སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གཡུ་ཐོག་པའི་སློབ་བརྒྱུད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གཡུ་ཐོག་པའི་སློབ་བརྒྱུད།

རྗེ་བཙུན་དེ་ལ་སློབ་མ་ཀུན་བསྡོམས་ན་གནམ་གྱི་སྐར་མ་དང་སའི་དྲེག་པའི་དཔེ་བཞིན་བྱུང་བ་ལས། ཡོངས་གྲགས་ནི་ལྗང་སྨན་ལེབ་སེ། འབལ་སྨན་ཉི་མ་དཔལ། རྫ་ཡེ་ཤེས་གཟུངས། སྟོན་པ་ཨ་ཚེས། ཤག་རམས་པ་ཉི་མ་དཔལ། གཡུ་ཐོག་འབུམ་སེང་དང་། བསོད་སེང་། སུམ་སྟོན་ཡེ་ཤེས་གཟུངས། དགེ་བཤེས་རོག་ཆུང་རྣམས་ཡིན་པར། དེ་ནང་ནས་ཕྱག་ན་པདྨོ་རྒྱལ་བ་བདུན་གྱི་རྣམ་པར་རོལ་པས་འགྲོ་དོན་ཟམ་མི་ཆད་པར་མཛད་པ་བདག་གི་བླ་མ་ལྔ་པ་ཆེན་པོའི་སྐྱེས་རབས་ཀྱི་འཕྲེང་བར་ཡང་བཞུགས་པ།

སུམ་སྟོན་ཡེ་ཤེས་གཟུངས་ནི། ཡུལ་རུ་མཚམས་སྙེ་མོའི་མདར་སུམ་པའི་སྲས་སུ་བལྟམས། །རིག་གནས་གཞན་རྣམས་ལའང་སྦྱངས་པ་མཐར་ཕྱིན་པར་མཛད། དེ་ནས་རྗེ་གཡུ་ཐོག་པ་ཉིད་ཀྱི་རྣམ་པར་ཐར་བ་གསན་པས་ཐུགས་འཕྲོགས། གསོ་དཔྱད་ཀྱི་གདམས་པ་དོན་དུ་གཉེར་བར་དགོངས་ཏེ་ལོ་བཅུ་གཉིས་ཀྱི་བར་རིམ་གྲོ་བ་མཛད། རྒྱུད་རྒྱལ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་བཞི་ནི་ཤིན་ཏུ་ཟབ་པའི་དབང་གིས་ཡེ་ཤེས་གཟུངས་མ་རྟོགས་རེ་ཞིག་སུ་ལ་ཡང་མ་སྤེལ་བས་ཐུགས་ཀྱི་སྲས་མཆོག་དམ་པར་གྱུར་ཏེ། སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལས། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་གྱུར་བ་མཚན་བརྗོད་པར་དཀའ་བ་གཡུ་ཐོག་ཞབས་ཀྱི་སྤྱན་སྔར། རྗེ་དེ་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱིས་ཚོ་བ་རུ་མཚམས་སུ་སྐྱེས་པའི་སུམ་སྟོན་ཡེ་ཤེས་གཟུངས་བདག་གིས་སྒོ་གསུམ་གུས་པའི་སྒོ་ནས་ལོ་གྲངས་དུ་མར་ཞབས་ལ་གཏུགས་ཤིང་མཉེས་པ་རྣམ་གསུམ་གྱིས་དགྱེས་པར་བྱས་པ་ལ་བརྟེན་ནས། གཞུང་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་བུམ་པ་གང་འབྱོའི་ཚུལ་དུ་ཕ་ཕོགས་སུ་ཕོགས། འཕྱུགས་གོལ་མེད་པའི་ཟབ་གནད་མཐའ་དག་ནི་བསྟན། ཉམས་འཁྲིད་ཟབ་མོའི་རྐྱ་བར་ནས་བཏོན། ཐུགས་ཀྱི་སྲས་དམ་པར་ནི་དབང་བསྐུར། མཚུངས་པ་མེད་པའི་རྗེ་བཙུན་བླ་མ་དམ་པ་འདི་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དངོས་སུ་ཁ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་ཐག་ཆོད་ཅིང་། དེའི་བྱིན་རླབས་ཀྱིས་བདག་ཀྱང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་གནས་ལུགས་ཐུན་མོང་མ་ཡིན་པ་ཕྱིན་ཅི་མ་ལོག་པའི་ལྟ་བ་ཟབ་ཅིང་ཕྲ་བ་ཡང་ཇི་ལྟ་བ་བཞིན་བདེ་བླག་ཏུ་རྟོགས་པས། རང་གཞན་གྱི་དོན་གཉིས་འབད་མེད་ལྷུན་གྱི་འགྲུབ་པའི་རྟེན་འབྲེལ་ཡང་དག་པར་བསྒྲིགས། ཁྱད་པར་དུ་ཡང་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་བའི་བཀའ་གནད་ནི་ཁོ་བོ་གཅིག་པུ་ལས་གཞན་དུ་མ་གནང་ཞིང་། ཁོ་བོ་ལ་བརྒྱུད་པ་གང་ཐུབ་ཚད་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་བཙན་ས་ཟིན་ནས་གཞན་དོན་གསོ་བ་རིག་པས་སེམས་ཅན་ལ་ཕན་པ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་ཡང་དགྱེས་པར་མཛད་པ་ཡིན་ལ། སྐུ་ལྔ་ལྷུན་གྲུབ་མར། ཁོ་བོ་རུ་མཚམས་སུམ་པའི་བུ། །ཛྣ་ན་དྷར་བདག་འདྲ་ཡིས། །དཔོན་ཁོང་གི་སྙན་པ་རྒྱང་ནས་ཐོས། །མཚན་ཐོས་པ་ཙམ་གྱིས་མོས་པ་སྐྱེས། །ལམ་དཀའ་བ་སྤྱད་ནས་སྤྱན་སྔར་ཕྱིན། །ཞལ་མཐོང་བ་ཙམ་གྱིས་བྱིན་རླབས་ཕོག །ལོངས་སྤྱོད་འབུལ་ནོར་མི་ཆེ་ཡང་། །ཕ་ཞིང་རྟ་རུ་བཙོངས་ནས་ཕུལ། །ལུས་ཀྱི་ཞབས་ཏོག་མ་གྲུབ་ཀྱང་། །བླ་མ་ཅི་གསུང་བཀའ་མི་བཅག །ཚིག་དོན་སྤྱོད་ཉམ་མི་ཆེ་ཡང་། །གཡེལ་འཁྲུལ་མེད་པར་ལོ་གསུམ་བསླབས། །རྒྱ་ཕྱེད་སྙན་གྲོང་སྡོད་དུས་སུ། །གདམས་པའི་རྩ་བ་མ་ཆོད་ཀྱང་། །ལན་ཅིག་སྨོན་ལམ་ཐུགས་རྗེ་ཡིས། །གསོ་བ་རིག་པའི་རྒྱུད་འདི་གནང་། །ཆད་ལྷག་མེད་པའི་དབུ་སྙུང་བཞེས། །དྲང་སྲོང་བརྒྱུད་པའི་བྱིན་རླབས་མཛད། །ཆིག་བརྒྱུད་རྒྱུན་མ་བཅད་པའི་ཕྱིར། །ད་རེས་ཁྱེད་ལ་གཏད་པ་ཡིན། །ད་ཡང་མི་སྤེལ་གཏེར་དུ་སྦེད། །མཆེད་གྲོགས་གཞན་གྱིས་མ་མཐོང་བར། །ཕག་ཏུ་ཡིག་ཆུང་ཟིན་བྲིས་ཐོབ། །ལོ་སྐོར་གཅིག་ཏུ་གསང་ཐུབ་གྱིས། །དེ་ཡིས་དངོས་གྲུབ་ཐོབ་པོ་གསུངས། །གསུང་བ་བཞིན་དུ་ལག་ལེན་བྱས། །རེས་འགའ་རི་བོའི་རྩེ་ལ་བྲིས། །རེས་འགའ་གྲོག་པོའི་ཕུགས་སུ་བྲོས། །རེས་འགའ་ཤིང་གསེབ་རྩིག་ཕག་བྲིས། །དེ་ནས་ལོ་གྲངས་བཅུ་གསུམ་ན། །གནམ་ལོ་རྒྱལ་པོ་རྟ་ལོ་ལ། །གཡས་རུ་དཔལ་སྐོར་ལྷ་ཁང་དུ། །ཕྱི་མོ་ཟིན་བྲིས་དཔེ་ལ་བཤུས། །སྔན་ཆད་ཐོས་ཚོར་མཐོང་བ་མེད། །ད་ནི་མཁའ་ལ་ཉི་ཤར་བཞིན། །འགྲོ་བའི་དཔལ་དུ་ཤར་བ་ཤོག །མཁས་པ་གཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་ཤེས་ལགས་པ་འདྲ། །དངོས་རང་ཡིད་ལས་སྐྱེས་སམ་སྙམ། །ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །བསམས་ཀྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་བརྗེད་དུས་གསུམ་གཙུག་ཏུ་ཁུར། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དཔོན་ཁོང་ལ་བུ་སློབ་གྲངས་མང་ཡང་། །སྐུ་ཚེའི་སྟོད་ལ་གྲགས་པ་དེ། །རྩིས་མདའི་བྱང་སྨན་དཔེ་ལེ་ཡིན། །ཆེ་འགྲན་དཔོན་ལ་བྱེད་བྱེད་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གྲགས་པ་ཅི་ལ་བྱེད། །སྐུ་ཚེའི་བར་དུ་གྲགས་པ་དེ། །ཁམས་ཀྱི་སྟོན་པ་ཨ་ཚེས་ཡིན། །བརྒྱད་པའི་རྩ་འགྲེལ་བསྒྲིག་བསྒྲིག་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གཞུང་བཤད་གང་ལ་བྱེད། །སྐུ་ཚེའི་སྨད་དུ་གྲགས་པ་དེ། །ནུབ་ཀྱི་དགེ་བཤེས་རོག་ཆུང་ཡིན། །རིགས་བརྒྱུད་ཆེ་ས་འཛིན་འཛིན་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་འཁོར་ལ་ཅི་ཡིས་སྐྱོང་། །ཐོག་མར་དུས་མེད་བསྒྲིལ་པ་ཡིས། །སྲས་པོ་གཉིས་དང་མག་པ་གཉིས། །དཔོན་སློབ་གོ་འདྲིས་འཁྱེར་འཁྱེར་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་བུ་སློབ་ཅི་ཡིས་སྐྱོང་། །ཕྱོགས་ནས་བྱོན་པའི་བུ་སློབ་རྣམས། །ལ་ལ་སྡིག་ཐོག་སྣ་རེ་སློབ། །ལ་ལ་སྣང་ཚད་གཅེས་པར་འཛིན། །ལ་ལ་རྩད་གཅོད་ནན་ཞུས་བྱེད། །ལ་ལ་བྱུང་ཚད་ཡིག་སྣ་སྒྲུབ། །ལ་ལ་ཟོང་མེད་སྟོང་ལོག་བྱེད། །ལ་ལ་ལག་ལེན་བལྟས་ནས་འགྲོ། །ལ་ལ་གཞས་དང་དགོད་འཕྱོ་བྱེད། །ལ་ལ་དོན་མེད་ལྡོང་ལྡོང་བྱེད། །གདམས་པ་འདི་ཡི་རྩད་མ་ཆོད། །ཁོང་དེང་སང་ནད་པ་ཅི་ཡིས་གསོ། །མཁས་པ་གཡུ་ཐོག་མགོན་པོ་ཡི། །གདམས་པ་ཐོབ་པ་ཨ་པོ་ཙམ། །གཡུ་ཐོག་བཀའ་བབས་བདག་ལ་བབས། །འཚོ་བྱེད་གཞོན་ནུ་བྱོན་ལགས་ཀྱང་། །སྨན་དཔྱད་ཞུ་རྒྱུ་མེད་དམ་སྙམ། །བདག་སྙན་གྲགས་བསོད་ནམས་མི་དགོས་ཏེ། །བླ་མ་དྲད་སྲོང་དངོས་དང་མཇལ། །གདམས་ངག་མི་ཆེའི་ཀ་ཐབས་མེད། །ཅེས་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་བྱེད་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་སྲས་ཀྱི་ཐུ་བོར་གྱུར་པ་སུམ་སྟོན་ཡེ་ཤེས་གཟུངས་ཡིན་ལ། དེས་གཡུ་ཐོག་པའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ། གསང་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་བ་འབུམ་ཆུང་གསལ་སྒྲོན། རྐང་འབམ་གསོ་བ་སྙན་བརྒྱུད་ཟིན་བྲིས་ལ་སོགས་པ་བསྟན་བཅོས་ཁ་ཡར་དང་། གཙོ་བོར་དཔལ་ལྡན་རྒྱུད་བཞི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས། དེའི་སློབ་མའི་གཙོ་བོ་ནི་གཞོན་ནུ་ཡེ་ཤེས་ཡིན་ཏེ། སྐུ་ལྔ་ལྷུན་གྲུབ་མ་ལས། རིག་པའི་ཡེ་ཤེས་གཡུ་ཐོག་མགོན་པོ་ལགས། །ཡིད་ལས་སྐྱེས་ནི་སློབ་དཔོན་ལྷ་རྗེ་ལགས། །དངོས་རང་འཚོ་བྱེད་གཞོན་ནུ་ཡེ་ཤེས་ལགས། །ཚེ་རབས་ཐོག་མ་མེད་པའི་སློན་དཔོན་ལགས། །བླ་མའི་ཐུགས་རྗེས་ཁོ་བོ་ཟིན་པ་ལགས། །སྣོད་ལྡན་བདག་ལ་བླ་མ་བཀའ་དྲིན་ཆེ། །ཞེས་བྱུང་བ་ལྟར་དང་། གཞན་ཡང་མངའ་བདག་རྩེ་ལྡེའི་སྐབས་ཨྱོན་གྱི་སྨན་པ་མིག་བཅོས་སོགས་མཛད་པ་པོ་ཛིན་མི་ཏྲའི་སྲས་གསོ་རིག་རྒྱ་མཚོའི་མཐར་སོན་པས་རྒྱལ་པོའི་བླ་སྨན་མཛད། བཙུན་མོའི་ནད་བཅོས་པའི་ཚེ་མི་ཚངས་སྤྱོད་ཀྱི་ཉེས་པ་ཤོར་བས་གསོད་པར་ཕངས་ཏེ་ཕྱག་བཅད་པས་བྷ་རོ་ཕྱག་རྡུམ་མམ་སྐྱེས་བུ་མེ་ལྷར་གྲགས་པ་བོད་དུ་ཕེབས། སྙན་བརྒྱུད་བེ་བུམ་ནག་པོ། ཆུང་དཔྱད་བེ་བུམ་སྔོན་པོ། འབུམ་ཁུ་ཚུར། །རྡེལ་སྐོར་ཕྱི་ནང་གསང་གསུམ་སོགས་མན་ངག་གི་ཡིག་སྣ་མང་དུ་མཛད། མཐའ་བཞི། དགོན། སྟོང་། ཟེའུ་སྨན་པ་སྟེ་ཐུགས་སྲས་བཞི། ཉང་། གཡའ། འབེ་ལ་སོགས་པ་ཞལ་སློབ་ཀྱང་དུ་མ་བྱུང་བ་སོགས་ཁ་འཐོར་པའི་སྐོར་ཡང་དུ་མ་ཡོད། བིརླྦ་བ་ནས་བརྒྱུད་པའི་གཅོང་སྡེ་བཞིའི་མན་ངག་ཐར་ལོས་ཟིན་བྲིས་སུ་བཏབ་པ་དང་། མི་ཏྲ་ཛོ་གི་ལུགས་ཀྱི་མིག་འབྱེད་མུན་སེལ་སྒྲོན་མེ། ཀམ་པོ་ཙེའི་གླིང་དུ་བླ་མ་ཨ་བ་དྷུ་དྷིབ་ལས་ཇོ་བོ་ཨ་ཏི་ཤས་བཞེས་པའི་ཁྱི་དུག་གསོ་ཐབས། རྒྱུད་བཞི་ལ་བརྟེན་པའི་གསོ་དཔྱད་ཀྱི་ཡིག་ཆ་གཡུ་ཐོག་ཕྱི་མ་མན་ཆད་དུ་དར་བ། གཡུ་ཐོག་ཁ་རག་ལྷ་རྗེས་རྗེ་ཡོན་ཏན་མགོན་པོའི་རྣམ་ཐར་ནོར་བུའི་འཕྲེང་བ་དང་། ཀོང་བོ་བདེ་རྒྱལ་གྱིས་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད། ཕག་སྟོན་ཤཱཀྱ་མགོན་པོས་དོན་གསལ་ཉི་མའི་འོད་ལྡན། ནུབ་ཕྱོགས་འགྲོ་ལྡིང་པའི་པན་ཆེན་བྱ་ལི་བ་དང་སྤྲུལ་བས་འགྲོ་དོན་མཛད་པའི་སྨན་པ་བཅུའི་ནང་ཚན་སྤྱད་ལུང་སྤུད་ཏྲའི་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་བསྒྱུར་བ་དངུལ་ཆུའི་གཞུང་སྐོར་གསུམ་དང་རིན་ཆེན་རིལ་བུའི་སྐོར། དབྱུག་བཅོས་ཕ་དམ་པ་སངས་རྒྱས་ཀྱིས་ཁྱུག་དཔྱད་དཀར་ནག་ཁྲ་གསུམ་དང་རྟེན་འབྲེལ་གྱི་སྐོར་མང་བ། ཀརྨ་པ་རང་བྱུང་རྡོ་རྗེས་སྨན་མིང་རྒྱ་མཚོ། །བརྒྱད་པའི་སྙིང་པོ་བསྡུས་པ། དབང་རིལ་སོགས་དང་། བ་རི་ལོ་ཙཱ་བས་རིག་པ་ཐོར་བུའི་འབུམ། ལོ་ཙཱ་བ་གྲགས་སེང་གི་ཉེར་མཁོ་ཕྱོགས་བསྡུས་བེ་བུམ། ཆག་སྨན་རིན་ཆེན་རྒྱལ་མཚན་དང་ཤཱཀྱ་ཡེ་ཤེས་ཀྱི་ཕྱོགས་བསྒྲིགས་མན་ངག་མུ་ཏིག་འཕྲེང་བའམ་འབུམ་ཁུ་ཚུར་དཀར་ཆག་དང་བཅས་པ། དེ་ལས་ལྕང་སྨན་སངས་རྒྱས་མགོན་པོས་བཏུས་པ་འབུམ་ཁུ་ཚུར་གདམས་པ་སུམ་ཅུ་བ། ལྷ་བཙུན་འབྲོང་རྩེ་བས་སྨན་ནག་ཆེན་མོ་ལ་སོགས་པ་འབྲོང་རྩེ་བེ་བུམ་དུ་གྲགས་པ་དང་། གདོང་ནག་ལྕེ་སྨན་དར་རྒྱས་ཀྱི་རྩ་རྒྱུད་ཀྱི་འགྲེལ་ཆེན། བར་སྨན་པའི་འཇུག་ཁུག་མར་གྲགས་པའི་མན་ངག་མང་བ། སྤྱི་པ་དཔལ་མགོན་རྡོ་རྗེས་བཤད་རྒྱུད་ཀྱི་འགྲེལ་བ་འཐད་ལྡན་འོད་ཟེར་རབ་ཏུ་འཕྲོ་བ་རྣམས།

དེ་ཡང་བྲང་ཏི་ནི། ཆོས་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་སུ་གྲགས་པའི་བློན་པོ་དང་། བླ་སྨན་ཟུང་དུ་འཇུག་པ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་བྲང་ཏི་དར་མ་སྙིང་པོ། བྲང་ཏི་གྲགས་པ་འབུམ། བྲང་ཏི་ཇོ་བཙུན། བྲང་ཏི་དཔལ་ལྡན་འབུམ་སོགས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་བར་མ་ཆད་པར་བྱུང་ཞིང་བདུད་རྩི་ཡུར་འདྲེན་ལ་སོགས་པ་མན་ངག་ཆིག་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡི་གེར་བཏབ་པ་ལ་བྲང་ཏིའི་པོད་ཁྲ་པོད་དམར་དུ་གྲགས། དེ་ནས་བྲང་ཏི་བསོད་ནམས་འབུམ། དེ་སྲས་འཇམ་དཔལ་བཟང་པོ་ནི། གཞོན་ནུ་ནས་ཤེར་རབ་དང་ཐུགས་སྟོབས་ཤིན་ཏུ་ཆེ་བ། ཀརྨ་པཀྵིས་ཀྱང་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པ་རྒྱ་ཆེར་མཛད་པ་ཞིག་འོང་ཞེས་ལུང་བསྟན། ཡབ་ལ་བསྟན་བཅོས་བརྒྱད་པ་རྩ་འགྲེལ། སྨར་བྱང་མ་བུ། ཨ་ཙ་རྱའི་གསོ་དཔྱད་སྐོར་གསུམ་ལ་སོགས་པའི་བཤད་སྐོར་མན་ངག་ཕྱག་ལེན་གསན། སྒོ་བཞི་རེ་ཐང་དུ་གཡུ་ཐོག་པའི་འཇམ་དཔལ་དང་མཇལ། རྒྱུད་བཞི་ཆ་ལག་དང་བཅས་པ་དང་གཡུ་ཐོག་པའི་ཕྱག་ལེན་མན་ངག་རྣམས་ཞུས་ཤིང་ཐུགས་སུ་ཆུད། རྩིས་ཕུ་བྱང་མོ་ཁུད་དུ་ལྗང་སྨན་པ་ཡེ་ཤེས་བཟང་པོ་ཡུན་རིང་དུ་བསྟེན་ནས་ཡན་ལག་བརྒྱད་པ་ལ་མཁས་པར་སྦྱངས་པ་སོགས་བོད་དུ་གྲགས་པའི་གསོ་དཔྱད་ཕལ་མོ་ཆེ་ལ་དབང་འབྱོར། བླ་མ་བདག་ཉིད་ཆེན་པོའི་གདན་སར་སྤྱན་དྲངས། བརྒྱད་པའི་འཆད་ཉན་བཙུགས། བརྒྱ་ཚོ་ཕྱེད་ཀྱི་གོ་ས་དང་བླ་སྨན་གྱི་མཐིལ་མཛད། དུས་ཆོས་ལ་རྒྱུད་དང་བརྒྱུད་པ་ལག་ལེན་པོ་ཏི་རྣམས་མ་ཆག་པར་གསུང་པ་སོགས་གཞན་དོན་ཁོ་ནས་དུས་འདའ། སྡེ་ཚན་ལྔ་འགྲེལ་ལམ་ཕྱི་མ་རྒྱུད་ཀྱི་སྦྱོར་ཚད་ཡོད་པ་ལག་ལེན་པོད་ཆུང་དུ་གྲགས་པ་ཚད་ལྡན་སྦྱོར་བ་རྣམས་ཀྱི་ཁུངས་སུ་བྱེད་ཅིང་། ཕལ་ཆེ་བ་གཡུ་ཐོག་ལག་ལེན་པོད་ཆུང་དངོས་དང་འཁྲུལ་གཞི་ཡོད་པ། བྱ་འདྲེའི་བཅོས་རྣམས་མཛད། དེའི་སྲས་བགྲེས་པ་བྲང་ཏི་ཤིང་རྐང་ངམ་རྒྱལ་བ་བཟང་པོས་རང་གི་ཡབ་དང་བི་ཇི་དཔལ་མགོན་སོགས་བསྟེན་ནས། གཞུང་མན་ངག་ཕྱག་ལེན་རྣམས་ཐུགས་སུ་ཆུད། གཡུ་ཐོག་འཚོ་བྱེད་ཀྱི་སྤྱན་སྔར་བྱོན་ནས་རྒྱུད་བཞི་ཆ་ལག་དང་བཅས་པ་དང་། ལག་ལེན་པོད་ཆུང་ལ་སོགས་པའི་གདམས་པ་དུ་མ་གསན། སྒོ་བཞི་རེ་ཐང་དུ་བཤད་གསར་ལ་བྱོན་པར་གཞན་རྣམས་ཁྲི་ཆུང་ལོགས་སུ་ཡོད་པའི་སྟེང་ནས་བཤད་པར་བྱ་དགོས་ཀྱང་། དཔོན་འཚོ་བས་ཁྱེད་གནང་རིགས་ཀྱི་སྨན་པ་གཞན་དང་མི་དྲ་བས་གཡུ་ཐོག་པ་རང་གི་ཆོས་ཁྲི་ནས་གྱིས་ཞེས་གསུངས། ཡབ་ཀྱི་གདན་ས་དང་གདུང་བརྒྱུད་ཁུ་དབོན་རྣམས་ཀྱི་བླ་སྨན་སྔར་མུ་ལྟར་བསྐྱངས། སྟོད་སྨད་ཀྱི་སློབ་མ་དུ་མ་ལ་གཞུང་མན་ངག་ཕྱག་ལེན་རྣམས་ལེགས་པར་གནང་པ་སོགས་འགྲོ་ཕན་རླབས་ཆེ། དེའི་གཅུང་གཞོན་ནུ་ནས་རབ་ཏུ་བྱུང་བས་དཔལ་ལྡན་འཚོ་བྱེད་དུ་གྲགས། དེས་གཅེན་དང་ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་དུ་བསྟེན་ནས་རྒྱུད་བཞི་ཆ་ལག་འགྲེལ་ཏིག་ཕྱག་ལེན་དང་བཅས་པའི་ཚིག་དོན་རྫོགས་པར་ཞུས། ཐོས་ལོ་ཙམ་མ་ཡིན་པར་ཐུགས་སུ་ཆུད་ཅིང་། བསྟན་བཅོས་བརྒྱད་པ་ལ་གཡུ་ཐོག་པའི་ཊཱི་ཀཱ། བྱང་མོ་ཁུད་པའི་འགྲེལ་བ། ཡབ་དང་ཆོས་རྗེ་མི་ཉག་གསུམ་གྱི་བཤད་སྒྲོས། མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་གནས་དྲུག་པ་བློ་གྲོས་མཚུངས་མེད་ཀྱིས་མཛད་པའི་མཆན་བུ་རྣམས་ལ་བརྟེན་ནས་འཆད་ཉན་ལོ་དུ་མར་བསྐྱངས། ཁོག་འབུགས་ཤེས་བྱ་རབ་གསལ། རྩ་རྒྱུད་ཀྱི་འགྲེལ་བ་རྒྱུད་དོན་རབ་གསལ། ཕྱི་རྒྱུད་འགྲེལ་བ་ཚུལ་གསུམ་སྣང་བ། རྩ་མདོའི་འགྲེལ་བ་ཉི་མའི་འོད་ཟེར། བརྒྱད་པའི་ཁོག་འབུགས། དྲང་སྲོང་གི་རྟོགས་བརྗོད། མ་ལ་ཡའི་དཀའ་འགྲེལ། ཕྱི་རྒྱུད་སྨན་སྦྱོར་དཔེ་རིས། རྩའི་ལྷ་མོའི་སྒྲུབ་ཐབས། ཆུ་མདོའི་འགྲེལ་བ་ཚིག་དོན་གསལ་བྱེད་ཡིད་བཞིན་ནོར་བུ། ཐང་ཕྱེའིི་འགྲེལ་བ། བྱང་ཁོག་གི་ཐིག་འགྲེམས་གསལ་སྒྲོན་གཅེས་བསྡུས། མདོ་གནས་ལེའུ་སུམ་ཅུའི་འགྲེལ་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་མཛད་དེ་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་བྱུང་། འདིའི་སྐུ་ཚ་བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱི་རྩ་རྒྱུད་ལེའུ་དང་པོའི་འགྲེལ་བ་དང་། ཡབ་མེས་གོང་མ་ན་རིམ་དང་ཁྱད་པར་དཔལ་ལྡན་འཚོ་བྱེད་ཀྱི་དགོངས་པ་དང་རང་ཉིད་ལ་ཡི་དམ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་པ་དཀར་པོ་དྲུག་སྦྱོར་སོགས་ཕྱོགས་གཅིག་ཏུ་བུ་རྣམ་རྒྱལ་བཟང་པོའི་དོན་དུ་བསྡུས་ཏེ་མན་ངག་གསེར་བྲེར་གྲགས་པ་བསྡེབས། གདུང་རབས་མཐར་ཆགས་སུ་བཀོད་པའི་ཡིག་ཆ་མ་མཐོང་རུང་། གསེར་བྲེ་ཆུང་བའི་དམུ་ཆུའི་གདམས་པའི་བརྒྱུད་པ་ལྟར་ན། དཔལ་ལྡན་རྒྱལ་མཚན་ནས་བྲང་ཏི་ཀུན་དགའ་བཟང་པོ། དེ་ནས་བྲང་ཏི་སྟག་ལ་དཔལ། དེ་ནས་བྲང་ཏི་རྡོ་རྗེ་དཔལ་བཟང་། འདིས་བཤད་རྒྱུད་འགྲེལ་བ་དོན་གསལ་མཛད། དེས་བྲང་ཏི་དཔལ་འབྱོར་དོན་གྲུབ་ལ་གཞུང་གདམས་མན་ངག་དང་བཅས་པ་གནང་། གསེར་བྲེ་ཆེ་བ་ལས་བཏུས་པའི་ཆུང་བ་མཛད་དེ་སྲས་ལ་གནང་། དེས་མན་ངག་དངུལ་བྲེར་གྲགས་པ་སྤེལ་བ་གསེར་བྲེ་རྣམས་ལས་ཅུང་ཟད་བརྗོད་བྱ་ཞལ་གསལ་བར་སྣང་། ས་སྐྱ་སྨན་གྲོང་དུ་ཡབ་མེད་ཀྱི་སྲོལ་བཞིན་སྨན་དཔྱད་ཀྱི་བསྟན་པ་བསྐྱངས། བྲང་ཏིའི་ཞལ་ངོ་དཔལ་མགོན་རྡོ་རྗེ་དང་ཆོས་རྒྱལ་བཀྲ་ཤིས་ཞེས་པ་བྱུང་འདུག་སྟེ་གོང་གི་སྲས་ཀྱི་མཚན་ཡིན་མིན་ཐེ་ཚོམ་དུ་གྱུར། ཡན་ལག་བརྒྱད་པ་ལ་བརྟེན་པ་ཤས་ཆེ་བ་མ་ར་སྒོམ་ཆེན་གྱིས་ཊཱི་ཀཱ་གསལ་བྱེད་མེ་ལོང་། གཡུ་ཐོག་བཀྲ་ཤིས་མགོན་གྱིས་ལེ་གྲངས་ཀྱི་བསྡུས་དོན། འཕེལ་ཟད། རོ་སྦྱོར། ནི་རུ་ཧའི་ལས་རིམ། མཚན་ཉིད་ཉི་ཤུ་ལ་སོགས་པའི་ཤོག་ཁྲ། གཡུ་ཐོག་རྒྱལ་ཚས་སྟོང་ཐུན་ཆེན་མོ། ལུང་གྲངས་ཉི་མའི་སྙིང་པོ། ཡང་གཡུ་ཐོག་འབུམ་སེང་གི་སློབ་མ་འབལ་སྨན་ཉི་མ་དཔལ་གྱིས་གཅེས་བསྡུས་ཡིད་བཞིན་ནོར་བུ་བརྩམས་ནས་གཡུ་ཐོག་འཇམ་དཔལ་ལ་བཤད། དེས་བྲང་ཏི་དཔལ་ལྡན་བཟང་པོ་ལ་གནང་། དེ་ནས་རྒྱལ་བ་བཟང་པོ་དང་། དཔལ་ལྡན་འཚོ་བྱེད་ལ་རིམ་པར་བརྒྱུད་ཅིང་། དཔལ་ལྡན་འཚོ་བྱེད་ཀྱིས་དཔལ་ལྡན་རྒྱལ་མཚན་ལ་གནང་བའི་ལུང་བཤད་ཀྱི་རྒྱུན་མ་ཉམས་པར་མཆིས། གཞན་ཡང་ཆོས་རྗེ་ཤཱཀྱ་དཔལ་གྱིས་ལེའུ་དང་པོའི་ཊཱི་ཀཱ་ཟླ་ཟེར་མེ་ཏོགབྱང་མོ་ཁུད་པ་ཡེ་ཤེས་བཟང་པོའི་དོན་གསལ་ཉི་མའི་སྙིང་པོ། མཐའ་བཞི་ཤི་ལ་སམྦྷས་ཁོག་འབུབས་བདུད་རྩིའི་ཆུ་རྒྱུན། མི་ཉག་རྡོ་རྗེ་འབུམ་གྱི་ཟབ་འགྲེལ། ས་བཅད། རྫ་ཇོ་ཟུང་གི་སྤྱི་ཁོག་གསལ་བ། ཤག་རམས་པ་ཉི་མ་དཔལ་གྱི་འགྲེལ་བཤད་ཉི་མའི་འོད་ཟེར། དགེ་བཤེས་རོག་སྟོན་གྱི་ཚིག་དོན་གསལ་བྱེད་དཔལ་ཆེན་འོད་པོའི་རྒྱུད་ཆུང་ཉི་མའི་འཁོར་ལོ། རྗེ་ས་པཎ་གྱི་བརྒྱད་པའི་དོན་བསྡུས། བཅོམ་ལྡན་རལ་གྲིའི་གསོ་དཔྱད་རྒྱན་གྱི་མེ་ཏོགསྟག་ལོའི་ཁོག་འབུགས་དང་ལག་ལེན་གཅེས་བསྡུས། སྟོང་སྨན་འཚོ་བྱེད་གཞོན་ནུའི་སྙིང་པོ་བསྡུས་པ། དངུལ་ཆུ་གྲུབ་པའི་བསྟན་བཅོས། རྗེ་བཙུན་གྲགས་རྒྱལ་གྱི་རྒྱལ་པོའི་དཀོར་མཛོད། སྨན་གྲོང་པའི་གསེར་བྲེ་དངུལ་བྲེ་སོགས་མདོར་ན་བོད་སྨན་མཁས་པས་སྔ་ཕྱིར་མཛད་པའི་བསྟན་བཅོས་ཀྱི་གྲངས་སྔ་རབས་པའི་ཡིོག་ཆ་ལྟར་ན།

བདུན་པ་བོད་ཀྱི་མཁས་པའི་ལུགས། དེ་ལ་གཙོ་བོ་མཁས་པ་དགུ། །སྟོང་དང་གཉའ་དང་མཐའ་བཞི་གསུམ། །མི་ཉག་བྲང་ཏི་གཡུ་ཐོག་གསུམ། །བི་ཇི་ཆོས་རྗེ་འུག་པའོ། །དེ་ལ་དང་པོ་སྟོང་སྨན་ནི། །ལོ་ཙཱ་ཛྙཱ་ན་མི་ཏྲ་ཡིས། །དབུས་མཐའ་ཡི་དོན་རྒྱལ་བ་སོགས། །དྷརྨ་ཕ་ལས་རིག་པ་འབུམ། །ཀུན་དགའ་དབང་ཕྱུག་རྩ་ཆུ་ཡི། །སྟོང་ཐུན་འཕྲུལ་གྱི་མེ་ལོང་བརྩམས། །རྒྱལ་མཚན་འབྱུང་གནས་ཚ་བ་ཡི། །སྟོང་ཐུན་བདུད་རྩིའི་ཆུ་རྒྱུན་བཀོད། །ཛ་ན་དྷ་ར་ཞེས་བྱ་བས། །དམུ་ཆུའི་འཕྲུལ་ཚགས་མན་ངག་བསྟན། །འཚོ་བྱེད་གྲུབ་པས་འབྲས་བཅོས་དང་། །ཤཱཀྱ་བློས་བྱང་ཁོག་ཐིག་ཁྲེམས་བྱས། །ཡེ་ཤེས་དབང་ཕྱུག་གག་ལྷོག་གི། བཅོས་སྐོར་བདུད་རྩིའི་ཐིགས་པ་སོགས། །དཔལ་མགོན་ཤེས་རབ་ཅེས་བྱ་བས། །མོ་ནད་བཅོས་སྐོར་བལྟས་ཆོག་བརྩམས། །མགོན་པོ་རྡོ་རྗེས་རྟེན་འབྲེལ་གྱི། །བརྟག་པ་སུམ་ཅུ་པ་ཞེས་བྱས། །མཆོག་གྲུབ་གག་གཟེར་བཅོས་ཐབས་དང་། །ཀུན་ཤེས་མིག་གི་མན་ངག་བསྟན། །བྱང་ཆུབ་དཔལ་གྱི་རྡེལ་བཅོས་སོགས། །བསམ་གཏན་ཤེས་རབ་དཔྱད་དབྱུང་ནི། །ཆུ་ཡི་འཕྲུལ་འཁོར་ཞེས་བྱ་བ། །འོད་ཟེར་མགོན་པོས་བཅུད་ལེན་དང་། སྟོང་ལ་སྟག་ཆུང་ཞེས་བྱ་བས། །རྩ་བཤད་ཕྱི་གསུམ་འགྲེལ་བ་དང། །མན་ངག་རྒྱུད་ལ་དཀའ་མཆན་སོགས། །ཀུན་དགའ་སྙིང་པོས་བཅུད་ལེན་རིགས། །དཔལ་ཤེས་བརྒྱད་པའི་བསྡུས་དོན་སྦྱར། དོན་གྲུབ་མགོན་གྱིས་རིམས་བཅོས་དང་། །ལེགས་ལྡན་མགོན་པོའི་དུག་བཅོས་སྐོར། །འཇམ་དབྱངས་ཐོར་དཔྱད་སྣ་ཚོགས་བསྡུས། །ཤེས་རབ་འོད་ཟེར་རྙིང་རྒྱུད་ཀྱི། །དོན་འགྲེལ་གསང་བ་ཞེས་བྱ་བརྩམས། །ལོ་ཙཱ་ཛྙཱ་ན་ཤཱཀྱ་ཤྲི་ཡིས། །དབུས་མཐའི་འགྲེལ་བ་རྣམ་འབྱེད་སོགས། གཞོན་ནུ་དབང་ཕྱུག་ཅེས་བྱ་བས། །སོ་མ་རཱ་ཛའི་བསྡུས་དོན་བརྩམས། །འཚོ་བྱེད་གྲུབ་པས་མིག་དང་ནི། །རྡེའུའི་སྒོས་བཅོས་མདེའུ་ཐུང་སྦྱར། །དཀོན་མཆོག་རྒྱལ་མཚན་ཞེས་བྱ་བས། །བརྒྱད་པའི་ལེ་དང་འགྲེལ་བ་བརྩམས། །འཚོ་བྱེད་ནམ་མཁའ་རྒྱལ་མཚན་གྱིས། །རྩ་བཤད་ཕྱི་གསུམ་འགྲེལ་བ་དང་། །བརྒྱད་པའི་དོན་བསྡུས་ལ་སོགས་མཛད། །གཉའ་བ་རྣམས་ཀྱི་བརྩམས་ཆོས་ནི། །སྙིང་རྒྱུད་འགྲེལ་བ་ཡང་དག་གསལ། །ཇ་ལོག་དོན་ཁྲིམས་སྡེ་དྲུག་བརྩམས། །བྱང་ཆུབ་ཤེས་རབ་རྩོད་བཟློག་དང་། །བརྩོན་སེང་དབུས་མཐའི་དོན་བསྡུས་སོགས། །མཐའ་བཞི་རིན་ཆེན་ཞེས་བྱ་བས། །སྐྲ་ཤད་འཛིངས་པའི་དོན་བསྡུས་དང་། །དེར་སེང་མགོ་བོའི་བཅོས་ཀ་སོགས། །མི་ཉག་རོང་རྗེ་འགའ་འགའ་ཡིས། །རི་བོ་བརྩེགས་པའི་འགྲེལ་བ་སོགས། །བྲང་ཏི་སྤྲེའུའི་ཁོག་འབུབས་སོགས། །ཏྲིག་ཧུས་ཚད་པའི་སྐབས་དྲུག་དང་། །རྒྱལ་མཉེས་བདུད་རྩི་གསང་མཛོད་སོགས། །གཡུ་ཐོག་མགོན་པོ་ཞེས་བྱ་བས། །རཏྣ་གསེར་གྱི་རྒྱུད་སོགས་ལས། །མཚན་དང་དེའི་ལོ་རྒྱུས་བཤད། །གཡུ་ཐོག་མགོན་པོ་གྲུབ་པ་ཡིས། །འགྲེལ་བ་དོན་གསལ་ལ་སོགས་བརྩམས། །གཡུ་ཐོག་མགོན་པོ་ཤེས་རབ་ཀྱིས། །མན་ངག་བདུད་རྩི་བཅུད་བསྡུས་སོགས། །མགོན་པོ་རིན་ཆེན་ཞེས་བྱ་བས། །བུ་གདམས་ལེའུ་དགུ་བཅུ་བཞི། །གཡུ་ཐོག་མགོན་པོ་རྡོ་རྗེ་ཡིས། །རྒྱུད་ཀྱི་ཆ་ལག་ལ་སོགས་དང་། །བྱང་པས་བརྒྱད་པའི་འགྲེལ་བ་དང་། །མགོན་པོ་གྲགས་ཀྱི་ལག་ལེན་སྐོར། །བི་ཇི་ལེགས་བློ་ཞེས་བྱ་བས། །རིག་བྱེད་དོན་བསྡུས་ལ་སོགས་བརྩམས། །དཔལ་ཆེན་རྩ་བ་དོན་སྐོར་གསུམ། །ལྷུན་ནས་མགོ་དཔྱད་རྒྱ་མཚོའི་འཕྲེང་། །མར་བློས་རྨ་བྱ་ནེ་ཙོའོ་སྐོར། །ཤེས་རབ་བློ་གྲོས་ཀླུ་བཅོས་དང་། །མན་ངག་དོན་བསྡུས་ལ་སོགས་བརྩམས། །ཆོས་རྗེ་རྒྱལ་བས་རྟེན་འབྲེལ་དང་། །རིག་བྱེད་དོན་བསྡུས་ལ་སོགས་བརྕམས། །ལྷ་སེས་བདུད་རྩི་བཅུད་བསྡུས་དང་། །མགོན་སེང་བྱང་ཁོག་ཡིག་ཆུང་སྦྱར། །སྟག་ལ་དགའ་ཞེས་བྱ་བ་ཡིས། །བརྒྱད་པའི་ལྡེ་མིག་དོན་ཁྲིགས་སོགས། །ཏི་སང་བརྒྱད་པའི་དོན་བསྡུས་དང་། །དབུ་ལང་ཁོག་དབུབས་ལ་སོགས་བརྩམས། །ཞིག་པས་དོན་ཁྲིགས་བཞི་སྐོར་སོགས། །འུག་པ་ཆོས་སེང་ཞེས་བྱ་བས། །དབྱིག་ཤེལ་དོན་གྱི་འགྲེལ་བ་སོགས། །དབང་ཕྱུག་དག་རྒྱུའི་ཊཱི་ཀཱ་དང་། །རིན་ཆེན་རྒྱལ་པོས་སྐོར་ཚོམས་བཤད། །ཆོས་སེས་ཁ་འཐོར་རིན་ཆེན་སྤུངས། །དེ་རྣམས་མཁས་པ་མི་དགུས་བཤད།

གཞན་ཡང་མཁས་པ་སྣ་ཚོགས་ཀྱིས། །ལེགས་བཤད་སྣ་ཚོགས་འདི་ལྟ་སྟེ། །མཁས་པ་ཡིད་འོང་ལེགས་པ་ཡིས། །བདུད་རྩི་ལེ་བརྒྱད་ཅེས་པ་བརྩམས། །གཟི་བརྗིད་འབར་གྱིས་སྒྲོན་གསལ་དྲུག །ཞང་སྟོན་ཞིག་པོས་བདུད་རྩི་ཐིགས། །ཕན་ནས་དྲི་མེད་གཟི་བརྗིད་དང་། །གྲགས་པ་རྡོ་རྗེས་ཕན་གསལ་དྲུག །བཀྲ་ཤིས་རྡོ་རྗེས་རིན་ཆེན་འཕྲེང་། །ཚིག་སྨན་དགའ་བོས་སྔོ་སྦྱོར་ཆེ། །བྱམས་པ་བརྩོན་སེང་དངུལ་ཆུའི་སྦྱོར། །དྲས་དར་ཚད་པའི་ཏིག་ཆུང་དང་། །དགེ་བཤེས་དམར་པོས་འབུམ་ཆུང་ནི། །མེ་ཡི་འཁོར་ལོ་ཞེས་པ་བྱས། །རྡོ་རྗེ་འབུམ་གྱིས་ཚད་པའི་སྐོར། །རྒྱལ་འབུམ་གྱིས་ནི་མགོ་བོའི་བཅོས། །དགའ་སྡེ་མན་ངག་རིག་པའི་སྡེ། །སྟག་སྒོམ་མངོན་ཤེས་ཅན་གྱིས་ནི། །ཐོར་དཔྱད་སྙིང་གི་དོན་བསྡུས་སྦྱར། །སྨོནལམ་རྒྱལ་མཚན་སྡེ་མའི་སྐོར། །ཉི་མ་དཔལ་གྱིས་མེ་བཙའ་དང་། །སྦལ་སྨན་དཀར་ནག་རྡེལ་མའི་བཅོས། །ཡེ་ཤེས་བློ་གྲོས་དུག་བཅོས་དང་། །ཟླ་འོད་གཞོ་ནུ་ཞེས་བྱ་བས། །བརྒྱད་པའི་དོན་བསྡུས་རབ་ཏུ་བཤད། །བློ་གྲོས་ཀྱིས་ནི་ཁོག་དབུབས་དང་། །གྲྭ་བ་མངོན་ཤེས་ཅན་གྱིས་ནི། །རྒྱུད་ཀྱི་བསྡུས་དོན་གྲུབ་པ་སོགས། །དར་མ་གྲགས་ཀྱི་རྩ་ཆུའི་སྐོར། །འཚོ་བྱེད་དགོན་སྐྱབས་ཞེས་བྱ་བས། །ཚ་གྲང་གི་ནི་སྟོང་ཐུན་བྱས། །ཇོ་གཟུངས་ལོ་རྒྱུས་སྐུ་ལྔ་དང་། །རྒྱུད་ཀྱི་དབྱེ་བ་ཆ་ལག་སོགས། །དབོན་ལེབ་མན་ངག་སྣ་ཚོགས་བསྡུས། །ཨ་ཆས་མགོ་སོགས་རྨ་ཡི་བཅོས། །རོག་ཆུང་དམུ་ཆུ་འཚག་སྐེམ་འདྲེན། །གཏེར་སྟོན་རྒྱ་ཞང་ཁྲོམ་ཞེས་པས། །ཟབ་གཏེར་བཅུད་ཀྱི་དོན་བསྡུས་བརྩམས། །རག་ཤག་གཏེར་སྟོན་ཞེས་བྱ་བས། །པདྨ་ལུང་འཆང་བསྡུས་པ་བསྟན། །ཁྱུང་ཁྲིས་ཐུགས་ཀྱི་ཉིང་ཁུ་དང་། །ལྷ་འབར་གཏེར་ཡིག་དོན་འབྲེལ་བཏོན། །སྙེ་མོ་ཆོས་ཀྱི་དབང་ཕྱུག་གིས། །དོན་བཞི་གསལ་སྒྲོན་ལ་སོགས་སོ། །དམ་པ་རྟེན་འབྲེལ་བརྒྱད་ཅུ་དང་། །བ་རིས་རིག་པ་འབུམ་ཆུང་སོགས། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། །གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་། །དེ་བཞིན་དཔལ་བོ་ཆེ་ཡིས་ནི། །བརྒྱད་ཆུའི་ཉི་མའི་འཁོར་ལོ་དང་། །མཁས་མཆོག་ས་སྐྱ་པཎ་ཆེན་གྱིས། །ཡན་ལག་བརྒྱད་པའི་དོན་བསྡུས་གསུངས། །ཨོ་རྒྱན་པ་ཡི་སྨན་ནག་དང་། །བཅོམ་རལ་གསོ་དཔྱད་རྒྱན་མེ་ཏོག །བྱང་མོ་ཁུད་དང་མེ་གླིང་པའི། །མགོ་བོ་དྲས་མེད་ཟླུམ་བཅོས་དང་། །བློ་གྲོས་མཚུངས་མེད་བརྒྱད་པའི་མཆན། །འདི་རྣམས་རགས་པ་ཆ་ཙམ་ཡིན། །ཞེས་དང་། ཕྱོགས་བཞིའི་སྨན་པ་དང་གཉུག་མར་གནས་པ་བཅས་པས་བཅོས་ལུགས་ལྔ་བཅུ་རྩ་དྲུག་དར་བ་ཡང་། དེ་ཉིད་ལས། ཤཎྜི་གརྦྷས་མཛེ་ནད་སྨན་གསོ་དར། །ཧ་ཤང་ཡ་ནས་མེ་དང་དབྱུག་པ་དར། །ཙན་པ་ཤི་ལས་ཐ་དཔྱད་ཟས་སྤྱོད་དར། །གུ་གུ་སང་མདོས་རྟ་ཡི་སྨན་དཔྱད་དར། །ཁྱོལ་མ་རུ་རྩེས་ཡན་ལག་ཆག་བཅོས་དར། །དྷརྨ་ཤྲཱི་ལས་དུག་གི་སྒོས་བཅོས་དར། །ལོ་ཆེན་རིན་བཟང་བརྒྱད་པའི་བཤད་སྲོལ་དར། །སྐྱེས་བུ་མེ་ལྷས་ལག་ལེན་རྒྱས་བཤད་དར། །པུ་རངས་ཉང་སྨན་ཐུར་མ་ཆད་མེད་དར། །སྟེང་སྨན་སྟག་ཆུང་ཚད་པའི་སྒོས་བཅོས་དར། །འུག་པ་ཆོས་སེང་ཡན་ལག་སྒྱོགས་བཅོས་དར། །བི་ཇི་གཡོར་བས་ཇ་ལོག་བཅོས་ཚུལ་དར། །ཆོས་རྗེ་ན་གུས་མོ་ནད་སྒོས་བཅོས་དར། །བྲང་ཏི་སྲས་ཁྱུང་བྱང་ཁོག་གསལ་འབྱེད་དར། །མི་ཉག་ཟླ་གྲགས་སྟོང་ཐུན་རྒྱས་བཤད་དར། །མཐའ་བཞི་ཤཱཀྱ་དར་རྡེལ་ནད་གཅེས་མཐོང་དར། །གཉན་ནག་དཀོན་སྟོན་རྩ་ཚིགས་སྒོས་བཅོས་དར། །སུམ་སྨན་བཀྲ་ཤིས་ཁོང་ནད་སྒོས་བཅོས་དར། །ཆོས་རྗེ་གྲགས་བསོད་མདེའུ་དམར་འབྱིན་དར། །ཐད་དཀར་རྒྱལ་རིན་མིག་གི་ཐུར་འབྱེད་དར། །གྱིམ་ལྗང་མགོ་དཀར་འབྲས་ཀྱི་རྨ་བསྲེག་དར། །ཇོ་མོ་སྣ་མོས་མདེའུའི་ཟླུམ་བཅོས་དར། །འདར་སྟོན་དགེ་འདུན་ཚ་གྲང་བསྣད་འགྲམས་དར། །གྲུབ་ཆེན་ཨོ་རྒྱན་དངུལ་ཆུའི་སྦྱོར་བ་དར། །རོག་སྟོན་ཆོས་བཟང་ལག་ལེན་སྒང་དྲིལ་དར། །རོག་སྟོན་ཤེས་དབང་སྔོ་སྦྱོར་ཆེན་མོ་དར། །དགེ་བཤེས་རོག་ཆུང་དུག་བཅོས་ཆེ་ཆུང་དར། །སྦ་སྨན་བརྩོན་དབང་ཡན་ལག་རུས་བཅོས་དར། །ལི་སྨན་སྲིད་འཛིན་མགོ་ཡི་དྲ་བཅོས་དར། །གོང་རྗེ་སྨན་བཙུན་ལ་ཉ་བརྟག་པ་དར། །ཁྲ་ཚང་འབྲུག་ལས་རྟེན་འབྲེལ་ནད་གདོན་དར། །གྲྭ་པ་མངོན་ཤེས་སྔ་རྟགས་གཅེར་མཐོང་དར། །ཞང་སྟོན་གཟི་བརྗིད་གཙོ་བོར་བཤད་པ་དར། །དགེ་བཤེས་སུག་སྟོན་ལག་ལེན་དཔེ་ཁྱེར་དར། །པུ་རངས་ཟེ་སྨན་མགོ་བོའི་ཟླུམ་བཅོས་དར། །སུམ་སྨན་ཇོ་བསོད་རྒྱ་ནག་འཁྱུག་དཔྱད་དར། །ལྕེ་སྨན་ཇོ་རྡོར་ཡན་ལག་རྨ་བཅོས་དར། །སྦ་སྨན་ཇོ་ཐོག་ཚ་བའི་སྒང་དྲིལ་དར། །སྲོག་དགོངས་སྨད་རིན་བརྒྱད་པའི་ལག་ལེན་དར། །འབྲོམ་སྨན་བཀྲ་ཤིས་མགོ་དང་མིག་དཔྱད་དར། །ཕྱུག་མཚམས་དར་བསོད་བྱང་ཁོང་འཕྲུལ་བཅོས་དར། །རྡོག་སྨན་བསམ་གཏན་གག་ལྷོག་སྒོག་བཅོས་དར། །བྷེ་ནག་མེ་འབར་མེ་ཆུ་གོ་ལྡོག་དར། །ཞང་གྲུང་བློ་གྲོས་མན་ངག་མེ་ཐུར་དར། །ལྐུགས་པ་མགོ་གཏུམས་མན་ངག་མེདའུ་ཐུང་དར། །ཁྱུང་པོ་གྱི་ནས་དུག་བཅོས་ཆེན་མོ་དར། །རག་ཤག་གཏེར་སྟོན་ཐོར་བུའི་སྒོས་བཅོས་དར། །སྦ་སྨན་ཆེན་མོས་རྣག་གི་འདྲེན་སྐེམ་དར། །རྗེ་སྨན་ཞ་ལུས་བྱང་ཁོག་ཆིངས་ཁྲེམས་དར། །སྟོང་སྨན་སེང་གྲགས་རྡེལ་སྐོར་བཤད་སྲོལ་དར། །ཆིག་སྨན་དགའ་བོས་མན་ངག་བླུན་ཚིག་དར། །སྣུབས་སྨན་ཇོ་བསོད་དུག་གི་སྤྱི་བཅོས་དར། །ཁ་རག་གཙང་སྨན་བསྟན་བཅོས་རྒྱས་བཤད་དར། །ཆོས་རྗེ་ཁྲི་འོད་བརྒྱད་པའི་བཀའ་འགྲེལ་དར། །ལྷ་རྗེ་དགེ་འབུམ་སྨན་ཆོས་ཟུང་འབྲེལ་དར། །ཞེས་དེ་ལྟར་སྔ་ཕྱི་བར་གསུམ་དུ་པུར་རྒྱལ་གླིང་དགུའི་ལྗོངས་འདིར་གསོ་དཔྱད་དར་བར་མཛད་པའི་སྨན་པ་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ཞིག་བྱོན་ནོ། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:55 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།