སྨན་རྩིས་དྲ་བ། - སྣ་ཚོགས།

ཁོག་དབུག་ཁྱུང་ཆེན་ལྡིང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.08.2021
སྣ་ཚོགས། >>


༄༅།། ཁོག་དབུག་ཁྱུང་ཆེན་ལྡིང་བ་བཞུགས་སོ།།

གཡུ་ཐོག་ཡོན་ཏན་མགོན་པོ།

 

༄༅། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།

            གསོ་བ་རིག་པའི་བཀའ་བསྟན་བཅོས་ཐམས་ཅད་འདི་ནས་གསལ་བར་སྟོན་པས་ན་གསོ་བ་རིག་པའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པའི་ཆེ་བ། ༡ སྨན་དཔྱད་ཀྱི་རྒྱུད་གཞན་ཐམས་ཅད་ཟིལ་གྱིས་གནོན་པས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པའི་ཆེ་བ། ༢ གསོ་དཔྱད་ཐམས་ཅད་མ་རྨོངས་པར་འགྲེལ་བས་ན་གསོ་བ་རིག་པའི་དཔྱད་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པའི་ཆེ་བ། ༣ ནད་དང་རྟགས་གསོ་ཐབས་ཐམས་ཅད་མ་ཚང་བ་མེད་པས་གསོ་རིག་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཆེ་བ། ༤ སྨན་དཔྱད་ཀྱི་ལུགས་སྡེ་ཚན་ཐམས་ཅད་འདི་ནས་གྱེས་པས་གསོ་རིག་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ། ༥ ནད་ཐམས་ཅད་མ་བསྒྲིབས་པར་གསལ་བར་མཐོང་ནས་གསོ་རིག་གི་མེ་ལོང་ཡིན་པའི་ཆེ་བ། ༦ གསོ་དཔྱད་ཐམས་ཅད་ཀྱི་བཅུད་འདུས་པས་གསོ་བ་རིག་པའི་དོན་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པའི་ཆེ་བ། ༧ ནད་ཀྱི་གདུང་བ་སེལ་བ་བདུད་རྩིའི་ཆར་རྒྱུན་ཡིན་པའི་ཆེ་བ། ༨ འཆི་བདག་གི་བདུད་ལས་སྐྱོབ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡིན་པའི་ཆེ་བ། ༩ ནད་པ་ཀུན་གྱི་རེ་བ་ཕྱོགས་མེད་དུ་སྐོང་བས་འགྲོ་བའི་སྤྱི་ནོར་ཡིན་པའི་ཆེ་བ། ༡༠ ནད་མེད་པ་ལ་ནད་མི་འབྱུང་བར་བྱེད་ཅིང་ན་བ་འདུ་བ་སྙོམས་ཤིང་ཚེ་བསྲིང་བ་དང༌། འཇིག་རྟེན་འདིར་ཚེ་དང་སྙན་གྲགས་ཆེ། ཕྱི་མའི་བདེ་བ་མཐོ་རིས་བགྲོད་ནས་ཐར་པ་ཐོབ་པས་དགོས་འདོད་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཆེ་བ་སྟེ། ༡༡ རྒྱུད་རྒྱལ་གྱི་ཆེ་བ་བཅུ་གཅིག་དང་ལྡན་པ་ཡིན་ནོ།།

            དེ་ལྟ་བུའི་རྒྱུད་འདི། སྤྱི་དོན་གསུམ་གྱི་སྒོ་ནས་འཆད་དེ། དེ་ལ་དཀྱུས་ཀྱི་འགོ་དྲངས་པ་དང༌། གསོ་བ་རིག་པའི་ཀླད་རྒྱངས་ཆེ་བ་བརྗོད་པ། གཞུང་གི་བཤད་ཐབས་བསྟན་པ་དང་གསུམ་མོ།།

 

དང་པོ། དཀྱུས་ཀྱི་འགོ་དྲངས་པ།

དང་པོར་དཀྱུས་ཀྱི་འགོ་དྲངས་པ་ཞེས་བྱ་བ་ནི། སྐད་གཉིས་འགྱུར་གྱི་སྒོ་ནས་རྒྱུད་ཀྱི་མཚན་བརྗོད་ཅིང༌། སྟོན་པ་ལ་ཕྱག་འཚལ་བ་སྟེ། དེ་ལ་དགོས་པ་ཅི་ཡོད་སྙམ་ན། གང་བཤད་པར་བྱ་བའི་ཐབས་ངོས་ཟིན་ཅིང་འཆད་ཉན་གྱི་བར་ཆད་སེལ་བ། བཤད་པ་འགོ་སྡུམ་དུ་མི་འགྲོ་བའི་དགོས་པ་ཡོད་དོ།།

 

གཉིས་པ། གསོ་བ་རིག་པའི་ཀླད་རྒྱངས་བརྗོད་པ།

གཉིས་པ་གསོ་བ་རིག་པའི་ཀླད་རྒྱངས་བརྗོད་པ་ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་གསོ་བ་རིག་པའི་ཆེ་བ་བཅུ་གཅིག་དང་ལྡན་པས་བསྟན་ཏོ། །དེ་ལ་དགོས་པ་ཅི་ཡོད་སྙམ་ན། རྒྱུད་ཀྱི་ཆེ་དགེ་ཡིག་ཚང་བརྗོད་པས། སྤྱིར་རིག་པའི་གནས་ལྔ་ལས་གསོ་བ་རིག་པ་ཁྱད་པར་དུ་འདོན་ཅིང༌། སྒོས་གསོ་བ་རིག་པའི་ནང་ནས་ཀྱང་རྒྱུད་འདི་ཉིད་ཁྱད་པར་དུ་བཏོན་པས། འཆད་པ་པོ་དང་ཉན་པ་པོ་སྤྲོ་བ་བསྐྱེད་པའི་ཕྱིར་བསྟན་ནོ།།

 

གསུམ་པ། གཞུང་གི་བཤད་ཐབས་བསྟན་པ།

གསུམ་པ་བཤད་ཐབས་བསྟན་པ་ལ་གཉིས། འཆད་ཉན་གྱི་གཉེར་སྒོ་དང༌། བཤད་ཐབས་ཀྱི་སྒོ་བཤད་པའོ།།

དང་པོ་ལ་གསུམ། འཆད་པོ་སྟོན་པའི་གཉེར་དང༌། ཉན་པོ་གྲྭ་པའི་གཉེར། འཛིན་པ་སློབ་བུའི་གཉེར་རོ། །དང་པོ་ནི་སྐྱོན་དྲུག་སྤངས་ཤིང་ཆོས་དྲུག་ལྡན་དུ་བཤད་དེ། ཀུ་རེ་ངག་འཆལ་བྲོ་བཤད་དང༌། །ཁ་པོ་ང་རྒྱལ་རློམ་པས་བཅིངས། །ཕོ་ཐོ་མཐུན་འཇུག་སྙན་ངག་མཁན། །མ་ཤེས་མ་དཔྱད་ལོག་པར་འཆད། །སྟོན་པ་རྣམས་ཀྱིས་སྐྱོན་དྲུག་གིས། །བཤད་པས་རྗེས་འཇུག་འགྲོངས་མི་འགྱུར། །ཆོས་མིན་གཞན་གྱི་ལྷད་མེད་ལ། །ཁ་གསལ་སྐད་ཀྱིས་གདངས་ཐོན་ཅིང༌། །ཚིག་ཐེམས་དོན་འདྲིལ་བཤད་རལ་ཕྱེད། །བློ་ལ་ལོན་པས་སྐྱེལ་ཤེས་པ། །འཆད་པ་པོ་ཡི་ཆོས་དྲུག་ཡིན།།

            ཉན་པ་པོ་ལ་སྣོད་ཁ་སྦུབ་དང༌། ཞབས་རྡོལ་དུག་ཅན་གྱི་སྐྱོན་གསུམ་སྤངས་ཤིང་ཆོས་དྲུག་ལྡན་དུ་ཉན་ཏེ། མ་གུས་མ་དད་དོན་མི་གཉེར། །གཡེང་བས་ཡིད་གདུངས་སྐྱོ་བ་དང༌། །ཁ་སྦུབ་སྣོད་ཀྱི་སྐྱོན་དྲུག་གིས། །ཉན་ཡང་མི་གོ་དེ་ཕྱིར་སྤང༌། །ངག་འཁྱལ་བ་དང་འཕྲོ་བཅད་པས། །ཚིག་དོན་གཉིས་ཀ་མི་འཛིན་དང༌། །ལོག་པ་མ་ཕྱེད་གཅིག་པུར་འཛིན། །ཞབས་རྡོལ་སྣོད་ཀྱི་སྐྱོན་དྲུག་གིས། །ཐོས་ཀྱང་མི་ཤེས་སྤང་བར་བྱ། །ང་རྒྱལ་ཕྲག་དོག་སེར་སྣས་བཅིངས། །གཡོ་སྒྱུ་ཚུལ་འཆོས་མགོ་བསྐོར་མཁན། །དུག་ཅན་སྣོད་ཀྱི་སྐྱོན་དྲུག་གིས། །ཤེས་ཀྱང་རང་གཞན་ཕན་མི་ཐོགས། །དུས་སུ་འཚོགས་ཤིང་བར་མ་ཆད། །སྡོད་སར་འདུག་ལུགས་ཚུགས་ཐུབ་ཅིང༌། །གུས་པས་ཡིད་དབང་རྣ་བར་འཇུག །ཉན་པ་པོ་ཡི་ཆོས་དྲུག་ཡིན།

            སློབ་པ་པོ་ལའང་ཆོས་དྲུག་བསྟེན་ཅིང༌། སྐྱོན་དྲུག་སྤངས་ཏེ། ཡིད་གཞུངས་ཚིག་ཆོད་དོན་གོ་ལོན། །ལེ་ལོ་མེད་ཅིང་རྟག་ཏུ་སེམས། །མ་འདྲིས་བར་དུ་ཀློག་པ་རེམ། །འཛིན་པ་མཁན་གྱི་ཆོས་དྲུག་ཡིན། །དེ་ལྡོག་སྐྱོན་ཡིན་སྤང་བར་བྱ།།

            དེ་ལྟར་འཆད་ཉན་གྱི་གཉེར་དུ་བླངས་ནས་ཉན་བཤད་བྱེད་པ་ལ། བཤད་ཐབས་ཡན་ལག་གསུམ་གྱི་སྒོ་ནས་འཆད་དེ། དོན་གྱི་ཁོག་དབུག་པ། དཀྱུས་ཀྱི་ས་གཅད་པ། ཚིག་གི་འབྲུ་ནོན་པ་གསུམ་གྱིས་འཆད་དགོས་ཏེ། དེ་ཡང་དང་པོ་དོན་གྱི་ཁོག་དབུག་པ་ལ་བཞི་སྟེ། ཁོག་དབུག་པའི་དགོས་པ་དང༌། ངོ་བོ། ངེས་ཚིག དབྱེ་བའོ།།

དེ་ལ་ཁོག་དབུག་པའི་དགོས་པ་ནི། ཆོས་ཐམས་ཅད་ཀྱི་དོན་གོ་བས། དང་པོ་བཤད་ཐབས་སུ་ཤེས་ཏེ་ཕྱིའི་ཁོག་དབུག་པའི་དགོས་པ་ཡོད་དོ།། ཁོག་དབུག་པའི་ངོ་བོ་ནི། གང་འཆད་པར་བྱེད་པའི་ཆོས་དེའི་དོན་གོ་རྣ་བར་འཇོག་ཅིང༌། བྱུང་ཁུངས་དང༌། བཤད་རལ་དང༌། ཇི་ལྟར་བཤད་པའི་དོན་རྣམས་སྟོན་པ་ཅིག་ལ་ཁོག་དབུག་ཅེས་བྱའོ།། ཁོག་དབུག་པའི་ངེས་ཚིག་ནི། ཇི་ལྟར་བཤད་པའི་ཐབས་རྣམས་ཤེས་པས་དོན་གྱི་གོ་བ་ཐམས་ཅད་ལོན་པའི་ཁོག་དབུག་པ་ཞེས་བྱའོ། །དམིགས་ཕྱེ་ན་ཁོག་དབུག་ལུགས་རྣམ་པ་གཉིས་ཏེ། དང་པོ་རིག་པའི་གནས་ལྔ་ངོས་བཟུང་པའི་ཕྱིར་ཐུན་མོང་སྤྱིའི་ཚུལ་དུ་དབུག་པ་དང༌། ཁྱད་པར་གསོ་བ་རིག་པ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་པའི་ཕྱིར་རྒྱུད་འདི་ཉིད་ཀྱི་ཁོག་དབུག་པའོ།།

            དང་པོ་ཐུན་མོང་སྤྱིའི་ཚུལ་དུ་ཁོག་དབུག་པ་ནི། སངས་ཡང་མ་རྒྱས། སེམས་ཅན་དུ་ཡང་མ་འཁྲུལ་བའི་སྔོན་རོལ་ན། སེམས་སྟོང་པ་རྒྱུ་རྐྱེན་གང་ལ་ཡང་རག་མ་ལུས་པ་རང་བྱུང་དུ་གྲུབ་པས། དངོས་པོ་དང་མཚན་མར་མ་གྲུབ་ཅིང༌། རིག་པ་འགག་མེད་གསལ་བས་གཉེན་པོ་གང་གིས་ཀྱང་བསད་བཅད་ཀྱིས་མ་སྡིགས་པ། ཕྱོགས་རིས་སུ་རྒྱ་མ་ཆད་པ། ཐོག་པ་མེད་པའི་དུས་ནས་ཡེ་ནས་སྲིད་པའོ། །དེའི་དོན་གཞི་ཐོག་ནས་རང་ངོ་ཤེས་ཤིང་གྲོལ་བ་ལས་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་བཏགས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་སངས་རྒྱས་སོ། །སེམས་སྟོང་ཞིང་ཡུན་དུ་བྱར་མེད་ལ་ཕྲ་ཞིང་ངོས་བཟུང་དཀའ་བའི་ཕྱིར་རང་ངོ་རང་གིས་མ་ཤེས་ཏེ། རླུང་རང་རླུང་གིས་བཏེག འོད་རང་འོད་ཀྱིས་གསལ་བར་བྱས་ཏེ། རང་སར་འདུག་ཏུ་མ་བཏུབ་པར་འཁྲུལ་པ་ལས་ཁམས་གསུམ་གྱི་སེམས་ཅན་བྱུང་སྟེ་འཁོར་བར་འཁྱམས་སོ། །དེའི་ཕྱིར་རྟོགས་ཏེ་སངས་རྒྱས་མ་རྟོགས་པར་སེམས་ཅན་དུ་རྒྱ་གྱེས་སོ། །ཀུན་ཏུ་བཟང་པོའི་རིག་པའི་ཉམས་དེ་ཆོས་སུ་སྨྲས་པའི་རྗེས་སུ་ཞུགས་པ་ལ་དུས་གསུམ་གྱི་སངས་རྒྱས་གངྒའི་རླུང་གི་བྱེ་མ་ཙམ་བྱུང་ངོ༌། །སེམས་ངོ་མ་ཤེས་ཏེ་འཁྲུལ་པ་ལས། ཁམས་གསུམ་གྱི་སེམས་ཅན། ཟད་པ་མེད་ཅིང་འཕེལ་བ་མེད་པའི་འཁྲུལ་འཁོར་འབྱུང་ངོ༌། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ། ཉོན་མོངས་པའི་སྐྱོན་གྱིས་མ་གོས་ཤིང༌། འཇིག་རྟེན་ལས་ཁྱད་པར་འཕགས་པ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས། ཐུགས་རྗེའི་ཡེ་ཤེས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་ནས། སེམས་ཅན་ཐམས་ཅད་རང་སྣང་ལོག་པའི་དབང་གིས་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་ཏེ། སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པར་གཟིགས་ནས། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ་དེས། གདུལ་བྱ་ཡུལ་གསུམ་ཡོད་པ་ལ་དགོངས་ནས་འདུལ་བྱེད་གྱི་ཐེག་པ་གསུམ་གྱི་སྒོ་ནས་དོན་མཛད་པ་དེ།

            ཡུལ་གསུམ་ནི་འདོད་པ་ལ་ཞེན་པའི་གདུལ་བྱ་དང༌། འཁོར་བ་འབྱུང་བ་འདོད་པའི་གདུལ་བྱ་དང༌། ལོག་སྲེད་ཅན་གདུལ་དཀའ་བ་དྲག་པོས་འདུལ་དགོས་པ་དང་གསུམ་མོ།།

            གདུལ་བྱ་དང་པོ་ལ་སྤྱི་དང་ཁྱད་པར་ཡང་སྒོས་གསུམ་ལས། སྤྱིར་སེམས་ཅན་ཐམས་ཅད་རང་རྒྱུད་ཀྱི་འདོད་ཡོན་ལྔ་ལ་ཆགས་ཤིང་ཞེན་པ་རྣམས་ཀྱི་དོན་དུ་འཁོར་ལོ་རྒྱུན་གྱི་ཐེག་པ་འབྱུང་བ་ལྔའི་སྒོ་ནས་འདོད་པ་ཚིམ་པར་མཛད་དེ། དེ་ཡང་ཁྱད་པར་དུ་འགྲོ་བ་རིགས་དྲུག་གི་དུཿཁས་ཕྱིས་ཉམ་ཐག་པ་རྣམས་ཀྱི་དོན་དུ་ཐུབ་པ་དྲུག་ཏུ་སྤྲུལ་ནས། རང་རང་གི་དེད་དཔོན་དང་མགོན་སྐྱབས་མཛད་དོ། །ཡང་སྒོས་སུ་རྐང་གཉིས་མིར་གྱུར་པ་རྣམས་ལ་འབྱུང་བ་ལྔའི་སྤྱོད་གྲལ་ལ་སྙོམས་པས་འགྲོ་བའི་ཚེ་དང་ལོངས་སྤྱོད་ཉམས་པར་གྱུར་པས། གཙུག་ལག་སྣང་གསལ་གྱི་སྒྲོན་མེས་དོན་མཛད་དོ། །རླུང་མཁྲིས་བད་ཀན་ལས་གྱུར་པའི་ནད་ཀྱི་ཉམ་ཐག་པ་རྣམས་ལ་གསོ་རིག་སྨན་གྱི་སྒོ་ནས་དོན་མཛད་དོ། །རང་རྟོག་འདྲེར་ལངས་ནས་ཉམ་ཐག་པ་རྣམས་ལ། ཀླུ་ཆོག མདོས་ཆོག བསྲུང་སྔགས་ལ་སོགས་པའི་སྒོ་ནས་དོན་མཛད་དོ། །འཕོངས་པའི་དུཿཁས་ཉེན་པ་འཕྲལ་གྱི་དགོས་འདོད་བསྐང་བའི་དོན་དུ་བཟོ་ལ་སོགས་པ་གང་དགོས་པས་དོན་མཛད་དོ། །

            གདུལ་བྱ་གཉིས་པ་དུག་གསུམ་ལས་གྱུར་པ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གིས་བསྡུས་ཏེ། འཁོར་བ་ལས་འབྱུང་བར་འདོད་པ་རྣམས་ལ་དོན་དམ་ངེས་པ་ཐེག་པ་རིམ་པ་དགུས་དོན་མཛད་པའམ། ཆོས་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གིས་དོན་མཛད་དོ། །གདུལ་བྱ་གསུམ་པ་ཉོན་མོངས་པ་རགས་པོར་གྱུར་བའི་ལོག་སྲེད་ཅན་འདུལ་བ་ལ། ཆོ་འཕྲུལ་སྔོན་དུ་གྱུར་པའི་ཐེག་པ་སྲོག་སེར་གཏད་གསུམ། ནད་མཚོན་མུ་གེ་གསུམ། མེ་ཆུ་རླུང་གསུམ་གྱིས་ལས་ངན་པ་རྒྱུན་གཅོད་པའི་ཚུལ་གྱིས་དོན་མཛད་དོ།།

             དེ་ལྟར་དུས་ཐོག་མ་མེད་པ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་ཀྱང༌། ད་ལྟའི་བསྐལ་པ་བཟང་པོ་འདི་ལ་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་རྩ་གཉིས་བྱོན་ནས་འགྲོ་དོན་མཛད་པར་གསུངས། དེ་ཡང་སྔར་སངས་རྒྱས་གསུམ་ཐལ་བའི་ཕྱི་མ་སངས་རྒྱས་ཤཱཀྱ་ཐུབ་པ་འདིས། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དཔག་ཏུ་མེད་པ་འཐད་པའམ། ཐ་མ་ལ་ལྷའི་བུ་དམ་པ་ཏོག་དཀར་པོར་བཞུགས་པའི་དུས་སུ། སངས་རྒྱས་རྣམས་ཀྱི་འགྲོ་བའི་དོན་ལ་བསྐུལ་བར་གཟིགས་པ་སྟེ། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་འཛམ་བུའི་གླིང་དུ་བྱོན་ནོ། །དེ་ཡང་རྒྱུད་བླ་མ་ལས། །ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ཀྱང༌། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ཞུགས་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །གཞོན་ནུ་རོལ་རྩེད་མཛད་པ་དང༌། །བཙུན་མོའི་འཁོར་གྱིས་བསྐོར་བ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། ། བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་སོ། །

            སྟོན་པ་ཤཱཀྱའི་རྒྱལ་པོ་འདི་ཉིད་ལམ་བགྲོད་པའི་མཐར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ། དགའ་ལྡན་གྱི་གནས་ན་ལྷ་རྣམས་ཀྱི་སྟོན་པ་མཛད་པའི་ཚེ། གདུལ་བྱ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སེང་གིའི་ཁྲི་ལ་བྱམས་པ་མགོན་པོས་ཞུགས་སུ་བཅུག རང་གི་དབུ་རྒྱན་བསྐོན་ཏེ། ལྷ་རྣམས་ཀྱི་སྟོན་པའི་རྒྱལ་ཚབ་ཏུ་བསྐོས་ནས། སྐྱེས་བུ་མཆོག་དེས་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་ལྡན་པར་སྤྲུལ་ནས། གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་འཛམ་བུ་གླིང་དུ་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་ཞུགས། ཀླག་ཤའི་ཚལ་དུ་སྐུ་འཁྲུངས། སྒྱུ་རྩལ་དང་རིག་པའི་གནས་ལྔ་ལ་བློ་སྦྱངས་སོ། །ལྷས་བྱིན་ལ་སོགས་པ་དང་སྒྱུ་རྩལ་འགྲན། དེ་ནས་གྲགས་འཛིན་མ་དང་ས་འཚོ་མ། རི་དྭགས་སྐྱེས་ལ་སོགས་པ་ལ་འཁོར་ཉི་ཁྲི་ཉི་ཁྲི་དང་བཅས་པའི་བཙུན་མོ་ཁབ་ཏུ་བཞེས། དགུང་ལོ་ཉི་ཤུ་རྩ་དགུ་ལ་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་གཟིགས་པས་འཁོར་བ་ལ་ཡིད་བྱུང་བ། ཁྱིམ་ནས་ཁྱིམ་མེད་པར་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང༌། ཆུ་བོ་ན་རཱཉྫ་ནའི་འགྲམ་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ། ཕྱི་ལུས་ཀྱི་དཀའ་བ་འབྲུ་རེ་ལས་མི་གསོལ་བ་ལོ་གཉིས། ཆུ་ཐིགས་པ་རེ་ཙམ་ལས་མི་གསོལ་བ་ལོ་གཉིས། ཅི་ཡང་མི་གསོལ་བ་ལོ་གཉིས། དེ་ལྟར་ལོ་དྲུག་ཏུ་དཀའ་བ་སྤྱད་པས། རྒྱུ་ལུས་ལས་བྱུང་བའི་ཉེས་པ་ཐམས་ཅད་དག ནང་ངག་གི་དཀའ་བ་ཅི་ཡང་མི་གསུངས་པ་ལོ་དྲུག་སྤྱད་པས། རྒྱུ་ངག་གི་ཉེས་པ་ལས་བྱུང་བ་ཕྲ་རགས་ཐམས་ཅད་དག གསང་བ་ཡིད་ཀྱི་དཀའ་བ་སྐད་ཅིག་ཀྱང་མ་ཡེངས་པར་ལོ་དྲུག་ཏུ་སྤྱད་པས། རྒྱུ་ཡིད་ཀྱི་ཉེས་པ་ཐམས་ཅད་མཁྱེན་པའི་མི་མཐུན་ཕྱོགས་ཤིན་ཏུ་ཕྲ་བ་བག་ལ་ཉལ་གྱི་སྒྲིབ་པ་དང་བཅས་པ་དག་ནས། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བཞེད་པ་ལ་དཀའ་ཐུབ་ཀྱི་གདུངས་པ་ལས། གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་རིམ་པར་བསྟིམ་པ་དྲངས་པ་གསོལ་བ་ལ་བརྟེན་ནས། སྐུ་འཛམ་བུ་ཆུ་བོའི་གསེར་ཕྱིས་པ་ལྟར་གྱུར། དེ་ལྟར་རྡོ་རྗེའི་གདན་དུ་གཤེགས་ཏེ་སྲོད་ལ་ཉམ་ཐག་པའི་སེམས་ཅན་རྣམས་ལ་གཟིགས། ནམ་གུང་ལ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག ཐོ་རངས་དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག ཟག་པ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེས་ཏེ། དེའི་ཚེ་འཕྲིན་ལས་ཀྱི་ཆོ་ག་འདི་དགོངས་སོ། །སེམས་ཅན་རྣམས་ཀྱི་སྐལ་པ་ཇི་ལྟ་བཞིན། །ཐེག་པའི་རིམ་པ་བླ་ན་མེད་པ་ཡིས། །འཛམ་བུའི་གླིང་དང་ཁྱད་པར་གནས་གཞན་དུ། །ང་ཉིད་སྟོན་པར་གྱུར་ཏེ་བཤད་པར་བྱ། ། ཞེས་གསུངས་ཏེ། ཐོ་རངས་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་དུས་རྣམ་པ་གསུམ་དུ་བསྐོར་ནས་འགྲོ་དོན་མཛད་དོ། །དེ་ཡང་འཁོར་ལོ་དང་པོའི་དུས་སུ་འདུལ་བ་སྨན་གྱི་ལུང་བཀའ་སྩལ། གཉིས་པའི་དུས་སུ་ཀུན་དགའ་བོ་ལ་གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་དང༌། ཤེལ་གྱི་མེ་ལོང་གི་རྒྱུད་ལེའུ་ལྔ་བཅུ་པ་བཀའ་སྩལ་ཏོ། །གསུམ་པའི་དུས་སུ་མདོ་གསེར་འོད་དམ་པ་ལས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་སྡུད་པ་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ནད་རབ་ཏུ་ཞི་བར་བྱས་པའི་ལེའུ་བཀའ་སྩལ་ལོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་སྨན་གྱི་བླ་རུ་སྐུ་སྤྲུལ་ནས། གསོ་བ་རིག་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཀའ་སྩལ་ཏོ། །བི་ཤྭ་ཀརྨར་སྤྲུལ་ནས་བཟོའི་རིག་པ་རྣམས་མཛད་དོ། །གཞན་ཡང་དེ་ལ་སོགས་པ་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་དེ་དང་དེའི་དོན་མཛད་དོ། །སངས་རྒྱས་མྱ་ངན་ལས་འདས་ནས་བཀའ་སྡེ་སྣོད་གསུམ་དུ་བསྡུས་སོ། །དེ་ནས་མཁས་པ་པཎྜིཏ་རྣམས་ཀྱི་བཀའ་ལ་བརྟེན་ནས། བཀའ་འཁོར་ལོ་གསུམ་དགྲོལ་བའི་བསྟན་བཅོས་དང༌། དེ་ལ་སོགས་པ་མང་དུ་མཛད་དོ། །དེ་ལྟར་བཀའ་བསྟན་བཅོས་ཀྱི་བསྡུས་པའི་བསླབ་གཞི་ཇི་སྙེད་ཅིག་ཡོད་ཀྱང༌། རང་དོན་བསྒྲུབ་ཅིང་གཅིག་པུར་གནས་པ་དང༌། གཞན་དོན་བསྒྲུབ་ཅིང་ཀུན་གྱིས་སྤྱི་བོར་བཀུར་བའོ། །དེ་ཡང་ལྷའི་བུས་ཞུས་པའི་མདོ་ལས་འདི་སྐད་དུ། མེ་ཏོག་གིས་ནི་མགོ་ལྕོགས་བཞིན། །དམ་པའི་སྤྱོད་པ་གཉིས་ཡིན་ཏེ། འཇིག་རྟེན་རྣམས་ཀྱི་སྤྱིར་བཀུར་རམ། །ནགས་ཉིད་དུ་ནི་དེས་པའོ། །ཞེས་གསུངས་པས། འཇིག་རྟེན་པ་རྣམས་ཀྱི་སྤྱི་བོར་བཀུར་བར་འདོད་པའི་རིག་པའི་གནས་ལྔ་ལ་བསླབ་པར་བྱ་སྟེ། དེ་ཡང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་གྱུར་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པ་དང༌། རྒྱུད་འདི་ཉིད་ལས་ཀྱང༌། འགྲོ་བ་ཀུན་གྱི་སྤྱི་བོར་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱ། ཞེས་གསུངས་སོ། །དེ་ཡང་བརྩོན་འགྲུས་ཀྱི་མཐར་ཕྱིན་པར་བསླབ་དགོས་ཏེ། རྡོ་རྗེ་རྒྱལ་མཚན་གྱི་ཆོ་ག་ལས། རྩོམ་མམ་ཡང་ན་མི་རྩོམ་མོ། །མ་བརྩམས་པ་ནི་མཆོག་ཡིན་ཏེ། །བརྩམས་ནས་སླར་ལྡོག་མི་རུང་ངོ༌། །ཞེས་པ་དང༌། དེ་ཇི་ལྟ་བའི་བསམ་པ་ཡིས། །ལན་ཅིག་བྱ་བ་བརྩམ་འགྱུར་ན། །ལས་གཞན་བྱ་བ་མི་བརྩམ་པར། །དེ་ཉིད་གནག་པས་མཐའ་རུ་དབྱུང༌། །ཞེས་རྣམ་བཤད་རིག་པ་ལས་གསུངས་སོ། །

            དེ་ལ་རིག་པའི་གནས་ལྔ་རང་གང་ཡིན་ཞེས་ཟེར་ན། མདོ་སྡེ་རྒྱན་ལས། ནང་དང་གཏན་ཚིགས་སྒྲ་རིག་དང༌། །བཟོ་དང་གསོ་བ་རིག་པའོ། །ཞེས་གསུངས་སོ། །ནང་རིག་པ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་ལམ་འབྲས་བུ་དང་བཅས་སྟོན་པ་སྟེ། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་བཀའ་དང་བསྟན་བཅོས་ཀྱི་བསྡུས་པ་རྣམས་སོ། །གཏན་ཚིགས་རིག་པ་ནི་ཚད་མ་སྟེ། མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་གཞལ་བྱ་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ལ་འབེབས་པ་སྟེ། ཚད་མ་སྡེ་བདུན་ལ་སོགས་པ་རྣམས་སོ། །སྒྲ་རིག་པ་ནི་ཚིག་དང་དོན་གྱི་ཐ་སྙད་ལེགས་པར་སྦྱར་བ་སྟེ། བྱཱ་ཀ་ར་ཎ་ལ་སོགས་པ་སྡེ་བརྒྱད་ལ་བྱའོ། །བཟོ་རིག་པ་ནི་རང་གཞན་གྱི་འདོད་པ་སྐོང་བའི་ཐབས་སྣ་ཚོགས་པ་སྟེ། གསེར་འགྱུར་གྱི་རྩི་ལ་སོགས་པའི་རིག་པ་རྣམས་སོ། །གསོ་བ་རིག་པ་ནི་གང་གི་དོན་དུ་གསོ་བ་ལུས་དང༌། གང་གསོ་བ་ནད་དང༌། གང་གིས་གསོ་བའི་གཉེན་པོ་དང༌། ཇི་ལྟར་གསོ་བའི་ཐབས་རྣམས་ཤེས་པའི་སྒོ་ནས། མི་ན་བ་རང་བཞིན་དུ་གནས་པར་བྱེད་ཅིང༌། ན་བ་གསོས་ནས་ཚེ་རིང་བར་བྱེད་པ་སྟེ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དང༌། གསོ་དཔྱད་འབུམ་སྡེ་དང་མདོ་ལྔ་དང༌། ཙ་ར་ཀ་ལ་སོགས་པའི་བཀའ་བསྟན་བཅོས་ཐམས་ཅད་དོ། །

            དེ་ལྟར་རིག་པའི་གནས་ལྔ་པོ་དེ་དག་ཀྱང་ཡན་ལག་གསུམ་དུ་འདུས་ཏེ། ནང་རིག་པ་ནི་རང་གི་ཤེས་པར་བྱ་བའི་ཡན་ལག བཟོ་དང་གསོ་བ་གཉིས་གཞན་རྗེས་སུ་གཟུང་བར་བྱ་བའི་ཡན་ལག སྒྲ་དང་ཚད་མ་གཉིས་གཞན་མ་ཤེས་པ་ཚར་བཅད་པའི་ཡན་ལག་གོ། དེ་ལྟར་རིག་པའི་གནས་རྣམ་པ་ལྔ་ལས་རྒྱུད་ཆེན་པོ་འདི་གང་དུ་ངོས་གཟུང་ན་གསོ་བ་རིག་པར་ངོས་གཟུང་སྟེ། དེ་ཡང་ཙ་ར་ཀ་ལས། འདུས་ཅན་རླུང་མཁྲིས་བད་ཀན་འཁྲུགས་པ་ལ། །ཁམས་སྙོམས་གསོ་བྱེད་རིག་པའི་དཔྱད་ཡིན་པས། །དེ་ཕྱིར་གསོ་བ་རིག་པ་དཔྱད་ཅེས་བྱ། །ཞེས་གསུངས་པ་དང༌། རྒྱུད་འདི་ཉིད་ལས་ཀྱང་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་གསུངས་པས་སོ། །དེ་ནི་གསོ་བ་རིག་པར་ངོས་གཟུང་པའོ།།

 

            གཉིས་པ་རྒྱུད་འདི་ཉིད་ཀྱི་ཚུལ་དུ་ཁོག་དབུག་པ་ནི། གསོ་བ་རིག་པ་ཐམས་ཅད་ཀྱང་བསྡུས་ན་དམ་པའི་ཆོས་དང་འདྲ་སྟེ། བཀའ་དང་བསྟན་བཅོས་གཉིས་སུ་འདུས་སོ། །དེ་ཡང་ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་དང༌། དེ་ཡི་དབང་གི་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པས་ཤེས་སོ། །དེ་ཡང་སྤྱིར་བཀའ་དང་བསྟན་བཅོས་ཀྱི་གོ་བ་གཞག་པ་དང། །བཀའ་དང་བསྟན་བཅོས་ཀྱི་དབྱེ་བ་དང༌། ཁྱད་པར་དུ་གསོ་བ་རིག་པའི་བཀའ་དང་བསྟན་བཅོས་ངོས་གཟུང་པ་དང༌། དེ་བཤད་པའི་ཐབས་སོ། །དེ་ཡང་བཀའ་དང་བསྟན་བཅོས་ཀྱི་གོ་བ་ནི། ལེགས་པར་གསུངས་པའི་སངས་རྒྱས་ཀྱི་བདག་རྐྱེན་མཛད་ནས་གསུངས་པ་སྟེ་བཀའོ། །དེའི་དགོངས་པ་འགྲེལ་པ་ནི་སངས་རྒྱས་ཀྱིས་བདག་རྐྱེན་མ་མཛད་པར་བཀའ་ལ་བརྟེན་ནས་དགོངས་པ་ཁྲོལ་བར་མཛད་པས་ན་བསྟན་བཅོས་སོ། །དེ་ལྟར་མ་གྱུར་ཏེ་སངས་རྒྱས་ཞལ་བཞུགས་པའི་དུས་སུ་གསུངས་ཚད་བཀའ། མྱ་ངན་ལས་འདས་ནས་གསུངས་ཚད་བསྟན་བཅོས་སོ་ཟེར་པ་དང༌། ཞལ་ནས་གསུངས་པ་བཀའ། མ་གསུངས་པ་བསྟན་བཅོས་སོ་ཟེར་པ་མི་རིག་དེ་སྐྱོན་ཡོད། དབྱེ་བ་བཀའ་དང་བསྟན་བཅོས་གཉིས་ལས་བཀའ་ལ་གསུམ་སྟེ། ཞལ་ནས་གསུངས་པ་དངོས་ཀྱི་བཀའ། བྱིན་གྱིས་བརླབས་པའི་བཀའ། འཁོར་ལ་རྗེས་སུ་གནང་བའི་བཀའོ། །བསྟན་བཅོས་ལ་བཀའ་ལ་བརྟེན་པ་དང་མ་བརྟེན་པ་གཉིས། བཀའ་ལ་བརྟེན་པ་ནི་ལུང་འགྲོལ་བའི་བསྟན་བཅོས་དང༌། ལུང་བསྡུས་པའི་བསྟན་བཅོས་གཉིས། བཀའ་ལ་མ་བརྟེན་པ་གསུམ་སྟེ། དོན་ཡོད་པའི་བསྟན་བཅོས་དང༌། དོན་མེད་པའི་བསྟན་བཅོས་དང༌། དོན་ལོག་པའི་བསྟན་བཅོས་དང་གསུམ་མོ། །དོན་ཡོད་པའི་བསྟན་བཅོས་ལ་བཞི། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་དང༌། རྩོད་པ་ལྷུར་ལེན་གྱི་བསྟན་བཅོས། སྙན་ངག་ལྷུར་ལེན་གྱི་བསྟན་བཅོས། ཕན་པ་ལྷུར་ལེན་གྱི་བསྟན་བཅོས་སོ། །ཁྱད་པར་གསོ་བ་རིག་པའི་བཀའ་དང་བསྟན་བཅོས་ངོས་བཟུང་བ་ནི་འདིའི་བཀའ་གང་ལ་བྱ་ཞེ་ན། འདུལ་བ་སྨན་གྱི་ལུང་དང༌། མདོ་གསེར་འོད་དམ་པ་གཅེར་མཐོང་རིག་པའི་རྒྱུད་ཆེན་པོ། ཤེལ་གྱི་མེ་ལོང་གི་རྒྱུད་རྣམས་ནི་ཞལ་ནས་གསུངས་པའི་བཀའོ།།

            བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི་དང༌། གསོ་དཔྱད་འབུམ་སྡེ་ནི་བྱིན་གྱིས་བརླབས་པའི་བཀའོ། །དེ་ཡང་བྱིན་གྱིས་ཇི་ལྟར་བརླབ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དེ། ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་བྱིན་གྱིས་བརླབས་ལ། སྤྲུལ་པའི་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་དང༌། དྲང་སྲོང་ཡིད་ལས་སྐྱེས་གཉིས་ཀྱིས་ཞུ་ལན་མཛད་པའི་ཕྱིར་རོ། །གཞན་ཡང་མཐའ་མི་དད་པ་ཉིད་ལས་སྤྲུལ་བ་ཡིན་པའི་ཕྱིར་དངོས་ཀྱི་བཀའ་རུ་ཡང་འགྲོ་གསུང་ངོ༌། །གསོ་དཔྱད་འབུམ་སྡེ་ནི་འཇིག་རྟེན་གྱི་མེས་པོ་ཚངས་པས་བྱིན་གྱིས་བརླབས་པ་སྟེ། དེ་ཡང་རིན་པོ་ཆེ་སྤུངས་པ་ལས། ཤཱཀྱ་ཐུབ་པ་མི་མཇེད་འཇིག་རྟེན་འདིར། །དུག་ལྔའི་ནད་སེལ་སྨན་གཞུང་ཆེན་པོ་བརྩམས། །ཤཱཀྱ་ཐུབ་བྱིན་རླབས་ལྷ་མཆོག་ཚངས་པས་དྲན། །མུ་སྟེགས་ཁ་ཅིག་ཚངས་པ་སྔ་ཟེར་འཁྲུལ། །ཞེས་པས་ཤེས་སོ།། ཚངས་པས་ཇི་ལྟར་བྱིན་གྱིས་བརླབས་ཤེ་ན། སྔོན་ལྷ་དང་ལྷ་མ་ཡིན་གཉིས་ཀྱིས་འོ་མ་ཅན་གྱི་མཚོ་བསྲུབས་ཏེ། རི་རབ་ལ་སྲུབས་ཤིང་བྱས། ཀླུའི་རྒྱལ་པོ་མཐའ་ཡས་དང༌། མུ་ཁྱུད་འཛིན་གཉིས་ལ་སྲུབས་ཐག་བྱས། མེས་པོ་ཚངས་པས་རི་རབ་ཀྱི་སྤྱི་བོ་ནས་མནན་ནས་བསྲུབས་པས། དེའི་དུས་ན་འཇིག་རྟེན་གྱི་ཁམས་ན་ཉི་ཟླ་མེད་པ་ལས། དང་པོ་ཉི་མ་བྱུང་སྟེ་དེ་ཡང་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ། མུ་ཁྱུད་མེ་ཤེལ་ལས་གྲུབ་པ། རྒྱར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པ་ཞིག་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པ་བྱུང་ངོ༌།། འདི་སེམས་ཅན་ཐམས་ཅད་ཀྱི་མ་རུ་འདུག་གོ་ཞེས་གྲགས་པས་ཉི་མ་ཞེས་བཏགས་ནས། རླུང་བཞིའི་སྒྲོམ་དུ་བཅུག་ནས་ནམ་མཁའི་མཐོངས་སུ་བཏང་པ་ལས་ཉི་མ་བྱུང་ངོ༌། །

            ཡང་བསྲུབས་པས་ཟླ་བ་བྱུང་སྟེ། དེ་ཡང་དཔག་ཚད་ལྔ་བཅུ་ཡོད་པ། མུ་ཁྱུད་ཆུ་ཤེལ་ལས་གྲུབ་པ་ཞིག་བྱུང་བས་འདི་ད་ཅིའི་དེའི་ཟླ་བོར་འདུག་གོ་ཟེར་ནས་ཟླ་བ་ཞེས་བཏགས་ཏེ་ནམ་མཁའ་ལ་བཏང་ངོ༌། །ཡང་བསྲུབས་པ་ལས་དུག་གི་མེས་པོ་སྐྲ་དང་ཨག་ཚོམས་མེར་འབར་བ། ནམ་མཁའི་མཐོངས་ཁེངས་པ་ཞིག་བྱུང་བ་ལ། ལྷ་དང་ལྷ་མ་ཡིན་རྣམས་སྐྲག་པར་གྱུར་ཏོ།། ཚངས་པའི་ཞལ་ནས། ཁྱོད་ནི་དུག་གི་མེས་པོ་སྟེ། ཁྱོད་ནི་དུག་གི་ཕྱི་མོ་ཡིན། ཨོཾ་ཨ་ཐཱ། ཞེས་བརྗོད་པས། རྒྱུ་བའི་དུག སྲིན་པོ་ཨ་ལང་ཀ་དང༌། ཁྱི་དུག་སྦྲུལ་ལ་སོགས་པ་རང་རང་ལ་ཐིམ་མོ། མི་རྒྱུ་བའི་དུག་ནི། བཙན་དུག་དང༌། ར་དུག ཐར་ནུ། ཁ་ཤོག་ལ་སོགས་པ་རང་རང་ལ་ཐིམ་ནས་མི་ནག་པོ་དེ་དངོས་མེད་དུ་གྱུར་ཏོ།། ཡང་བསྲུབས་པ་ལས། བདུད་རྩི་བུམ་པ་གང་བྱུང་སྟེ། དེ་ནས་རི་རབ་སྟེང་དུ་རྣམ་པར་རྒྱལ་བའི་ཁང་བཟང་དུ། ཚངས་པ་ལ་སོགས་པའི་ལྷ་རྣམས་དང༌། ལྷ་མ་ཡིན་གྱི་དབང་པོ་རྣམས་གྲལ་རིམ་པར་བཤམས་ཏེ། སྒྲ་གཅན་གྱིས་བུམ་པ་ཁ་ཕྱེ་ནས་ལྷ་དང་ལྷ་མ་ཡིན་ཐམས་ཅད་ལ་འདྲེན་པར་བརྩམ་པ་ལས། སྒྲ་གཅན་གྱི་བསམ་པས། བདུད་རྩི་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ན་རང་གི་འཐུངས་ཏེ་བྲོས་པ་ལེགས་སྙམ་ནས། གཉིས་འཛིན་གྱི་རྟོག་པས་བདུད་རྩི་འཐུངས་ནས་བྲོས་སོ། །ཚངས་པ་ལ་སོགས་པས་ཕྱི་བཞིན་དུ་དེད་པས་ཟིན་ལ་ཁད་པ་དང༌། སྒྲ་གཅན་གྱིས་ཁོ་རང་གི་བསོད་ནམས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་དམ་བཅའ་བཞི་ལྡན་བྱ་བ་ཡོད་པ་འཕངས་པས། ཚངས་པའི་མཁུར་ཚོས་ལ་ཕོག་པས། ཡང་ཚངས་པས་མཚོན་ཆའི་འཁོར་ལོ་འཕངས་པས་སྒྲ་གཅན་གྱི་སྐེ་བཅད་དོ། །དེ་ཡང་སློབ་དཔོན་ཀླུ་གྲུབ་ཀྱི་ཞལ་ནས། སྔོན་ཚེ་གཟའ་སྐར་ར་ཧུ་ལས། །བདུད་རྩི་འཐུངས་ཚེ་མགོ་བོ་ནི། །སྒྲ་ལྡན་གྱིས་ནི་འཁོར་ལོས་བཅད། །ཚངས་པས་ཁྱབ་འཇུག་འཐབ་གྲོགས་བཏང༌། །ཚངས་པ་མཁུར་ཚོས་ཀྱི་ཚོར་བས་སྡུག་བསྔལ་དུ་གྱུར་པ་ལ་ཤཱཀྱ་ཐུབ་པས་དངོས་སུ་མ་ཐུལ་ཏེ། བྱིན་གྱིས་བརླབས་པ་ལས། གསོ་དཔྱད་འབུམ་སྡེ་དྲན་པ་ཙམ་གྱིས་རྨ་རང་བཞིན་གྱིས་གསོས་སོ། །དེ་ཡང༌། ཡི་གེ་ཨོཾ་དང་ཨཱ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་རྡོལ་ཏེ་མངོན་པར་བྱུང༌། །དེས་ན་འདི་གཉིས་བཀྲ་ཤིས་ཡིན། །ཞེས་པས་མངོན་ཏེ། རྗེས་སུ་གནང་བའི་བཀའ་ནི་ཇོ་བོ་རིགས་གསུམ་མགོན་པོ་ལ། རྒྱ་གར་རྒྱ་ནག སྟོད་ཕྱོགས་གསུམ་གྱིས་རྗེས་སུ་གནང་བ་བྱིན་པས་ཏེ། དེ་ཡང་ལུང་གཞན་ལས། སྨན་ཀུན་རྒྱུད་པའི་རིགས་འཛིན་ནི། །དང་པོ་རིགས་གསུམ་མགོན་པོས་མཛད། །ཅེས་པ་རྗེས་གནང་གི་བཀའ་ཡིན་ལ། བྱང་ཆུབ་སེམས་དཔས་མཛད་པའི་བསྟན་བཅོས་ཀྱང་ཡིན་ནོ།།

            གསོ་བ་རིག་པའི་བསྟན་བཅོས་ནི་ཚངས་པ་ཆེན་པོས་གསོ་དཔྱད་འབུམ་སྡེ་ལ་བརྟེན་ནས། གསང་བའི་སྙིང་པོའི་དོན་བསྡུས་མཛད། སྐྱེ་རྒུའི་བདག་པོ་མྱུར་བས་གསོ་དཔྱད་འཕྲུལ་གྱི་མེ་ལོང་མཛད། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཁོག་སྟོད་ཁྲེམས་ཀྱི་ལུང་དང༌། རིན་པོ་ཆེ་འོད་འཕྲོ་བའི་རྒྱུད་ལ་སོགས་པ་གསོ་དཔྱད་གཞན་དུ་མ་མཛད། སློབ་དཔོན་ཀླུ་གྲུབ་ཀྱིས་སོ་མ་ར་ཛ་ལ་སོགས། མདོ་ལྔ་དང༌། ཨུ་མུ་ཏ་དང༌། གསང་ཐིག་སྒྲོན་མ་ལ་སོགས་པ་མཛད་དོ། །བདུད་དུ་སྤྲུལ་ནས་ནག་པོའི་རྒྱུད་གསུམ་གསུངས། དྲང་སྲོང་རྒྱུན་ཤེས་དང༌། ནབ་སོ་སྐྱེས་དང༌། ཐང་ལ་འབར་དང༌། རྐང་གཉིས་སྤྱོད་དང༌། འགྲོ་སྐྱོང་བུ་དང༌། མེ་བཞིན་འཇུག་དང༌། ལུག་ནག་དང༌། རྒྱ་སྐྱག་(རྒྱ་སྐྱེགས་)སྣ་དང༌། བརྒྱད་ཀྱིས་ཙ་ར་ཀ་སྡེ་བརྒྱད་མཛད། དེ་ལ་སྨན་གྱི་རྐོས་གདབ་པའི་སྡེ་ལེའུ་བརྒྱ་དང་བཅོ་ལྔ། བསྒྲུབ་ལུགས་ཀྱི་སྡེ་ལེའུ་ལྔ་བཅུ། སྨན་གྱི་སྡེ་ཚན་བསྟན་པའི་ལེའུ་བརྒྱ་དང་བཅུ་དྲུག འཇིགས་མེད་མཚོན་ཆའི་སྡེ་ལེའུ་ལྔ་བཅུ་རྩ་གསུམ། བདུད་རྩི་བསྒྲུབ་པའི་སྡེ་ལེའུ་བརྒྱད། སྲོག་གི་སྒྲོམ་བུའི་སྡེ་ལེའུ་ལྔ་བཅུ་རྩ་བཞི། གསོ་བྱེད་སྨན་སྦྱོར་གྱི་སྡེ་ལེའུ་བརྒྱ་དང་བཅུ་གསུམ། སྦྱོང་བྱེད་ལས་ལྔའི་སྡེ་ལེའུ་བཅོ་ལྔ་སྟེ། སྤྱིར་བསྡོམས་པས་ལེའུ་ལྔ་བརྒྱ་དང་ཉི་ཤུ་རྩ་བཞི། སྡེ་བརྒྱད་ཀྱི་བམ་པོ་བདུན་ཅུ་རྩ་བརྒྱད་མཛད་དོ། །དྲང་སྲོང་རྒྱུན་ཤེས་ཀྱིས་ཡན་ལག་བརྒྱད་པ་ཆེན་མོ་མཛད། ནབ་སོ་སྐྱེས་ཀྱིས་བརྒྱད་པ་ལ་འཇུག་པ་མཛད། དྲང་སྲོང་དཔལ་ལྡན་འཕྲེང་བས་སྟོད་འགྲེལ་གློའི་སྤར་ཁབ་དང༌། སྨད་འགྲེལ་འཕྲུལ་གྱི་ལྡེ་མིག་སྟེ་ཙ་ར་ཀའི་འགྲེལ་པ་མཛད། སྨད་གཟེར་འཕྲུལ་གྱི་ལྡེ་མིག་མཛད། ཉི་མའི་སྙིང་པོ་དང༌། ཟླ་བའི་སྙིང་པོ་དང༌། ཟླ་བའི་འོད་ཟེར་གསུམ་གྱིས་ཇ་ལོག་གི་དཔྱད་གསུམ་མཛད། དེ་དག་ལ་བརྟེན་ཏེ་དཀྲོལ་བ་དང་བསྡུས་པའི་གསོ་དཔྱད་ཇི་སྙེད་ཅིག་གནས་པ་རྣམས་ནི་བསྟན་བཅོས་སོ། །དེ་རྣམས་ཐམས་ཅད་ཧྲིལ་ཏེ་དྲིལ་ནས་རྒྱུད་སྡེ་ཆེན་པོ་བཞི་རུ་བསྡུས་པ་ལས། ནང་པ་སངས་རྒྱས་པ་ལ་རྒྱུད་ལྔ་དང༌། མདོ་ལྔ་ཡོད་དེ། རྒྱུད་ལྔ་ནི། རྒྱལ་རིགས་ལ་རིན་པོ་ཆེ་སྤུངས་པའི་རྒྱུད། བློན་པོ་ལ་རིན་པོ་ཆེ་གསེར་གྱི་རྒྱུད། རྗེའུ་རིགས་ལ་དག་བྱེད་ནམ་མཁའི་རྒྱུད། བྲམ་ཟེ་ལ་མེ་ལྕེ་འཕྲེང་བའི་རྒྱུད། དམངས་ལ་རིན་པོ་ཆེ་རྩེར་འཕྲེང་གི་རྒྱུད་དོ། །མདོ་ལྔ་ནི། རེག་པ་རྩའི་མདོ། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོའི་མདོའོ། །རྒྱལ་བ་ལྷ་ལ་རྒྱུད་གཉིས། གསོ་དཔྱད་འབུམ་སྡེ་དང༌། རིན་པོ་ཆེ་འོད་འཕྲོའི་རྒྱུད་གཉིས་སོ། །དྲང་སྲོང་ལ་རྒྱུད་གསུམ་སྟེ། དྲང་སྲོང་སྙིང་པོའི་རྒྱུད། བདུད་རྩི་སྙིང་པོ་དང༌། ཙ་ར་ཀ་སྡེ་བརྒྱད་དོ། །མུ་སྟེགས་ལ་རྒྱུད་དྲུག་ཏེ། སྐྲ་ཤད་འཛིང་པའི་རྒྱུད། མེ་ལྟར་འབར་བའི་རྒྱུད། རྡོ་རྗེ་ཁ་སྨྲའི་རྒྱུད། རི་བོ་བརྩེགས་པའི་རྒྱུད། དབང་ཕྱུག་ཆེན་པོ་སྐེ་རགས་ཀྱི་རྒྱུད། ཙ་ར་ཀ་འབུམ་སྡེའི་རྒྱུད་དང་དྲུག་གོ། ལུང་སྡེ་བཞིའི་བཅུད་ཕྱུང་བའི་བམ་པོ་བརྒྱད་པ་དང༌། ཡན་ལག་དྲུག་པ། སྙིང་པོ་བསྡུས་པ། ཤཀ་ཏ་ཀ མི་འཇིགས་པའི་མཚོན་ཆ། བདུད་རྩི་བུམ་པ། རིན་པོ་ཆེ་དབྱིག་ཤེལ། འགྲམ་པ་ཏི། སྦྱོར་བ་བརྒྱ་པ་དང་དགུའོ། དེ་རྣམས་ནི་རྒྱུད་ཆེན་པོ་རྣམས་ཡིན་ནོ། གཞན་ཡང་གསོ་དཔྱད་ཀྱི་རྒྱུད་ལ་གྲངས་ཀྱི་མི་ཆོད་པ་ཇི་སྙེད་ཅིག་ཡོད་སྐད་དོ།།

 

            ད་ནི་དེ་རྣམས་བཤད་པའི་ཐབས་ལ། སོ་སོར་བཤད་པ་དང༌། ཐུན་མོང་དུ་བཤད་པ་གཉིས་ཡིན། དང་པོ་ནི་བསྟན་བཅོས་ཐམས་ཅད་རྩིས་འགོ་རྣམ་པ་ལྔའི་སྒོ་ནས་འཆད་དེ། སློབ་དཔོན་གང་གིས་མཛད་པ་དང་གཅིག ཕྱོགས་གར་གཏོགས་པ་དང་གཉིས། དོན་ཚད་གང་གིས་དོན་དུ་མཛད་པ་དང་གསུམ། རྒྱུད་གང་ནས་བཏུས་པ་དང་བཞི། མཚན་གང་ལས་གསོལ་བ་དང་ལྔས་འཆད་དགོས་པའོ། །བཀའ་ཐམས་ཅད་ནི་ཕུན་སུམ་ཚོགས་པ་ལྔས་འཆད་དེ། གང་གིས་སྟོན་པའི་སྟོན་པ་དང༌། གང་ལ་བསྟན་པའི་འཁོར་དང༌། གང་དུ་བསྟན་པའི་གནས་དང༌། གང་གིས་བསྡུས་པའི་འཁོར་བཀའ་སྡུད་པ་པོ་དང༌། གང་བསྟན་པའི་གསོ་དཔྱད་ཀྱི་རྒྱུད་ཕུན་སུམ་ཚོགས་པ་དང་ལྔས་འཆད་དགོས་སོ། །དེ་ལ་འདིར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི་བསྟན་བཅོས་མ་ཡིན་ཞིང༌། བཀའ་ཡིན་པས། བཀའ་ལའང༌། བཀའི་རྒྱུད། བཀའི་ལུང༌། བཀའི་མན་ངག་གསུམ་ག་ཡིན་ཏེ། བཀའི་རྒྱུད་ཡིན་པའི་ཕྱིར། རྒྱུད་ཀྱི་ཡན་ལག་བཞི་ཡིས་བཤད། བཀའ་ལུང་ཡིན་པའི་ཕྱིར། ལུང་གི་ཡིད་ཆེས་བདུན་གྱིས་བཤད། བཀའི་མན་ངག་ཡིན་པའི་ཕྱིར། མན་ངག་གི་ཆེ་བ་དགུ་ཡིས་བཤད། དེ་ལྟར་ཆེ་བ་གསུམ་ལྡན་གྱི་རྒྱུད་འདི་ཇི་ལྟར་ཡིན་པའི་ཁུངས་ནི།

            དང་པོ་རྒྱུད་ཡིན་ཏེ། གླེང་གཞི་གླེང་སློང་ཞུས་པ་དང༌། ཞུ་ལན་ལེའུ་འབྲེལ་བཅས་པ་དང༌། འཁོར་གྱིས་བསྟོད་དང་སྟོན་པས་བསྟོད། དེ་བདུན་ལྡན་ཕྱིར་རྒྱུད་ཅེས་བྱ། དེ་ན་རྒྱུད་ཡིན་ནོ། །རྒྱུད་དེ་ཡང་རྒྱུད་ཀྱི་ཡན་ལག་བཞི་ཡིས་འཆད་དགོས་ཏེ། གླེང་གཞི་འབྱུང་བའི་ཡན་ལག གླེང་སློང་རྩ་བའི་ཡན་ལག འབྲེལ་པ་དགོས་བྱེད་ཀྱི་ཡན་ལག རྒྱུད་དོན་ངོ་བོའི་ཡན་ལག་དང་བཞིའོ། །དེ་ལ་གླེང་གཞི་ནི་ཕུན་སུམ་ཚོགས་པ་ལྔ་ཚང་པ་ལ་རྒྱུད་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་གླེང་གཞི་འབྱུང་པའི་ཡན་ལག་གོ། །ལེའུ་དང་པོས་བཤད་དོ། །མདུན་བསུ་བ་དང་འདྲི་བ་དྲིས། སྐབས་སུ་གླེང་དུ་གླེང་བའི་ཕྱིར། གླེང་སློང་བ་སྟེ། རྒྱུད། ཡན་ལག གནས། སྐབས། ལེའུ་ཐམས་ཅད་ཀྱི་རྩ་བ་སྟོན་པའི་ཕྱིར་གླེང་སློང་རྩ་བའི་ཡན་ལག་སྟེ། ལེའུ་དགུ་བཅུ་གོ་གཅིག་པས་བཤད་དོ། །ལུས་དང་ནད། རྟགས། གསོ་ཐབས་སུ་འབྲེལ་བའི་ཕྱིར་འབྲེལ་པའོ། །ནད་གསོ་བ་ལ་དགོས་པ་ཡོད་པར་འབྲེལ་པ་སྟོན་པས་འབྲེལ་དགོས་ཆེད་ཡན་ལག་སྟེ་འཇུག་དོན་གྱི་སྐབས་སུ་ངོས་བཟུང་ལ་བཤད་དོ། །རྒྱུད་བཞིའི་ངོ་བོ་སྟོན་པས་རྒྱུད་དོན་ངོ་བོའི་ཡན་ལག་ཅེས་བྱའོ། །དེ་ཡང་རྩ་བ་འདུས་པའི་ཕྱིར་རྩ་རྒྱུད་དེ། ནད་གཞི་བརྟག་ཐབས་གསོ་ཐབས་གསུམ་གྱིས་བཤད། རྩ་བའི་དགོངས་པ་ཁྲོལ་བར་བྱ་བའི་ཕྱིར་བཤད་རྒྱུད་དེ་གནས་བཅུའི་བཤད། རྩ་རྒྱུད། བཤད་རྒྱུད་གཉིས་ལག་ཏུ་ལེན་པ་ལ་མན་ངག་བསྟན་པའི་མན་ངག་རྒྱུད་དེ། སྐབས་བཅོ་ལྔའི་བཤད། མ་ཚང་པ་ཁ་བསྐང་ཞིང་ལག་ལེན་མཆོག་ཏུ་སྟོན་པའི་ཕྱིར། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་དེ་མདོ་བཞི་ཡིས་བཤད། རྒྱུད་བཞི་དྲིལ་བས་རྒྱུད་དོན་ངོ་བོའི་ཡན་ལག་སྟེ། ཡན་ལག་བརྒྱད། ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་གིས་བཤད་དོ།།

            གཉིས་པ་ལུང་ཡིན་པ་ནི། ལུང་གཞན་ལས། ལུང་ཞེས་བྱ་བ་སྟོན་པའི་བཀའ་ལ་བཏགས། །གང་ཕྱིར་སེམས་ནི་རྣམས་སྦྱངས་ཤིང༌། །དགོས་པ་རྣམས་ནི་ནོར་བ་མེད། །ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་སྤངས་པ་གང་གི་ཕྱིར། །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་བྱུང་སྟེ། སྟོན་པ་སྨན་གྱི་བླའི་བཀའ་ཡིན་པས་དེ་ལ་ལུང་ཞེས་བྱའོ། །ལུང་དེ་ཡང་ཡིད་ཆེས་བདུན་གྱིས་བཤད་དེ། སྟོན་པའི་ཐུགས་ལས་རྩ་རྒྱུད་བྱུང་བས་རྩ་རྒྱུད་ཆོས་སྐུའི་ལུང་དུ་ཡིད་ཆེས། སྟོན་པའི་སྐུ་ལས་བཤད་རྒྱུད་བྱུང་བས་བཤད་རྒྱུད་ལོངས་སྐུའི་ལུང་དུ་ཡིད་ཆེས། སྟོན་པའི་ཡོན་ཏན་ལས་མན་ངག་རྒྱུད་བྱུང་བས་ངོ་བོ་ཉིད་ཀྱི་ལུང་དུ་ཡིད་ཆེས། སྟོན་པའི་འཕྲིན་ལས་ལས་ཕྱི་མའི་རྒྱུད་བྱུང་བས་སྤྲུལ་སྐུའི་ལུང་དུ་ཡིད་ཆེས། སྟོན་པའི་གསུངས་ལས་ཞུ་བ་པོ་འམ་དྲང་སྲོང་ཡིད་ལས་སྐྱེས་བྱུང་བས་ཞུས་ཚད་པད་མའི་ལུང་དུ་ཡིད་ཆེས། རྒྱུད་བཞི་སྐུ་ལྔ་ལྷུན་གྲུབ་ཏུ་བྱུང་བས་སངས་རྒྱས་སྨན་བླའི་ལུང་དུ་ཡིད་ཆེས། དེ་ལྟར་ཡང་དག་པའི་བཀའ་ལུང་ཡིན་ངེས་པས། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་འདི་ལ་ཡང་དག་པའི་ལུང་དུ་ཡིད་ཆེས་སོ། །དེ་ཡང་སློབ་དཔོན་དཔའ་བོས་སྙིང་པོ་བསྡུས་པའི་གནས་ཕྱི་མ་ལས། འདི་ནི་ལུང་ལས་ཆེས་དྲངས་ཤིང༌། །འབྲས་བུ་མངོན་དུ་སྟོན་བྱེད་པས། །སྔགས་དང་འདྲ་བར་ལེགས་སྦྱར་གྱིས། །ལོག་སྤྱོད་ནམ་ཡང་མི་བྱའོ། །ཞེས་གསུངས་སོ།།

            གསུམ་པ་མན་ངག་ཡིན་པ་ནི། ཚེགས་ཆུང༌། དོན་ཆེ། བྱ་སླ། དཔག་དཀའ་བ་ངེས་པར་མྱུར་དུ་འགྲུབ་པའི་ཕྱིར་ན་མན་ངག་ཅེས་བྱའོ། །དེ་ལའང་ཆེ་བ་དགུའི་སྒོ་ནས་འཆད་དགོས་ཏེ། སྨོན་པ་ཚད་མེད་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་དེའི་འཇུག་སྒོ་གོ་མ་ལོག་སྟེ་ཐེག་པ་གཞན་གྱི་སྒོ་རུ་འཇུག་མི་དགོས་པའི་ཆེ་བ། ༡ དམན་ལྷག་ལོག་པའི་མཐའ་དང་བྲལ་བས་དབུ་མར་བལྟ་ཞིང་ལྟ་བ་སྒྲིབ་པ་མེད་པའི་ཆེ་བ། ༢ འཇུག་པ་ཚད་མེད་པ་བཞི་ཉམས་སུ་ལེན་པའི་སྒོམ་ལ་གོལ་ས་མེད་པའི་ཆེ་བ་དང༌། ༣ མི་དགེ་བ་བཅུ་ལ་སོགས་པ་སྨྱོ་འཆལ་ཐོ་ཅོའི་ངན་སྤྱོད་ཐམས་ཅད་དོར་བས་དམ་ཚིག་མ་ཉམས་པའི་ཆེ་བ། ༤ ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྨན་སྦྱར་ནས་བྱིན་པས་སྦྱིན་པས་ཉེས་སྐྱོན་གྱི་དྲི་མས་མ་གོས་པར་བྱེད་པས་ཚུལ་ཁྲིམས། དལ་བྲེལ་འཁྱགས་ལྟོགས་ལ་སོགས་པ་དང་ནད་པའི་ཚིག་བཟོད་པས་བཟོད་པ། ལེ་ལོ་མེད་པར་ནད་པ་གསོ་བའི་བྱ་བ་ལ་བརྩོན་པས་བརྩོན་འགྲུས། སྨན་དཔྱད་ལ་རྟོག་ཅིང་བསམ་པར་བྱེད་པས་བསམ་གཏན། དེ་ལྟར་བཅོས་པས་སྨན་དཔྱད་ལ་ངེས་ཤེས་སྐྱེ་བས་ན་ཤེས་རབ་བོ། །དེ་ལྟར་ཕ་རོལ་ཕྱིན་པ་དྲུག་ལ་སྤྱད་པས་ཚོགས་གཞན་གསག་མི་དགོས་པའི་ཆེ་བ་དང༌། ༥ ཐར་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་འབྲས་བུ་གཞན་ནས་བཙལ་མི་དགོས་པའི་ཆེ་བ་དང༌། ༦ བཤད་པ་ལག་ལེན་འདི་རང་ལ་ཚང་བ་གསོ་དཔྱད་གཞན་ལ་ལྟོས་མི་དགོས་པའི་ཆེ་བ་དང༌། ༧ དགྲ་ལའང་ཕན་ཐོགས་པས་དགྲ་བོ་གཉེན་དུ་ཆོད་པའི་ཆེ་བ་དང༌། ༨ ཡུལ་ལ་ཕྱོགས་རིས་མེད་པར་ཡུལ་གང་དུ་བསྡད་ཀྱང་གཞན་གྱིས་ཕུད་དུ་འཁུར་པའི་ཆེ་བ་དང༌། ༩ དེ་ལྟར་ཆེ་བ་དགུ་དང་ལྡན་པའོ། །དེ་ལྟར་རྒྱུད་ལུང་མན་ངག་གསུམ་ལྡན་གྱི་རྒྱུད་འདི་ཇི་ལྟར་ཡིན་པའི་ཁུངས་ནི་རྣམ་ཐར་བཀའ་རྒྱ་ཅན་ན་གསལ་ལོ།།

            བཀའ་འམ་བསྟན་བཅོས་གང་ཡིན་ཡང་ཐུན་མོང་དུ་བཤད་པ་ནི། རྣམ་བཤད་རིག་པ་ལས། དགོས་པ་བསྡུས་པའི་དོན་དང་བཅས། །ཚིག་དོན་བཅས་དང་མཚམས་སྦྱར་དང༌། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་སོ། །དགོས་པའི་དོན་ནོར་བུ་རིན་པོ་ཆེ་ལ་དཔེ་བླངས་ཏེ་བཤད། བསྡུས་པའི་དོན་སེང་གེའི་མཆོངས་ལ་དཔེ་བླངས་ཏེ་བཤད། ཚིག་གི་དོན་བཞི་སྟེ། སྐབས་དབྱེ་བའི་ཚིག་དོན་སྟག་གི་མཆོངས་ལ་དཔེ་བླངས་ཏེ་བཤད་པ་དང༌། འབྲུ་བསྣོན་གྱི་ཚིག་དོན་རུས་སྦལ་གྱི་སྦུར་འགྲོས་ལ་དཔེ་བླངས་ཏེ་བཤད་པ་དང༌། གོང་འོག་གི་འཚམས་སྦྱོར་བ་བྱ་ངང་པའི་འགྲོས་ལ་དཔེ་བླངས་ཏེ་བཤད་པ་དང༌། བརྒལ་བ་དང་ལན་འདེབས་པ་ལ་ཕོ་རོག་གི་ཁུ་འཁྲིག་ལ་དཔེ་བླངས་ཏེ་བཤད་པའོ། །དང་པོ་དགོས་དོན་ལ་ལེའུ་གཉིས་པ་ལས། ཀྱཻ་གྲོགས་པོ་དག་ཤེས་པར་གྱིས་ཤིག ཅེས་སྟོན་པས་མདུན་བསུ་བ་དེ་ལྟ་བུའི་དགོས་པ་ཡོད། དེ་ལ་ལྔ་སྟེ། གང་ལ་དགོས་པ། རྒྱུ་མཚན་ཅིའི་ཕྱིར་དགོས་པ། དགོས་པ་དེ་ཐབས་གང་ལ་རག་ལུས་ཏེ་བྱུང་བ་དང༌། དགོས་པ་དེའི་དགོས་པ་གང་ཡིན་པ། དེ་ལ་འབྲེལ་པ་ཡོད་དམ་མེད་རྣམས་ཀྱིས་བསྟན་པའོ། །

            དང་པོ་གང་ལ་དགོས་ན་མི་ལུས་གཙང་མ་ཐོབ་པ་རྣམས་ལ་དགོས། གང་དགོས་ན་ཚེ་རིང་བ་ཐུབ་དགོས། རྒྱུ་མཚན་ཅིའི་ཕྱིར་དགོས་ན་ལུས་ལ་ནད་འབྱུང༌། ནད་ཀྱིས་ཚེ་ལ་བར་དུ་གཅོད་པས་ན་སྨན་དཔྱད་ཟས་སྤྱོད་བཞིས་བསོས་ནས་ཚེ་རིང་བར་བྱེད་པའི་ཕྱིར་དགོས། དེ་ཡང་ལུས་སྲོག་གཉིས་འཚོ་བར་བྱེད་པའི་ཕྱིར་ཚེ་ཞེས་བྱ། ཚེ་དེ་སྐད་ཅིག་ཀྱང་མི་སྡོད་པར་རྒས་ནས་འགྲོ་བས། དེ་ལ་རྒས་པའི་ནད་འོང་བས་རྒས་པ་གསོ་བ་ལ་བཅུད་ལེན་གྱི་ཚེ་བསྲིང་བའི་ཕྱིར་དགོས་སོ། །ཐབས་ནི་ཡི་གེ་རིས་སུ་བྲིས་པའི་རྒྱུད་མན་ངག་དང་བཅས་པའམ། སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ལ་རག་ལས་པའོ། །དགོས་པའི་དགོས་པ་ནི། ཚེ་རིང་བར་བྱས་པ་ལ་དགོས་པ་ཅི་ཡོད་ན། ཆོས་དང་ནོར་ལ་སོགས་པ་བདེ་བ་བསྒྲུབ་ཏུ་ཡོད་ཅིང༌། ལོངས་སྤྱོད་ཀྱི་ནོར་བསྒྲུབས་པས་ཚེ་རིང་འདི་ལ་བདེ། བྱང་ཆུབ་སེམས་ཀྱིས་བསྒྲུབས་པས་ཚེ་རབས་ཀུན་ཏུ་བདེ་བར་འགྱུར་རོ། །དེ་ལ་འབྲེལ་པ་ཡོད་དམ་མེད་ན། སྤྱི་རུ་དགོས་པ་ཡོད་ཀྱང་འབྲེལ་པ་མེད་པ་དང༌། འབྲེལ་པ་ཡོད་ཀྱང་དགོས་པ་མེད་པ་དང༌། དགོས་འབྲེལ་གཉིས་ཀ་མེད་པ་དང༌། གཉིས་ཀ་ཡོད་པ་དང་བཞི་ལས། འདིར་དགོས་འབྲེལ་གཉིས་ཀ་ཡོད་པ་སྟེ། ལུས་ལས་ནད་དང༌། ནད་ལས་བརྟག་པ་བྱུང་བའི་ཕྱིར་དེ་བྱུང་གི་འབྲེལ་པ་དང༌། ལུས་དང༌། ནད་དང༌། གཉེན་པོ་གསུམ་ག་འབྱུང་བ་བཞི་ལས་བྱུང་བའི་ཕྱིར་བདག་ཉིད་གཅིག་པའི་འབྲེལ་པ་ཡོད། ཟས་སྤྱོད་སྨན་དཔྱད་བཞིའི་གཉེན་པོ་བཞིས་འདུ་བ་ཆ་སྙོམས་པས་དེ་བཞི་ག་བདག་ཉིད་གཅིག་པའི། ཐབས་དང་དེ་ལས་བྱུང་བའི་འབྲེལ་པ་ཡོད། གཞན་ཡང་གསོ་བ་རིག་པའི་རྒྱུད་འདི་ཐབས་ཡིན་ལ། ནང་འདུ་བ་སྙོམས་ཤིང་ཚེ་རིང་དུ་གནས་ལ་དེ་ཐབས་ལས་བྱུང་བས་དེ་ལས་བྱུང་བའི་འབྲེལ་པ་ཡོད། དགོས་པའི་དགོས་པ་གོང་གིས་ཤེས། དེ་ཡང་དགོས་འབྲེལ་དེ་རྣམས་རྒྱུད་ལས་སྤྱན་དྲངས་ལ་བཤད་དོ། །འདིའི་སྐབས་སུ་གེགས་བསལ་ནས་མ་གསོས་ཀྱང་འཚོ་ལ་གསོས་ཀྱང་འཆི་བར་འདུས་པས།དེས་དགོས་པ་ཡང་མེད་ལ་འབྲེལ་པ་ཡང་མེད་ཟེར་ན། དེའི་གནད་ཀྱང་རྒྱུད་ནས་གསལ་ལོ། །

            བསྡུས་པའི་དོན་ལ་བཞི་སྟེ། གསོ་བྱ་གསོ་བྱེད་ཇི་ལྟར་གསོ་བ་དང༌། །གསོ་བ་པོ་དང་རྣམ་པ་བཞི་རུ་བཤད། །ཅེས་གསུངས་པས། གསོ་བྱ་ལུས་དང༌། གསོ་བྱེད་གཉེན་པོ་དང༌། ཇི་ལྟར་གསོ་ཐབས་དང༌། གསོ་བ་པོ་སྨན་པ་དང་ཆོས་བཞི་ལྡན་ནོ། །ཆོས་བཞི་པོ་དེ་ལ་གྲངས་དང་གོ་རིམ་ངེས་པ་ཡོད་དམ་མེད་ཅེ་ན། ཡོད་དེ་དང་པོ་གྲངས་བཞིར་ངེས་སོ། །དང་པོ་གསོ་བྱའི་ལུས་མེད་ན་གསོ་རྒྱུ་མེད་པས་གསོ་ཐབས་ལ་དགོས་པ་མེད། གསོ་བྱེད་མེད་ན་གསོ་བྱའི་ལུས་ཡོད་ཀྱང་གཉེན་པོ་མེད་པས་ཐབས་མེད་དོ། །གསོ་བྱ་དང་གསོ་བྱེད་གཉིས་ཀ་ཡོད་ཀྱང་ཇི་ལྟར་གསོ་བའི་ཐབས་མེད་ན་ནད་ཐོག་ཏུ་གཉེན་པོ་མི་འགྲོ་བས་སོ། །དེ་གསུམ་ཚོགས་ཀྱང་གསོ་བ་པོ་སྨན་པ་མེད་ན་ཕན་ཚུན་ཚུལ་སྡེབ་མི་ཤེས་པས་ན་དེ་རྣམ་གྲངས་བཞིར་ངེས་སོ། །གོ་རིམ་ནི་དབྱེ་བ་དང་སྦྱར་ལ་བཤད་དོ། །དེ་ལ་དང་པོ་གསོ་བར་བྱ་བའི་ཡུལ་ལ་གཉིས། གང་གིས་དོན་དུ་གསོ་བ་ལུས་ཀྱི་མཚན་ཉིད་དང༌། གང་གསོ་བ་ནད་ཀྱི་མཚན་ཉིད་གཉིས་སོ། གསོ་བྱེད་ཀྱི་གཉེན་པོ་ལ། སྤྱོད་ལམ་དང༌། ཟས་དང༌། སྨན་དང༌།དཔྱད་དང་བཞིའོ། གསོ་བའི་ཐབས་ལ་གཉིས་ཏེ། མི་ན་བ་གནས་པར་བྱ་བ་དང༌། ན་བ་གསོ་བའོ། །ན་བ་གསོ་བ་ལ་གསུམ། ནད་ངོས་གཟུང་བ་ལ་བརྟག་ཐབས་དང༌། ཇི་ལྟར་གསོ་བའི་ཚུལ་དང༌། གསོ་ཐབས་དངོས་བསྟན་པའོ། །དེ་ལ་དང་པོ་གང་གི་དོན་དུ་གསོ་ན་ལུས་དེའི་དོན་དུ་གསོ་བས་ཏེ། ལུས་དེ་ལ་ནད་མི་འབྱུང་བར་བྱ་བ་དང༌། ན་བ་གསོ་བ་དང༌། ཚེ་རིང་བར་བྱ་བའི་དོན་དུ་གསོ་བ་ཡིན་པས་དང་པོར་ལུས་དགོས་པ་བྱུང༌། ལུས་དེ་ལ་ནད་བྱུང་བས་དེའི་འོག་ཏུ་གསོ་བར་བྱ་བའི་ནད་བསྟན། ནད་དེ་ལ་གཉེན་པོ་དགོས་པར་བྱུང་བས་དེའི་འོག་ཏུ་གཉེན་པོ་བསྟན། དེ་ལ་དང་པོ་གཉེན་པོ་སྤྱོད་ལམ་གྱི་སྒོ་ནས་འདུ་བ་ཆ་སྙོམས། དེས་མ་སེལ་ན་ཟས་བཅོས་ཀྱི་སྒོ་ནས་འདུ་བ་ཆ་སྙོམས། དེས་མ་སེལ་ན་སྨན་གྱི་སྒོ་ནས་འདུ་བ་ཆ་སྙོམས། དེས་མ་སེལ་ན་མཐའ་མ་དཔྱད་ཀྱི་སྒོ་ནས་འདུ་བ་སྙོམས་ཏེ་བཅོས་པས་ནད་ཡུལ་འབྱིན་ངེས་སོ། །དེ་རྣམས་ཐམས་ཅད་གསོ་བ་པོ་སྨན་པ་ལ་རག་ལུས་པའི་ཕྱིར་དོན་མཐའ་མ་སྨན་པའི་ཆོས་བསྟན་པའོ། །

            དེ་ལ་དང་པོ་ལུས་ཞེས་བྱ་བ་ནི། ནད་དང་ལུས་ཟུངས། དྲི་མ་གསུམ་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང༌། རག་ལུས་པའི་ཕྱིར་ལུས་ཞེས་བྱ་སྟེ། ལུས་དེ་ཡང་ཆགས་ཚུལ་དང༌། འདྲ་དཔེ་དང༌། གནས་ལུགས་དང༌། མཚན་ཉིད་དང༌། དབྱེ་བ་དང༌། ལས་དང༌། འཇིག་ལྟས་དང་བདུན་ནོ། །གཉིས་པ་ལུས་དེ་ལས་བྱུང་པའི་ནད་ཅེས་བྱ་བ་ནི་ཉེས་པ་མ་སྙོམས་པ་སྟེ། ལུས་སེམས་ལ་གདུངས་ཤིང་ཚེ་ལ་བར་དུ་གཅོད་པར་བྱེད་པའི་ཕྱིར་ནད་ཅེས་བྱའོ། །ནད་དེ་ལ་ཡང༌། རྒྱུ་དང་རྐྱེན། ཞུགས་ཚུལ་དང། ། གནས་དང༌། མཚན་ཉིད་དང༌། དབྱེ་བ་དང༌། སོ་སོའི་དོན་བསྟན་པ་དང་བདུན་ནོ། །གཉེན་པོ་ནི་ནད་ཆོམས་ཤིང་སེལ་བར་བྱེད་པའི་གཉེན་པོའོ། དེ་ལའང་བཞི་ལས། དང་པོ་སྤྱོད་ལམ་ནི་འཕྲལ་གྱི་ལུས་ངག་ཡིད་གསུམ་གྱི་བྱ་བའི་སྤྱོད་པ་ལམ་དུ་འཁྱེར་བའི་ཕྱིར་སྤྱོད་ལམ་ཞེས་བྱའོ། །དེ་ན་ནད་མེད་པའི་བྱ་བ་དང༌། ནད་པའི་བྱ་བ་གཉིས་སོ། དང་པོ་རྒྱུན་གྱི་སྤྱོད་ལམ་དང༌། དུས་ཀྱི་སྤྱོད་ལམ་དང༌། གནས་སྐབས་ཀྱི་སྤྱོད་ལམ། ནད་པའི་སྤྱོད་ལམ་དྲག་དལ་གཉིས། ཟས་ནི་བཀྲེས་སྐོམ་སེལ་ཞིང་ལུས་སྟོབས་བསྐྱེད་པའི་ནུས་པ་དང་ལྡན་པས། ཟས་སྐོམ་བཟའ་བཏུང་བྱས་པས་བཀྲེས་སྐོམ་གྱི་གདུང་བ་སེལ་བའི་ཕྱིར་ན་ཟས་ཞེས་བྱ། དེ་ཡང་ཟས་ཚུལ་ཤེས་པར་བྱ་བ་དང༌། ཟས་བསྡམ་པ་དང༌། ཟས་ཚོད་རན་པར་ཟ་བའོ། །སྨན་ནི་རྫས་གང་ཞིག་ནད་སེལ་བའི་མཆོག་ཏུ་གྱུར་ཅིང༌། ཁོང་དུ་བཏང་པས་ཚེ་སྲོག་ལ་ཕན་པ་དེ་ལ་སྨན་ཞེས་བྱའོ། དེ་ཡང་རོ་དང༌། ནུས་པ། ཞུ་རྗེས། སྦྱར་ཐབས་བཞིའོ། །དཔྱད་ནི་ལུས་ཀྱི་ཕྱི་ནས་ནད་འབྱིན་ཅིང་ཞི་བར་བྱེད་པའི་ཕྱིར་དཔྱད་ཅེས་བྱའོ། དེ་ལ་ཡང་འཇམ་པའི་དཔྱད་དང༌། རྩུབ་པའི་དཔྱད་དང༌། དྲག་པོའི་དཔྱད་དང་གསུམ་མོ། །

            དེ་ལས་རྒྱས་པར་གཉེན་པོ་སྟོང་རྩ་གཉིས་ཀྱི་དབྱེ་བ་ནི། སྨན་ལ་ཞི་སྦྱང་གཉིས་ལ། ཞི་བྱེད་ལ་བསིལ་དྲོད་གཉིས། སྦྱོང་བྱེད་ལ་དྲག་འཇམ་གཉིས། ཟས་ལ་ཕན་གནོད་གཉིས། སྤྱོད་ལམ་ལ་དྲག་དལ་གཉིས། དཔྱད་ལ་འཇམ་རྩུབ་གཉིས། བཅུ་པོ་དེ་ནད་བརྒྱ་རྩ་གཅིག་ལ་སྦྱར་བས་སྟོང་དང་བཅུ། དེ་སྟེང་དུ་བསྲུང་བ་དང༌། རིམ་གྲོ། ནུས་པ་གཉིས་ཏེ་སྟོང་རྩ་གཉིས་སོ། །ཡང་ན་སྨན་གྱི་ངོ་བོ་སྟོང་རྩ་གཉིས་ཡོད་པའོ། །མི་ན་བ་ལ་གནས་པར་བྱེད་པ་ནི་ཐ་མལ་གྱི་ལུས་ནད་མེད་པ་དེ། སྤྱོད་ལམ་དང༌། ཟས་ཀྱི་རོ་ནུས་དང༌། ཁྲུས་དང༌། བྱུག་པ་ལ་སོགས་པའི་སྒོ་ནས་འདུ་བ་མི་འཁྲུག་བར་བྱས་ནས། ལུས་ལ་ནད་མི་འབྱུང་བར་བྱེད་ཅིང༌། རྒས་པ་གསོ་བ་བཅུད་ཀྱི་ལེན་པའི་ཐབས་ཀྱིས་སྟོབས་དང་ཚེ་འཕེལ་བར་བྱེད་པའོ། །དེ་ལ་བཅུད་ལེན་ཞེས་བྱ་བ་ནི་རྫས་ཀྱི་བཅུད་དང་དུ་བླངས་པས་ཚེ་རིང་དུ་བྱེད་པའི་ཕྱིར། རྡོ་བཅུད་དང༌། ས་བཅུད། ཤིང་བཅུད། སྔོ་བཅུད། རྩྭ་བཅུད། རྩིའི་བཅུད་དོ། །བརྟག་ཐབས་ནི་ནད་ཁོང་ན་ཡོད་པའི་རྟགས་ཕྱིར་འབྱུང་བས། དེ་ངོས་འཛིན་ཅིང་སྟོན་པས་བརྟག་ཐབས་ཞེས་བྱ་སྟེ། དེ་ལ་ཡང་ཉེས་པ་དངོས་སུ་སྟོན་པའི་བརྟག་ཐབས་དྲུག ངན་གཡོ་སྐྱོན་གྱིས་བརྟག་པའི་ཐབས་བརྒྱད། སྤང་བླང་མུ་བཞིར་བརྟག་པ་བཞི་སྟེ་བཅོ་བརྒྱད། གལ་འགག་བཞིའི་བརྟག་པ་བཞི་སྟེ། དྲིལ་བས་ཉེར་གཉིས་སོ། །

            གསོ་ཚུལ་ཞེས་བྱ་བ་ནི་ནད་ཀྱི་སྟེང་དུ་གཉེན་པོ་གཏང་བའི་ཐབས་སྟོན་པ་སྟེ། སྤྱིའི་གསོ་ཚུལ་གསུམ། བྱེ་བྲག་གི་གསོ་ཚུལ་གསུམ། ཁྱད་པར་གྱི་གསོ་ཚུལ་དགུ་སྟེ་བཅོ་ལྔའོ། །གསོ་ཐབས་ཞེས་བྱ་བ་ནི། ནད་སྟེང་དུ་གཉེན་པོ་གཏོང་བར་བྱེད་པ་སྟེ། སྤྱིར་ཟད་པ་བརྟ་བས་བཅོས་པ་དང༌། འཕེལ་བ་སྨྱུང་བས་བཅོས་པ་གཉིས། བྱེ་བྲག་ཟས་སྤྱོད་སྨན་དཔྱད་བཞི་ལ། སྨན་ལ་ཞི་བྱེད་སྡེ་ཚན་ལྔ། སྦྱོང་བྱེད་ལ་ལྔ། དཔྱད་སྡེ་ལྔ་ཐུར་མ་དང་དྲུག ཟས་དང་སྤྱོད་ལམ་གཉིས་གཉིས་ཏེ་ཉི་ཤུ་ཐམ་པའོ། །དེ་ལས་རྒྱས་པར་གསོ་ཐབས་སུམ་བརྒྱ་དྲུག་ཅུར་དབྱེ་བར་བྱ་སྟེ། རྩ་བའི་བརྟག་ཐབས་ཉེར་གཉིས། བྱེ་བྲག་གི་བརྟག་ཐབས་བརྒྱ་དང་གཅིག་སྟེ། བརྟག་པ་བརྒྱ་དང་ཉེར་གསུམ་མོ། །རྩ་བའི་གསོ་ཚུལ་བཅོ་ལྔ། བྱེ་བྲག་གི་གསོ་ཚུལ་བརྒྱ་དང་གཅིག་སྟེ། གསོ་ཚུལ་བརྒྱ་དང་བཅུ་དྲུག་གོ། རྩ་བའི་གསོ་ཐབས་ཉི་ཤུ། བྱེ་བྲག་གི་གསོ་ཐབས་བརྒྱ་དང་གཅིག་སྟེ། གསོ་ཐབས་བརྒྱ་དང་ཉེར་གཅིག་གོ། སྤྱིར་བསྡོམས་པས་སུམ་བརྒྱ་དང་དྲུག་ཅུའོ། །

            གསོ་བ་པོ་ཞེས་བྱ་བ་ནི་བདག་རྐྱེན་སྨན་པ་སྟེ། དེ་ཡང་རྒྱུ་དང༌། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ལས་དང༌། འབྲས་བུ་དང་དྲུག་གོ། དེ་རྣམས་དཔེ་དང་སྦྱར་ན་ལུས་ནི་ཞིང་དང་འདྲ། ནད་ནི་ཐེན་(ཐན་)པ་དང་འདྲ། གཉེན་པོ་ནི་ཆུ་དང་འདྲ། བརྟག་པ་ལྗང་པ་ཚིག་མ་ཚིག་བརྟག་པ་དང་འདྲ། གསོ་ཚུལ་ནི་རྫིང་ཡུར་བྱེད་པ་དང་འདྲ། གསོ་ཐབས་ཞིང་ཆུ་བ་དང་འདྲ། སྨན་པ་ནི་ལས་བྱེད་པའི་བདག་པོ་དང་འདྲ། ནད་མེད་པར་གནས་པ་ནི་སྔོན་ཆུ་གཏོང་བ་དང་འདྲའོ། །དེ་རྣམས་ནི་དོན་གྱི་ཁོག་དབུག་པ་ཞེས་བྱའོ།།

 

གཉིས་པ་དཀྱུས་ཀྱི་ས་གཅད་པ་ལ་བཞི་སྟེ། ས་གཅད་པའི་དགོས་པ། ངོ་བོ། ངེས་ཚིག དབྱེ་བའོ། །དེ་ལ་དང་པོ་ས་གཅད་པའི་དགོས་པ་ནི། ཉན་བཤད་བཟུང་བདེ་བའི་དགོས་པ་ཡོད། ངོ་བོ་ནི་གཞུང་གི་དོན་ཚོམས་བསྡུས་པ། ངེས་ཚིག་ནི། གཞུང་ལ་སྡེ་ཚན་དུ་སྤྱོད་པའི་ཕྱིར་རོ། ། གསུམ་པ་དབྱེ་བ་ལ་གཉིས་ཏེ། བཀའ་རང་ལུས་ཀྱི་ས་གཅད་པ་དང༌། སློབ་དཔོན་གདམས་ངག་གི་ས་གཅད་པ་གཉིས་ཀྱི། དང་པོ་ནི་རྒྱུད་བཞི། ཡན་ལག་བརྒྱད། གནས་བཅུ་གཅིག སྐབས་བཅོ་ལྔ། མདོ་བཞི། ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཡོད་པའོ། །གདམས་ངག་གི་ས་བཅད་ནི། ཀླད་དང༌། གཞུང་དང༌། མཇུག་དང་གསུམ་མོ། །དང་པོ་ཀླད་ཀྱི་དོན་ལ་གཉིས་ཏེ། སྐད་ཉིས་འགྱུར་གྱི་སྒོ་ནས་རྒྱུད་ཀྱི་མཚན་བསྟན་པ་དང༌། སྟོན་པ་ལ་ཕྱག་འཚལ་ཞིང་མཆོད་པར་བརྗོད་པའོ། ། གཞུང་གི་དོན་ལ་གསུམ་སྟེ། གླེང་གཞི་དང༌། གླེང་སློང་དང༌། རྒྱུད་ཀྱི་དོན་བསྟན་པའོ།།

ལྔ་པ་འབྲུ་བསྣོན་ནི། ཚིག་དང་དོན་འབྲེལ་བར་བྱེད་པར་སྟེ། བསྡུས་པའི་འགྲེལ་པ། འབྱེད་པའི་འགྲེལ་པ། འགྲོལ་བའི་འགྲེལ་པའོ། །དེ་ལ་གསུམ། རྒྱུ་མཚན་ཉིད་ཀྱིས་གཏན་ལ་དབབ་པའི་ཕྱིར། འབྲས་བུ་ལོ་རྒྱུས་ཀྱིས་འགྲོལ་བ་དང༌། ཡིད་ཆེས་པའི་ཕྱིར་འབྲུ་ལུང་ཁུངས་ཀྱིས་འགྲོལ་བ་དང༌། ཐ་སྙད་ཞིབ་པར་བྱ་བའི་ཕྱིར་འབྲུ་རིག་པས་འགྲོལ་བའོ། །བཞི་པ་གོང་འོག་འཚམས་སྦྱར་བ་ནི་གོ་རིམ་ངེས་པར་བསྟན་པའོ། །བརྒལ་ལེན་བྱ་རོག་གི་ཁུ་འཁྲིག་ལྟ་བུ་ནི་རྩོད་ཟློག་ཏུ་ཤེས་པར་བྱའོ། །གསོ་བ་རིག་པའི་རྒྱུད་སྡེ་ཆེན་པོའི་ཁོག་དབུག་བཤད་ཐབས་ཀྱི་སྟོང་ཐུན། ཁྱུང་ཆེན་ལྡིང་པ་ཞེས་བྱ་བ་གཡུ་ཐོག་ཡོན་ཏན་མགོན་པོས་སྦྱར་བ་རྫོགས་སོ།། །།


སརྦ་མངྒལཾ།།




 

 

 

 

 

 

མཐའ་མའི་འདོན་ཐེངས་།: 19.08.2021 ཉིན། 2:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།