སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༢༠། སྨན་གྱི་ནུས་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྨན་གྱི་ནུས་པ་རོ་ནུས་ངོ་བོ་གཉིས། །སྤྱི་དང་བྱེ་བྲག་ཅེས་སུ་གསུངས་པ་ཡིན། །དང་པོ་ནུས་པ་དང་སྟོབས་དང་ཡོན་ཏན་གསུམ་དུ་བཤད།

དང་པོ་ནུས་པ་བརྒྱད་ནི་ལྕི་སྣུམ་བསིལ་དང་རྟུལ་བ་དང༌། །ཡང་རྩུབ་ཚ་དང་རྣོ་བ་སྟེ་ནུས་པ་རྣམ་པ་བརྒྱད། །དང་པོ་བཞི་པོས་ལྕི་སྣུམ་གྱི་རླུང་དང་བསིལ་བརྟུལ་གྱིས་མཁྲིས་པ་སེལ། འོག་མ་ཡང་རྩུབ་ཚ་རྣོ་བཞི་ཡིས་བད་ཀན་སེལ་བར་བྱེད། །ཡང་རྩུབ་བསིལ་བ་གསུམ་གྱིས་རླུང་སྐྱེད་ཅིང༌། ཚ་རྣོ་སྣུམ་པ་གསུམ་གྱིས་མཁྲིས་པ་སྐྱེད། །ལྕི་སྣུམ་བསིལ་རྟུལ་བཞི་ཡིས་བད་ཀན་སྐྱེད། ནུས་པ་བརྒྱད་པོའི་ཡོན་ཏན་བཅུ་བདུན་ནི་མ་ལུས་སྙིང་པོར་གྱུར་པ་དང༌། །ནུས་པའི་ཁྱད་པར་དང་ལྡན་པས་མཐུ་ཞེས་བརྗོདདོ

དེའང་གངས་ཅན་བསིལ་ལ་འབིགས་བྱེད་ཚད་པར་ཟླ་ཉིའི་སྟོབས་ཅན་ལས། །བསིལ་དྲོད་ཕུལ་དུ་བྱུང་བས་སྟོབས་ཞེས་བྱབར་གདགས་སོ །དེ་ལ་ནུས་པ་ཚ་བས་གྲང་བའི་ནད་རྣམས་སེལ། ནུས་པ་བསིལ་བས་ཚ་བའི་ནད་རྣམས་སེལ་བར་བྱེད།

ཡོན་ཏན་བཅུ་བདུན་ནི། ཡོན་ཏན་འཇམ་པས་ནད་རྩུབ་པ་དང་དེ་བཞིན་ལྕི་བས་ཡང་བདྲོ་བས་གྲང་བ་སྣུམ་པས་ཕྲ་བ་དང་སྲ་བ་བརྟན་པས་གཡོ་བ་སོགས་རླུང་སེལ་བར་ལྔ །གྲང་བས་སྣུམ་པ་དང་རྟུལ་ས་རྣོ་བ་བསིལ་བས་ཚ་བ་མཉེན་པས་ཡང་བ་སླ་བས་གར་བ་དང་སྐམཔས་གཤེར་བ་དང་འཁྲུ་བ་བཅས་མཁྲིས་པ་སེལ་བར་དྲུག །སྐྱ་བས་སྣུམ་པ་དང་ཚ་ས་བསིལ་བ་ཡང་བས་ལྕི་བ་དང་རྣོ་ས་རྟུལ་བ་རྩུབ་པས་འཇམ་པ་དང་འབྱར་བག་ཅན། གཡོབས་བརྟན་པ་སྟེ་བད་ཀན་སེལ་བར་དྲུག །བཅུ་དང་བདུན་གྱིས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམསནད་ཀྱི་མཚན་ཉིད་ཉི་ཤུ་ནི། རླུང་གི་མཚན་ཉིད་རྩུབ་ཅིང་ཡང་བ་དང་། །གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་དྲུག མཁྲིས་པའི་མཚན་ཉིད་སྣུམ་བཅས་རྣོ་ཞིང་ཚ། ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བ་བདུན། །བད་ཀན་མཚན་ཉིད་སྣུམ་ཞིང་བསིལ་བ་དང་། །ལྕི་བརྟུལ་འཇམ་བརྟན་འབྱར་བག་ཅན་དང་བདུན། །དེ་ཕྱིར་ཡོན་ཏན་ཞེས་སུ་བཤད་པ་ཡིན།

དེ་དག་ཕལ་ཆེར་རོ་ལས་རྗེས་སུ་འབྱུང་སྟེ། དེའི་རྒྱུ་མཚན་རོ་ནི་ས་སོགས་འབྱུང་བ་རྣམས་ལ་དངོས་སུ་བརྟེན་པའི་ཕྱིར། ནུས་པ་ལྕི་སྣུམ་ལ་སོགས་དེ་ལས་འབྱུང་བ་ཡིན། རོ་དྲུག་ལས་ནུས་པ་བརྒྱད་འབྱུང་ཚུལ་ནི་ལན་ཚྭ་བསྐ་མངར་རྣམ་གསུམ་རིམ་པ་བཞིན་དུ་ལྕི །དེ་བཞིན་ལན་ཚྭ་སྐྱུར་མངར་གསུམ་རིམ་གྱིས་སྣུམ་པ་ཡིན། །བསྐ་ཁ་མངར་གསུམ་བསིལ་བ་དང་ཁ་བསྐ་མངར་བ་གསུམ་རྟུལ །སྐྱུར་ཚ་ཁ་བ་རྣམ་གསུམ་ནི་ཡང་ལ་རྩུབ །ཚ་སྐྱུར་ལན་ཚྭ་རྣམ་གསུམ་ནི་ཚ་ལ་རྣོ

རོ་ནུས་ཞུ་རྗེས་སོགས་གསུམ་ག་མཐུན་ན་མ་བཅོས་པ་དེར་སྨན་གང་ཡང་སྟོབས་ཅན་ཡིན། །རོ་མཉམ་པ་ལ་ནུས་པ་སོ་སོ་རྟེནའབྱུང་བ་ཡང་འབྱུང་བ་སོ་སོའི་ཤས་ཆེ་ཆུང་དབང་གིས་སྟོབས་ལས་བྱུང་བ་དང༌། །གྱུར་རོ་སྟེ་དང་པོ་རྟེན་སྟོབས་སུ་མ་བཞག་པར་སྐྱེས་བུའི་རྩོལ་བས་བསྒྱུར་པ་ཡི་སྟོབས་དང་རོ་མི་གཅིག་པ་མང་པོ་སྦྱར་བའི་དབང་ལསནུས་པས་སྟོབས་འབྱུང་བར་འགྱུར་ཏེ། རོ་ནུས་ཞུ་རྗེས་གསུམ་མི་མཐུན་པར་འོག་མས་གོང་མ་ཟིལ་གྱིས་གནོན། ནུས་པ་ཞུ་རྗེས་ཀྱི་ཟིལ་གྱིས་གནོན་པ། ཞུ་རྗེས་ཀྱི་ལས་ནུས་པ་གཙོ་ཆེ་བར་དགོངས་སོ།

རོ་ནུས་ཞུ་རྗེས་གནོན་ལ་ཐམས་ཅད་མཐུན་ན་རོ་ཡིས་ལས་བྱེད་ལ། །རོ་བཞིན་དུ་སོང་ནས་གནོད་པར་རིགས་པའང་ལ་མི་གནོད་ཅིང་ཞུ་རྗེས་ཀྱི་ལས་བྱེད་དེ། གཞུང་ནས་བཤད་པ་རོ་ལས་གོ་ལྡོག་ནུས་པས་ལས་བྱེད་པས། །རོ་བསྡེབས་ནུས་བསྡེབས་ཞུ་རྗེས་སྡེབས་ཏེ་སྦྱར། རོ་ལས་བྱེད་པ་ལ་རོ་སྡེབས་མ་གཏོགས་ཞུ་རྗེས་ཏེ་ནུས་པ་སྡེབས་མིི་དགོས་པ་ནད་རྐྱང་པ་ལ་དགོངས། ལྡན་འདུས་ལ་ནད་གཅིག་ལ་ཕན་ཞིང་གཅིག་ལ་གནོད་ལ་དོགས་པས་ཞུ་རྗེས་གཙོ་བོར་བསྡེབས་ལ་སྦྱར། ཡང་ན་ནུས་པ་སྡེབས་ཏེ་སྦྱོར་བ་ཕྱི་རྒྱུད་ཀྱི་སྡེ་ཚན་ལྔ་འམ་བདུན་དུ་སྦྱར་རོ། །

སྨན་རང་རང་ངོ་བོ་རྫས་རྐྱང་རེའི་ནུས་པ་སོ་སོར་བསྟན་པ་ནི། དེ་འང་རིན་པོ་ཆེ་ཡི་སྨན་དང་ས་རྡོའི་སྨན། །ཤིང་སྨན་རྩི་སྨན་ཐང་སྨན་སྔོ་སྨན་དང༌། །སྲོག་ཆགས་སྨན་དང་དབྱེ་བ་བརྒྱད་དུ་བཤད།

དང་པོ་རིན་པོ་ཆེ་ཡི་ནུས་པ་ནི།  །གསེར་སེར་ནག་དམར་གསུམ་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །དངུལ་རང་འབྱུང་དང་རྡོ་བཞུ་བ་གཉིས་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །ཟངས་རང་བྱུང་ད་བཅོས་མ་གཉིས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། །ལྕགས་རིགས་གསུམ་གྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། །གཡུ་རྙིང་པ་ཡིས་དུག་དང་མཆིན་པའི་ཚ་བ་སེལ། །མུ་ཏིག་དཀར་དམར་གྱིས་ཀླད་པ་འཛག་གཅོད་དུག་ནད་སེལ། །ཉ་ཕྱིས་ནུས་པ་མུ་ཏིག་ཁྱད་པར་མེད། །དུང་གིས་རྣག་སྐེམ་འགྱིངས་འབིགས་རུས་ཚད་སེལ། །བྱུ་རུས་དཀར་དམར་གཉིས་མཆིན་ཚད་རྩ་ཚད་དུག་ཚད་སེལ། །མུ་མེན་བཟང་ཞན་གཉིས་ཀྱིས་དུག་དང་ཆུ་སེར་མཛེ་ནད་སེལ།

རྡོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་སྦལ་འབྲུམ་དང་རྩིང་ཞིབ་གཉིསཀྱིས །ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། །རུས་པ་ཆག་པ་སྦྱོར་ཞིང་ཀླད་པ་སྡོམ། །དཀར་པོ་སྦལ་རྒྱབ་སྦལ་འབྲུམ་ཡོད་པ་དང་དཀར་པོ་ཆིག་ཐུབ་སྦལ་འབྲུམ་མེད་པ་དང༌། །སྨུག་པོ་ཆིག་ཐུབ་སྦལ་འབྲུམ་མེད་པ་ལ་སོགས་གོང་གི་སྨུག་པོ་སྦལ་རྒྱབ་དེ་དང་འདྲ། །གངས་ཐིགས་དེ་བཞིན་མཆིན་པའི་ཚ་བ་སེལ། །གངས་ཐིགས་ཅོང་ཞིའི་རིགས་དཀར་ལ་དམར་མདངས་ཆགས་པ་སོབ་འབོལ་ཅན་ཡིན་ལ། རྡོ་རུས་དང་ཏེ་སེའི་ཆུ་ཚན་གྱི་ཅུ་གང་འདྲིལ་བར་བྱེད་པ་ནོར་རོ། །ཁབ་ལེན་མདེའུ་འབྱིན་དཀར་སྨྱུག་སེར་ནག་བཞིས་ཀླད་རུས་རྩ་ནད་སེལ། །བེ་སྣབས་ཀྱིས་རུས་སྦྱོར་རྨེན་གཅོད་ཤའུ་སྐྱེད། མཉྫི་ར་མཆིན་པ་འདྲ་བ་མཆོག་ཡིན་ལ་སྲན་གོང་ཟླུམ་འདྲ་དེ་དམན་པ་ཡིས་རུས་པའི་ཚད་པ་སེལ། །ཕག་མགོས་རུས་པ་གསོ་ཞིང་ཆུ་སེར་འདྲེན། །བྱེ་མགོ་དེ་བཞིན་ཤ་འུ་སྐྱེད་པ་དང་། །གསེར་དངོས་ཀྱི་རྡོ་དངུལ་དངོས་ཀྱི་རྡོ་ཆུ་སེར་འདྲེན་པར་བྱེད། །སྟང་ཟིལ་ཕག་ཟེ་ནག་པོ་འདྲ་བ་དང་གསེར་ཟིལ་སེར་པོ་འོད་ཅན་དངུལ་ཟིལ་དཀར་པོ་འོད་ཅན་རྣམས་ཀྱིས་རུས་མདོག་འབྱིན། །གྲུ་བཞིཕ་བང་ལོང་བུས་ཀླད་པ་གསོ་ཞིང་ཆུ་སེར་འདྲེན། །ཅོག་ལ་མཚལ་རྡོ་མ་ཡིས་རྩ་དང་ལྷ་བ་འཛིན། །རྡོ་ཀླད་ཀླད་པ་འདྲ་བས་ཀླད་པ་སྡོམ་ཞིང་ཤ་འུ་གསོ། །ལི་གྲིས་རུལ་གཅོད་སྨན་གྱི་ལི་གྲི་ནི་རྒྱ་གར་ནས་འོང་བའི་ཆུ་ལ་ཆགས་པ་ཆུ་ལི་ཁྲིར་གྲགས་པ་བཅོས་མ་མིན་པ་དེ་ཡིན་གྱི། དེང་སང་བལ་པོས་འཁྱེར་བ་དཀར་གོང་དང་ཞ་ཉེ་བ་བླ་སྡོང་རོས་རྣམས་མཉམ་བསྲེས་ནས་བཞུ་ཞིང་བཅོས་པ་འདིེས་མི་འོས་པས་དབྱེ་བ་ཕྱེད་དགོས་སོ། རྡོ་ཆུས་ད་ཆུ་སྟེ་རྒྱ་མཚལ་རུས་པ་སྦྱོར། །རྡོ་མཁྲིས་མཁྲིས་མདོག་འདྲ་བས་རྡོས་རྩ་སྡོམ་གཤའ་དཀར་ཤ་འུ་སྐྱེད། །ལྡོང་རོས་དམར་པོ་དང་བ་བླ་སེར་པོས་རྨེན་ངན་རུལ་བ་གཅོད། །རྡོ་སོལ་སོལ་བ་འདྲ་བ་རྒྱ་ནག་ནས་འོང་བ་ཡག་རྡོ་རྣམས་ཀྱིས་ཇུ་ཞིང་རྩ་ཁ་སྡོམ། །བ་ནུ་དངོས་འདྲ་བ་དང་རྡོ་རྒྱུས་དཀར་པོ་དང་མཐིང་རྒྱུས་སྔོ་ལྗང་གིས་ཆུ་བ་གསོ། །ཏི་ཚའི་རྡོ་སེར་པོ་རྨ་འདྲུབ་མིག་ལ་ཕན། གཙང་དང་དཀར་ཤོད་ནས་འོང་བའི་མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ། །ལིག་བུ་དཀར་ཁྲ་མན་གྱིས་མིག་ནད་དང་བཙག་དམར་ལ་མཁྲེགས་པ་དང་ཡུག་རྣམ་ལ་སོགས། །མིག་ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །ཅོང་ཞིས་དཀར་སེར་དམར་ནག་ཕོ་མོ་མ་ནིང་འཁྲུ་གཅོད་བད་ཀན་ཚ་བ་སེལ། །རྡོ་ཐལ་ཚོས་རྡོ་བཞུ་བ་སྟེ་དཀར་སྔོན་དམར་རྩ་སྐྱ་བོ་གློ་ཁས་ཕོ་བའི་བད་ཀན་འདྲིལ་བ་གཅོད། ཐོ་ལེ་ཀོར་དཀར་ལྗང་ཧ་ཤིག་གིས་རྩ་སྦྱོང་བ་དང་མོ་རྡེ་རྡེ་ནད་སེལ་ལྒང་པ་ནས་ཐོན་པ། །

ས་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ། གསེར་མངའ་རི་དང་བྱང་ནས་འབྱུང་ལ་འབྲས་བུ་དང་འབྲས་བུ་དང་འབྲུ་ལ་བྱེད་པ་ནོར་རོ། །སིནྡྷུ་ར་ཡིས་རྒྱ་མཚོ་གོ་ཁྲག་ཅེས་པ་སྟེ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་རྩ་རི་ཊའི་རང་འབྱུང་བ་ཕག་མོའི་གསང་གནས་ནས་འབབ་པ་དེ་ཉིད་ཡིན་གྱིས་རྩ་ཚད་དོན་རྨ་གསོ། །རྣག་ཁྲག་སྐེམ་ཞིང་མེས་འཚིག་རྨ་ལ་ཕན། །ཟེ་ཚྭས་བཅོས་མ་དང་རང་བྱུང་གཉིས་ཀྱིས་རྡོ་འཇུ་ལྒང་པའི་རྡེ་འུ་གསང་རྡོ་སྐྲན་བཤིག །ཡ་བཀྵ་ར་ནུས་པས་དྲོད་སྐྱེད་སྐྲན་ནད་སྦྱོངཡ་བཀྵ་ར་ས་དུམ་འདྲ་བའི་ས་དྲི་བྲོ་བ་ལ་བྱེད་པར་གནང་མོད། ཟླ་ཟེར་དུ། ནས་ཚིག་པས་བྱུང་བར་བཤད་པ་ཡིན་དགོངས་ཏེ་ཡ་བག་དང་ཀྵ་ར་འགྱུར་བ་ཡིན་པས་ཕྱིར་རོ། །བྱང་གི་བུལ་ཏོག་རུལ་གཅོད་རྩམ་པ་མྱགས་པར་བྱེད། །མུ་ཟི་སེར་པོ་བཅོས་མ་དང་རང་འབྱུང་གཉིས་གདོན་འཇོམས་རྣག་ཁྲག་སྐེམ། །ནག་མཚུར་སེར་མཚུར་རུལ་གཅོད་སྐྲན་ལ་བརྐོ། །བིག་པན་ནཱི་ལ་ཐ་ཋའམ་ད་ཚུར་གྱིས་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །རྡོ་དྲེག་དཀར་དམར་གྱིས་དུག་དང་ཚད་པ་རྙིང་པ་སེལ། །བྲག་ཞུན་རིགས་ལྔས་ཚད་པའི་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བའི་མཆོག །

ཤིང་སྨན་རྩ་བ་དང་ལྡུམ་བུ་དང་སྡོང་པོ་དང་། །ཡལ་ག་དང་རྐང་དང་ཤུན་པ་དང་ཐང་ཆུ་དང་། །ལོ་མ་དང་མེ་ཏོག་དང་འབྲས་བུ་བཅས་བཅུ་རུ་འགྱུར། །རྩི་སྨན་ནི་རྩ་དང་ཤིང་དང་སྲོག་ཆགས་ལས་བྱུང་བགསུམ། །ཐང་སྨན་རྩ་བ་དང་ངར་པ་དང་ལོ་མའི་ཡུང་བ་དང་ལོ་མ་དང་། །མེ་ཏོག་འབྲས་བུ་ལྔ་རུ་འགྱུར་བ་ཡིནནོ། །

དེ་དག་གང་ལ་གང་ཕན་ནུས་པ་ནི། །ག་བུར་རིགས་གསུམ་གྱིས་ཚ་བ་རྒྱས་པ་ཐོག་བབས་གསོད། །རྙིངས་ཤིང་ཞེན་པའི་ཚ་བ་རྩད་ནས་འབྱིན། །ཙན་དན་མཆོག་དམན་གཉིས་དཀར་པོས་གློ་སྙིང་འཁྲུགས་ཚད་སེལ། །ཙན་དན་དམར་པོས་དངོས་དང་དམན་པ་གཉིས་ཁྲག་གི་ཚད་པ་སེལ། །ཨ་ག་རུ་རིགས་བཞི་ཡིས་སྙིང་སྲོག་ཚ་བ་སེལ། གླང་ཆེན་གྱི་གི་ཝཾ་དང་མི་དང་དུད་འགྲོ་ལའང་འབྱུང་ལ་གི་ཝཾ་ཡིས་རིམས་དུག་མཆིན་ཚད་སྣོད་ཚད་སེལ། ས་ཤིང་གཉིས་ཀྱི་ཅུ་གང་གིས་གློ་ནད་ཀུན་སེལ་རྨ་ཚད་གཅོག །གུར་ཀུམ་མཆོག་ཕལ་གཉིས་ཀྱིས་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ། །སུག་སྨེལ་དངོས་དང་གློ་སུག་གཉིས་ཀྱིས་མཁལ་ནད་གྲང་བ་མ་ལུས་སེལ། །ཛཱ་ཏིས་མཆོག་ཕལ་གཉིས་ཀྱིས་རླུང་འཇོམས་སྙིང་གི་ནད་རྣམས་སེལ། །ལི་ཤིརོ་ཡག་དང་ལི་ཤི་གཉིས་ཀྱིས་སྲོག་རྩའི་ནད་དང་གྲང་རླུང་སེལ། །ཀ་ཀོ་ལ་སྔོ་སུག་དང་མ་ནོར་པ་དགོས་ལ་རྒོད་གཡུང་གཉིས་ཡིས་ཕོ་མཆེར་གྲང་བ་སེལ། །གླ་རྩིས་གླ་ནག་ལས་བྱུང་བ་བཟང་དུག་སྲིན་མཁལ་མཆིན་གཉན་ནད་སེལ། །དོམ་མཁྲིས་གསེར་མཁྲིས་དང་གཡུ་མཁྲིས་གཉིས་ཀྱིས་རྩ་སྡོམ་རུལ་གཅོད་ཤ་འུ་སྐྱེད། །ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ། །ནཱ་ག་པུཥྤ་ན་ག་གེ་སར་དང་། །པདྨ་གེ་སར་གློ་མཆིན་སྙིང་ཚད་སེལནཱ་ག་པད་པུཥ་གསུམ་ག་ཀླུ་ཤིང་གི་དོག་པ་ལ་ཚང་བར་བཤད་ །ཟི་ར་དཀར་པོས་གློ་ཡི་ཚད་པ་སེལ། །ཟི་ར་ནག་པོས་བཟང་ངན་གཉིས་མཆིན་པའི་གྲང་བ་སེལ། །ལ་ལ་ཕུད་བཟང་ངན་གཉིས་ཀྱིས་ཕོ་ནད་གྲང་བ་སེལ། རྒྱ་ནག་གི་སོ་མ་ར་ཛས་ལྤགས་ནད་ཆུ་སེར་སེལ། །ཐལ་ཀ་རྡོ་རྗེ་རིགས་གཉིས་དག་ཀྱང་དེ་བཞིན་ནོ། །གསེར་གྱི་མེ་ཏོག་གིས་སྣོད་ཚད་མཁྲིས་ཚད་སེལ་རིགས་རྒྱ་ནག་དང་བོད་གཉིས་རྗེ་ཟུར་མཁར་བས་ས་རོ་ལ་དང་གཅིག་གསུངས་ཀྱང་གཡུ་ཐོག་གསེར་མཆན་བརྒྱད་པ་རྩ་འགྲེལ་དུ་སོ་སོར་བཤད། །གསེར་གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །དུག་མོ་ཉུང་མཆོག་ཕལ་གཉིས་ཀྱིས་མཁྲིས་སེལ་ཚ་འཁྲུ་གཅོད། །རྒུན་འབྲུམ་སྟོད་སྨད་ཅེས་རིགས་གཉིས་ཀྱིས་གློ་ནད་སེལ་ཞིང་ཚད་པ་སྦྱོང་། །འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །སྟར་བུས་ཤིང་རྒོད་གཡུང་གཉིས་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད། །བསེ་ཡབ་ཕོ་མོ་མ་ནིང་གསུམ་སྟོད་ནས་འབྱུང་བ་བཟང་བད་ཀན་ཚ་བ་སེལ་བར་བྱེད། །སེ་འབྲུས་བལ་པོ་དང་ཁམས་ཀྱི་མཆོག་ཕལ་གཉིས་ཕོ་བའི་ནད་རྣམས་མ་ལུས་སེལ། །མེ་དྲོད་སྐྱེད་ཅིང་བད་ཀན་གྲང་ནད་འཇོམས། །ན་ལེ་ཤམ་དཀར་ནག་གཉིས་ཀྱིས་བད་ཀན་གྲང་བ་སེལ། །པི་པི་ལིངདངོས་དང་ནག་འཇོང་གཉིས་ཀྱིས་་གྲང་ནད་མ་ལུས་སེལ། །སྨན་སྒ་སྒསྨུག་གིས་དྲོད་སྐྱེད་ཟས་ལེན་བད་རླུང་འཇོམས། །སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ། །ཙི་ཏྲ་ཀ་ཤིང་རིགས་གཉིས་སྟོབས་དང་མེ་འདྲ་མེ་དྲོད་སྐྱེད། །འོར་ནད་གང་འབྲུམ་སྲིན་ནད་མཛེ་ནད་སེལ། །ཤིང་ཚས་རིགས་གཉིས་ཕོ་མཆིན་གྲང་རླུང་སེལ་བར་བྱེད། །ཀ་རཉྫ་ཡིས་ཕོ་བའི་མེ་དྲོད་སྐྱེད། །ཀ་རཉྫ་ནི་ཁ་གཅིག་གིས་ནི་སྲིན་པོ་དམར་ལེབ་ལ་འདོད། འགའ་ཞིག་གིས་སྲེ་ཤིང་གི་འབྲས་བུ་ལ་འདོད། ལ་ལས་སྒ་དམར་ལ་འདོད། ཁ་གཅིག་གིས་ཤིང་ལ་ཀ་རཉྫ་དང་དེའི་འབྲས་བུ་ལ་འཇམ་འབྲས་སུ་འདོད་མོད། འདིར་གསལ་ཁྱད་པར་བའི་དབང་དུ་འོག་ཏུ་སྨད་ཀྱི་འབྲས་བུ་གསུམ་མཉམ་དུ་མཁལ་ནད་སེལ་བའི་དབང་དུ་བྱས་ཏེ་གསུངས་བ་མ་གཏོགས། ཀ་རཉྫ་དང་འཇམ་འབྲས་ངོ་བོ་གཅིག་ཡིན་པ་ནི། འདིར་ཀ་རཉྫས་མེ་དྲོད་བསྐྱེད་པར་བཤད་པ་དང་། ཕྱི་རྒྱུད་དུ་འཇམ་འབྲས་ཞེས་པའི་ཕོ་བའི་མེ་དྲོད་གསོ། ཞེས་པས་ཀྱང་གོ་ནུས་ལ་ཡན་ལག་བརྒྱད་པའི་རང་འགྲེལ་དུ། ཀ་རཉྫ་རྣམ་པ་གཉིས་དང་གསུངས་པའང་འཇམ་འབྲས་རིགས་ཆེ་ཆུང་གཉིས་འབྱུང་བ་ལ་དགོངས་སོ།  །ཤིང་ཀུན་བོཀྐ་ཡིན་སྲིན་འཇོམས་གྲང་ནད་སྙིང་རླུང་སེལ། །བྱི་ཏང་ག་ཡིས་སྲིན་སེལ་མེ་དྲོད་སྐྱེད། །མ་རུ་ཙེ་ཡིས་སྲིན་ནད་སེལ་བར་བྱེད། །གོ་བྱེས་མ་ནུ་ཁྲག་ཅན་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ། །སྤོས་དཀར་ཆུ་སེར་སྦྱོང་ཞིང་སྐེམ་པར་བྱེད། །གུ་གུལ་ས་གདོན་ལྷོག་པ་གཉན་གཟེར་འཇོམས། །ཤེལ་ཏས་ལྷ་རུས་ཆུ་སེར་བཙོན་དུ་འཛིན། ཤེས་ཏ་ཐང་ཤིང་གི་རིགས་ནགས་མ་ཟེར་བ་དེའི་ཐང་ཆུ་ཡིན། ཐང་ཤིང་གཞན་དང་ཤུག་པ་སོགས་ཀྱིས་མི་ཡོང་། རྒྱ་ཚྭས་རང་འབྱུང་དང་བཅོས་མ་རིགས་གཉིས་དུག་དང་སྲིན་གསོད་རྩ་ནད་སྦྱོང་། །གག་པ་ཤ་རོ་གཅོད་ཅིང་ཆུ་འགགས་འབིགས། རང་བྱུང་རྒྱམ་ཚྭས་བད་རླུང་མ་ཞུ་གྲང་བ་སེལ། །ལྕེ་མྱང་ཚྭ་ཡང་དེ་བཞིན་མིག་ལ་ཕན། རྗེ་གཡུ་ཐོག་པས། ལྕེ་མྱང་རྒྱམ་ཚྭ་འདྲ་བའི་དམར་མདངས་དྭངས་ཞེས་གསུངས་ཤིང་། རྒྱུད་འདི་དང་བརྒྱད་པ་རྩ་འགྲེལ་ཀུན་མཐུན་པར་ལན་ཚྭའི་སྡེ་ཁོ་ནར་བཤད་པ་ལ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། ལན་ཚྭ་དྲོ་སྟེ་རླུང་སེལ་བ་དང་བད་མཁྲིས་བསྐྱེད་ན་ཡང་། རྒྱམ་ཚྭ་ལྕེ་མྱང་ཚྭ་ནི་མཁྲིས་པར་གནོད་མི་བྱེད། ཅེས་གསུངས་པས་ཤིང་ལ་བྱེད་པ་ནོར་ཏེ་མེས་པོའི་ཞལ་ལུང་དུ་སྨན་མིང་རྒྱ་མཚོ་ལས། ལྕེ་མྱང་ཚྭ་ནི་ཡལ་གའི་སྡེ་ཞེས་དང་། བདུད་རྩི་འབྱུང་ཁུངས་སུ། ལྕེ་མྱང་ཚྭ་ཞེས་བྱ་བའི་སྨན། ལྷོ་རོང་ཚད་པའི་ཡུལ་དུ་སྐྱེས། ཞེས་པའི་ལུང་གིས་ཁུངས་ཐུབ་པར་གནང་ངོ་ཞེས་སོ། །ཁ་རུ་ཚྭ་བཅོས་པ་དང་རང་འབྱུང་གཉིས་དང་ཙབས་རུ་ཚྭ་གཉིས་ཀྱིས། །དྲོད་སྐྱེད་སྦོ་སྒྲེག་འགྱིངས་དང་བད་རླུང་འཇོམས། །རྭ་ཚ་བཅོས་མ་དང་རང་འབྱུང་གཉིས་ཐལ་ཚྭས་སྣོད་ཀྱི་གྲང་བ་སེལ། །མཛེ་ཚྭས་བཅོས་མ་དང་རང་འབྱུང་གཉིས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན། །ཚ་ལས་ཤེལ་འདྲ་བ་བཟང་རྨ་འདྲུབ་ཁྲག་འཇུ་སྦྱོང་བར་བྱེད། རང་འབྱུང་ལྦ་ཚྭས་ལྦ་བ་འཇོམས་པར་བྱེད་པའོ། རྗེ་ཟུར་མཁར་བས་ཤིང་ཚ་མཐུག་པོར་སོགས་བཞེད་ཀྱང་། སྟོད་ནས་འབྱུང་བའི་ཚ་དཀར་ལ་ཞིབ་པ་རོ་མངར་ཞིང་ལན་ཚྭ་བའོ། །ཨ་རུ་ལན་ཚྭ་མ་གཏོགས་རོ་མངར་སྐྱུར་ཁ་ཚ་བསྐ་ལྔ་ལྡན། །འཚོ་བྱེད་དྲོད་སྐྱེད་ཟས་འཇུ་འཕྲོད་པར་བྱེད། །རླུང་མཁྲིས་བད་ཀན་ལས་གྱུར་ནད་ཀུན་འཇོམས། །དེ་ལ་རིགས་ལྔསྟེ་གསེར་མདོག་ཁོ་ནའི་དབྱེ་བ་ཡིན་པར་རྣམ་རྒྱལ་འཇིགས་མེད་དང་། །བདུད་རྩི་འཕེལ་བྱེད་སྐེམ་པོ་ལྔ་ཡིན་ཏེ། །རྣམ་པར་རྒྱལ་བ་ཀུ་བའི་མཇུག་མ་འདྲ། །རླུང་མཁྲིས་བད་ཀན་འདུ་བའི་ནད་རྣམས་སེལ། །ཁྱད་པར་བཀྲ་ཤིས་དོན་ཀུན་འགྲུབ་པས་བཟང་། །འཇིགས་མེད་ཟུར་ལྔ་མིག་ནད་གདོན་ལ་བསྔགས། །བདུད་རྩི་ཤ་མཐུག་སྐེམ་པོ་ཤ་འཕེལ་བྱེད། །འཕེལ་བྱེད་ཟླུམ་པོ་བུམ་འདྲ་རྨ་ལ་བསྔགས། །སྐེམ་པོ་སུལ་མང་བྱིས་པའི་མཁྲིས་ནད་སེལ། །བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ། །སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ། །སྙིང་དང་མཁལ་མ་གླ་གོར་ཞོ་ཤ་གསུམ། །སྙིང་ཚད་མཁལ་ཚད་མཆེར་ཚད་སེལ་བར་བྱེད། །ཨ་འབྲས་སྲ་འབྲས་འཇམ་འབྲས་མཁལ་ནད་སེལ། །འབྲ་གོས་བད་ཀན་སྨུག་སེར་ཕོ་ནད་སེལ། སྐྱེམས་པས་ཤ་འབྲས་ལ་བཞེད་པ། ཕལ་ཆེར་ཀུར་པ་ལ་འདོད་པ། ལ་ལས་ཨམྲའི་འབྲས་བུ་ཡིན་ཡང་ཟེར། ལ་ལས་ཙུ་ཏའི་འབྲས་བུ་ཡིན་ཀྱང་ཟེར་བའི་མདོགས་དབྱིབས་བ་རུ་ཇི་ལྟར་བར་རོ་ཤིན་ཏུ་མངར་བ་དེའོ།  །མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ། །པུཥྐར་ཁམས་རུས་མཱུ་ལས་བད་ཀན་ཚ་བ་སེལ། །རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ། །གློ་ནད་གག་པ་ཤ་རོ་གཅོད་པར་བྱེད། །ཡུང་་སེར་པོས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཤུ་དག་དཀར་ནག་གཉིས་ལས་ནག་པོས་མ་ཞུ་དྲོད་སྐྱེད་གག་ལྷོག་སེལ། །པུ་ཤེལ་རྩེས་སྐྱུགས་གཅོད་བད་ཀན་ཚ་བ་སེལ། །ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད། །ཁྱུང་སྡེར་དབྱིབས་འདྲ་བ་ལ་བཏགས་ཏེ་དཀར་སྨུག་གཉིས་ནི་ཁ་དོག་གིས་དབྱེ་བའོ། །དཔའ་བོ་དཀར་སེར་དཔའ་རྒོད་དེ་བཞིན་ནོ། །དཔའ་བོ་དཀར་པོ་ཞེས་པ་བལ་པོ་སྨན་དཀར་ལ་བྱེད་པ་ནི་ཤིན་ཏུ་འཁྲུལ་ཏེ། དཔའ་བོ་དཀར་སེལ་དཔའ་རྒོད་གསུམ་ག་མདོག་གི་དབྱེ་བ་མ་གཏོགས་རོ་ཤིན་ཏུ་ཁ་བ་སྟེ་སུ་མེ་དཀར་སྨུག་སེར་གསུམ་ཡིན་པས་སོ། །བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ། །བོང་ང་དམར་པོ་དང་སེར་པོས་ཤ་དུག་བཙན་དུག་སེལ། །ཤིང་མངར་བཟང་ངན་གཉིས་ཀྱིས་གློ་ནད་རྩ་ནད་སེལ་བར་བྱེད། །སླེ་ཏྲེས་དང་ཀཎྜ་ཀ་རིསརྒོད་གཡུང་གཉིས་རླུང་ཚད་སེལ། །ག༌བྲ་ཀཎྜ་ཀ་རི་ཆུང་བ་གཡུང་བའི་རིགས་ཡིན་དག་ཀྱང་དེ་བཞིན་རིམས་ལ་ཕན། །ཏིག་ཏས་རིགས་གང་ཡིན་ཀྱང་མཁྲིས་པའི་ཚད་པ་མ་ལུས་སེལ། །བ་ཤ་ཀ་བཟང་ངན་གཉིས་ཡིས་ཁྲག་ཚད་མ་ལུས་སེལ། ཤིང་བ་ལེ་ཀ་ཡིས་གློ་མཆིན་སྣོད་ཚད་སེལ། ལི་ག་དུར་རིམས་དང་གློ་ཚད་རྩ་ཚད་སེལ། །སྟབ་སེང་སྤྱིར་ཞུར་རུས་ཆག་སྦྱོར་ཞིང་རུས་ཚད་སེལ། །སྒྲོན་ཤིང་སྐྱ་སྨུག་གཉིས་བད་རླུང་ཆུ་སེར་གྲང་བ་སེལ། །སྐྱེར་པ་དང་སེ་རྒོད་དུག་སྡུད་ཆུ་སེར་སེལ། །སེང་ལྡེང་སྐྱ་སྨུག་གཉིས་ཁྲག་དང་ཆུ་སེར་སྐེམ་པར་བྱེད། པོ་སོ་ཆས་ལུང་ཐང་ལྐོག་པ་ནད་ཀུན་གྱེན་འདྲེན་སྐྱུགས་སྨན་མཆོག །དན་རོག་ཆེ་ཆུང་གཉིས་ཤྲཱི་ཁཎྜས་བསེ་ཤིང་གི་ཞོ་དྲག་པོར་སྦྱོང། །དོང་གས་མཆིན་ནད་སེལ་ཞིང་འཇམ་པོར་འཁྲུ། །ཀ་པེད་ཆེ་ཆུང་གཉིས་དང་ད་ཏྲིག་དང་སྨག་མ་ལེ་གྲུམ་ཤིང་གི་ཤུན་པ་དང་དང་མོན་ཆ་རསབེ་ཁྲག །འཁྲུ་བའི་ནད་རྣམས་ཚ་གྲང་མེད་པར་གཅོད། །

སྔོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །ཧོང་ལེན་རིགས་གཉིས་ཁྲག་སྐེམ་འཁྲུགས་ཚད་དོན་ཚད་སེལ། རིགས་གཉིས་སྤང་རྩི་དོ་བོས་རིམས་དུག་རྙིངས་ཚད་སེལ། །རེ་སྐོན་སྐྱ་དམར་གཉིས་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ། །ཀྱི་ལྕེས་དཀར་པོས་སྣོད་ཚད་མཁྲིས་ཚད་སེལ་བར་བྱེད། །སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ། །པྲི་ཡངྐུརིགས་གཉིས་ཡིས་ཕོ་མཆིན་ཚ་བ་སེལ། །ཟངས་ཏིག་དང་ལྕགས་ཏིག་མཁྲིས་པའི་ཚ་བ་སེལ། །སྲོ་ལོ་དམར་པོ་རའི་སུག་པ་འདྲས་གློ་ཡི་ཚད་པ་སེལ། །གཡའ་ཀྱི་མ་རིགས་གཉིས་ཡིས་མཁྲིས་པ་ཞི་སྦྱོང་བྱེད། །གང་ག་ཆུང་གིས་དུག་དང་ཚད་འཁྲུ་གཅོད། །བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ། །སྲོལ་གོང་པ་ཡིས་མགོ་ཆག་དུག་ཚད་སེལ། །ཡུ་མོ་མདེ་འབྱིན་བུ་རོ་ཟུག་རྔུ་འབྱིན། །དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། །དར་ཡ་ཀན་ལ་འཇུག་སྒོ་མང་ཡང་འདི་སྐབས་དུས་ཀྱི་འཁོར་ལོར་ཁྲག་ཁྲོག་པ་ཞེས་གསུངས་པས་གྲོང་ཚིག་ཏུ་ཁྲག་སྐྱོད་པ་ཞེས་པ་འདི་ལ་ངོས་བཟུང་ངོ་། །མགོ་བོའི་རུས་ཆག་སྦྱོར་ཞིང་ལྷ་བ་འཛིན། །རྟ་ལྤགས་སེར་སྨུག་གཉིས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན། དུག་མེད་ཅེས་ཨ་བི་ཥ་ཡིས་མགོ་ཆག་དུག་ཚད་སེལ། སྔོ་སྟག་ཤས་སེར་སྨུག་གཉིས་ཀྱིས་རྨ་འདྲུབ་གཉན་གསོད་དུག་ནད་སེལ། །སྤང་རྒྱན་དཀར་པོས་གྲེ་བའི་དུག་ཚད་སེལ། །ཡུ་གུ་ཤིང་གིས་རྨ་སྦྱོར་དུག་ཚད་སེལ། །རྩད་དང་རྒུ་ཐུབ་གློ་མོན་ནས་བྱུང་བའི་སུ་མི་སྨུག་པོ་ཡིན་ཡང་ཆར་ཉུང་ཁཎྜས་ལྡུམ་སྟག་ཀོ་བྱི་ལ་དུག་ནད་སེལ། སྐྱེམས་པས། རྩད་སུ་མི་སྟེ་རིགས་གསུམ་ལས་ཕྱི་མ་བཟང་། རྒུ་ཐུབ་དཔའ་བོ་སེར་པོའི་རིགས་སུ་འདུས་ཏེ་གླང་ཆེན་ཆིགས་ཐུབ། ལྡུམ་སྟག་ལ་རྗེ་རང་འབྱུང་པས། ཀོ་བྱི་ལ་ཡིས་དུག་ཚད་སེལ། །ལྡུམ་སྟག་གླང་ཆེན་དེ་དང་མཚུངས། ཤ་ཟད་ངུར་པ་ལོ་ལྗང་སྔོ། བྱམས་འདུད་སླེབས་དང་སུ་མི་སྨན། དཔའ་བོ་དཀར་སེར་དམར་པོ་གསུམ། འདི་དག་འདུ་བ་དུག་ཚད་སེལ། ཞེས་དང་འགའ་ཞིགས་ཀོ་བྱི་བ་ལ་འདོད་པའང་ཡོད་དོ། །ཨ་བྱག་ཟེར་འཇོམས་སེར་པོས་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ། །ཨ་བྱག་ཚེར་སྔོན་གྱིས་རུས་ཆག་གསོ་ཞིང་ལྷ་བ་འདེགས། །སྨུག་ཆུང་མདན་ཡོན་དག་ཀྱང་དེ་བཞིན་ནོ། །གསེར་སྐུད་གློ་མཆིན་རྩ་ཚད་དུག་ཚད་སེལ། །ལུག་རུ་སྨུག་པོས་དུག་སྡུད་ཤ་དུག་སེལ། །ལུག་རུ་སེར་པོ་དང་ཆུ་རུག་ཆུ་འཐུང་བྱེད། །སེ་བའི་མེ་ཏོག་དཀར་སྨུག་གཉིས་ལས་དཀར་པོ་མཁྲིས་སེལ་རླུང་ཁ་གནོན། །འབུ་སུ་ཧང་རིགས་གཉིས་ཀྱིས་རྨ་འདྲུབ་གློ་ནད་སེལ། །སྒོང་ཐོག་པ་རྒོད་གཡུང་གཉིས་ཀྱིས་ཤ་དུག་འཁྲུགས་ཚད་སེལ། །ཨ་ཀྲོང་དམར་ནག་གཉིས་གློ་ཡི་ཚད་པ་སེལ་བར་བྱེད། །ཚར་བོང་མཁན་དམར་འདྲ་གྲེ་བའི་ཚད་པ་གློ་ནད་སེལ། །ཏང་ཀུན་དཀར་ནག་གཉིས་ཀྱིས་སྙིང་གི་ཚད་པ་དུག་ནད་སེལ། །སེ་རྒོད་མེ་ཏོག་དམར་པོ་ཅན་གྱི་འབྲས་བུས་དུག་ཚད་མཆིན་ཚད་སེལ། །ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད། །ཐང་ཕྲོམ་ནག་པོ་དང་ལང་ཐང་ཙེ་ཡིས་སྲིན་ནད་སེལ། །སྲིན་ཤིང་སྟར་བུ་ཆུང་བ་སྣ་མའི་འབྲས་བུ་དེ་བཞིན་ནོ། །དྲེས་མའི་འབྲས་བུ་གེ་སར་སྲིན་གསོད་གླང་ཐབས་འཇོམས། །དཀར་པོ་ཆིག་ཐུབ་བལ་པོ་སྨན་དཀར་གསུངས་ཀྱང་གངས་ཐང་ཕྲོམ་ལ་ངོས་འཛིན་དུག་སྡུད་གཉན་སྲིན་འཇོམས། །ཨ་ཝ་མེ་ཏོག་ཡོད་མེད་གཉིས་བྱང་ཁོག་རྨ་དང་མིག་ལ་ཕན། །ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན། །པར་པ་ཏ་ཡིས་རིམས་དང་དུག་ཚད་སེལ། །དྭ་བའི་རྩ་བས་སྲིན་གསོད་རུས་མཛེར་འགོགས། །འདམ་བུ་ཀ་རས་གློ་མཆིན་རྩ་ཚད་སེལ།  །འབྲི་ཏ་ས་འཛིན་རྣག་ཁྲག་ཆུ་སེར་འདྲེན། །བྱ་པོ་ཙི་ཙིས་བུད་མེད་ཟླ་མཚན་གཅོད། །ཤུ་མོ་ཟ་ཡིས་གློ་རྣག་འཁྲུ་བ་གཅོད། །སྙི་བ་ལུག་མུར༌བྲང་ཚ་ཆམ་པ་སེལ། སྔོ་གཡེར་ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། །མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གསོ། །བྲག་སྐྱ་ཧ་བོས་དུག་སེལ་ཚད་འཁྲུ་གཅོད། བྲེ་གུ་གསེར་ཐིག་བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། སྔོ་རྒྱ་སྤོས་དང་སྤང་སྤོས་ཚད་རྙིང་དུག་ཚད་སེལ། །མྱང་རྩི་སྤྲས་ཀྱིས་ཆུ་འཐུང་རིམས་ཚད་སེལ། །རྒུ་དྲུས་སེར་པོས་རྨ་འདྲུབ་རྩ་འཐུད་རྒྱུ་གཟེར་སེལ། །འབམ་པོས་སྐྲངས་འཇོམས་ཁོང་འབྲས་བཤིག་པར་བྱེད། །མེ་ཏོག་ལུག་མིག་དུག་དང་རིམས་ནད་སེལ། །མཁན་པརིགས་བཞི་ལས་མཁན་སྐྱས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཆུ་མ་རྩི་མཁའ་འགྲོའི་ལ་ཕུག་ཡིས་ཆུ་སེར་དམུ་ཆུ་སྦྱོང། །བྱི་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། །དེ་བས་སྔོ་ཤིང་གཉིས་རིམས་སེལ་བ་དང་རྩ་མཁྲིས་རིགས་གཉིས་མཁྲིས་ནད་སེལ། རྒྱལ་པོ་རེ་རལ་དང་འོམ་བུས་ཤ་དུག་སྦྱར་དུག་སེལ། །ཞུ་མཁན་དང་རྒྱ་ཚོས་དང་བཙོད་ཀྱིས་གློ་བ་དང་མཁལམའི་འགྲམས་ཚད་སེལ། །ལྕམ་པརིགས་གསུམ་ལས་ཨརྫ་ཀ་ཆུ་འགགས་སྐོམ་དད་འཁྲུ་བ་སེལ། །བྲག་ལྕམ་རྨ་འདྲུབ་དང་རྟ་རྨིག་རྩ་སྒོ་འགེག ཤིང་གྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ། །མཛོ་མོཤིང་གིས་ཁྲག་འཁྱགས་འཇུ་ཞིང་ཁྲག་ཚད་སེལ། །ཕང་མའི་འབྲས་བུས་སྙིང་ཚད་མོ་ནད་སེལ། །སྲད་དཀར་བ་ཡིས་དམུ་ཆུ་སྐྱ་རྦབ་སྦྱོང། །བྱི་རུག་རྨ་ཡི་འབུ་སྲུང་སྲིན་ཕོལ་སེལ། །མཚེ་ལྡུམ་བྲག་མཚེ་རྩ་ཡི་ཁྲག་གཅོད་མཆིན་ཚད་སེལ། །བྲེ་གས་རྔ་གོང་འབྲུ་གློ་དང་མཁལ་མའི་ཚ་བ་སེལ། །ལུག་མིག་ཆུང་བས་རིམས་དུག་སྨུག་པོ་རྩ་ཚད་སེལ། །ལུག་ངལ་བ་ཤ་ཀ་དམན་པ་དུག་སེལ་ཡན་ལག་སྐྲངས་པ་འཇོམས། །ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སེལ། །རྙ་ལོས་རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ། །ཆུ་ཤོ་མང་གིས་རྨ་ཡི་ཚ་བ་སེལ་བར་བྱེད། །པ་ཡག་རྩ་བས་གློ་གསོ་གློ་ནག་འདྲེན། །བྱེའུ་ལ་ཕུག་ཤ་དུག་སེལ་བར་བྱེད། །ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང། །སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་ལ་འདྲེན། །ས་རྫི་ཀ་སྙེ་ནག་ཡིས་ཕོ་བའི་མེ་དྲོད་སྐྱེད། །སྲུབ་ཀ་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། །ལྕེ་ཚ་དང་དབྱི་མོང་དཀར་ནག་གཉིས་ལས་དཀར་པོ་གཉིས་ཀྱང་དེ་བཞིན་ནོ། །བ་ལུརིགས་གཉིས་ལས་དཀར་པོས་བད་ཀན་ཚ་གྲང་འཐབ་པ་སེལ། །གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཐ་རམས་དང་ན་རམས་དང་བྱ་རྐང་གིས་འཁྲུ་བ་གཅོད། བྲེ་བ་སོག་ཀ་པ་ཡིས་སྐྱུག་པ་མ་ལུས་གཅོད། །མཛུབ་མོ་ལྔ་པ་དབང་པོ་ལག་པས་ལུས་སྟོབས་ཁུ་བ་སྐྱེད། །རི་ཤོས་མཁྲིས་པ་འདྲེན་སྤྱང་ཚེར་བད་ཀན་འདྲེན། །དུར་བྱིད་རིགས་གསུམ་ཐར་ནུས་རིགས་གཉིས་ཚ་གྲང་ནད་ཀུན་སྦྱོངཤོག་ཤིང་སྔོན་བུས་ཆུ་སེར་སྦྱོང་ཁྲོན་བུས་ཐར་ཆུང་གིས་མཁྲིས་པ་སྦྱོང། །ལྕུམ་ནག་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང། །ཆུ་རྩས་རིགས་གསུམ་གཉན་སྦྱོང་རྨ་ཡི་སྐམ་རྩི་བྱེད། །རེ་ལྕག་པ་ཡིས་འབྲས་འདུལ་གཉན་ནད་སྦྱོང། །ལྕ་བརྒོད་གཡུང་གཉིས་ཀྱིས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཉེ་ཤིང་པ་དང་ར་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཨ་ཤོ་གནྡྷས་བ་སྤྲུ་སྨད་གྲང་ཆུ་སེར་སེལ། །གཟེ་མས་རིགས་གཉིས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །

སྲོག་ཆགས་ལས་བྱུང་རྭ་དང་རུས་པ་དང་། །ཤ་ཁྲག་མཁྲིས་ཚིལ་ཀླད་པ་ལྤགས་སེན་སྤུ། །ཆུ༌བྲུན་བུབས་རིལ་ལུས་དང་བཅུ་གསུམ་འབྱུང་། །

དེ་དག་གང་ལ་གང་ཕན་ནུས་པ་བསྟན། །བསེ་རུས་དཀར་ནག་གཉིས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །ཁ་ཤ་ཤ་བའི་རྭ་ཡང་དེ་དང་འདྲ། །གཙོད་དང་དགོ་བའི་རྭ་ཡིས་འཁྲུ་བ་གཅོད། །རྒྱ་རུ་ལུག་ཐུག་རྭ་ཡིས་བུ་འབྱིན་བྱེད། །རྒོད་གཡག་བྱང་གཡག་སྟེ་འབྲོང་རྭ་ཡིས་དྲོད་སྐྱེད་སྐྲན་ནད་བཤིག །གཉན་གྱི་རྭ་ཡིས་རིམས་ནད་སེལ་བར་བྱེད། །

མི་ཡི་ཐོད་པ་དུར་ཐོད་དུར་ཁྲོད་ས་འོག་ནས་ཐོན་པའི་བཙའ་མས་ཆུ་སེར་སྐེམ། །མི་རུས་བཙའ་མ་སོག་ཐལ་གྱིས། །ཚད་རྙིང་ལུས་ལ་ཞེན་པ་འགོགས། །མི་ཡི་དཔྱི་རུས་ལྷོག་པ་གསོད། །འབྲུག་རུས་རུལ་གཅོད་རྨེན་པ་འདྲུབ། །སྟག་གི་རུས་པས་ལྷ་བ་འགུགས། །འགྲོན་བུ་རིགས་གཉིས་ཁྲག་གཅོད་རྣག་ཆུ་སྐེམ། །ཐོག་གིས་བསད་པའི་རུས་པ་དང་། །རྒྱུ་གཟེར་གྱིས་ཤི་བའི་ཐོད་པས་རྒྱུ་གཟེར་འཇོམས། །ཕག་པའི་རུས་པས་སྨུག་པོ་སེལ། །ལུག་གི་རུས་པས་རླུང་ནད་སེལ། །སེར་བ་རུས་ཀྱིས་ཆུ་འགགས་སེལ། །བྱ་ཟེར་མོའི་རུས་པས་ཁྲག་ཤོར་གཅོད། །སྤྲེའུའི་རུས་པས་བུ་འབྱིན་བྱེད། །འབུ་སྐྱོགས་དུང་དང་ཕུབ་འདྲ་གཉིས་ལས་དང་པོས་སྲིན་སེལ་དམུ་ཆུ་སྦྱོང །རྟ་རྐྱང་བོང་ཀྱི་བཤུལ་ཆགས་རུས་པས་ཆུ་སེར་སེལ། །

མི་ཤས་འབྲས་འདུལ་རླུང་དུག་གཉན་ནད་འཇོམས། །སྦྲུལ་ཤས་འདྲིལ་བཤིག་འགགས་འབྱིན་མིག་ལ་ཕན། །བྱ་རྒོད་ཤ་ཡིས་དྲོད་སྐྱེད་ལྦ་བ་འཇིག །རྨ་བྱའི་ཤ་ཡིས་མཁྲིས་པ་དུག་ནད་འཇོམས། །ད་བྱིད་རིགས་གཉིས་ཤ་ཡིས་མཁལ་རྐེད་གྲང་བ་སེལ། །སྲམ་གྱི་མཆིན་པས་ཆུ་འགགས་སེལ་བར་བྱེད། །འཕྱི་བའི་མཆིན་པས་རུས་པ་གས་པ་སྦྱོར། །ར་ཡི་མཆིན་པས་མིག་ལ་མཆོག་ཏུ་ཕན། །གློ་སྙིང་མཆིན་མཆེར་མཁལ་ཤས་རང་ནད་སེལ། །སྤྱང་ཀིའི་ཕོ་བས་དྲོད་སྐྱེད་མ་ཞུ་འཇུ། །སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་འཇོམས། །ཕག་པའི་ལྕེ་ཡིས་རུས་མཛེར་འགོགས། །ཁྱི་ཡི་ལྕེ་ཡིས་རྨ་རྣམས་འདྲུབ། །བོང་བུའི་ལྕེ་ཡིས་འཁྲུ་བ་གཅོད། །ལུག་དང་ར་ཐུག་གི་འབྲས་བུས་རོ་ཙ་ཁྱི་རླིག་གིས་བུ་རོགས་འབྱིན། །ཝ་དང་ཁུག་རྟའི་གློ་བས་གློ་རྡོལ་གཅོད། །བྱ་ཝང་ཤ་ཡིས་སྐྱུག་པ་གཅོད་པར་བྱེད། །རྒྱ་མཆིལ་པ་ནས་ཟན་ཤ་དང་རྩངས་པའིཤས་ཁུ་བ་སྐྱེད། །ངུར་་སེར་པོའི་ཤ་ཡིས་ཉྭ་ལོག་སེལ་བར་བྱེད། །

ཤ་བའི་ཁྲག་གིས་སྲིན་སེལ་མངལ་ཁྲག་གཅོད། །ར་ཡི་ཁྲག་གིས་རེག་དུག་འབྲུམ་ནག་སེལ། །གཡག་རྒོད་ཏེ་བྱང་འབྲོང་གི་ཁྲག་དང་གཙོད་ཁྲག་འཁྲུ་བ་གཅོད། །ཕག་ཁྲག་དུག་དང་སྨུག་པོ་བྱེར་བ་སྡུད། །བོང་ཁྲག་གྲུམ་བུ་ཚིགས་མིག་ཆུ་སེར་སེལ། །བྱ་དེ་ཕོ་ཡི་ཟེ་ཁྲག་གིས་ཤ་གསོ་ལྷ་བ་འཛིན། །བུད་མེད་ཀྱི་མངལ་ཁྲག་རྩ་སྡོམ་ཤ་འུ་སྐྱེད་པར་བྱེད། །

མཁྲིས་པའི་རིགས་རྣམས་ཐམས་ཅད་ཀྱིས་རྩ་ཁ་སྡོམ། །རུལ་གཅོད་ཤ་གསོ་དུག་སེལ་མིག་ལ་ཕན། །

སྦྲུལ་གྱི་ཚིལ་བུས་མདེའུ་འབྱིན། །ཤ་བའི་ཚིལ་གྱིས་སྲིན་སྲེལ་དུག་ནད་སྲུང། །ཕག་ཚིལ་གྱིས་དུག་སྡུད་ཤུ་ཐོར་སེལ། །མི་ཚིལ་གྱིས་རླུང་འཇོམས་ཤུ་ཐོར་སེལ། །ར་ཀླད་ཀྱིས་ཆུ་རྒྱུས་ཆད་པ་གསོ། །ལུག་ཀླད་ཀྱིས་མགོ་འཁོར་འཚོ་འཁྱོམས་གསོ། །རི་དྭགས་ཀླད་པས་འཁྲུ་བ་གཅོད། །རི་བོང་ཀླད་པས་རྒྱུ་གཟེར་སེལ། །མི་ཡི་ཀླད་པས་སྐྲངས་འཇོམས་ཆུ་སེར་འཇིག སྦྲུལ་ལྤགས་ཀྱིས་ཤ་བཀྲ་གླང་ཤུ་སེལ། །བསེ་རུའི་ཀོ་བ་དང་གླང་ཀོ་འབྲུམ་ནག་སེལ། །བྱི་བའི་པགས་པས་རྣག་སྣ་འདྲེན། །

ཆུ་སྲིན་སྡེར་མོས་རུས་ཚད་སེལ། །བོང་བུའི་རྨིག་པས་ཆུ་འགགས་སེལ། །རྟ་ཡི་རྨིག་པས་སྐྲན་ནད་སེལ། །རྟ་བོན་པ་ཡིས་ཉ་ལོག་འཇོམས། །

རྨ་བྱའི་མདོངས་ཀྱིས་དུག་གློ་རྣག་སེལ། །སོ་བྱའི་སྒྲོ་ཡིས་ཆུ་འགགས་འབིགས། །འུག་པའི་སྒྲོ་ཡིས་དམུ་ཆུ་སེལ། །བྱ་མ་བྱིའི་ཕ་བོང་ལ་བྱེད་པ་ནོར་སྒྲོས་མངལ་ནད་འབྱིན། །གནའ་བའི་སྤུ་ཡིས་དུག་ནད་སེལ། །ར་ཐུག་རྨོངས་སྤུས་ལྷོག་པ་འཇོམས། །

མི་ཆུས་གཉན་སྲིན་སེལ་ཞིང་རིམས་སྲུང། །བ་ཆུས་ཆུ་སེར་ཚད་རྙིང་སྦྱོངབྱ་རྒོད༌བྲུན་གྱིས་དྲོད་སྐྱེད་སྐྲན་བཤིག་སྐྲངས་པ་འགུགས། །ཕག༌བྲུན་གྱིས་མ་ཞུ་གཉན་རིམས་མཁྲིས་སྐྲན་སེལ། །མི༌བྲུན་གྱིས་མཁྲིས་སྐྲན་དུག་སེལ་སྐྲངས་པ་འཇོམས། །རྟ་སྦངས་ཀྱིས་སྲིན་སེལ་མཁྲིས་རླུང་སྐྱུག་པ་གཅོད། །རི་བོང༌བྲུན་གྱིས་དམུ་ཆུ་སྦྱོང་བར་བྱེད། །ཁྱི་སྤྱང་གོང་མོའི༌བྲུན་གྱིས་སྐྲངས་པ་འཇོམས། །བྱ༌བྲུན་བྱི༌བྲུན་ནས་ཟན་གྱི་བྲུན་གཉིས་ཀྱིས་རྣག་སྣ་འདྲེན། །ཕུག་རོན༌བྲུན་གྱིས་སྐྲངས་པ་རྣག་ཏུ་འགུགས། །

བྱང་པས་རིགས་གསུམ་རྩ་ཡི་ནད་རྣམས་སྦྱོང་བར་བྱེད། །སྡིག་སྲིན་དང་ཆུ་ནང་གི་སྦུར་མགྱོགས་གཉིས་ཀྱིས་ཆུ་འགགས་སེལ། །བསེ་སྦུར་སྦུར་ནག་བསེ་དྲི་ཅན་དང་བྱིང་བྱིང་ཐུ་ལུས་གླང་ཐབས་འཇོམས། །སྤྲུ་མའི་འབུ་སྤྲུ་དཀར་རྩ་བའི་འབུ་ལྗང་ཁུ་ཡིས་རྩ་ཁྲག་ཤོར་བ་སྡོམ། །ན་བུན་བུ་མོས་ཤ་དུམ་དུ་ཆོད་ནས་ཀླད་པ་འཛག་པ་གཅོད། །ཆུ་ནང་བྱི་བ་དང་རྦ་བྱིའི་བྱིའུ་ཨོག་ཀར་ཤ་ཡིས་ཤ་དུག་སེལ། །རྨིགས་པས་སྲིན་ནད་དུག་ནད་སེལ་བར་བྱེད། །

སྨན་རྟ་བུ་རམ་དཀར་སྨུག་གཉིས་གྲང་རླུང་སེལ་བའི་རྟ། །ཀ་རཤེལ་ར་བྱེ་མ་ཀ་ར་འདམ་ཀ་ར་གསུམ་གྱིས་ཁྲག་མཁྲིས་ཚ་བ་སེལ་བའི་རྟ། །སྦྲང་རྩི་རིགས་གསུམ་ཆུ་སེར་བད་ཀན་སེལ་བའི་རྟ། །

དེ་དག་སོ་སོའི་སྨན་གྱི་ནུས་པ་སྟེ། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་ཟུངས །ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།

 

 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།