགས་གང་བྱུང་བཟའ་མི་རུང་བས་སྤང་བར་བྱ་བ་དང་། ཁ་ཟས་ཡང་ལ་འཇུ་སླ་བའི་རྫས་བཅུད་ལྡན་ཞིང་ལུས་ཀྱི་ནད་འགོག་མ་ལག་གསོ་ཐུབ་པའི་ཟས་རིགས་བསྟེན་དགོས། དེ་ཡང་དང་པོ་ཚ་བ་མ་སྨིན་པའི་སྐབས་སུ་བཅུད་མེད་འཇུ་སླ་དྲོ་འཇམ་བསྟེན་ཞེས་རྩམ་ཐུག་སོགས་བསྟེན་པ་དང་། བར་དུ་ཚ་བ་རྒྱས་པའི་སྐབས་སུ་འབྲས་ཐུག་དང་ཁུར་ཚོད། བསྐོལ་གྲང་སོགས་ཡང་ལ་བསིལ་བའི་ཟས་སྐོམ་རིགས་བསྟེན་པ་དང་། མཐའ་མ་ཚད་མཇུག་རླུང་མགོ་གནོན་ཕྱིར་བ་ལང་གི་ཤ་གསར་སོགས་ཡང་ལ་དྲོ་བཅུད་ལྡན་པའི་ཟས་རིགས་བསྟེན་དགོས། དུས་ཐམས་ཅད་དུ་ཚ་བ་ཆེ་ཆུང་ལ་གཞིག་པའི་ཆུ་སྐོལ་དྲོ་འཇམ་དང་གྲང་མོ། ཚ་པོ་སོགས་གང་དགོས་རྒྱུན་དུ་མང་ཙམ་བསྟེན་ན་ཕན་པ་ཤིན་ཏུ་ཆེའོ།།

 

༣༽ སྨན་གྱིས་བཅོས་པའི་ཐབས།

      བདུད་རྩི་བུམ་པ་དང་རྒྱུད་བཞི། མན་ངག་ལྷན་ཐབས་སོགས་ལས་གསུངས་པ་ལྟར་ནད་ཡམས་གསོ་བར་བྱེད་པའམ་བཅོས་པའི་ཐབས་ལ། རྒྱུན་དུ་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་དང་། རིན་ཆེན་མང་སྦྱོར་ཆེན་མོ། རཏྣ་བསམ་འཕེལ། བྱུར་དམར་ཉེར་ལྔ་སོགས་ནད་གཞིར་གང་དགོས་ཉིན་ཤས་རེའི་མཚམས་སུ་ཐེངས་རེ་བསྟེན་ན་དུས་སུ་བབ་པའི་སྨན་མཆོག་ཏུ་གྱུར་པ་ཡིན།

༡། ཐོག་མར། རིམས་ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱ། །གསུངས་པ་བཞིན་སྨིན་པར་བྱེད་པར་སྨན། འཕྲུལ་ཐང་དང་ནོར་བུ་བདུན་ཐང་། ཨ་གར་སོ་ལྔ་འཕྲུལ་ཐང་རྟས་ཕུལ་བ་དང་། དུས་མཉམ་གཉན་སྨན་གུར་ཁྱུང་དང་། སྤང་ཁྱུང་སོགས་གཏོང་དགོས།

༢། དང་པོ་གཉན་གྱི་རི་བོ་བསྙིལ་བ་ལ་སྨན། གཉན་ཐང་བཅོ་ལྔ་དང་། རྟ་བཟི་དམར་པོ། སྤང་རྩི་བཅུ་གཉིས། ལོ་གྱོན་རིལ་བུ། གཙོ་བརྒྱད་གཡུ་རལ། ཁྱུང་ལྔ། སྤང་ཁྱུང་བཅོ་ལྔ། སྤང་ཁྲག་བཅུ་གཉིས། ལི་ཁྲག ཕན་པ་ཀུན་ལྡན། གཙོ་བོ་ཉེར་ལྔ་བཅས་གཉན་མགོ་གཅོག་ཅིང་ནད་དུག་སེལ་ལ་གློ་བ་གསོ་བའི་སྨན་རྣམས་བསྟེན་དགོས།

༣། བར་དུ་ཚད་པའི་མེ་དབལ་བསད་པར་སྨན། གཙོ་བོ་ ༨ དང་། གཙོ་ཁྱུང་། རྟ་བཟི་དམར་པོ། སྤང་རྩི་བཅུ་གཉིས། ལོ་གྱོན་རིལ་བུ། གཙོ་བརྒྱད་གཡུ་རལ། གཙོ་བོ་ཉེར་ལྔ། གློ་ཚད་ཀུན་སེལ། ཅུ་གང་ཉེར་ལྔ། འཁྲུགས་གློ་ཀུན་སེལ། བདུད་རྩི་འཆི་སོས་བཅས་ཚད་པ་སེལ་ཞིང་གློ་བ་གསོ་བའི་སྨན་རྣམས་བསྟེན་དགོས།

༤། ཐ་མར་ཚད་མཇུག་བསལ་ཞིང་རླུང་འཇོམས་ལ་ལུས་ཟུངས་གསོ་བར་སྨན། ཨ་གར་སོ་ལྔ་དང་། ཨ་གར་བཅོ་ལྔ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར། གྲུབ་རིལ། ཟླ་བདུད། དྭངས་གནས། གསེར་མདོག་ལྔ་པ། ད་ལིས་བཅུ་དྲུག བརྒྱད་ལྔ་བཅས་བསྟེན་ནས་ཕོ་བའི་མེ་དྲོད་སྐྱེད་དུ་འཇུག་པ་དང་། ཟུངས་ཁྲག་དང་ལུས་སྟོབས་གསོ་དགོས། གསོ་དཀའི་རིམས་ཚད་ལ་སྦྱོང་གིས་བཅོས་དགོས་པ་ཡང་མན་རྒྱུད་ཚ་བ་སྤྱི་བཅོས་ཀྱི་ལེའུ་ལས། ཚ་བ་ཀུན་ལ་སྨིན་དུས་ཁྲུས་པ་མཆོག །སྣོད་བབས་བཅོས་ཀྱི་གཙོ་བོ་སྦྱང་བ་ཡིན། །བཅོས་བརྡུགས་ལོག་གནོན་སྦྱོངས་མིན་གཞན་ན་མེད། །ཅི་ཕྱིར་རྒྱུ་ཉིད་རྩད་ནས་འབྱིན་པས་སོ།  །ཞེས་གསུངས་པ་བཞིན་ཚ་བ་སྨིན་ཞིང་ཟུངས་བཟང་གི་རིགས་ལ་སྦྱོང་གཏོང་རྒྱུ་ཤིན་ཏུ་གལ་ཆེ་བ་སྔོན་བྱོན་མཁས་པ་མང་པོས་ཡང་ཡང་བསྔགས་པའོ། །མདོར་ན། གོང་དུ་ནད་དུག་འདི་ཉིད་ཇི་ལྟར་བཅོས་པའི་ཚུལ་གསལ་པོར་བཤད་པ་དེ་ལྟར་ལགས་ནའང་། གཙོ་བོ་ནད་པ་སོ་སོའི་ན་ཚའི་བབ་དང་རང་བཞིན་སོགས་ལ་གཞིག་ནས་གོང་གསལ་སྨན་རྣམས་གང་དགོས་འདྲེས་མར་སྤྱོད་པ་དང་། ད་ལམ་གྱི་ནད་ཡམས་འདི་གཙོ་བོ་གློ་ལ་ཕོག་པས། ག་དོར་ཉེར་ལྔ་དང་། བདུད་རྩི་འཆི་སོས། སྤང་རྒྱན་བཅོ་ལྔ་སོགས་ཀྱིས་གློ་བ་གསོ་བ་དང་། གློ་བའི་རྩ་སྦུབས་ངན་ཁྲག་གིས་འགག་པ་སེལ་ཐབས་སུ། རྒ་ལོ་སྨན་དམར་དང་ཀོ་ཁྲག སྟར་བུ་ལྔ་པ་དང་། གློ་སྦུབས་བེ་སྣབས་ཀྱིས་འགག་པ་སེལ་ཐབས་སུ། གྲུབ་ཐོབ་རིལ་དཀར་དང་། རིལ་པད། བདེ་སྙོམས། ཟླ་ཤེལ་ ༣༧། གསེར་མདོག་ལྔ་པ་སོགས་བསྟེན་དགོས། ད་དུང་རྨེན་བུའི་ཕྲ་ཕུང་སྲུང་སྐྱོབ་བྱེད་པའི་ཆེད། རྡོ་རྗེ་ཁྲབ་རིང་དང་། ནད་དུག་དེའི་ཕྱི་ཐུམ་སྣུམ་རིགས་ཡིན་པར་བརྗོད་པས་དེ་ལ་གོང་ཞུས་གཉན་འཇོམས་སྨན་ཕལ་མོ་ཆེའི་རོ་ཁ་བ་ཡིན་པས་ཕན་ངེས་ཀྱང་། སྐབས་རེར་གྲུབ་རིལ་དང་གསེར་མདོག་ལྔ་པ་སོགས་བསྟེན་ན་ཕན་ཐོགས་གང་ལེགས་ཡོང་ངེས་ཡིན།

༥། གཞན་ཕན་ལྷག་བསམ་གྱིས་ཕྱུག་པའི་སྨན་རྩིས་ཁང་གི་སྨན་པ་ཟུར་བ་ཞིག་ནས་རང་ཉིད་ལ་ནད་ཡམས་འདི་ཕོག་ནས་སྨན་བཅོས་བྱས་པ་དང་། ནད་པ་གཞན་ལ་ཡང་སྨན་བཅོས་བྱས་པ་བཅས་ཀྱི་ཉམས་མྱོང་ནང་། ནད་གཞི་འདིར་སྤང་ཁྲག་བཅུ་གཉིས་དང་། སྤང་ཁྲག་བཅོ་ལྔ། རྡོ་ཁྲག གཙོ་བོ་ཉེར་ལྔ་ཁ་ཚར་ཅན། ཨ་གར་སོ་ལྔ། བསིལ་བཅུད་བཅོ་ལྔ་བཅས་ཕན་པོ་བྱུང་བའི་དགོངས་ཚུལ་གསུངས།

༦། ཕྱི་རྒྱལ་དུ་བོད་ཀྱི་སྨན་པ་རྣམས་ཀྱིས་དངོས་སུ་སྨན་བཅོས་གནང་སྟེ་ཉམས་མྱོང་བྱུང་བར། དང་པོ་སྨིན་བྱེད་ཐང་རིགས་དང་། བར་དུ་ཚད་པར་རྟ་བཟི་དམར་པོ་དང་སྤང་རྩི་བཅུ་གཉིས། མཐའ་མ་ཚད་པ་ཆག་རྗེས་གློ་ལུ་བར་འཁྲུགས་ཀུན་དང་གློ་ཀུན་སོགས་དང་། དེ་བཞིན་གློ་ལུ་དབུགས་བསགས་པའི་སྐབས་སུ་ཅུ་གང་ཉེར་ལྔ་དང་ཅུ་བདེ། སྤང་རྩི་བཅུ་གཉིས། ལི་རྒུན་བཅུ་གཅིག་མ་ནུ་བཞི་ཐང་གིས་ཕུལ་བ། སྐབས་རེ་ཨ་གར་སོ་ལྔ་མུར་བ་བཅས་ཀྱིས་ཕན་འདུག མདོར་ན། སྔ་དྲོ་སྨིན་བྱེད་ཐང་དང་། ཉིན་གུང་སྤང་རྩི་བཅུ་གཉིས། དགོང་མོ་ཨ་གར་སོ་ལྔ་བཅས་ཀྱི་སྟེང་དུ་སྨན་གཞན་གང་དགོས་ཁ་གསབ་བྱས་ཆོག་པ་ལྟ་བུའི་ཕན་རླབས་ཆེན་པོ་བྱུང་བའི་ངོ་སྤྲོད་བྱུང་། ད་དུང་བྱུང་ན་ལྷན་ཐབས་ལས་འབྱུང་བ་དཔའ་བོ་བཅུ་བཞི་ཁ་ཚར་ཅན་ཡོད་ན་ཕན་ནུས་གང་ལེགས་ཡོང་ངེས་ཚོར་ཡང་ཟེར།

༧། ད་དུང་དྲ་ལམ་བརྒྱུད་བོད་ནང་རྟ་བོ་ཁུལ་དུ་དངོས་སུ་སྨན་བཅོས་སྐབས་བོད་སྨན་གྱི་ཕན་ཐོགས་ཅི་བྱུང་སྐད་ཆ་དྲིས་པར། བོད་ནང་གི་ནད་པ་རྣམས་ལ་རིན་ཆེན་རཏྣ་བསམ་འཕེལ་དང་། ནོར་བུ་བདུན་ཐང་། ལུག་མུར་བདུན་པ། ནག་པོ་དགུ་སྦྱོར་བཅས་དང་། ཕྱི་ལུགས་ཀྱིས་ (SARS) བཟོས་པའི་སྨན་གཅིག་བཅས་མཉམ་དུ་སྤྱོད་པས་ཕན་ནུས་གང་ལེགས་ཐོན་ཚུལ་གསུངས། ཉེ་ལམ་རྒྱ་ནག་གི་གཞུང་འབྲེལ་གཟུགས་མཐོང་བརྙན་འཕྲིན་ཁང་ནས་ཀྱང་དྲག་སྐྱེད་བརྒྱ་ཆ་བརྒྱ་བྱུང་ཚུལ་བཤད་པའི་རྒྱུ་མཚན་ཡང་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་རྒྱུ་རེད་སྙམ། གང་ལྟར་རང་རེའི་སྨན་པ་རྣམས་ལ་ཕན་པར་རེ་ནས་འདིར་བཀོད་པའོ།།

 

༤༽ དཔྱད་ཀྱིས་བཅོས་པའི་ཐབས།

      ནད་ཡམས་འདིར་སྐར་ཆུ་དང་ཆུ་རྡོ་གྲང་མོས་བསིལ་དུགས་བྱས་ནས་ཚ་བའི་དབལ་གསོད་དགོས་པ་དང་། གཉན་འགོ་བཅགས་རྗེས་ཚ་བ་སེལ་དཀའ་ན་དོན་སྣོད་ཀྱི་རྩའམ་གང་ཉེའི་རྩ་ཅུང་གཏར་དགོས། སྟོད་གཟེར་ཆེ་ལ་དབུགས་གཏོང་ལེན་དཀའ་བའི་སྐབས་སུ་མེ་བུམ་རྒྱག་ཆོག་པ་དང་། མཐའ་མར་ཧོར་གྱི་མེ་བཙའ་དང་སྣུམ་བྱུག་སོགས་ཀྱིས་རླུང་མགོ་གནོན་ཅིང་ཟུངས་སྟོབས་སྐྱེད་པར་བྱེད་པའི་ཐབས་ལ་འབད་ན་ལེགས་པ་བཅས། གསོ་རིག་རྒྱུད་བཞིས་མཚོན་སྨན་གཞུང་ཁུངས་ཐུབ་དང་དེ་འབྲེལ་གྱི་དཔྱད་བརྗོད་རྩོམ་ཡིག སྨན་པ་རེ་ཟུང་གིས་ལག་ལེན་བྱས་པའི་ཉམས་མྱོང་སོགས་ལ་གཞི་བཅོལ་ཏེ་མཐའ་ཡས་འགྲོ་བ་ཡོངས་ལ་སྨན་པའི་ཆ་རེ་ཨེ་འགྱུར་སྙམ་སྟེ་དྲན་སྐུལ་ཙམ་གྱི་ཆེད་དཔྱད་གཞི་རུ་བྲིས་པའི་ཁུལ་ལགས་ཀྱང་། ལུས་སེམས་བྲེལ་འཚུབ་ཆེ་དུས་ཤིག་ཡིན་པས་ཞིབ་དཔྱད་མ་བགྱིས་པར་ནོར་འཁྲུལ་གང་ཡོད་ལ་དགོངས་སེལ་དང་ནོར་བཅོས་གནང་སྐྱོང་ཡོང་བ་དང་། དཔལ་ལྡན་རྒྱུད་བཞིས་མཚོན་པའི་གསོ་བ་རིག་པའི་གཞུང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིང་ཕྱི་ནང་འབྱུང་འཁྲུགས་ཀྱི་ནད་རིགས་ཐམས་ཅད་ལ་བརྟག་དཔྱད་གསོ་བཅོས་ཀྱི་ཉམས་མྱོང་གིས་ཕྱུག་པའི་སྨན་པ་རྣམས་ནས་ནད་རིགས་སྤྱི་དང་། གསོ་དཀའི་གཉན་ནད། གཉན་རིམས་གསར་ཐོན་སོགས་ཀྱི་རྒྱུ་རྐྱེན་བརྟག་བཅོས་བཅས་ཀྱི་ཉམས་མྱོང་གང་བྱུང་གསུངས་ན་རིམ་གྱིས་བོད་ལུགས་སྨན་པའི་གཟི་བརྗིད་གོང་མཐོར་འདེགས་པར་སྨན་ངེས་པས་དེ་བཞིན་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས།

 

སེམས་ཅན་ནད་པ་ཇི་སྙེད་པ།།

མྱུར་དུ་ནད་ལས་ཐར་གྱུར་ཅིག།

འགྲོ་བའི་ནད་རྣམས་མ་ལུས་པ།།

རྟག་ཏུ་འབྱུང་བར་མེད་པར་ཤོག།

 

ཁྱད་པར་ཏོག་དབྱིབས་གློ་ཚད་ཀྱིས།།

མི་རྣམས་དངངས་སྐྲག་ན་འཆིས་གདུང་།།

འཛམ་གླིང་འཁོར་སྐྱོད་འགག་ཉེའི་སྡུག།

མྱུར་ཞིའི་ངལ་གསོ་མྱུར་ཐོབ་ཤོག། །།

 


-          འདི་ནི་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་དུས་དེབ་<<སྨན་རྩིས་དུས་དེབ་>>འདོན་ཐེངས་བཅུ་གཅིག་པ་ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 20.11.2020 ཉིན། 3:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།