སྨན་རྩིས་དྲ་བ། - རྩ་དཀར་གྱི་ནད།

  

རྩ་དཀར་གྱི་ནད།
དང་པོ། རྩ་དཀར་ནད་ཀྱི་ངོ་སྤྲོད།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་ན། རྩ་ནི་རླུང་ཁྲག་བཅས་ཀྱི་རྒྱུ་ལམ་ཡིན་པ་དང་། ལུས་ཕྱི་ནང་ཀུན་ལ་ཁྱབ་ཅིང་འབྲེལ་ཏེ་གནས་པ། ལྷག་པར་སྲོག་གནས་པའི་རྩ་བ་ལྟ་བུར་གྱུར་པས་ན་རྩ་ཞེས་བྱ་བ་ཡིན། དེ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་སྲོག་རྩ་དཀར་པོ་དང་། སྲོག་རྩ་ནག་པོ་གཉིས་གསུངས་ཡོད།
སྐབས་བབ་སྲོག་རྩ་དཀར་པོའམ་རྩ་དཀར་ཞེས་པ་ནི། ངོ་བོའམ་མདོག་ལ་བལྟོས་ནས་མིང་དེ་ལྟར་བཏགས། དེའི་ནང་གཙོ་བོ་རླུང་རྒྱུ་བ་དང་། ལུས་ལ་གནས་པའི་དབང་རྩ་ཐམས་ཅད་ཀྱི་སྤྱི་མིང་ཞིག་ཡིན། འདི་ལ་ཐ་སྙད་གཞན་དུ། ཆུ་རྩའམ། དབང་རྩ་ཡང་ཟེར། འདི་ནི་ཐོག་མར་ཀླད་པ་ནས་ཐོན་ཏེ་རིམ་པས་རྒྱུངས་པ་དང་ལུས་ཀྱི་བྱང་ཁོག་དང་ཡན་ལག་ཐམས་ཅད་དང་འབྲེལ། དེ་ལ་དབྱེ་ན་ཕྱི་རྩ་དང་ནང་རྩ་བཅས་གཉིས་ཡོད།
དང་པོ་ཕྱི་རྩ་ཞེས་པ་ནི། ལུས་ཀྱི་ཤ་སྒྲིམ་དང་། ཆུ་བ། རྒྱུས་པ། རུས་ཚིགས་རྣམས་དང་འབྲེལ་ཞིང་ཕྱི་ནས་མཐོང་ཐུབ་པའི་རྩ་དཀར་རྣམས་ལ་ཕྱི་རྩ་ཟེར་བ་དང་། དེ་ལའང་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་སྟེ། ལྟག་པའི་སྡུད་སྒོ་ནས་ཐོན་པའི་ཕྱི་རྩ་སྦུ་ག་ཅན་གཡས་གཡོན་དུ་རྒྱུ་བ་གཉིས་དང་། ལྟག་ཟུར་སྤུ་འཁྱིལ་ནས་ཐོན་པའི་ཕྱི་རྩ་འཇའ་བྱེད་གཡས་གཡོན་གཉིས། རྣ་ཤལ་འོག་ནས་ཐོན་པའི་ཕྱི་རྩ་རཏྣ་གཡས་གཡོན་གཉིས་བཅས་རིགས་དྲུག་ཡོད།


གཉིས་པ་ནང་རྩ་ཞེས་པ་ནི། སྙིང་དང་རྒྱུ་མ་སོགས་ལུས་ཁམས་ནང་གི་དོན་ལྔ་སྣོད་དྲུག་དང་འབྲེལ་ཞིང་ཕྱི་ནས་མི་མངོན་པར་གནས་པས་ན་ནང་རྩ་ཞེས་འབོད་པ་དང་། དེ་ལ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་རིགས་བཅུ་གསུམ་ཡོད།
ནང་རྩ་ ༡༣ ལས།
    དོན་སྣོད་གང་དང་འབྲེལ་ཡོད་པ།
རླུང་རྩ་ ༤
    སྙིང་དང་། རྒྱུ་མ།
མཁྲིས་རྩ་ ༤
    གློ་བ། ལོང་། མཆིན་པ། སྣོད་མཁྲིས།
བད་ཀན་རྩ་ ༤
    ཕོ་བ། མཆེར་པ། མཁལ་མ། ལྒང་པ།
འདུས་རྩ་ ༡
    བསམ་སེའུ།

རྩ་དཀར་གྱི་ནད་ཅེས་པ་ནི། ཡུན་རིང་ཟས་སྤྱོད་བསྟེན་སྟངས་མ་འགྲིག་པའམ། ཡང་ན་རིམས་ནད་དང་། དེ་བཞིན་གློ་བུར་གྱི་རྐྱེན་དཔེར་ན་ཀླད་པ་དང་རྒྱུངས་པ་སོགས་ལ་བརྡབས་སྐྱོན་བྱུང་བ་དང་། མཚོན་གྱིས་རྨས་པ། ཉེས་བརྡུང་དྲག་པོ་ཕོག་པ། བསིལ་སྨན་བཏང་དྲགས་པ་ལ་སོགས་པའི་རྐྱེན་གྱིས་གོང་དུ་ཞུས་པའི་རྩ་དཀར་གྱི་རིགས་དང་དེ་དག་ལས་གྱེས་པའི་རྩ་ཕྲན་རྣམས་ལ་ནད་འཇུག་པ་ལ་རྩ་དཀར་གྱི་ནད་ཟེར་བ་ཡིན། དེ་ལ་ནད་ཞུགས་ན་ནད་རྟགས་ངོ་མཚར་ཅན་དུ་མ་ཞིག་སྣང་རྒྱུ་ཡོད། 
རྩ་དཀར་གྱི་ནད་གཞི་འདི་དེང་རབས་བྲེལ་ཟིང་ཆེ་བའི་སྤྱི་ཚོགས་ནང་སློང་རྐྱེན་མང་བས་ན་མཁན་མང་པོ་ཡོད་པར་བརྟེན། འདི་ནི་རྒྱུན་མཐོང་གི་ནད་གཞི་ཞིག་ཏུ་འགྱུར་ཡོད། ནད་གཞི་འདི་ལ་ལྷོད་གཡེང་དུ་གཏོང་མི་རུང་། ལྷག་པར་དྲན་ཤེས་ཉམས་པ་དང་། མགོ་ཡུ་ཡང་ཡང་འཁོར་བ། རྐང་ལག་གཡོ་བའམ་གཡུག་པ། མགོ་དང་མཇིང་ལྟག་ཡང་ཡང་ན་བ་རྣམས་རྩ་དཀར་གྱི་གཞི་ཀླད་པར་ནད་གཞི་ཚབས་ཆེན་ཕོག་པའི་མངོན་རྟགས་ཀྱང་ཡིན་སྲིད་པས་དུས་ཐོག་ལ་བརྟག་དཔྱད་བྱེད་རྒྱུ་གལ་ཆེ།

གཉིས་པ།
  རྒྱུ་རྐྱེན།
རྩ་དཀར་ནད་འདི་རྒྱུ་རྐྱེན་གང་ལས་བྱུང་ཞེ་ན། ཟས་སྤྱོད་ལོག་པ་སྟེ། ཟས་སུ་གྲང་མོ་དང་། རྗེན་པའི་རིགས། ཕག་ཤ་སོགས་བསྟེན་དྲགས་པ། དེ་བཞིན་སྣུམ་བཅུད་ཆེ་བའི་རིགས་དཔེར་ན་ཤ་རྙིང་པ་དང་མར་རྙིང་པ་སོགས་ཟོས་དྲགས་པའི་རྐྱེན་གྱིས་ཟས་ཀྱི་དྭངས་མ་ཚུལ་བཞིན་སྨིན་མ་ཐུབ་པར་ཆུ་སེར་འཕེལ་བ་ཚད་ལས་བརྒལ་ནས་ཤ་གནད་དང་། རུས་ཚིགས། རྩ་དང་ཆུ་རྒྱུས་རྣམས་ལ་བྱེར་ཞིང་ཡུན་རིང་གནས་པ་དང་། སྤྱོད་ལམ་དུ་བརླན་གཤེར་ཆེ་བའི་ཡུལ་དང་། སྣུམ་པ་སྟེ་རྩི་ཤིང་ནགས་ཚལ་མང་བའི་ཡུལ་དུ་ཡུན་རིང་བསྡད་དྲགས་པ། གློག་ཀླད་ཐོག་ལས་ཀ་བྱེད་སྐབས་སྡོད་སྟངས་ནོར་བ། ཆུ་གྲང་མོའི་ནང་ཞུགས་དྲགས་པ། ལུས་ཁམས་འཁྱགས་པ། ལས་རིགས་གཅིག་རང་ཡུན་རིང་དུ་བྱས་པའམ། ཡང་ན་མ་བྱས་པར་ཡུན་རིང་བསྡད་དྲགས་པ།  ཡར་ལངས་དྲགས་པ། ཨ་མས་ཕྲུ་གུ་བཙས་རྗེས་ཆུ་གྲང་ནང་ལས་ཀ་བྱས་དྲགས་པ། བཞའ་ཚན་ཆེ་སར་བསྡད་དྲགས་པ། ལུས་ཤིན་ཏུ་ངལ་དུབ་སོང་བ། སེམས་ཁམས་ལ་ཕོག་ཐུག་ཤུགས་ཆེན་ནམ་སེམས་ངལ་བྱེད་དྲགས་པ་སོགས་ཀྱིས་རྩ་དཀར་ནད་སྐྱེད་པར་བྱེད་ཀྱི་ཡོད།  དེ་ཡང་གྲང་ལྷག་ཆེ་བ་དང་། གནམ་གཤིས་འགྱུར་ལྡོག་མང་བ། བརླན་གཤེར་ཆེ་བའི་རྐྱེན་གྱིས་ནད་འདི་ན་མཁན་མང་བར་མཐོང་།
ཡང་ལུས་བརྡབ་འགྲམས་དང་། རྨས་སྐྱོན་གྱིས་རྩར་གནོན་བཙིར་ཤོར་བ། དངོས་པོ་ལྕི་བའི་རིགས་བཏེགས་དྲགས་པའམ་ཤུགས་ཀྱིས་འདེགས་པ། གློ་བུར་དུ་པོ་ལོ་སོགས་ལ་ཤུགས་ཀྱིས་བརྡེགས་པ་སོགས་ཀྱིས་རྩ་དཀར་ནད་ཕོག་པ་ཡོད།
ཡང་ཐོག་མར་ཆམ་པ་དང་རིམས་ཚད་སོགས་ཚ་བ་མ་སྨིན་པའི་སྐབས་བསིལ་བཅོས་སྔས་པའམ་བཅོས་ཉེས་ཤོར་ནས་ཚད་རོ་རྩ་དཀར་གྱི་གནས་ལ་འགྲམས་པའི་རྐྱེན་གྱིས་རྩ་དཀར་གྱི་ནད་ན་བ་ཡོད།
དེང་སྐབས་ཕྱིའི་གནམ་གཤིས་གྲང་ངར་ཙམ་མིན་པར་ཚ་དྲོད་ཆེ་བའི་ཡུལ་དུ་སྡོད་ཁང་དང་ལས་ཁུངས་སོགས་ཀྱི་ནང་རླུང་འཁོར་དང་། གྲང་གློག་ཡུན་རིང་བེད་སྤྱོད་བྱེད་པའི་འོག་བསྡད་ཆེ་བ་སོགས་མདོར་ན་ས་ཁུལ་དམའ་ས་ལའང་རྩ་དཀར་ན་མཁན་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད།

གསུམ་པ།
  ནད་རྟགས།

རྩ་དཀར་ནད་ཀྱི་སྤྱི་རྟགས།

 

  •         ·  མགོ་བོ་ན་བ།
  •         ·  སྟོད་གཟེར་རྒྱག་པ།
  •         ·  ཁ་མིག་ཡོ་བ།
  •         ·   མགོ་ཡུ་འཁོར་ནས་ཆང་གིས་བཟི་བ་ལྟར་བྱེད་པ།
  •         ·   དྲན་ཤེས་ཉམས་པ།
  •         ·   ཡན་ལག་སྦྲིད་པ།
  •         ·   ཡན་ལག་ཞ་བ།
  •         ·   ལུས་ཀྱི་གཞོགས་གཅིག་ཚོར་བ་ཉམས་པའམ་ཡང་ན་རྐེད་པ་མན་ཆད་ཚོར་བ་མེད་པ། 
  •         ·   ནད་པའི་སྣང་བར་སྐྲངས་སྙམ་ཡོང་བ།
  •         ·   བཤང་གཅི་དབང་མེད་དུ་ཤོར་བའམ་ཡང་ན་འགག་པ། 
  •         ·   ལུས་དྲོད་མེ་ལྟར་ཚ་བའམ་ཡང་ན་རྡོ་ལྟར་གྲང་བ།
  •         ·   ལུས་པོ་གཞུ་ལྟར་གུག་པའམ་ཡང་ན་རྭ་ལྟར་དགྱེ་བའམ་རེངས་པ།
  •         ·   ལུས་པོ་ཤིང་ལྟར་རེངས་པ།
  •         ·   ད་དུང་ཚ་ཤས་ཆེ་ན་ཟུག་གཟེར་ཆེ་ཞིང་ཚ་བ་རྒྱག་པ། 
  •         ·   གྲང་ཤས་ཆེ་ན་དྲོད་ཆུང་ལ་སྐྲངས་པ།
  •         ·   རླུང་ཤས་ཆེ་སྐབས་འདར་བ་དང་གཡལ་སྟོང་མང་བ། ལྕེ་སྐམ་ཞིང་ཤེས་པ་འཁྲུལ་བ།
  •         ·   ཟི་འཁྱོམས་ལངས་པ།
  •         ·   འགྲོ་བསྐྱོད་དཀའ་བ།
  •         ·   རྩ་འདར་བྱེད་པ།
  •         ·   གཉིད་མི་ལེགས་པ།
  •         ·   ཆུ་རྒྱུས་གྱོང་པོ་ཆགས་ཏེ་འགུལ་བསྐྱོད་བྱས་ཚེ་ན་ཟུག་ཆེ་བ།
  •         ·   ནད་འདི་གློ་བུར་དུ་ཚོར་བ་ཉམས་ནས་ན་ཟུག་གང་ཡང་མེད་མཁན་གྲས་ལ་བཅོས་དཀའ་བ་ཡོད།    
དེ་བཞིན་ཤ་སྒྲིམ་དང་། ཆུ་བ། རྒྱུས་པ། རུས་ཚིགས་དང་འབྲེལ་བའི་རྩ་དཀར་ཕྱི་རྩ་རྣམས་ལ་ནད་ཞུགས་པའམ་གནོད་སྐྱོན་འབྱུང་ན་གནས་དེར་སྐྲངས་པའམ་སྦོས་པ། ཡང་ན་རིམ་པས་ཤ་སྐེམ་པ་དང་། ཞ་བ། རེངས་པ་སོགས་ན་ལུགས་སྣ་ཚོགས་འབྱུང་བ་ཡིན། 
བཞི་པ། ཟས་སྤྱོད་སྤང་བླང་།

ཕན་པའི་ཟས་སྐོམ།

འཇུ་སླ་བའི་དྲོད་བཅུད་རིགས་ཏེ་རྩམ་ཐུག་དང་། ལ་ཕུག་ལྡན་པའི་ཐུག་པ། དེ་བཞིན་འབྲས་ཐུག་ལ་ཤ་གསར་དང་མར་གསར་སོགས་ཀྱི་སྡོར་བརྒྱབ་ཏེ་བསྐོལ་ནས་བསྟེན་པ་དང་། དེ་བཞིན་སྔོ་ཚལ་གང་ཡང་སོས་པ་དང་། དུས་སུ་སྨིན་པའི་ཤིང་ཏོག སྐོགས་འཁྲེགས་ཤིང་འབྲས་དཔེར་ན། སྟར་ཁ། (Walnut) ཁམ་བུའི་འབྲས་བུ། (Almond) འོ་མ། རུས་ཐང་། ཆུ་ཁོལ་མ་སོགས་ཚད་རན་པོ་བསྟེན་ཚེ་ལུས་ཀྱི་ཟུངས་སྟོབས་རྒྱས་པ་དང་། རྩ་དཀར་བྱེད་ལས་སྲུང་བ་དང་གསོ་བར་ཕན་གྱི་ཡོད།

ཕན་པའི་སྤྱོད་ལམ།

ཕན་པའི་སྤྱོད་ལམ་ནི། དུས་རྒྱུན་དུ་ཉི་མའི་འོད་ལ་རན་ཙམ་བསྲོ་བ་དང་། སྣུམ་དང་རྩི་མར་སོགས་ཀྱིས་ལུས་ཡོངས་རྫོགས་སམ་རྩ་དཀར་དང་རླུང་གསང་ཁག་ལ་བསྐུ་མཉེ་དང་ཚ་དུགས་བྱེད་པ། ལྷག་པར་གནམ་གཤིས་གྲང་ངད་ཆེ་བའི་སྐབས་སྲིན་བལ་གྱིས་བཟོས་པའི་ཉལ་གོས་དྲོ་བོ་གྱོན་པ། དྲོད་ཆེ་བའི་ཁང་པའི་ནང་དུ་བསྡད་པ། ཉིན་ལྟར་ལུས་རྩལ་སོགས་རྩོལ་བཅག་རན་པོ་བྱེད་པ། མྱ་ངན་སོགས་སེམས་ལས་ཉུང་བ། མཚན་མོར་གཉིད་ལེགས་པོ་ཁུག་པ་སོགས་མདོར་ན་ལུས་ཁམས་འཁྱགས་མ་བཅུག་པའམ་གྲང་བའི་ནད་གཞི་མི་འབྱུང་བར་འབད་དགོས་པ་གལ་ཆེ། གལ་སྲིད་ལུས་ཀྱི་གནས་གང་ཞིག་ལ་དྲོད་མེད་པའི་ཚོར་སྣང་བྱུང་ཚེ་གནས་དེར་བོད་ཚྭའམ་སོ་ཕག་དང་རྫ་མ་བསྲོས་ནས་དྲོད་དུགས་རྒྱག་པ་དང་། ཡང་རྩ་དཀར་གསང་དམིགས་རྣམས་ལ་ན་ཟུག་ཡོད་ན་ཆུ་ཚ་བོའི་ནང་ཞུགས་ནས་ན་ཟུག་འཇག་ཐབས་བྱ་དགོས། དེང་སང་མཇིང་རྩ་དང་རྐེད་རྩ་འཆུས་པ་སོགས་རྩ་དཀར་ན་མཁན་མང་པོ་ཡོད་པས་ཉིན་ཤས་རིང་གནས་དེར་སྣུམ་བྱུག་དང་རྩ་བྱུག་བེད་སྤྱོད་བྱས་ན་ཕན་པ་ཡིན།  ཡང་རང་བྱུང་ཆུ་ཚན་དང་ཆུ་ལུམས་ཡང་ན་བཅིངས་ལུམས་དཔྱད་བཅོས་ཀྱིས་ཀྱང་ཕན།

གནོད་པའི་ཟས་སྐོམ།

གནོད་པའི་ཟས་སྐོམ་ཐད་ནད་ལྡང་བཞིན་པའི་དུས་ལ་རོ་ཚ་བ་དང་རྣོ་བའི་རིགས་ཏེ་སུར་པན་བསིལ་ཕན་དང་། སྒོག་པ། ཙོང་། ཆང་རག ཐ་མག ཚིག་ཇ་སོགས་ཇ་གར་པོ། བསྙལ་བའི་ཟས་རིགས། རུལ་སྐྱུར། གཡེར་མ། ཕག་ཤ ར་ཤ ཏིག་ཚལ། ཞོག་ཁོག སྲོག་ཆགས་ཀྱི་ནང་ཁྲོལ། ཆུ་གྲང་མོ། མངར་ཤས་ཆེ་བའི་ཟས་རིགས་སོགས་བསྟེན་དྲགས་ན་གྲང་རླུང་གིས་རྩ་དཀར་ནད་གཞི་སློང་བར་བྱེད་པའམ་ནད་གཞི་སྡུག་ཏུ་གཏོང་བར་བརྟེན་ངེས་པར་སྤང་དགོས།

གནོད་པའི་སྤྱོད་ལམ། 
གནོད་པའི་སྤྱོད་ལམ་དུ་ནམ་རྒྱུན་སྔ་དགོང་དང་ལྷག་པར་དགུན་དུས་སུ་ལུས་ཁམས་འཁྱགས་པ་དང་། རླུང་འཁོར་འོག་དང་གྲང་གློག་ཅན་གྱི་ཁང་པའི་ནང་བསྡད་དྲགས་པ། གློག་ཀླད་ཐོག་ལས་ཀ་བྱེད་པ་སོགས་ལས་རིགས་གཅིག་ཡུན་རིང་བྱེད་པ། ལུས་ལ་རྩོལ་བཅག་མེད་པར་གནས་གཅིག་ཏུ་འདུག་དྲགས་པ། བང་རྒྱུགས་སོགས་ལུས་རྩལ་རིགས་རྩེད་དྲགས་པ། ཆུ་བསིལ་གྱིས་གོས་སོགས་ཡུན་རིང་བཀྲུས་པ་སོགས་ཆུ་ལས་བྱེད་དྲགས་པ། བཞའ་ཚན་ཆེ་སར་བསྡད་ཆེས་པ། ལུས་ལ་བརྡབ་འགྲམས་དང་རྨས་སྐྱོན་བྱུང་ནས་རྩར་གནོན་བཙིར་བྱུང་བ། དྲག་ཤུལ་འགྲམས་པ་སྟེ་དཔེར་ན་གློ་བུར་དུ་ཅ་དངོས་ལྕི་བོ་ཞིག་ཤུགས་ཀྱིས་འདེགས་པའམ། ཡང་ན་ཁུར་པོ་མི་ཐེག་བཞིན་དུ་ཤུགས་ཀྱིས་འཁྱེར་དྲགས་པ། སེམས་ལ་ཕོག་ཐུག་ཤུགས་ཆེན་བྱུང་བ། གཉིད་དང་ངལ་གསོ་ཞན་དྲགས་པ། ལུས་དང་ལྷག་པར་མགོ་བོར་རླུང་བསེར་བུ་ཕོག་དྲགས་པ། ཟས་སྐོམ་དུས་ཐོག་ཏུ་མ་བསྟེན་པ་སོགས་སྤྱོད་ལམ་འདི་དག་ཐམས་ཅད་རྩ་དཀར་ནད་གཞི་སློང་བའམ་གནོད་པར་བྱེད་པས་སྤང་དགོས་པ་ཡིན།
ལྔ་པ། བཅོས་ཐབས།
སྤྱིར་རྩ་དཀར་ནད་ལ་ནང་གསེས་ཀྱི་དབྱེ་བ་ཡོད་པ་ལྟར་བཅོས་ཐབས་ལའང་ཁྱད་པར་ཡོད། འོན་ཀྱང་སྤྱི་ཡོངས་ནས་རྩ་དཀར་ནད་ཀྱི་གསོ་ཚུལ་ལ། དང་པོ། ནད་ཀྱི་རྐྱེན་དུ་གྱུར་བའི་ཟས་སྐོམ་དང་སྒོ་གསུམ་གྱི་སྤྱོད་ལམ་གཉིས་ཀྱི་སྤང་བླང་མ་ནོར་བ་དགོས་པ་གལ་ཆེ་བ་སྟེ་སྨན་པའི་ངག་བཞིན་ནད་པས་ཕན་པའི་ཟས་སྤྱོད་རྣམས་ཡང་དག་བླང་ཞིང་། གནོད་པའི་ཟས་སྤྱོད་མཐའ་དག་སྤོང་དགོས་པ་ནི་བརྗོད་མི་དགོས་པ་དང་། གཉིས་པ། སྨན་བཅོས་ཀྱི་ཐོག་མ་ཟས་སྤྱོད་ཀུན་ཚུལ་བཞིན་བསྟེན་རུང་ད་དུང་ནད་ཀྱི་དཔུང་འཇོམས་མི་ནུས་ན་སྨན་པས་རྩ་དཀར་ནད་ཀྱི་ངོ་བོའི་ཁྱད་པར་རྟོགས་ནས་གསོས་སྨན་གང་གནང་བ་དེ་ནད་པས་དུས་ཐོག་བསྟེན་དགོས་པ་གལ་ཆེ་དང་། གསུམ་པ། མཐར་དགོས་མཁོ་འབྱུང་ཚེ་སྨན་པས་དཔྱད་བཅོས་ཏེ་ཚུགས་དང་། མེ་བཙའ། ཏེལ་པ། གསེར་ཁབ། དེ་བཞིན་བསྐུ་མཉེ་དང་། ཚ་དུགས། ལུམས་སོགས་ཀྱི་ཐབས་གང་དང་གང་བེད་སྤྱོད་འདོད་པའམ་ལམ་སྟོན་གནང་བ་ལྟར་ནད་པས་ཀྱང་དེ་ལྟར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།  
དྲུག་པ། སྔོན་འགོག
ད་ཆ་སྤྱི་ཚོགས་ཀྱི་འཚོ་བའི་མཐུན་རྐྱེན་དང་། གནས་ཚུལ་གྱི་གོ་རྟོགས་སོགས་གོང་འཕེལ་དང་རྒྱ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་མི་རྣམས་ཀྱིས་བདེ་ཐང་ལ་མཁོ་བའི་ཟས་བཅུད་གཙོ་བོར་དམིགས་ནས་ཟས་སྐོམ་སྣ་འཛོམས་བསྟེན་བཞིན་ཡོད་རུང་། བསྟེན་པའི་ཟས་སྐོམ་མང་ཆེ་བ་ནི་རང་བྱུང་དང་དུས་སུ་སྐྱེ་བ་མིན་པར་རྫས་ལུད་དང་རྫས་སྦྱོར་གྱིས་ལོ་འཁོར་མ་ཐོབ་པ་ཤ་སྟག་ཡིན་སྟབས་ཕུགས་ལ་འབྲས་ནད་དང་རྩ་དཀར་གྱི་ནད་སོགས་ནད་རིགས་འདྲ་མིན་འབྱུང་ཞིང་གནོད་པར་བརྟེན། དུས་སུ་སྐྱེ་བ་དང་། ཤིང་ཏོག་ཀྱང་དུས་སུ་སྨིན་པ། ཁོར་ཡུག་གཙང་མའི་ནང་སྐྱེ་བ། རྫས་ལུད་མེད་པའི་ཟས་སྐོམ་རིགས་རིན་གོང་ཅུང་ཟད་མཐོ་ཡང་རྒྱུན་ལྡན་ནམ་གང་ཐུབ་བསྟེན་ཐུབ་ན་ཕན་ཐོགས་ཆེ་བས་དེ་ལྟར་ལག་བསྟར་བྱ་རྒྱུ་དང་། དེ་བཞིན་ཆུ་ཁོལ་མ་མང་ཙམ་བཏུང་བ། དེང་སྐབས་མིའི་སྤྱོད་ལམ་ལ་ཆ་བཞག་ནའང་ཧ་ཅང་འཁྲུག་ཆ་ཆེ་བ་ཡོད་དུས། སྒོ་གསུམ་གྱི་སྤྱོད་ལམ་གང་ཡང་སྙོམ་པར་བྱེད་པ་དང་། ལྷག་པར་རྩ་དཀར་ནད་གཞི་སློང་བར་བྱེད་པའི་སྤྱོད་ལམ་རྣམས་དྲན་ཤེས་ཀྱིས་གང་ཐུབ་མི་བྱ་བ་དང་། ཡང་ཆམ་པ་དང་རིམས་ཚད་སོགས་ཀྱི་ནད་ཡམས་དར་སྐབས་ལྷོད་ཡེངས་མེད་པར་དེ་འབྲེལ་གྱིས་སྔོན་འགོག་ཐབས་ལམ་ཇི་ཡོད་ལག་བསྟར་དགོས་པ་དང་ནད་ཕོག་ཀྱང་དུས་ཐོག་ཏུ་སྨན་བཅོས་ངེས་པར་བྱེད་དགོས།
 དུས་རྒྱུན་དུ་སྔ་དགོང་སྐབས་འོས་འཚམ་གྱི་ལུས་སྦྱོང་། དབུགས་སྦྱོང་། ཕྱག་འཚལ་བ། བསྐོར་བ་རྒྱག་པའམ། ཡང་ན་བདུན་ཕྲག་གཅིག་གི་ནང་གོམ་པ་དུས་ཡུན་ཚོུད་ཕྱེད་ཀ་ཙམ་བྱེད་པ་དེ་འདྲ་ཐེངས་བཞི་ནས་ལྔ་ཙམ་གྱིས་རྩོལ་བཅག་དགོས་པ། ལུས་ལ་བྱུག་སྣུམ་གྱིས་བསྐུ་མཉེ་བྱེད་པ། མདོར་ན། ཟས་སྤྱོད་གང་ཡང་བསིལ་ཐལ་ཆེ་རྒྱུ་མེད་པ་སེམས་ལ་ངེས་དགོས་པ་དང་། ལྷག་པར་གོང་གི་རྩ་དཀར་གྱི་སློང་རྐྱེན་དང་གནོད་པའི་ཟས་སྤྱོད་བཤད་པ་རྣམས་ལ་དོ་སྣང་བྱེད་དགོས། ཞར་བྱུང་དུ་གོང་གསལ་ནད་རྟགས་རྣམས་རང་ཉིད་ལ་ཆ་ཚང་ངམ། ཡང་ན་དེ་ནས་རེ་གཉིས་འབྱུང་འཕྲལ་ནད་ཀྱི་ཟུག་གཅོག་སྨན་བསྟེན་པ་ཙམ་མ་ཡིན་པར། གང་མྱུར་སྨན་པ་བསྟེན་གཏུགས་ཀྱིས་སྨན་པའི་ངག་བཞིན་གསོལ་སྨན་དང་། བསྐུ་མཉེ། བདུད་རྩི་ལྔ་ལུམས་སོགས་ཀྱི་སྨན་བཅོས་ཇི་གནང་མུ་མཐུད་བསྟེན་པ་དང་ཆབས་ཅིག རྩ་དཀར་གྱི་ནད་རིགས་ལ་བོད་ལུགས་སྨན་བཅོས་དང་མཉམ་དུ་ལུས་སྦྱོང་ (yoga) དང་། ཕྱི་བཅོས་གསོ་ཐབས། (physiotherapy) སྐམ་ཁབ། (Acupuncture) སོགས་ཟུང་འབྲེལ་བྱས་ཚེ་ཕན་ཐོགས་ཆེ་བས་དེ་དོན་དོ་སྣང་བྱ་དགོས།
གོང་དུ་བསྟན་པའི་ཟས་སྤྱོད་ལམ་སྟོན་ཐོག གཤམ་ལ་བོད་ཀྱི་གསོ་བ་རིག་པ་ལས་རྩ་དཀར་ནད་ལ་ཕན་པའི་འཇམ་དཔྱད་འགའ་ཞིག་དཔེ་མཚོན་བཀོད་ཡོད། དེ་ཡང་བྱུག་སྣུམ་དང་། ཚ་དུགས། ལུམས་དེ་དག་འཕྲལ་དུ་ན་ཟུག་ཞི་བའི་ཕྱིར་ན་བའི་གནས་དེར་ཐད་ཀར་བེད་སྤྱོད་བྱ་ཆོག་ཀྱང་། དེ་མིན་པར་ལུས་ཀྱི་གནས་མང་པོའམ། ཡང་ན་ལུས་པོ་ཡོངས་རྫོགས་ལ་བྱ་འདོད་ན་རུང་དང་མི་རུང་བའི་ཆ་རྐྱེན་སོ་སོ་ཡོད་པར་བརྟེན་སྨན་པ་ཚད་ལྡན་ལམ་སྟོན་མེད་པར་གང་བྱུང་བྱ་མི་ཆོག །

༡། བྱུག་སྣུམ།
གསོ་རིག་གི་བྱུག་སྣུམ་འདིས། མི་རྒན་གཞོན་བར་མ་ཀུན་ནས་རྟག་ཏུ་བྱུག་པ་བྱས་ན་ལུས་སེམས་ཀྱི་ངལ་དུབ་སེལ་བ་དང་། ལུས་ཀྱི་ཚིལ་འབྲི་བ། རྩ་དང་ཆུ་རྒྱུས། ཤ་སྒྲིམ་རྣམས་མཉེན་པར་བྱེད་པ། ཁྲག་གི་འཁོར་རྒྱུགས་བཟང་བ། གཉིད་ལེགས་པར་ཁུག་པ། དྲན་པ་གསལ་བར་བྱེད་པ་སོགས་ཕན། ལྷག་པར་མི་རྒས་འཁོགས་རླུང་ཤས་ཆེ་བས་སྣུམ་བྱུག་གིས་ཧ་ཅང་ཕན་ཐོགས་ཆེ།

 

 

༢། རྩ་བྱུག

གསོ་རིག་གི་རྩ་བྱུག་འདིས། རྩ་དཀར་ནད་ཀྱིས་རྐང་ལག་གི་རྩ་དང་ཆུ་རྒྱུས་ཞ་བ་དང་། སྦིར་བ། རེངས་འཁུམས་བྱེད་པ། དེ་མིན་རྩ་མདུད་དང་རྩ་འཆུས་པ་སོགས་ལ་ཕན།

 

 


༣། ཚ་དུགས།

གྲང་ནད་རྩ་དཀར་གྱི་རྐྱེན་པའི་རྐང་མཐིལ་ན་བ་དང་། རྐེད་ཚིགས་ན་གཟེར། ལུས་སྨད་རྐང་པའི་རྩ་འཁོར་ཁྲག་གི་རྒྱུ་བ་ཞན་པས་དྲོད་ཉམས་པ་སོགས་ལ་ཚ་དུགས་བྱས་ན་ཕན།

 

 

༤། ལུམས་ལས་བདུད་རྩི་ལྔ་ལུམས།

བཅོས་མའི་བདུད་རྩི་ལྔ་ལུམས་ནི། བོད་ཀྱི་སྨན་རྩིས་ཁང་ནས་ཁྱད་པར་གསོ་རིག་ལུགས་ཀྱི་སྨན་རྫས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པ་མ་ཟད། ཆུ་ལུམས་དང་རླངས་ལུམས། བཅིངས་ལུམས་སོགས་གང་དགོས་སྨན་པའི་ངག་བཞིན་བཅོས་ན་གཙོ་བོ་རྩ་ནད་དང་། གྲུམ་ནད། པགས་ནད་སོགས་བཅོས་དཀའ་བའི་ནད་རིགས་གསོ་བཅོས་བྱེད་རྒྱུར་རང་བྱུང་ཆུ་ཚན་ལས་ཀྱང་སྟབས་བདེ་ཞིང་ཕན་ནུས་ཆེ་བ་ཡོད་ལ་ཐལ་ཆའི་སྐྱོན་ཆ་ཡང་ཆུང་བའི་ཁྱད་ཆོས་ལྡན་ཡོད། བདུད་རྩི་ལྔ་ལུམས་ཤོག་ཐུམ་འདི་ནི་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ནས་ཐོབ།

བདུད་རྩི་ལྔ་ལུམས་ཀྱི་ཕན་ཡོན།
སེམས་ཀྱི་ངལ་དུབ་ཞི་ཞིང་། ལུས་ཀྱི་འདུ་བ་སྙོམས་པ། ལུས་སྟོབས་འཕེལ་ཞིང་རོ་ཙ་སྐྱེད་པ། ཚེ་མདངས་རྒྱས་པ། དྲེག་གྲུམ་དང་རྐང་འབམ་ནད་མཇུག་སོགས་ཀྱིས་ཆུ་རྒྱུས་རེངས་ཤིང་འཁུམས་པ་དང་། གྲུམ་བུའི་ནད། པགས་ནད་དང་། ལུས་སྒུར་པོར་སོང་བ། རུས་ཚིགས་སྦོས་ཤིང་སྐྲངས་པ། གྲིབ་སྐྱོན་དང་རྩ་དཀར་ནད་རིགས་ཀྱིས་ཡན་ལག་ཞ་བ། ཤ་སྐམ་ཞིང་རིད་པ། ཤ་སྒྲིམ་ཉམས་རྒུད་དུ་གྱུར་པ། ཁྲག་རྩར་ཚ་བ་བྱེར་ནས་འབུར་འཁྱོག་ཏུ་སོང་བ། རྐེད་རྩ་འཆུས་པ། ཤ་བཀྲ་སོགས་པགས་ནད་ཆུ་སེར་གྱི་ནད། རྨ་རྙིང་པ་དང་། རྨ་འབྲས། དོན་སྣོད་ཀྱི་སུར་ཡ། དུག་གི་ནད་རོ། རླུང་གི་སྐྲངས་སྦོས། བུད་མེད་ཀྱི་རླུང་ཚབས། དེ་མིན་པགས་མདངས་ཉམས་པའམ་རྩུབ་པོ་ཆགས་པ་སོགས་མདོར་ན་ནད་རྙིང་བཅོས་དཀའ་བའི་རིགས་ལ་ཕན་ནུས་མངོན་གསལ་དོད་པོ་དང་ལག་ལེན་སྟབས་བདེ་བའི་ཁྱད་ཆོས་ལྡན་ཡོད། བདུད་རྩི་ལྔ་ལུམས་རྒྱག་སྟངས་དང་། ཆུ་ཚན་ཕན་ཡོན། དབྱེ་བ་སོགས་ནད་གཞི་སྔོན་འགོག་གི་དེབ་ཕྲེང་དང་པོ་གྲུམ་བུའི་ནང་གསལ་པོ་བཀོད་ཡོད་པས་དེ་དོན་སེམས་ལ་བཞག་དགོས།

བདུན་པ། སྐར་རྩིས་རིག་པའི་ཐབས་ལམ།
རྩ་དཀར་ནད། འབྱུང་ཁམས་སྣ་ཚོགས་པ་དབྱེར་མེད་པའི་ནད་རིགས་ནི། ཚད་འཁྲུ་དྲེག་ནད་གྲུམ་བུ་དང་། །ཆུ་སེར་རྩ་དཀར་ལྤགས་པའི་ནད། །འབྱུང་བ་སྣ་ཚོགས་པ་ལས་བྱུང་། །མེ་གཉིས་ལྕགས་གཉིས་ས་གཅིག་དང་། །ས་གཉིས་ཤིང་གཉིས་ཆུ་གཅིག་དང་། །ཆུ་གཉིས་ཤིང་གཉིས་ལྕགས་གཅིག་དང་། །ལྕགས་གཉིས་ཤིང་གཉིས་མེ་གཅིག་དང་། །མེ་གཉིས་ཤིང་གཉིས་ས་གཅིག་རྣམས། །འབྱུང་བ་ཤར་བ་ཐོར་བུའི་ནད། །དེ་ལྟར་ཤེས་བྱ་ཐོར་བུ་ལ། །ཕྲན་བུའི་ནད་རིག་ནང་དུ་འདུ། །དེ་ལྟ་བུའི་ནད་ལ་རྐྱེན་དང་གནོད་པ་ནི། ཐབ་གཞོབ་གཏང་བ་དང་། འཁོན་འཁྲུག་བྱུང་བ། བཙོག་གྲིབ་ཕོག་ཅིང་མནོལ་ཤོར་བ་སོགས་ཀྱི་རིགས་ལ་རིམ་གྲོ་གཏོ་བཅོས་མདོར་བསྡུས་ནི། ལྷ་བསངས་གཏོང་། བྱ་ཁྲུས་བྱ། བརྒྱ་བཞི་གཏོང་། ཆ་གསུམ་ལོ་གྲངས་གཏོང་། ཆོས་སུ་གནམ་ས་སྣང་བརྒྱད་ཤར་ཕྱོགས་ལ་ཞལ་གཟིགས་ཏེ་ཀློག བཀྲ་ཤིས་བརྩེགས་པ་ལྷོར་ཞལ་གཟིགས་ཏེ་ཀློག སྟོབས་པོ་ཆེ་ནུབ་ལ་ཞལ་གཟིགས་ཏེ་ཀློག  དག་པ་གསེར་གྱི་མདོ་ཐིག་བྱང་ལ་ཞལ་གཟིགས་ཏེ་ཀློག ཉེས་པ་ཀུན་སེལ་དང་། སྤང་སྐོང་འདོན། སྲོག་བསླུ་འམ་ཚེ་མཐར་གཏོང་། བཟང་སྤྱོད་འཆི་བསླུ་བྱ། གཞན་ཡང་ནད་པ་རང་རང་སོའི་འབྱོར་བ་ཆེ་ཆུང་ལ་དཔགས་པའི་བཀའ་འགྱུར་དང་། འབུམ་ལ་སོགས་པ་དང་། གཏོ་བཅོས་དང་། ཆོ་ག་སོགས་ནད་པ་ལ་གང་ཕན་རང་རང་སོ་སོས་དང་དུ་བླང་ནས་རང་ནུས་གང་ཐུབ་ཕྱག་མཆོད་གང་ཐུབ་བྱའོ། །འདི་ནི་ནད་རིགས་བྱེ་བྲག་པའི་རིམ་གྲོ་རགས་བསྡུས་ཙམ་ཞིག་ཡིན། ཞིབ་པ་ནད་རྩིས་ཐོག་གསལ་བའི་རིམ་གྲོ་གནང་བ་ཡིན་ན་ཕན་ཐོགས་ཆེ་བ་འབྱུང་ངེས་ཅན་ཡིན་པས། ཚང་མས་དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པ་འདིར་ནད་དང་གནོད་པས་མི་གོས་ཤིང་། ལུས་སེམས་བདེ་བར་གནས་པ་དང་། འདི་ཕྱིའི་འདོད་དོན་ལེགས་པར་སྒྲུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པས་སོ།། །།
 

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།