སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

བོད་ཡུལ་དུ་གསོ་བ་རིག་པ་དར་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

བོད་ཡུལ་དུ་གསོ་བ་རིག་པ་དར་ཚུལ།

བསིལ་ལྡན་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ལྗོངས་འདིར། གསོ་བ་རིག་པ་བྱུང་ཚུལ་ལ། སྤྱིར་ཀླ་ཀློ་ལ་སོགས་པ་ཁོལ་བུ་རེ་གཉིས་ལས་ཕལ་ཆེ་བ་མི་རིགས་ཡིན་ནོ་ཅོག་ལ་རང་རང་གི་ཡི་གེ་རེ་ཡོད་པར་གྲགས་ཤིང་། མངོན་སུམ་དུའང་སྣང་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ལ་སོགས་པར་ཡང་དེ་བཞིན་དུ་བཤད་མོད། འོན་ཀྱང་བོད་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་འདོད་པ་ལྟར་སྨན་དཔྱད་ཀྱི་གཞུང་ལུགས་ལ་བརྟེན་པའི་བརྟག་ཚུལ་དང་གསོ་ཐབས་མེད་ཅིང་། ཟས་ཕན་གནོད་ཤེས་པ་ཙམ་དང་། རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ། སྦང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད་པར་ཁ་ཅིག་གྲགས་རུང་སྤྱི་སྐད་ལ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ནས་དར། དེ་ནས་རྒྱལ་རབས་གསུམ་[སུམ་ཅུ་]པ་འགྲོ་[འབྲོང་]གཉན་ལྡེའུ་ས་གདོན་གྱིས་ཟིན་པ་རྒྱལ་བརྒྱུད་ཕྱི་མ་རྣམས་ལ་དེ་ལྟར་མི་འབྱུང་བའི་ཕྱིར་གསོན་པོར་དུར་དུ་ཞུགས་[གཞུག་]ཁར། སྲས་དམུས་ལོང་དཀོན་པ་བཀྲར་ཞལ་ཆེམས་སུ། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བས་གསོས། །མི་ཆོས་རྟོག་པ་ཡིན་གྱི་རྣམ་རྟོག་སྐྱུངས། །ཞེས་གཉན་པོ་གསང་བ་ལ་མཆོད་པ་བྱ་བ་དང་། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེ་སྟེ་རྒྱལ་ཐབས་ཀྱི་བྱ་བ་བྱེད་ཚུལ་གསུངས་པ་ལྟར། རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་སྤྱན་དྲངས། རྒྱལ་བུའི་མིག་གསེར་གྱི་ཐུར་མས་ཕྱེ། སྐྱིད་ཤོད་སྟག་མོ་རི་ལ་གཉན་འདུག་པ་གཟིགས་པས་སྟག་རི་གཉན་གཟིགས་སུ་གྲགས། དེའི་སྲས་གནམ་རི་སྲོང་བཙན་གྱི་དུས་རྒྱ་ནག་རྩིས་དང་སྨན་གྱི་ཆ་ལག་འགའ་ཞིག་བླངས་པར་བཤད་ཀྱང་འདི་ཡིན་གསལ་བར་མི་སྣང་། འཕགས་པ་འཇིག་རྟེན་དབང་ཕྱུག་མི་རྗེའི་ཚུལ་བཟུང་བ་སྲོང་བཙན་སྒམ་པོ་རྒྱལ་སར་ཕེབས་ནས། མིང་ཚིག་ཐམས་ཅད་ཡི་གེར་གདབ་ཏུ་རུང་བ་དང་། རྒྱ་མོ་བཟའ་འུན་ཤིང་ཀོང་ཇོས་བསྣམས་པའི་སྨན་དཔྱད་ཆེན་མོར་གྲགས་པ་ཧ་ཤང་མཧཱ་དེ་བ་དང་དྷརྨ་ཀོ་ཥ་གཉིས་ཀྱིས་བསྒྱུར་ཞིང་། འཕགས་ཡུལ་གྱི་སྨན་པ་བྷ་ར་ངྷྭ་ཛ། རྒྱ་ནག་གི་སྨན་པ་ཧེན་ཝེན་ཧད་དེ། སྟག་གཟིག་གམ་ཁྲོམ་གྱི་སྨན་པ་ག་ལེས་ནོས་གསུམ་རྒྱལ་པོའི་སྙུན་གསོ་བའི་ཕྱིར་གདན་དྲངས། རྒྱ་གར་གྱི་སྨན་པས་འབུ་ཤག་མ་བུ་ཆེ་ཆུང་དང་སྦྱོར་བ་མར་གསར། རྒྱ་ནག་པས་རྒྱ་དཔྱད་ཐོར་བུ་ཆེ་ཆུང་། སྟག་གཟིག་པས་མགོ་སྔོན་བསྡུས་པ་དང་དེ་ཕོ། རྨ་བྱ། ནེ་ཙོ་གསུམ་གྱི་དཔྱད་སོགས་བསྒྱུར། གསུམ་ག་བཀའ་གྲོས་ཏེ་མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་གསར་དུ་བརྩམས་ནས་ཕུལ། དེ་ལས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ཇི་ལྟར་མཐོས་བསྙབ་བཞིན། །བྷ་ར་ངྷྭ་ཛ་དྲང་སྲོང་ཆེན་པོ་དང་། །ག་ལས་ནོས་ནི་རྒྱལ་ཚབ་ཐུ་བོ་དང་། །ཧེན་ཝེང་ཧང་ངེ་[ཧན་ཝེད་ཧན་དེ་]ས་བདག་དབང་བསྐུར་པ། །འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས། །ཞེས་གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པར་མཛད། །རྒྱ་དཀར་ནག་གི་སྨན་པ་གཉིས་ལ་རྒྱལ་པོས་བྱ་དགའ་ཕུལ་ཏེ་རང་རང་གི་ཡུལ་དུ་བཞུད། ག་ལེས་ནོས་རྗེའི་བླ་སྨན་དུ་བཞུགས། ཕལ་ཆེར་ལྷ་སར་སྟན་ཆགས་ཤིང་བསྟན་བཅོས་ཀྱང་དུ་མ་བརྩམས་པར་གྲགས། ཡུམ་ཁབ་ཏུ་བཞེས་པར་སྲས་གསུམ་བྱུང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་བི་ཇི་སོགས་ཀྱི་བརྒྱུད་པ་དར། འབྲིང་པོ་གཡོར་བོར་བརྫངས་པས་ལྷོ་རོང་གི་སྨན་པ་རྣམས་འཕེལ། ཆུང་བ་ཡབ་ཀྱི་སྐུར་བཅར་པར་སོག་པོ་སྨན་པ་ཞེས་གླེང་། ག་ལས་[ལེས་]ནོས་ལ་ཕྱིས་མཚན་འཛོ་[འཇོ་]རོར་འབོད་ཅིང་། དེ་ལ་བོད་ཀྱི་རིགས་བཟང་བ་འགའ་ཞིག་སློབ་པར་འདོད་པ་མ་གནང་སྟེ། རིགས་ངན་པ་རྟུག ལྗང་། སྣིགས། རྨོངས་ཞེས་པ་བཞི་སྨན་དཔྱད་སློབ་ཏུ་བཅུག། རིགས་བཟང་ངན་དང་མཐོ་དམན་མེད་པར་འཆོས་ཤིག་པར་བཀའ་བསྒོས། མིང་འཚོ་བྱེད་སྨན་པར་བཏགས། བྱ་དགའ་ལ་གཙིགས་ཆེན་དགུ་དང་གཙིགས་ཆུང་གསུམ་སྟེ་བཅུ་གཉིས་གནང་།

       དེ་ནས་མེས་ཨག་ཚོམས་ཀྱི་སྲས་ལྗང་[འཇང་]ཚ་ལྷ་དཔོན་གྱི་ཇོ་མོར་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བསུས་པ་དེས་རྩིས་སྨན་མང་དུ་འཁྱེར་བ་ཧ་ཤང་མ་ཧཱ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་ཟླ་བའི་རྒྱལ་པོའམ་སོ་མ་རཱ་ཛ[ཛཱ་]། ལེའུ་བརྒྱ་བཅོ་ལྔ་པས་གཙོ་བྱས་མང་དུ་བསྒྱུར། སོ་མ་རཱ་ཛཱ་འདི་བློན་པོ་བཀའ་ཐང་ལས། ཀླུ་སྒྲུབ་མཛད་པའི་སོོ[སོ་]མ་ར་ཛ་[ཛཱ་]དང་༔ བདུད་རྩི་ཐིགས་པ་བདུད་རྩི་བུམ་པ་དང་༔ ཞེས་ཡི་གེ་ཉམས་པའི་ཀླུ་སྒྲུབ་ཀྱིས་བརྩམས་པའམ་ཞུ་པ་བོ་མཛད་པར་སོང་བ་དེར་བརྟེན་སྨན་པ་འགས་ལྷོ་ཕྱོགས་བྷེ་དྷ་སོགས་སྦྱར་བ་དཔེ་རེ་གཉིས་ན་སྣང་སྟེ། ཝང་ཐེའམ་ཀླུ་རྒྱལ་ག་པས་ཞུ་པ་བོ་བྱས། རྒྱ་ནག་ཕྱི་འགྱུར་ཧཱ་ཤང་མ་ཧཱ་ཡ་ན་སུ་ཏྲ་དང་ལོ་ཙཱ་བ་བེེ་རོའི་འགྱུར། ལུས་བསྐྱེད་རྒྱུ། ལུས་རྐང་རུས། མགོ་རྐང་རུས། ཡན་ལག་རྐང་རུས། ལྡང་ཚད། ནད་གནས། རྣམ་གཞག[བཞག་]དབྱིབས་དང་ལྕེ་སེན་ངོས་བཟུང་། ཡུལ་དུས་བརྟག་པ། ཆུའི་དཔྱད། ཆུའི་དོན་གྱི་བྱང་ལམ། བྱང་ལམ་དུས་ཀྱི་འཁོར་ལོ། བྱང་ལམ། ཆུའི་ཐ་སྐར་བརྟག་པ། རྩ་ཚ་གྲང་སྟོད་སྨད་བརྟག་པ། སྙིང་། མཆིན། མཁལ། གློ། མཆེར་རྣམས་ཀྱི་རྩ་བརྟག་པ། འཆི་རྩ། དགྲ་རྩ། གདོན་རྩ་། དུས་བཞིའི་རྩ། རླུང་། བད། མཁྲིས་ཀྱི་མཚན་ཉིད། སྙིང་། གློ། མཆིན། མཆེར། མཁལ། རྒྱུ། ཕོ། མཁྲིས། ལོང། ལྒང་། བསམ་སེ། མ་ཞུ་འཁུ་[འཁྲུ་]བ་རྣམས་ཀྱི་མཚན་ཉིད། མ་ཞུའི་མཚན་ཉིད། སྐྲན་ངོས་བཟུང་བ། འབྲས་དང་སུར་ཡའི་[སུརྱའི་]ནད་བསྟན་པ། འབྲུམ་པ། ལྷོག་པ། དུག། དམུ་ཆུ། སྲིན་རྣམས་ཀྱི་མཚན་ཉིད་བསྟན་པ། མགོ་དབྱིབས། ཤ་དང་རྩ། ཡན་ལག་གནད། བྱང་ཁོག་གསུམ་གྱི་མཚན་ཉིད། ལ་ཉེ། མུ་ཟི། བྲག་ཞུན་གཉིས་སྦྱར་ཐབས། རླུང་། མཁྲིས། བད། ལྡན་འདུས། སྙིང་། རླུང་། གློ་ནད། མཆིན་ནད། མཁལ་ནད། མཚེར་ནད། རྒྱུ་ནད། ཤ་[ཀྵ་]ཡ། ལོང་ནད། ལྒང་ནད། བསམ་སེའི་ནད། མ་ཞུ་བ། འཁྲུ་བ། སྐྲན། འབྲས། སུར་ཡ། འབྲུམ་བུ། གག་ལྷོག། དུག། དམུ་ཆུ། ་སྲིན་ནད་རྣམས་བཅོས་པའི་ལེའུ། ཕྱེ་མ། ལྡེ་གུ། ཐང་རྣམས་ཀྱི་སྦྱོར་སྡེ། ཐང་བཤལ། བཤལ། འཇམ་རྩི། ནི་རུ་ཧ། སྣ་བཤལ། རྩ་སྦྱོངས། ལས་རྣམས་ཀྱི་ལོག་གནོན། སྨན་མར། དར་ཡ་ཀན། རིན་པོ་ཆེ། ཟས་དང་ཤཟས་སྨན། རྨ་དང་ཁོང་སྨན། རུས་པ། སྲུབས་རྩ་བཅོས་པ། རྕ་བབ[བབས]། འགྲམ་[འགྲམས་]པ། རྨ་སྨན་བསྡུས་པ། དཔྱད་མདོར་བསྡུས། ཡན་ལག་བཅོས་པ། གདོན་དང་སྐེ་བཅོས་པ། ཐུན་མོང་ནན་ལྕིབས། བྱང་ཁོག་སྟོད། བྱང་ཁོག་སྨད་བཅོས་པ། བྱང་ཁོག་ཐིག་ཚད། བྱང་ཁོག་གི་དཔྱད་དང་། སྨན། གཏར་ག། མེ་བཙའ། སྨན་གྱི་ནུས་པ་བསྟན་པ་སྟེ་ལེའུ་བརྒྱ་བཅུ་གཉིས་ཀྱི་བདག་ཉིད་ཅན། རྒྱ་གར་འགྱུར་མཁན་པོ་ཀྲྀཎ་ཞེས་པའི་པཎྜི་ཏ་དང་། ལོ་ཙཱ་བ་བནྡེ་ཆོས་རབ་ཀྱིས་བསྒྱུར་པ་གཉིས་ཕྱོགས་མཚུངས་པར་སྣང་།

ཡང་དེའི་ཚེ་ཁྲོམ་གྱི་ཡུལ་ནས་དེའི་སྐད་དུ་བ་[བི་]ཇི་ཞེས་པའི་སྨན་པ་མིང་དངོས་ཙམ་པ་ཤི་ལ་ཧ་བྱ་བ་དཔོན་སློབ་མང་པོ་བོས་ནས་ཙམ་པ་ཤི་ལ་ཧས་རྒྱུད་ཤེལ་གྱི་མེ་ལོང་ལེའུ་ལྔ་བཅུ་པ། དེ་ལ་བརྟེན་ནས་བྱང་ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ་ལེའུ་ཞེ་གཉིས། སྨད་ཀྱི་དམར་བྱང་འཕྲུལ་གྱི་ལྡེ་མིག་ལེའུ་ཉེར་ལྔ་པ། ཡན་ལག་གི་བཅོས་ཐེམ་བྱང་ལེའུ་ཞེ་གཉིས་པ། དེ་རྣམས་ཀྱི་འགྲེལ་བ་གསང་ཊིཀ་གསུམ། མ་སྙིང་གི་དྲ་བ་ཆེ་ཆུང་གཉིས། བུ་འགྲེལ་བ་དམར་ནག་གཉིས་ཏེ་དཔྱད་མ་བུ་བཞི། ཊིཀ་ཆུང་། དྲ་ཆུང་། སྒྲོན་མ། ཞི་ཆེ་ཆུང་སྟེ་སྙིང་ཏིག་བསྡུས་པའི་བུ་བཞི། མདེའུ། རྣགམེ་ཐིགརྩ། འབྲས་རྣམས་ཀྱི་བཅོས་ཏེ་གཅེས་པའི་བུ་དྲུག་སྟེ་བསྡོམས་པས་མ་གསུམ་དང་བུ་བཅུ་བདུན། དེའི་སྟེང་དུ་བགེགས་སེལ་གནད་ཀྱི་སྒྲོན་མ། རྣག་བརྟག་ཐབས་ཆོད་བཞི་པ། སྐེམ་སྨན་རིན་ཆེན་གཞིར་བཞག་རྣག་སྐྱུགས་འཇམ་འདྲེན་བདུད་རྩི་སྟེ་ཐུན་མོང་མ་ཡིན་པ་གསང་བའི་བུ་བཞི་སོགས་རྒྱས་པའི་སྐོར་དང་། འབྲིང་དུ་བེ་བུམ་སྨུག་པོ་ཏི་ཀ་[ཊཱི་ཀཱ་]ཡང་ཏིག་གཉིས། ཤིན་ཏུ་བསྡུས་པ་ཡི་གེ་དམར་ཆུང་རྩ་འགྲེལ་ཏིག་གསུམ་དང་། བྱང་ཁོག་གི་མན་ངག་ལེའུ་གསུམ་ག་དྲིལ་བ་ལ་བདུད་རྕི་མེ་ལོང་གི་སྐོར་ལེའུ་ཆེ་བ་བརྒྱད་དང་ཆུང་བ་བཅུ་གསུམ་སྟེ་ཉེར་གཅིགརྨ་སྐོར་གསུམ་སྟོན་པ་ཐིག་ལེ་གསལ་བའི་མདོ་མགོ་བྱང་ཁོག་འབྲེལ་མར་བཅོས་པ། དོན་སྙིང་། རྣམ་པ་ལྔའི་དཔྱང་ཐགརྒྱ་ནག་གི་དྲང་སྲོང་གིས་མཛད་པ་རིན་ཆེན་དབྱིག་ལེའུ་བདུན་ཅུ་པ་དང་། མོ་དབྱིག་ལེའུ་བདུན་པ་དྲིལ་པས་བམ་པོ་ཉི་ཤུ་རྩ་ལྔ་པ། ཕྱག་རྡོར་གྱིས་མཛད་པ་མགོ་བོའི་རྩོད་བཟློགསྤྲུལ་པའི་ཁྱེའུས་མཛད་པ་བདུད་རྩི་དར་ཡ་ཀན་ལྷུང་བཟེད་ཀྱི་འཕྲུལ་འཁོར། དེའི་འགྲེལ་བ་ཧ་ཤང་ཀྲིན་ངས[དས་]མཛད་པ། མདོ་བྱང་ཆེ་ཆུང་བྱ་བ་དང་། ཉེས་དམིགས་སུམ་ཅུ་རྩ་ལྔ་པ། རོ་བཀྲ་འཕྲུལ་གྱི་མེ་ལོང་ལེའུ་ཉེར་དྲུག་པ། རོ་བཀྲ་ཐ་གུ་དགུ་སྦྱོར། གསོན་ཐིག་རོ་ཐག་[ཐིག་]གི་རྣམ་གཞག་[བཞག་]དྲང་སྲོང་མིའི་ཁོག་པ་ལེའུ་བཅུ་པ། དྲང་སྲོང་རྒྱུན་ཤེས་ཀྱིས་མཛད་པར་གྲགས་པ་བྱང་ཁོག་ཁྲེམས་ཀྱི་མདོ་ཞེས་བྱ་བ་དང་། ཡན་ལག་ལ་དྲང་སྲོང་གི་ཀེང་རུས་ཆེ་ཆུང་བྱ་བ་དང་། ལེའུ་བཅུ་གསུམ་པ་བྱ་བ་དང་། ཚིགས་ཀྱི་སྡོམས་ཀྱི་ལེའུ་ཞེས་བྱ་བ་དང་། རིན་པོ་ཆེའི་མཛོད་ཕན་པ་སྨན་གྱི་ལེའུ་བཅུ་པ་དང་། སྨན་པ་ལ་རབ་ཏུ་གཅེས་པའི་ལེའུ་བཞི་པ་དང་། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལེའུ་ལྔ་བཅུ་པ་དང་། རིན་པོ་ཆེའི་དབྱིག་ལེའུ་བདུན་ཅུ་པ་རྣམས་བསྒྱུར་ནས་རྒྱལ་པོ་ལ་ཕུལ། དེ་རྣམས་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོར་གྲགས། གཞན་ཡང་དེའི་དུས་ན་ཧ་ཤང་མ་ཧཱ་དེ་བ་དང་ཁྱུང་བོ་ཙེ་ཙེ་སོགས་ཀྱིས་སྨན་དཔྱད་དུ་མ་བསྒྱུར་པར་བཤད་ཅིང་། ཙན་པ་ཤི་ལ་ཧ་དེས་ཕྱིས་བོད་དུ་སྲིད་བསྐྱངས། བི་ཇིའི་རྒྱུད་སྔར་བྱུང་གྲུབ་རུང་འདི་ནས་ཀྱང་འཕེལ་པར་གྲགས། སློབ་བརྒྱུད་ལ་ཞང་དང་སྟོང་དང་བྲང་ཏི་གསུམ་གྱིས་གཙོས་དུ་མར་འཕེལ། དེ་གསུམ་པོས་མདོ་ཁམས་ཀྱི་སོ་ཁ་བསྲུང་པ་བོ་ལོ་བཞི་བྱས་པའི་བྱ་དགའ་ལ་རྒྱལ་པོས་རྒྱུད་ཤེལ་གྱི་མེ་ལོང་། རྨ་བཅོས་མ་བུ་བཅུ་བདུན་སོགས་རྒྱས་འབྲིང་བསྡུས་གསུམ་ཡི་གེ་དམར་ཆུང་དང་བཅས་པ་གནང་ནས་རྒྱལ་རྒྱུད་ཀྱི་བླ་སྨན་དུ་དབང་བསྐུར་ཞིང་དམག་ནས་ཀྱང་བཏོན་པར་གྲགས། ལ་ལར་སྟོང་བཞེད་མེས་པོ་ལ་མགོ་དཔྱད། བྲང་ཏི་རྒྱལ་མཉེས་ཁར་[མཁར་]བུར་[ཕུག་]བྱང་ཁོགཞང་ལྷ་མོ་གཟི་ལ་ཡན་ལག་རྣམས་ཀྱི་བཅོས་གནང་ཡང་ཟེར། མེས་ཨག་ཚོམས་གནམ་དུ་གཤེགས་ནས་བཙད་པོ་ཁྲི་སྲོང་ལྡེ་བཙན་ནམ་ཚངས་པ་ལྷའི་མེ་ཏོག་གིས་རྒྱལ་སྲིད་འཛིན་པའི་ཐོག་མར་རྒྱ་གར་གྱི་སྨན་པ་དྷརྨ་རཱ་ཛ། ཧ་ཤང་མཧཱ་ཀྱིན་ད། ཙན་པ་ཤི་ལ་ཧ་གསུམ་ལ་སྤྲུལ་བའི་སྲས་གསུམ་དུ་གྲགས་ཏེ། དེ་གསུམ་གྱིས་རྒྱལ་ཁམས་སོ་སོའི་ལུགས་དང་བསྟུན་ནས་གསོ་བ་རིག་པའི་རྩ་བ་རྩིས་ཉི་ཟླའི་འཁོར་ལོ་ཞེས་བྱ་བ་ལེའུ་བདུན། ལུས་གནས་ནས་[ནད་]བཞི་[གཞི་]གསུམ་གསོ་ཐབས་ཀྱི་འགྲེལ་བ། ཆུ་བརྟག་པ་གསེར་གྱི་མེ་ལོང་། གདམས་པའི་འཕྲུལ་འཁོར་དངུལ་གྱི་མེ་ལོང་། སྒོ་གཏན་ལྕགས་ཀྱི་གཟེར། རྩ་དཔྱད་རྒྱའི་སྨྲ་མཆུ། ཁ་དམར་རྒྱས་པ་གསེར་གྱི་གཏན་ཕྱིས། བསྡུས་པ་ལྕགས་ཀྱི་སྟ་རེ། རིན་པོ་ཆེ་བདུད་རྩི་གསང་བའི་ལུང་། སྨན་ནུས་སྒྲོན་མ་གསེར་གཟོང་། བཅུད་ལེན་རིན་ཆེན་ཤེལ་འཕྲེང་། སྨན་མིང་འབུ་ཤག་ཟངས་ཀྱི་བུམ་པ། འདྲ་ཡིག་དུང་གི་མིགའཁྲུག་སྡེབས་གཡུའི་དྲ་བ། རོ་སྐོར་ལྕགས་ཀྱི་ཕྲེང་བ། ཞི་བྱེད་མུ་ཏིིག་འཕྲེང་བ། རྣ་བཤལ་དུང་གི་ཕྱགས་ཤིང་། སྐྱུགས་རིན་ཆེན་ལྕགས་ཀྱུ། བཤལ་དངུལ་གྱི་བུམ་པ། འཇམ་རྩི་ཉི་མའི་གཟེར་བུ། ནི་རུ་ཧ་ལྕགས་ཀྱི་པར་བུ། སྡེ་[སྔོ་]སྨན་ནགས་སུ་འཇུག་པ་གཡུའི་དྲ་བ། ལུམས་ཉི་ཟླའི་ཐིགས་པ། བྱུག་པ་མེ་ཆུའི་གཟེར། གཏར་ཁ་ལྕགས་ཀྱི་པདྨ། མེ་བཙའ་བདུད་རྩིའི་ཐིགས་པ། མཐུར་དཔྱད་མཚོན་ཆ་འཁོར་ལོ། དམུ་ཆུ་རྒྱ་མཚོ་འདྲེན་སྐེམས། སྨན་གནས་མདོར་བསྡུས་རྣམས་ལ་འགྲེལ་ཆུང་ཉེར་བདུན་ཞེས་བྱ་བ་ཁོང་ནད་ཀྱི་སྐོར། ཐོར་དཔྱད་ལ་སྤྱིར་རྨ་གཅོང་གཉིས་དང་བྱེ་བྲག་ཉི་ཤུ་རྩ་གསུམ། མགོ་བྱང་ཁོག་ཡན་ལག་དང་བཅས་པའི་བཅོས་ཏེ་བསྡོམས་པ་ལ་རིན་ཆེན་སྤུངས་པའི་སྐོར་ཞེས་བྱ་བ་བརྩམས་པ་དང་། ལིའི་རྒྱལ་པོའི་སྐེའི་བཅོས་སོགས་ཕུལ། ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་ཕུང་པོ་ལྔའི་ནད་གསོ་བ། བདུད་རྩིའི་སྨན་རིན་པོ་ཆེའི་གསང་ཏིག་སྒྲོན་མ། རིན་པོ་ཆེའི་མདོའི་རྩ་བ་ལྟ་བུ་ལེའུ་བཅུ་བདུན། མདོ་རིན་པོ་ཆེ་གསང་བའི་འགྲེལ་ཆེན་ལེའུ་དོན་དྲུགའདུ་བ་རྣམ་བཞིའི་ཏི་ཀ་[ཊཱི་ཀཱ་]ལེའུ་ཉེར་ལྔ། དོན་སྣོད་ཏི་ཀ་[ཊཱི་ཀཱ་]ལེའུ་བཅུ་དྲུགཕྲ་བུ་གསེར་གྱི་ཏི་ཀ་[ཊཱི་ཀཱ་]ལེའུ་སོ་བདུན། མགོ་བོའི་ཊཱི་ཀཱ་ལེའུ་ཉེར་གཅིགབྱང་ཁོག་གི་ཊཱི་ཀཱ་འཕྲུལ་ལྡེ་ནག་པོ་ལེའུ་ཞེ་བདུན། ཡན་ལག་རྣམ་བཞིའི་ཊཱི་ཀཱ་ལེའུ་བཞི་བཅུ་སྟེ་དྲིལ་བས་ལེའུ་ཉིས་བརྒྱ་བདུན་ཅུ་རྩ་དགུའི་བདག་ཉིད་ཅན། མི་དྲུ་[དྲ་]མི་དབང་ཙནྡྲ་དང་ཧ་ཤང་དེ་བ་[ཝ་]བོ་དྷིའི་འགྱུར་དྲང་སྲོང་ཉི་མའི་དངོས་གྲུབ་དང་དཀའ་ཐུབ་གཞོན་ནུར་འཇམ་དབྱངས་ཀྱིས་གསུངས་པར་གྲགས་པ་གསོ་བྱེད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་ཨ་རུ་ར་རིགས་བདུན་ལ་དཔེ་བླངས་ནས་ནད་གཞིའི་གནས། དེའི་རྟགས། སོ་སོར་བཅོས་པ། དཔྱད་ཀྱིས་བཅོས་པ། དེའི་ཇ་ལོགཐོར་དཔྱད། རྟེན་འབྲེལ་གྱི་སྒོ་ནས་བཅོས་པ་བདུན། རྣམ་རྒྱལ་རོ་དྲུག་ལྡན་ཡིན་པ་ལྟར་གསར་པ་བཙན་བབས། རྒྱས་པ་ཐོག་བབས། བཅོས་ཉེས་ཡེངས་བཟློགབླ་གཉན་ཇ་ལོག་ཁ་ཐོར་གདམས་པ། ཁྱུག་དཔྱད་རྫུ་འཕྲུལ་བཅོས་དང་དྲུགནུས་པ་བརྒྱད་ཡོད་པ་བཞིན་དུ་ཡོན་ཏན་བརྒྱད་ལྡན། ཞུ་རྗེས་སུམ་[གསུམ་]ལྡན་བཞིན་དུ་རྟགས་བཅོས་ཐབས། རྗེས་གཅོད་གསུམ་དུ་སྟོན་པ་རྣམས་བསྡོམས་པའི་གླེགས་བམ་གཅིགཕྱག་ན་རྡོ་རྗེས་གསུངས་པར་གྲགས་པ་རྩ་བའི་རྒྱུད་ལེའུ་བཞི་བཅུ་རྕ་བཞི། དེའི་འགྲེལ་བ་རྩ་བའི་དྲང་སྲོང་བརྒྱད་དང་ཕྲན་བུ་བཅུ་གསུམ་གྱིས་བྱས་པའི་ལེའུ་ཉེར་བཞི་པ། བཅོས་ཐབས་ཉེར་གཉིས་པ། ཚིག་རྐང་བརྒྱད་པ་ཞེས་བྱ་བ་རྣམས་བསྒྱུར། དེ་ནས་ཙན་པ་ཤི་ལ་ཧ་རང་ཡུལ་དུ་འབྱོན་ཁར་སྲས་ལ་གདམས་པ་བེ་བུམ་ནག་པོའི་སྐོར་འཇལ་ཚད་དང་བཅས་པ་དང་། ཙ་ར་ཀས་མཛད་པ་དྲང་སྲོང་རྙིང་རྒྱུད་མགོ་བྱང་ཁོག་ཡན་ལག་གི་པྲ་འཁྲིད་སྐོར་གསུམ་དང་། མགོ་བྱང་ཁོག་ཡན་ལག་འདུ་བ་ཐོར་བུ་དང་བཅས་པའི་བཅོས་ཐབས་རྩའི་མན་ངག་དོན་བརྒྱད་པ་རྣམས་ལ་བི་ཇིའི་པོ་ཏི་ཁ་སེར་དུ་གྲགས་པ་རྣམས་ཕུལ་བ་ལས། ཕྱི་མ་ལ་རྒྱལ་པོའི་བླ་ཡིག་འོད་འབར་དུ་གྲགས། གཞན་ཡང་ཧ་ཤང་པེ་ན་ཙེ་ཏས། རྒྱལ་བློན་དམངས་གསུམ་གདམས་པ་རྩ་བ་རིན་པོ་ཆེའི་མཛོད་སྐོར་ལྔ་སྟེ། མགོ། བྱང་ཁོག  ཁོང་ནད། ཡན་ལག  ཐོར་བུ་དང་ལྔ། མགོ་རིན་པོ་ཆེའི་མཛོད་ལ་དྲས་དང་བཟླུམ་བཅོས་ཀྱི་སྐོར་ཤོག་དྲིལ་བཅུ་བདུན་། བྱང་ཁོག་རིན་པོ་ཆེའི་མཛོད་ལ་དཀར་ཆོས་དམར་ཆོས་དཀར་ཤལ་དམར་ཤལ་སོགས་ཤོག་དྲིལ་བཞི་བཅུ་རྩ་ལྔ། ཁོང་ནད་ལ་བཤལ་རིན་པོ་ཆེའི་ཕྱགས་ཤིང་། དུག་བཅོས་རིན་པོ་ཆེའི་བུམ་པ། ཤ་དུག་ཉི་ཟེར་སྤྲིན་བྲལ། བཙན་དུག་སྲོག་སྐྱབས་གོ་ཆ། ཚད་པ་གསལ་བྱེད་མེ་ལོང་། གྲང་བ་རིན་ཆེན་ཤ་སྦྱོར་སོགས་དང་། ཡན་ལག་ལ་མཛོད་ཆེ་བ་ལེའུ་སོ་དྲུགའབྲིང་རིན་པོ་ཆེ་འབར་བ་རྩ་འགྲེལ། སྤྱི་དོན་འགྲེལ་བ་དང་གནས་སྐབས་གེགས་སེལ་གཉིས། སྤྱི་དོན་ལའང་ཕྱི་ལྟར་དམངས་ཡུལ་མི་ལ་གདམས་པ། ནང་ལྟར་བློན་པོ་ལ་གདམས་པ། ཕྱི་དམངས་ལུགས་ལ་རྩ་བ་འཕྲུལ་ལྡེ་ཞེ་གཉིས། མན་ངག་འཕྲུལ་ལྡེ་ཆེ་ཆུང་། ནང་བློན་པོ་ལུགས་ལ་རྩ་བ་འགྲེལ་བ་གནད་ཡིག་དཔེ་ཆུང་དང་བཞི། རྩ་བསྐོར་ལ་འགྲེལ་བ་བདུན། གནད་ཡིག་བཅུ། དཔེ་ཆུང་ཉེར་བདུན་ནོ། །གསང་བ་རྒྱལ་པོ་ལུགས་ལ། ཆེ་ཚེ་ལྟར་བཅོས་པ། ཆུང་ཚེ་ལྟར་བཅོས་པ། དམར་འཁྲིད་ལྟར་བཅོས་པ་གསུམ། ཆེ་ཚེ་ལ་གའུ་སྙིང་འདྲ་དང་སྙིང་རྩེ་གཉིས། སྙིང་འདྲ་ལ་སྐོར་ལྔ་དང་སྙིང་རྩེ་ལ་བཅུ་སྟེ་བཅོ་ལྔ། ཆུང་ཚེ་ལ་ལྷན་ཐབས་ཉིང་ཁོལ་གཟེར་བུ། ལོག་གནོན་བཞི་ལས། ལྷན་ཐབས་ལ་བརྒྱད། ཉིང་ཁོལ་ལ་བཞི། གཟེར་བུ་ལ་དྲུགལོག་གནོན་ལ་གསུམ། དམར་ཁྲིད་ལ་ལྡེ་མིག་དང་ཡང་ཏིག་གཉིས། དེའི་འགྲེལ་བ་གནས་སྐབས་གེགས་སེལ་རྩ་བའི་དཀའ་འགྲེལ་སྒྲོན་མེ་ལྟ་བུ་བཅུ་གཉིས་སོ། ཆུང་བ་ལ་གབ་པའི་བང་མཛོད་ཅེས་བྱ་བ་དང་། ཐོར་བུ་རིན་པོ་ཆེའི་མཛོད་ལ་མི་འདྲ་བ་བརྒྱ་རྩ་བརྒྱད། ཁ་བྱང་རིན་པོ་ཆེའི་ལྡེ་མིག་སོགས་ཡིག་སྣ་མ་བུ་ཚང་བར་བསྒྱུར་རོ། །འདི་དག་གི་སྔ་ཕྱིར་བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། སྔོན་ཚེ་རྡོ་རྗེ་གདན་དུ་འཛོམ། །དིང་[དེང་]སང་ཨོ་རྒྱན་ཡུལ་དུ་ཚོགས། །མ་འོངས་གངས་རིའི་ཁྲོད་དུ་འདུ། །ཞེས་དང་། བླ་མ་དྲིན་མ་མེད་པས། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་དང་། དགེ་སློང་ང་ལ་བདེན་པ་ཡོད་མེད་ཀྱང་། །མི་དབང་ཁྱོད་ཀྱི་གྲོགས་བྱེད་རྟག་ཏུ་དགེ། ཞེས་པ་ལྟར་འཕགས་པ་ཕྱག་ན་པདྨ་དང་འཇམ་པའི་དབྱངས་ཐ་མི་དད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཨོ་རྒྱན་དུས་གསུམ་མཁྱེན་པ་དུས་གཅིག་ཏུ་ཞལ་འཛོམ། བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། བྲག་དམར་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྲུབ་ཀྱིས་གཞི་བྱིན་གྱིས་བརླབས། རྟེན་བརྟེན་པར་བཅས་པ་གེགས་མེད་དུ་འབྱོངས། རབ་ཏུ་གནས་པས་དམ་ཚིག་པ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ཐིམ་པའི་རྟགས་འཇིམ་གཟུགས་རྣམས་མི་ལྟར་འབྱོན་ཞིང་གཏམ་གསུངས་པ་སོགས་དཔག་པར་དཀའ་བའི་ལྷ་ཁང་དང་། མཆོད་རྟེན་སོ་སོར་བྱུང་། བོད་ཕྲུག་དབང་པོ་གསལ་ཞིང་བློ་སྒྲིན་པ་དུ་མ་བོས་ནས་ལོ་ཙཱ་བསླབས་ཀྱང་། སཾ་སྐྲྀ་ཏའི་སྐད་ལྕེས་མ་འགྱུར་བའི་[བས་]རྒྱལ་པོ་ཐུགས་ཕམ་པར་གྱུར་པ་ན། སློབ་དཔོན་ཆེན་པོས། གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡི༔ གནས་གཞི་ཞིག་གི་གྲང་ཁང་དམིག་གུ་ན༔ ཕ་མིང་སྤ་གོར་ཧེ་འདོད་བྱ་བ་ལ༔ མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུ༔ གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པ༔ ཕ་མ་གཉིས་ལ་བསླངས་ན་སྟེར་པར་མཆིས༔ སྤྲུལ་བའི་ལོ་ཙཱ་རྩོད་མེད་གྲགས་པ་འབྱུང༔ ཞེས་ལུང་བསྟན་པ་ལྟར། གཙང་ཉང་ཆབ་དང་གཙང་ཆབ་འཛོམ་པའི་འགྲམ་དུ་ཡབ་སྤ་གོར་ཧེ་འདོད་དང་སྒྲོན་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་པར་རྒྱལ་པོའི་སྤྱན་སྔར་བོས། ལོ་བདུན་གྱི་བར་ཁ་ཟས་དཀར་གསུམ་མངར་གསུམ་ཁོ་ནས་གསོས། ཤེས་རབ་བསྐྱེད་ཐབས་སུ་བློ་འཕེལ་གྱི་གཟུངས་སྒྲུབ་ཏུ་བཅུག་པ་དང་། འདྲ་འབག་ལྟར་ན་ལོ་དགུ་ནས་ཕྱི་ནང་གི་བློན་པོ་ལོ་གསུམ་དང་། བཅུ་གཉིས་ནས་རྗེའི་གསོལ་ཀ་བ་ལོ་གསུམ་མཛད་པར་གྲགས། གང་ལྟར། དེ་ནས་ལོ་ཙཱ་སྒྲ་རྣམས་མཁས་པར་བསླབས༔ ཞེས་བྱུང་བ་བཞིན་ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་ཟ་ཧོར་མཁན་པོ་ཞི་བ་འཚོ་གཉིས་ལས་དགུང་ལོ་བཅོ་ལྔའི་བར་སྒྲ་རིག་པ་གསན་པས་མཁས་པའི་ཕུལ་དུ་གྱུར། ཁྲུས་ཁང་གླིང་དུ་མཁན་ཆེན་བྱང་ཆུབ་སེམས་དཔར་རབ་ཏུ་བྱུང་། དུས་དེར་རྒྱལ་པོས་བློན་འབངས་མཁས་བཙུན་ཐམས་ཅད་བསགས་ཏེ། རྒྱུ་འབྲས་ཀྱི་ཆོས་བོད་དུ་རྫོགས་ཀྱང་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་རྒྱ་གར་ན་ཡོད་འདུག་པས་ཚོལ་དུ་གཏོང་དགོས་ཞེས་བགྲོས་པར། གན་ཇག་ཐང་ཏ་དང་གཙང་སྔོན་ལེགས་གྲུབ་གཉིས་ཚོགས་པའི་གསེབ་ནས་ལངས་ཏེ། རྗེས་ཇི་སྐད་གསུངས་པ་བཞིན་བྱེད་པའི་ཁས་ལེན་ཞུས་པ་ལྟར། ཁྱེའུ་གཉིས་པ[ལ་]གསེར་གྱི་པ་ཏྲ་ཐོད་པའི་དབྱིབས་སུ་བྱས་པ་མགོར་བཀོན[གོན]། པ་ཏྲ་དང་ཐུར་མ་དང་ལུ་གུ་རྒྱུད་འགའ་ནི་དུག་པོའི་གསེབ་ཏུ་སྦས། གསེར་ཕྱེ་བ་མེན་གྱི་རཱ་དོ་དང་། གསེར་ཐུམས། ལུས་ཆས་མི་འདྲ་བ་དང་གཅན་གཟན་གྱི་སྡེར་མོ་སོགས་དགོས་ཆ་ཐམས་ཅད་རྟ་མཚའ་ལུ་བྱ་གདོང་སོགས་ལ་བཀལ་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། དོ་ཤི་དོ་ཆད་ཀྱི་དཀའ་བ་ཆེན་པོ་བཅུ་དྲུག་སྤྱད་པའི་མཐར། སློབ་དཔོན་ཤྲཱི་སིདྷ་ལ་སོགས་པ་པཎ་ཆེན་ཉི་ཤུ་རྩ་ལྔ་ལ་ཟབ་རྒྱས་ཀྱི་ཆོས་དུ་མ་ཞུས། ཁྱད་པར་ཤྲི་སིང་ལ་རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་རྒྱ་གར་རང་དུའང་ཁྱབ་གདལ་དུ་མི་བསྒྲགས་པར་རྡོ་རྗེ་གདན་དུ་ཆོས་རྒྱལ་དང་པཎྜི་ཏའི་རྒྱ་ཉིས་སྤྲོད་བཏབ་ནས་འཇོག་པ་དེ། སློབ་དཔོན་གནོད་སྦྱིན་སྐར་མདའ་གདོང་དང་། བེེ་རོས་སེང་གེ་རབ་བརྟན། ལེགས་གྲུབ་ཀྱི་ངང་བ་རྣམས་སུ་བརྫུས་ཏེ་གདན་དྲངས། དབང་དང་མན་ངག་རྫོགས་པར་ནུས[ཞུས]། ལེགས་གྲུབ་ངོ་སོ་འདོད་ནས་སྔོན་དུ་སོང་བ་ལམ་ལ་བར་ཆད་ཀྱིས་འདས། སླར་ཡང་བེེ་རོས་གཞུང་མན་ངག་ཀུན་གྱི་ཞུན་ཐར་བཅད་ཅིང་། དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ལ་སོགས་པ་ཡེ་ཤེས་ཀྱི་སྐུ་ཅན་རྣམས་དང་མཇལ། ཆོས་བཀའ་སྣ་ཚོགས་ཞུས་ཏེ་དགོངས་པ་གཉིས་སུ་མེད་པར་གྱུར། རྐང་མགྱོགས་དཔོན་པོ་ཀུ་མཱ་ར་ལ་གསེར་གྱི་པ་ཏྲ་བྱིན་གྲོགས་པོ་བྱས། རྐང་མགྱོགས་ཀྱི་གདམས་པ་བསྟན་དགོས་བྱས་པས། བྱ་གོ་བོའི་[བོ་རི་]རྩིབས་གཅོད་པ་ཙམ་གྱི་གདམས་པ་བྱིན་ནས་བོད་དུ་ཆས་པའི་ཚེ། རྒྱ་པཎ་རྣམས་ཀྱི་རྨི་ལྟས་ལོགམན་ངག་གི་ཆོས་བོད་དུ་འཁྱེར་པར་རིག་ནས་རྗེས་བསྙེགས་པ་བཏང་བས་མ་ཟིན་ཏེ། བོད་ཀྱི་བན་དེས་ཆོས་ནི་མ་རྙེད། མུ་སྟེགས་ཀྱི་ཆོས་ལོག་འཁྱེར་ཟེར་ཕྲ་མའི་ཡི་གེ་བོད་དུ་བརྫངས་པ་རྒྱལ་པོས་གཟིགས་པས། བེེ་རོ་རྒྱ་ནས་འཁོར་འཕྲལ་མཇལ་དུ་མ་གནང་པར་བརྟེན། རྗེ་ལ་ཞུ་འཕྲིན་ཕུལ་བ་ནི། བོད་ཀྱི་མངའ་བདག་རྒྱལ་པོ་ཆེན་པོ་ལགས། །འཇིག་རྟེན་འཁོར་བའི་ཆོས་ལ་ཐུགས་ཕྱུངས་ཏེ། །མ་ནོར་ཡང་དག་བདེན་པའི་ཆོས་འདོད་ནས། །གསེར་ཕྱེ་བརྫངས་ནས་བདག་ཅག་འཚོལ་དུ་བཏང་། །དམྱལ་སྦྱོང་ལམ་བཅད་མཐའ་ཡི་ཁ་བསྐོར་ཏེ། །ལས་འཕྲོ་དག་པས་མཁས་ཞལ་མང་པོ་འཁུམས། །བཟོ་དང་བསྟན་བཅོས་གསོ་དཔྱད་སྨན་ལ་སོགས། །ཚེ་འདིར་དགོས་པའི་ཕན་བྱ་སྣ་ཚོགས་པ། །དམ་ཉམས་སྒྲོལ་པའི་བསྟན་སྲུངས་སྣ་ཚོགས་དང་། ཕྱིར་རྒོལ་བཟློག་པའི་ལུང་རིགས་མཚོན་ཆ་དང་། །དབང་པོའི་རིམ་འཇུག་ལམ་སྟེགས་རང་རང་ལམ། །རྒྱུ་འབྲས་ཐེག་པ་མ་ལུས་ཐམས་ཅད་དང་། །བདེ་ཆེན་ལྷུན་རྫོགས་སངས་རྒྱས་ཀུན་གྱི་ཐུགས། །རྨད་བྱུང་བསྟན་པའི་སྙིང་པོ་ཐེག་པའི་མཆོག། རྒྱུ་འབྲས་གཉིས་མེད་རྩོལ་མེད་རྫོགས་པ་ཆེ། །མ་ལུས་ལུས་པ་མེད་པར་བདག་ལ་མཆིས། །ཞལ་གསར་མཆིས་ནས་བཀའ་མཆིད་གསན་དུ་གསོལ། །ཡུན་དུ་མ་མཇལ་གཡར་ཁམས་སྙོམས་ལགས་སམ། །མངའ་བདག་རྒྱལ་པོ་ཞལ་མཇལ་ཞེས་འབུལ། །ཞེས་ཕུལ་པས། འཁོར་བའི་རྫིངས་ཆེན་འདྲ་བའི་ཁ་དཔོན་བདག། ཅེས་སོགས་ཀྱི་ལན་གནང་། མ་འགྱངས་པར་མངའ་བདག་གི་དབུ་སྐྲ་ཐེམ་པར་བཀྲམ་སྟེ་དེའི་སྟེང་ནས་ལོ་ཙཱ་བ་ཆེན་པོ་སྤྱན་དྲངས། རྟ་མཚའ་ལུ་མེ་སྟག་དང་ངང་བ་གསེར་ལྡོངས་གཉིས་གསེར་སྒ་གཡུ་ཡིས་སྤྲས་པ་དང་། གསེར་དངུལ། དར་ཟབ། གཡི་སྤྱང་གི་ཐུལ་བ། བཟང་སྐྱེམས་ལ་སོགས་པ་དྲངས་ཏེ་ཞུ་དོན་ཚིགས་སུ་བཅད་ནས་ཞུས། ཉིན་པར་རྗེ་བློན་འབངས་བཅས་ལ་རྒྱུ་འབྲས་ཀྱི་ཆོས་དང་། ནམ་གུང་རྗེ་ལ་མན་ངག་གི་ཆོས་བསྒྱུར་པས། རྒྱལ་པོས་མན་ངག་གི་རྒྱ་མཚོ་ལྷའི་རྗེ་ཞེས་མཚན་གསོལ། བེེ་རོ་འདི་སློབ་དཔོན་པདྨའི་ཞལ་སློབ་རྗེས་འབངས་ཉེར་ལྔ་དང་། གྲུབ་ཆེན་དགུར་གྲགས་པ་གཉིས་གར་ཐེ་ཞིང་། བོད་དུ་དམ་པའི་ཆོས་བསྒྱུར་པ་མཐའ་ཡས་པས། ཐང་ཡིག་ལས། འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ༔ བེེ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ༔ སྔར་ཡང་མ་བྱུང་ད་ཡང་འབྱོན་རེ་དཀོན༔ མ་འོངས་རྒྱ་གར་ཕལ་སྐད་ཤེས་ཙམ་ལ༔ ལོ་ཙཱར་བཞེད་སྲིད་བེེ་རོའི་ཆར་མི་ཉེ༔ ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ༔ འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས༔ ཞེས་གསུངས་པ་དང་མཐུན་པར། ཕྱི་འགྱུར་གྱི་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས། བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ། །ཁོ་བོ་ཡང་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་ཆེད་དུ་བརྗོད་པའི་བསྔགས་པ་དང་རང་ཉིད་ཀྱིས་ཁེངས་པ་སྐྱུང་བར་མཛད་ལ། མཁྱེན་བརྩེ་ནུས་གསུམ་འགྲན་ཟླ་དང་བྲལ་པ་ངོ་བོ་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སྒྱུ་མའི་རོལ་གར་ལས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་དབྱེར་མེད་པ་བདག་ཅག་གི་སྟོན་པའི་ཞབས་རིམ་བཀའ་ཐམས་ཅད་ཀྱི་སྡུད་པ་པོ་འཕགས་པ་ཀུན་དགའ་བོ་སླར་ཡང་སྐྱེ་འགྲོའི་དཔལ་དུ་ཕེབས་པ་སྤྲུལ་པའི་ལོ་ཆེན་བེེ་རོ་ཙ་ནས་ཁ་ཆེའི་ཟླ་མངོན་ལ་སྨན་དཔྱད་ཀྱི་ཆ་ལག་མང་དུ་ཞུས་ཤིང་། ཁྱད་པར་དུ་ཐང་ཡིག་ཤེལ་བྲག་མའི་ལེའུ་གྱ་བཞི་པར། བེེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར༔ བེེ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར༔ བེེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར༔ མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས༔ སྔགས་བསྒྱུར་ནང་དུ་བེེ་རོ་ཙ་ན་བྲིས༔ བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས༔ རྩིས་བསྒྱུར་ནང་དུ་ཨིནྡྲ་བེེ་རོ་བྲིས༔ སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག༔ མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུར༔ ཞེས་པ་ལྟར་སྨན་དཔྱད་སྣ་ཚོགས་སྔོའི་མན་ངག་ཅེས་པ་འཇམ་དབྱངས་སྔོ་འབུམ་དུ་གྲགས་པ་དང་། དུག་བཅོས་ཤ་མོ་ལས་དཀྱུས་སློབ་དཔོན་ཉི་མ་སེང་གེས་མཛད་པ་སོགས་བསྒྱུར་ཅིང་བདག་གི་བླ་མ་ལྔ་པ་ཆེན་པོས། ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་འཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། །དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བེེ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །ཞེས་བཀའ་བསྩལ་པ་བཞིན་གཞུང་ལུགས་མན་ངག་ཐམས་ཅད་ཀྱི་མཆོག་དང་རབ་དང་ཕུལ་དུ་གྱུར་པ་བདུད་རྕི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལེགས་པར་བསྒྱུར། ཊཱི་ཀཱ་མུན་སེལ་སྒྲོན་མེ་དང་མིང་དོན་བརྡ་སྤྲོད་རྣམ་ལྔ་གཉིས་མཛད་པར་གྲགས། གཞན་ཡང་ཐང་ཡིག་ལེའུ་གྱ་ལྔ་པ་ལས། རྒྱ་ནག་སྨན་པ་ཧཱ་ཤང་དེ་བ་དང༔ བླ་སྨན་ཉང་བཙན་ཤི་ལ་ལ་སོགས་པས༔ ཡན་ལག་བརྒྱད་པ་བདུད་རྩི་སྙིང་པོ་དང༔ སྨན་གྱི་བཅུད་ལེན་བྱེད་ཐབས་མང་པོ་བསྒྱུར༔ ཞེས་རྒྱུད་བཞི་འདི་ནས་རྒྱ་ནག་འགྱུར་བར་[བསྒྱུར་པར་]བཤད་པའང་ཡོད་ཀྱང་། གཞུང་མན་ངག་དང་བཅས་པའི་བཀའ་བེེ་རོ་ཉིད་ལ་བབས་པའི་གོང་དུ་འཕྲིན་ཡིག་ཚིགས་བཅད་མར་གསལ་བ་བཞིན་མངའ་བདག་རྒྱལ་པོ་དང་སློབ་དཔོན་སངས་རྒྱས་གཉིས་པར་ཕུལ། ཟབ་ལ་རྒྱ་ཆེ་བའི་ཚིག་དོན་ཕུན་སུམ་ཚོགས་པར་གཟིགས་ཀྱང་། གསང་རྒྱུད་མན་ངག་འཆོལ་ན་མི་རུང་བར་མཁྱེན་ནས་རྒྱ་ཆེར་སྤེལ་པར་མ་མཛད་ཅིང་། རང་ཉིད་ཀྱི་སྙིང་ནོར་དུ་བཅངས་རྗེས་མ་འོངས་པ་ན་ཆོས་བརྒྱུད་ཐག་ཉེ་བ། གདམས་པ་ལྷད་མི་ཞུགས་པ་སོགས་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་གཏེར་དུ་སྦ་བར་བརྩམས། ཨོ་རྒྱན་སངས་རྒྱས་གཉིས་པ་དང་བཀའ་བགྲོས་པས། སློབ་དཔོན་ཆེན་པོས། འཚོ་བའི་སྲོག་སྐྱོབ་བླ་ན་མེད་པ་ཚིག་ཉུང་དོན་རྒྱས་ཀྱི་རྒྱུད་ཡིད་བཞིན་ནོར་བུ་འདི་ད་ལྟ་སྤེལ་པའི་དུས་ལ་མ་བབ། འདོད་ལྷའི་ཞག་གསུམ་གྱི་རིང་གཏེར་དུ་སྦ་[སྦས་]པས་ལེགས་པར་བསྲུངས་ཤིག་ཅེས་ཆོས་སྲུང་ཞང་བློན་རྡོ་རྗེ་བདུད་འདུལ་ལ་ཡང་བསྐྱར་དང་གཏེར་བདག་ཡོན་ཏན་གྱི་རྒྱལ་པོ་ཤིང་བྱ་ཅན་ལས་བྱེད་ཤན་པ་ཧབ་སེ་མྱུར་མགྱོགས་ཅེ་སྤྱང་མདོག་དམར་གསུམ་ལ་གཏད། རྗེ་མངའ་བདག་གིས་མ་འོངས་པ་ན་ལས་དང་སྐལ་བ་ལྡན་པས་གཏེར་ནས་ཕྱུང་ཏེ་འགྲོ་ཕན་དཔག་མེད་སྤྱོད་པར་ཤོག་ཅིག་གི་སྨོན་ལམ་བཏབ་ནས་བསམ་ཡས་དབུ་རྩེ་བར་ཁང་གི་ཀ་བའི་ནང་དུ་སྦས་པ་གཏེར་མའི་ལུགས་དང་།

            བཀའ་མ་ལྟར་ན་ཁ་ཅིག་འདི་ཡན་དང་རྒྱུད་ལུགས་མི་འདྲ་ཙམ་ཡོད་ཀྱང་དོན་ལ་ཁྱད་པར་མེད་པར་སེམས་ཤིང་། དེ་ནས་ཆོས་རྒྱལ་ཡབ་སྲས་ཀྱི་བེེ་རོ་ལ་ཞུས་པར་ཆིག་བརྒྱུད་ཀྱི་སློབ་དཔོན་ལ་ཕུལ་གྲུབ་ཚུལ་ནས་སློབ་དཔོན་ལ་གསན་པར་གྲགས་ཀྱང་གཉའ་རིགས་ཀྱི་ཡིག་རྙིང་ཁུངས་མར་རྒྱུད་གཏེར་དུ་སྦས་པའི་རྗེས་སུ་སྲས་མུ་ནེ་བཙན་པོའི་དགོངས་པ་ལ། ཡབ་ཀྱིས་གསོ་དཔྱད་ཐུགས་གཙིགས་ཆེ་བ་ནི་སློབ་དཔོན་གྱིས་གནང་ངེས་པར་དགོངས་ནས་སློབ་དཔོན་ལ་ཞུས་པས། སློབ་དཔོན་གྱིས་ཁྲི་སྲོང་ལྡེ་བཙན་ལ་ངས་ཕུལ་པ་མིན། འོན་ཀྱང་རྒྱལ་བུ་ཁྱོད་ལ་སེམས་ཅན་དང་བསྟན་པ་ལ་ཕན་པའི་ཕྱིར་བཤད་དོ་གསུངས་ནས་རང་འགྱུར་མཛད། སླར་ཡབ་དང་བེེ་རོ་ལ་ཡང་བཀའ་མ་ཕར་ཕུལ་ཞིང་གཏེར་མ་ཚུར་ཞུས་པར་བཞེད། དེང་སང་བརྒྱུད་པའི་དུས་བེེ་རོས་ཀྱང་སྔོན་དུ་སློབ་དཔོན་བཞུགས་པའང་ལོ་རྒྱུས་འདིའི་བཀའ་མའིི་དབང་དུ་སོང་བའམ་ཡང་ན་གཏེར་སོགས་དགོས་པ་ཁྱད་པར་ཅན་གྱི་དགོངས་པ་ཡིན། གཞན་ཡང་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དགོངས་ལ། སྔར་ཡབ་མེས་རྣམས་དང་ཕྱིས་བདག་ཉིད་ཀྱིས་ཀྱང་གསོ་བ་རིག་པའི་བཀའ་སྲོལ་ལེགས་པར་བཏོད་པས་དར་རྒྱས་སུ་བྱུང་མོད་ཀྱི། ད་རུང་ཕྱོགས་ཕྱོགས་ཀྱི་སྨན་པ་མཁས་པ་དུ་མ་བསྔགས། སྔོན་ཆད་མ་བསྒྱུར་པའི་རིགས་མཐའ་དག་དར་པར་བྱའོ་དགོངས་ཏེ་གསེར་ལ་སོགས་པའི་བྱ་དགའ་མང་དུ་བསྩལ། ཕོ་ཉ་བ་ཡུལ་སོ་སོར་བཀའ་ཡིས་མངགས་པ་ལས། འཕགས་ཡུལ་ནས་ཤནྟི་གརྦྷ། ཁ་ཆེ་ནས་གུ་ཧྱ་བཛྲ། རྒྱ་ནག་ནས་སྟོང་གསུམ་གང་བ་དང་ཧ་ཤང་བ་ལ། ཧང་ཏི་པ་ཏ་གསུམ། སྟག་གཟིག་ནས་ཧ་ལ་ཤནྟི། གྲུ་གུ་ནས་སེང་མདོ་འོད་ཆེན། དོལ་བོ་ནས་ཁྱོལ་མ་རུ་ཙི། བལ་བོ་ནས་དྷརྨ་ཤི་ལ་སྟེ་མཐའ་བཞི་ནས་བྱོན་པའི་རྒྱལ་པོའི་བླ་སྨན་དགུར་གྲགས་པ་གདན་དྲངས། ཟུར་མཁར་བས་མེས་ཨག་ཚོམས་ཀྱི་དུས་ཙམ་པ་ཤི་ལ་ཧ་སོགས་ལ་བཤད་ཀྱང་འདི་སྐབས་སྨན་པ་རྣམས་ཉམས་སད་ཆེད་རྒྱལ་པོས་སྙུན་རྫུ་བཏབ། ཕོ་བྲང་འཕང་ཐང་ཀ་མེད་ཀྱི་ནང་དུ་བཞུགས། སྨན་པ་རྣམས་སྒོ་ཕྱིར་བཞག་སྟེ་ཁྱེད་ཅག་གསོ་བ་རིག་པ་ལ་མཁས་ཤིང་གྲགས་པ་དང་ལྡན་པ་ཡིན་པས་རྩ་ལག་པ་དངོས་ལ་བལྟ་བ་ངོ་མཚར་མི་ཆེ་ཡི། ཐ་གུ་འདི་ལ་རྟོགས་[བརྟགས་]ལས་ཁ་སྨར་[དམར་]ཐོགས་ཤིག་གསུངས། བྱི་བླའི་[ལའི་]ལག་པར་ཐ་གུ་བཏགས་ནས་བརྟག་ཏུ་བཅུག་པར། རྒྱལ་པོ་འགྲོངས་སམ་བདག་ཅག་ཉམས་པ་ཇི་ལྟར་ནའང་ཕྱི་དལ་ཁོང་འཁྱུག་པ་གཅན་གཟན་ཐ་མ་བྱི་བླའི་[ལའི་]རྩ་འདྲ་བ་ཞིག་སྣང་ཞེས་དང་། དེ་ཕོའི་ལག་པར་ཐ་གུ་བཏགས་པ་བསྟན་པས་ཁ་འདར་ལ་གཏིང་སྤུན་པ་འདབ་ཆགས་ཐ་མ་ཁྱིམ་བྱའི་རྩ་ཙམ་ལས་མི་འདུག་ཅེས་དང་། དེ་རྗེས་རང་འཐག་ལ་བཏགས་ནས་བསྟན་པས་ཁ་བྱིང་ལ་གཏིང་སྲ་བ་གོར་མ་[མོ་]རྡོ་དང་འདྲ་བ་སོགས་སྨན་གྱི་ལྷ་མོའི་མངོན་ཤེས་ལ་བརྟེན་ནས་སོ་སོར་མ་ནོར་པར་ངོས་ཟིན་པས་རྒྱལ་པོ་རབ་ཏུ་དགྱེས་ཏེ། འཚོ་མཛད་སྨན་པར་གྱུར་པ་འདི་རྣམས་ལ། །བོད་འབངས་མགོ་ནག་ཡོངས་ཀྱིས་བཀུར་བར་གྱིས། །ཅི་ཕྱིར་འདི་ནི་ཚེ་སྲོག་སྟེར་བའི་ཕྱིར། །མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །དེ་ཡིས་བཀུར་པས་མཚན་ཡང་ལྷ་རྗེར་ཐོགས། །འགྲོ་བའི་མགོན་ཡིན་གྲལ་གྱི་གོང་ལ་ཞོག། འབོལ་གྲུམ་སྟག་གཟིག་ཟ་འོག་གདན་དུ་འཐིང་[ཐོངས]། །བསྐྱེལ་[སྐྱེལ་]བསུ་རྟས་ཀྱིས་རྐང་གླ་གསེར་དུ་ཕུལ། །ཅི་གསུངས་དང་ལོང་སྨན་པའི་བཀའ་མ་བཅག། རྒྱལ་སྲིད་ཡིན་ཡང་མི་ཕངས་སྲོག་རིན་ཡིན། །བཅོས་ནོར་ལག་དགྲས་ཤི་ཡང་སྟོང་མ་ལེན། །སྨན་དུ་ཐལ་བ་སྦྱར་ཀྱང་སྨན་རིན་གསེར་དུ་རྫོངས། །ཞལ་དུ་སྐྱེམས་ཞུས་ཤ་གཟུག་རྒྱུན་དུ་དྲོངས། །རྒྱུན་དུ་བསྟེན་ཕྱིར་ངོ་ཁ་ལྐོག་སྨྲས་སྤོངས། །ནམ་[ནབ་]བེར་དར་ཟབ་ལྷམ་དང་རྒྱམ་ཐག་ཕུལ། །ཀུན་གྱིས་འཁུར་ལས་ཕྱག་དང་ཞེ་ས་གྱིས། །ཚེ་འདིར་དྲིན་ཆེ་དྲིན་ལན་ཡུན་དུ་སོམས། །ང་ཡིས་ཕུལ་པའི་བླ་གཙིགས་བཅུ་གསུམ་པོ། །གང་གིས་འགལ་ཡང་ཆད་པས་གཅད་པར་བྱ། །ཞེས་སོགས་བཀའ་གཙིགས་གནང་། ཕོ་བྲང་དུ་སྣ[སྣེ་]ལེན་དང་ཞབས་ཏོག་གྱ་ནོམ་པ་བཤམས། སློབ་དཔོན་པདྨས་དཔང་བོ་དང་སྐ་ཅོག་གཉིས་སོགས་རང་རང་གི་སྐད་ལ་བྱང་པའི་ལོ་ཙཱ་བ་དང་བཅས་སྨན་དཔྱད་ཀྱི་གཞུང་ལུགས་བསྒྱུར་ཅིག་པར་བཀའ་གནང་པས། རྒྱ་གར་ཤནྟི་གརྦྷས་སངས་རྒྱས་ཀྱིས་གསུངས་པར་གྲགས་པའི་བལ་སྒྲོམ་སྨུག་པོའི་རྒྱུད་དང་། ཤློ་ཀ་སྡེ་བཞི། བདུད་རྩི་ལྷུང་བཟེད་ཆེ་ཆུང་། བདུད་རྩི་བུམ་སྙིང་སྤྱན་རས་གཟིགས་ཀྱི་གསུང་དུ་འབོད་པ་སྤུངས་པ་སྡེ་ལྔ། ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་མདོ་ལྔ། སྒྲོལ་མས་གསུངས་པར་གྲགས་པ་སྔོ་འབུམ་ལེའུ་བརྒྱ་ཉི་ཤུ་པ། རྒྱ་ནག་གི་སྨན་པ་གསུམ་པོས་འཇམ་དཔལ་གྱིས་གསུངས་པར་གྲགས་པ་སྦྱོར་བའི་འཕྲེང་བ། བྱང་ཁོག་དོན་འགྲེམས་[འགྲེམ་]འཕྲུལ་གྱི་རྒྱ་ལོང་། ཡན་ལག་ཕྱག་གི་བརྡ་ལས་བྱུང་བ་རིན་པོ་ཆེའི་མཛོད་ལྔ། ཇ་ལོག་ནོར་བུ་དྲི་མ་མེད་པ། མེ་ཆུ་གོ་བཟློག་དུག་དཔྱད་མེ་ལྕེ་འཁོར་ལོ། ཐོར་བུའི་ནད་ཀྱི་སྒོས་བཅོས། ཆུ་དཔྱད། ཁྱུག་དཔྱད། མེ་བཙའི་ལག་ལེན་སྒྲོན་མེ། ཁ་ཆེའི་སྨན་པས་དཔྱད་ཕྲེང་སེལ་བར་བྱེད་པ་མུན་པའི་སྒྲོན་མེ། དཔྱད་མདོ་དགུ་པ། མན་ངག་གནད་ཀྱི་པྲ་ཡིག། སྟག་གཟིགས་གི་སྨན་པས་མགོ་གཅོས་མུ་སྟེགས་ཀྱི་སྐོར་བརྒྱད་པ་རྩ་འགྲེལ། རྩ་བཅོས་མན་ངག་ལྗོན་ཤིང་ཆེ་ཆུང་། འདུས་པ་བཅོས་ཐབས་རིན་ཆེན་སྲོག་གི་འཁོར་ལོ། སོག་པོ་ཤ་སྟག་ཅན་གྱི་རྒྱུད། དུག་གསོ་བ་གར་ལོག་རྒྱལ་པོའི་ཤི་གསོས། གྲུ་གུའི་སྨན་པས་ནག་པོ་རྒྱུད་གསུམ། དེའི་མདོ་བྱང་ཆེ་ཆུང་། འདྲ་ཡིག་དུང་གི་མིག། ནགས་སུ་འཇག་པ་གཡུའི་དྲ་བ། གུ་ཎ་ཤ་ཏ་བམ་པོ་ལྔ་བརྒྱ་པ། རྟའི་དཔྱད་མེ་ལོང་སྐོར་གསུམ། དོལ་བོའི་སྨན་པས་མི་འཇིགས་པ་བརྒྱད་ཀྱི་མཚོན་ཆ། གབ་གསལ་བྱེད། འཚོ་འཆི་རྟགས་ཀྱི་ལེའུ། རྩའི་ལ་ཉེ། གཏར་ཁའི་དཔྱད། བལ་བོའི་སྨན་པས་འགྲམ་པ་ཏི། སྦྱོར་བ་བརྒྱ་བ། རིན་པོ་ཆེའི་སྨན་གྱི་འཁྲུངས་དཔེ། ཐུར་དཔྱད་དང་ལྷོག་པའི་གསོ་ཐབས་རྣམས་བརྩམས་ཤིང་བསྒྱུར། གཞན་ཡང་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་སྨན་དཔྱད་རིན་པོ་ཆེ་འདུས་པ་བམ་པོ་བདུན། ཀེ་ཏུ་པྲཛྙཱས་བྱས་པའི་མགོ་དཔྱད་བདུད་རྩི་ཐིགས་པ་སྐབས་བདུན་པ། བེ་དུ་རས་བྱས་པའི་གཞུང་བདུད་རྕི་མེ་ལོང་ལེའུ་བརྒྱད། ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་སྒྲོན་མ་ལྔ་སྐོར། འཇམ་དཔལ་གྱི་སྤྲུལ་པ་ནེ་ཙོས་མཛད་པ་དུག་དཔྱད་མེ་ལྕེ་འཁོར་ལོ། དྲང་སྲོང་ཉི་མའི་སེང་གེས་བྱས་པའི་དུག་དཔྱད་ཤ་མོ་ལས་དཀྱུས། རིན་པོ་ཆེ་སྐ་རགས་འཆིང་འགྲོལ། ཟླ་གསང་འཁོར་ལོ་མཚོན་ཆ་ལས་ཀྱི་རྒྱུད་ལེའུ་བཅུ་པ། དེ་འགྲེལ་ཤ་མོ་ལས་དཀྱུས་ཆ་ལག་དང་བཅས་པ་རྣམས་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འགྱུར། གནུབས་རང་གི་མཛད་བྱང་སྨོས་པ། བསྲུང་བ་རིན་པོ་ཆེ་འོད་ཀྱི་གདམས་པ། བརྟག་པ་རིན་པོ་ཆེ་འོད་ཀྱི་གཟུགས་བརྙན། གསོ་བ་དཀར་པོ་ལམ་གྱི་སྒྲོན་མ་དང་གསུམ། ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་དུག་བཙས་[བཅོས་]དཔའ་བོ་ཐུབ་པའི་རྒྱུད་དང་གཞའ་འོད་འཁྱུག་པའི་རྒྱུད་ཤྲི་བཛྲ་དང་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཕྱག་ན་རྡོ་རྗེ་དང་ཀླུ་སྒྲུབ་ཞུས་ལན་དུ་མཛད་པའི་གཟའ་རྒྱུད་རིན་ཆེན་སྤུངས་པ་ལེའུ་བཞི་བཅུ་རྩ་དྲུག་པཎྜི་ཏ་རིན་ཆེན་རྡོ་རྗེ་དང་བེེ་རོའི་འགྱུར། གཟའ་བཅོས་སྙིང་ཏིག་གསལ་སྒྲོན་རྒྱ་ནག་མ། ཀླུ་སྒྲུབ་དང་ཀླུ་རྒྱལ་འཇོག་པོ་གཉིས་ཀྱི་ཞུས་ལན་ཆེ་བ་ལེའུ་སུམ་ཅུ་སོ་བཞི། འབྲིང་པོ་མེ་ལོང་རབ་གསལ། ཆུང་བ་མངོན་པར་རྟོགས་པ། དོན་གསལ་སྒྲོན་མ། གསལ་བྱེད་སྒྲོན་མ། འཕྲུལ་གྱི་མེ་ལོང་། ཐུགས་ཀྱི་སྒྲོན་མ། རོ་ལངས་མཁའ་འགྲོ་མས་གསུངས་པར་གྲགས་པ་མཛེ་རྟག[རྟགས་]མིག་ཡིག་བཅུ་དྲུག་པ་དྲང་སྲོང་མེ་ཁྱེར་གྱི་འགྱུར། འཇམ་དབྱངས་ཀྱི་གསུང་དུ་འདོད་པ་རིན་པོ་ཆེ་སྒྲོན་མའི་མཛོད། སྒྲོལ་མས་མཛད་ཟེར་བ་མཁྲིས་རིམས་དུག་ཐབས་ཞི་བྱེད་དང་། སྔོའི་འཁྲུངས་དཔེ་རིན་ཆེན་སྒྲོལ་མ་ལེའུ་གསུམ་པ་ཤནྟི་གརྦྷའི་འགྱུར། འཕགས་པ་འཇམ་དཔལ་དང་དྲང་སྲོང་བཞིས་ཞུས་ལེན་དུ་མཛད་པ་སྔོ་སྦྱོར་བདུད་རྩི་འཆི་མེད་གསང་བ་སྐུ་གསུང་ཐུགས་ཀྱི་རྒྱུད། དེའི་འགྲེལ་བ་དཔལ་མགོན་ཀླུས་མཛད་པར་གྲགས་པ། ཧ་ཤང་མ་ཧཱ་ཀྱིན་དས་བྱས་པའི་སྔོ་སྦྱོར་ལེའུ་བཅུ་གཉིས་པ་བེ་བུམ་སྨུག་པོར་འབོད་པ། དེ་འགྲེལ་གསང་བའི་ཡང་ཏིགདྲང་སྲོང་ཙ་ར་ཀས་མཛད་པ་ཚེའི་རིག་བྱེད་ཀྱི་རྒྱུད་རིན་པོ་ཆེ་ཁྲི་མཛོད་འོད་ལྡན། དེ་ལས་བསྡུས་པ་ལེའུ་བདུན་ཅུ་པ། བཅུད་ལེན་ཤ་སྦྱོར་རྩ་བའི་རྒྱུད་བདུད་རྩི་ལྗོན་ཤིང་ལེའུ་བདུན་པ་སྤྱན་རས་གཟིགས་ཀྱིས་སྒྲོལ་མར་གནང་པའི་མཁྲིས་རིམས་དུག་ཐབས་གསོ་བ་ལ་སོགས་ཇི་སྙེད་འགྱུར། རྗེའི་ཐུགས་ལ་བབ་ཅིང་འབངས་ལ་ཕན་ཐོགས་པར་བྱུང་བས། བཙད་པོའི་ཞལ་ནས། སྨན་པ་ཕ་ཡིན་ནད་པ་སྙིང་རྗེས་སྐྱོང་། ནད་པ་བུ་ཡིན་ངན་མཚང་ཕྱིར་མ་བརྗོད། །ཅེས་སོགས་བཀའ་བསྩལ་ཞིང་གཙིགས་ཆེ་བར་གནང་། དེ་ལྟ་བུའི་གསོ་རིག་གི་གཞུང་ལུགས་ཆེན་པོ་རྣམས་ཕྱོགས་གཅིག་ཏུ་སེང་ལྡེང་གི་གླེགས་ཤིང་དུ་བཞུགས་པ་ལ་རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོར་གྲགས། བོད་འབངས་ཀྱི་བྱིས་པ་བློ་རྣོ་བ་དགུ་ལ་གསོ་བ་རིག་པ་བསླབ་ཏུ་བཅུག་པས་སྟོད་ན་ཆེར་རྗེ་ཞིག་པོ། འུག་པ་ཆོས་བཟང་། བེ་ཆེ་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་བ་ཆོས་བཟང་། མཐའ་བཞི་དར་བོ། སྟོང་པ་གྲགས་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུར་གྲགས་པ་བྱུང་། ཕྱོགས་ཀྱི་སྨན་པ་རྣམས་རྙེད་བཀུར་གྱི་མཆོད་པ་བཟང་པོ་དང་བཅས་སོ་སོའི་ཡུལ་དུ་བཞུད། དེ་ལས་ཧ་ཅང་མི་རིང་བ་ན་རྒྱལ་པོ་སྙུན་གྱིས་བཏབ་པར་བོད་ཀྱི་སྨན་པ་མི་དགུ་སོགས་ཡོད་ཀྱང་བློན་པོ་རྣམས་ཀྱི་འདོད་པ་ལྟར་མཐའ་བཞི་གའི་སྨན་པ་རྣམས་སྤྱན་འདྲེན་པར་བཏང་བས། གཞན་རྣམས་འབྱོན་པར་མ་བཞེད་ཅིང་། རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ་ཞེས་བྱ་བ་སྤྱིར་རིག་གནས་ཐ་དག་དང་། ཁྱད་པར་གསོ་བ་རིག་པ་ལ་མཁས་ཤིང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཞལ་གཟིགས་པ་ཞིག་ཡོད་པ་བྱོན། བཤུལ་ལམ་གསོ་བ་དཀར་པོ་ལམ་གྱི་སྒྲོན་མེར་གྲགས་པ་དང་། མཐའ་བཞིའི་ལུགས་ཞུ་བ་བཞི་ལྡན་སོགས་བསྟན་བཅོས་བརྩམས་ཏེ་སྐྱེས་སུ་ཕུལ། གསོ་བའི་དཔྱད་བྱས་པས་མངའ་བདག་སྙུན་ལས་མྱུར་དུ་དྭངས། མཐའ་བཞི་གའི་སྨན་པའི་གོ་ཆོད་པར་འདུག་པས་མིང་ཡང་མཐའ་བཞི་སྟོང་གསུམ་གང་བར་བཏགས། བྱ་དགའ་ལ་གཞུང་དང་དོལ་གཉིས་ཡུལ་གཞིས་སུ་བསྩལ། ཁབ་བཞེས་སྲིད་བསྐྱངས་པས་མཐའ་བཞིའི་བརྒྱུད་པ་རྣམས་འཕེལ། དེ་ལྟར་ན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་གནང་པ་རིགས་ཀྱི་འཚོ་བྱེད་དངོས་ནི་མཐའ་བཞི་དང་། བོད་སྨན་གཞན་བརྒྱད་པོ་རྗེས་འབྲེལ་ཙམ་ཡིན་པར་མངོན། རྒྱལ་པོ་གླང་དར་མས་བསྟན་པའི་དངོས་གཞི་སོ་ཐར་གྱི་འདུལ་ཁྲིམས་བཤིག་པས་སྔ་དར་ཕྱི་དར་གྱི་ཐ་སྙད་བྱུང་བ་ལས། གསོ་དཔྱད་ནི་སྲོང་བཙན་ནས་ད་ལྟའི་བར་རྒྱུན་ཉམས་མ་མྱོང་བས་དར་ལུགས་ཀྱི་སྒོ་ནས་སྔ་དར་དང་། ཕྱི་དར་ཞེས་འདོགས་མི་དགོས་པར་སེམས། སྔ་རབས་པ་ཁ་ཅིག་ལྟར་ན། བརྟག་པ་བློ་གྲོས་ཀྱིས་མཛད་པ་དྲི་མེད་གཟི་བརྗིད་ལ་སོགས་པ་ཁ་ཆེའི་ལུགས། ཛི་ན་མི་ཏྲས་མཛད་པའི་གསོ་སྟོང་དགུ་བཅུ་རྩ་དགུ་ལ་སོགས་པ་ཨོ་རྒྱན་གྱི་ལུགས། ཤྲཱི་ཨ་ནནྟས་མཛད་པའི་གནས་འགྱུར་གསུམ་ལ་སོགས་པ་ཡུལ་དབུས་ཀྱི་ལུགས། སུ་མ་ཏི་གི་རྟིས་མཛད་པའི་བསྡུས་སྦྱོར་གསུམ་ལ་སོགས་པ་བལ་བོའི་ལུགས། ཨརྦ་ཡས་མཛད་པའི་ཆོས་འབྱུང་དྲུག་ལ་སོགས་པ་ཏ་ཟིག་གི་ལུགས། རྡོ་རྗེ་འབར་བས་མཛད་པའི་མི་འཇིགས་མཚོན་ཆ་ལ་སོགས་པ་དོལ་བོའི་ལུགས། ལེགས་པ་རྒྱལ་མཚན་གྱིས་མཛད་པའི་ག་གོན་གྱི་བརྡོལ་ཐབས་སུམ་ཅུ་རྕ་ལྔ་ལ་སོགས་པ་ཧོར་གྱི་ལུགས། བརྩོན་འགྲུས་སྙིང་པོས་མཛད་པའི་ས་ཁུགས་ལ་སོགས་པ་མི་ཉག་གི་ལུགས། རྒྱལ་བ་རྡོ་རྗེས་མཛད་པའི་ཡན་ལག་བདུན་པ་སོགས་ལིའི་ལིའི་ལུགས། ཙན་པ་ཤི་ལ་ཧས་མཛད་པ་ཚད་པ་འབྲོས་འདེད་ལ་སོགས་པ་ཁྲོམ་གྱི་ལུགས་དང་བཅུའི་ཡིག་ཆ་དང་ཕྱག་ལེན་མན་ངག་རྣམས་བོད་དུ་རིམ་གྱིས་དར་པའི་དོན་ཐམས་ཅད་ཕྱི་ཤེས་བྱ་གཞུང་གི་སྐོར། ནང་གདམས་པ་དོན་གྱི་སྐོར། གསང་བ་ལག་ལེན་སྨར་[དམར་]ཁྲིད་གྱི་སྐོར། ཡང་གསང་ཉམས་མྱོང་ཐབས་ཀྱི་སྐོར་དང་བཞིར་འདུས་པར་བཤད། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ་པཎྜི་ཏ་དྷརྨ་ཤྲཱི་ཝ་རྨ་དང་། སྙེ་བོ་ལོ་ཙཱ་བ་དབྱིག་གི་རིན་ཆེན། མར་ལོ་རིག་པ་གཞོན་ནུ། དབྱིག་གུ་དགེ་སློང་ཤཱཀྱ་བློ་གྲོས་རྣམས་ཀྱིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་བསྒྱུར། དེ་རྗེས་གུ་གེའི་ཆུ་སྙུང་ཝཾ་རཏྣ་རུ་སྐུ་འཁྲུངས་པ། སྤྲུལ་བའི་སྐྱེས་མཆོག་ལོ་ཆེན་རིན་ཆེན་བཟང་པོ་ཞེས་བྱ་བ། དགུང་ལོ་བཅུ་བདུན་ནས་འཕགས་ཡུལ་དུ་ལོ་བཅུ་བཞུགས། ཇོ་བོ་ན་རོ་ཏ་བ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན། སངས་རྒྱས་སྐར་རྒྱལ་བཏུལ་བ་སོགས་ཕྱི་དར་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་དེས། ཁ་ཆེའི་པཎྜི་ཏ་ཛ་ན་རྦྷ་ལ་གསེར་སྲང་བརྒྱ་འཕུལ་ནས་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལེའུ་བརྒྱ་ཉི་ཤུའི་བདག་ཉིད་ཅན་དང་། དེའི་ཚིག་དོན་རྒྱས་པར་འགྲེལ་བ་ཟླ་བའི་འོད་ཟེར་ཞེས་བྱ་བ་ཁ་ཆེ་ཟླ་བ་ལ་མངོན་པར་དགའ་བས་མཛད་པ་སོགས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པའི་བོད་ཡུལ་དུ་དར་རྒྱས་སུ་གྱུར་ཞིང་། དཔལ་ཕག་མོ་གྲུ་པའི་དུས་ཙི་ནའི་རྒྱལ་ཁབ་ཏུའང་དར་པས་རྒྱལ་པོ་ཧཱང་ཐའི་ཧུའི་ཨི་ཙིའི་དུས་ཡར་ཀླུངས་མཆིག་སྨན་གྱི་བསྐུལ་ནས་ཕོ་བྲང་ཏའི་ཏུང་དུ་ཡེ་ཤེས་དཔལ་གྱིས་ཞུས་དག་སྟེ་བརྐོས་པའི་རྒྱ་པར་ཡང་ཡོད། ལོ་ཆེན་དེ་ཉིད་ལ་གསོ་རིག་གི་བརྒྱུད་པ་འཛིན་པའི་སློབ་མ་མང་དུ་ཡོད་མོད་དེ། གྲགས་ཆེ་བ་ནི། མྱང་འདས་སེང་གེ་སྒྲ། ཤ་ཀ་[ཤཱཀྱ་]ཁྲི་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ནེ། མང་པོ[མོ་]སྨན་བཙུན་ཏེ་སྤུ་རངས་ཀྱི་སྨན་པ་མི་བཞིར་འབོད་པ་ཡིན་ལ། དེའི་ནང་ནས་ཀྱང་མང་མོ་སྨན་བཙུན་མཁས་ཤིང་འཕྲིན་ལས་ཆེ་བས་དབུས་གཙང་གི་སྨན་པ་ཕལ་ཆེར་གྱིས་མཇལ། ལྷག་པར་ཆེ[ཆོས་]རྗེ་ཏི་པང་ལ་གཞུང་ཟླ་ཟེར་དང་བཅས་རྫོགས་པར་གནང། ཏིི་པང་གིས་རང་སྲས་བྱང་ཆུབ་འོད། ཨུ་ལང་བཀྲ་ཤིས་མཁར། དགྲ་ལས་རྒྱལ་པོ་གསུམ་ལ་བཤད། ཨུ་ལང་གི་[ནི་]གཞུང་འགྲེལ་ལག་ལེན་ཀུན་ལ་མཁས་པས་འཚོ་བྱེད་གཞོན་ནུའི་སྤྲུལ་པ་ཡིན་པར་ཡང་བྱེད[བཤད]། དེས་གཅན་གྱི་སྲས་དཔོན་ཇོ་བཀྲ། གཡུང་དྲུང་། ཇོ་བཙན། རང་སྲས་ཟླ་བ་དང་། སྙིང་པོ།གཅུང་སྲས་འབྲོ་ཚ་དང་དྲུག་ལ་གསུངས། དེ་དག་གིས་རྟག་རྟོག་རྒྱལ། ཇོ་འཕན། ཇོ་ནག་གསུམ་ལ་བཤད། དེའི་སྔ་མ་གྲགས་པ་ཆེ། བར་བ་ལུང་རྒྱུས་ལ་འདྲིས། ཐ་མ་གཞུང་གདམས་ངག་ལག་ལེན་མཛོམ། དེ་གསུམ་ག་ལ་སྔ་རབས་སྨན་བླ་ལྟ་བུ་བཅུར་གྲགས་པའི་ནང་ཚན་ཆེ་[ཆོས་]རྗེ་ཞང་སྟོན་ཞིག་པོའམ་ཐུགས་རྗེ་ཁྲི་འོད་ཀྱིས་ཞུས་ཏེ་སྨན་དཔྱད་མཐར་ཕྱིན་པར་གྱུར། ཤེས་བྱ་སྤྱིའི་ཁོག་འབུབས་རྒྱལ་མཚན་རྩེར་འབར། ས་བཅད་དོན་ཁྲིགས་འབྱེད་པའི་ལྡེ་མིག་དཀའ་ཚོམས་གེགས་སེལ་གནམ་ལྕགས་འཁོར་ལོ། ཚིག་དོན་ཞིབ་རྒྱས་སུ་འགྲེལ་བ་མུ་ཏིག་གི་འཕྲེང་བ་རྒྱས་བསྡུས་གཉིས། སྐྱིད་སྨད་ཁོལ་མའི་ཞང་སྟོན་འདུལ་བ་སོགས་ཀྱི་དོན་དུ་ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩི་ཐིགས་པ་རྣམས་བརྩམས། གཞུང་ལ་ནག་མཆན་ལེགས་པར་བཏབ། སློབ་མ་བདེ་བ་དཔལ། ཡོན་ཏན་རྒྱ་མཚོ། གཙང་སྟོན་[སྟོད་]དར་མ་མགོན་པོ་ལ་སོགས་པ་དུ་མ་བྱུང་། དར་མ་མགོན་པོས་སློབ་མའི་དོན་དུ་ཟིན་ཏིག་དང་། བུའི་དོན་དུ་ཡང་ཏིག་ཅེས་པའི་མན་ངག་གི་ཡིག་འཇོག་ཀྱང་མཛད། དེ་དག་གི་བརྒྱུད་འཛིན་བོ་དོང་རོག་ཚོའི་སྐོར་ན་མང་བར་གྲགས། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་ཤ་སྦྱོར་བདུད་རྩི་དར་ཡ་ཀན་བསྒྱུར་ཅིང་། མགོ་དཔྱད་དྲ་བ་སྡོམ་པ་སོགས་མན་ངག་ཁ་འཐོར་མང་དུ་མཛད། ཡང་འཇིག་རྟེན་གྱི་མིག་གཅིག་ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་ཞང་ཞུང་བ་ཤེས་རབ་འོད་ཀྱིས་རྒྱ་སྟོན་པ་གྲགས་པ་ཤེས་རབ་ལ་གསུངས། ཤེས་རབ་འོད་ཀྱི་མཚན་གྱི་རྣམས་གྲངས་སམ་འཁོར་ལོ་རྒྱལ་པོར་གྲགས་པས་མཛད་པ་བཤད་རྒྱུད་དང་མཐུན་པའི་གསོ་དཔྱད་ཡིག་རྙིང་ཞིག་དང་སངས་རྒྱས་ཁོག་འབུབས་གསེར་གྱི་བང་མཛོད་ཅེས་པ་སོགས་མཆིས། དེས་གཡུ་ཐོག་རྒྱ་གར་རྡོ་རྗེར་བཤད་དེ་ས་བཅད་ཡི་གེར་བཀོད། ཀ་འཕྲེང་དཔེའུ་ཆུང་དུ་བྱས། དོན་མགོ་སྟོང་ཐུན་དུ་བསྡེབས། འཁྲུགས་འབྱེད་དང་ལག་ལེན་རྣམས་ཡིག་ཆུང་དུ་བྱས་ཏེ་རྟོགས་སླ་བར་བཅོས། དེ་ནས་གཡུ་ཐོག་བརྗིད་པོ། ཁྱུང་བོ། མགོན་པོ་སོགས་རིམ་པར་བརྒྱུད་པ་དང་། ཡང་ཞང་ཞུང་བ་ཤེས་རབ་འོད་ཀྱིས་རྡོག་གྱོང་སྨན། གཡུ་ཐོག་གྲགས་སེ། མགོན་པོ་ལ་སོགས་པར་བརྒྱུད་པའང་སྣང་། ཡུལ་ཡར་ཀླུངས་གད་པ་སྟེང་དུ་ཡབ་དགེ་བཤེས་བསོད་ནམས་དབང་ཕྱུག་དང་ཡུམ་མེར་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་པ་ཞང་གཟི་བརྗིད་འབར་ཞེས་བྱ་བ་དེས། གཉགས་སྙིང་པོ་རྒྱལ་མཚན་ལ་རབ་ཏུ་བྱུང་། བྱམས་ཆོས་ལྔ་ལ་སོགས་པར་མཁས་པར་སྦྱངས། ལྡུམ་རར་[རཱར་]རི་བོང་བྱུང་བ་ལ་རྡོ་བརྒྱབ་པས་རྐང་པ་ཆག[བཅག་]གས་བསྐུར་པས་གསོས་པས་རི་བོང་སྨན་པར་གྲགས། དེས་བྲོད་ཁ་རྙེད་པ་ལྟ་བུས་སྨན་དཔྱད་སློབ་པའི་བློ་སྐྱེས། མིང་དོན་མཚུངས་པའི་སློབ་དཔོན་མ་རྙེད་པས། མཁས་པ་མི་དགུའི་བརྒྱུད་པ་རྣམས་ལ་གཏུགས་ཏེ་ཐེ་ཚོམ་ཆོད་པར་བྱ་བར་དམ་བཅས་ནས། ཐོག་མར་སྨད་ཀྱི་སྨན་པ་གཡོ་རུའི་གཡའ་གྱོང་བོ། སྟོད་ལུངས་ཀྱི་[ལུང་གི་]ལྷ་རྗེ་སུམ་སྨད། དབུ་རུའི་མཐའ་བཞི་རྣམས་བསྟེན། ཡིག་སྣ་རེ་རེ་གཉིས་གཉིས་ཙམ་ཞུས་གནད་ལས་རྣམ་རྟོག་ཆོམས་པའི་བློ་ཁ་རྫོགས་པ་མ་བྱུང་། སྟོད་སྨན་ལ་གཏུགས་ཀྱང་ཞང་ཤེས་རབ་ཆེ་བས་གོང་ཤོར་བྱུང་དོགས་གདམས་པ་མ་བྱིན། དེའི་སློབ་མ་འཕན་ཡུལ་རྒྱལ་བ་དར་སྨན་བདུད་རྩི་བྱ་བ་དེར་གཏུགས། དེ་ནས་གཡུ་ཐོག་རྒྱ་གར་རྡོ་རྗེ་ལ་ཡན་ལག་ཤིང་ཆེན་གྱི་འཁོར་ལོ་དང་། མི་ཉག་ཟླ་གྲགས་སྔོ་སྦྱོར་ཆེན་མོ་ལ་སོགས་པ་དང་། བྲང་ཏི་རྒྱལ་པོ་ལ་མགོའི་ལྷག་ཆས་ལ་སོགས་པ་གསན་ཀྱང་སྔོན་མ་ལྟར་གྱུར། དེ་ནས་སྟོད་གྱི་བི་ཇི་ལྷུན་ནོ། འུག་པ་ཆོས་སེང་། ཆེ་ཇི་[ཆོས་རྗེ་]སྟག་ལ་དགའ་གསུམ་ལ་རིམ་བཞིན་གཏུགས་པས་ཆ་ལག་མང་ལ་གདམས་ངག་ཆུང་བར་མཐོང་ནས། གསེར་མང་དུ་སྒྲུབ་པ་བསྣམས་ཏེ་རྒྱ་གར་དུ་བྱོན། ལམ་དུ་རྔོག་བློ་ལྡན་ཤེས་རབ་དང་མཇལ། སྒྲ་ལ་མཁས་པར་སྦྱངས། རིམ་གྱིས་བགྲོད་དེ་དཔལ་ནཱ་ལནྡྲར་[ལེནྡྲར་]ཕེབས། ཐམས་ཅད་ལ་སྨན་པ་སུ་མཁས་དྲིས་པར། དྲང་སྲོང་ཙནྡྲ་བི་བྱི་བ་མཁས་ཟེར་པར་ཁ་མཐུན། དེར་དྲང་སྲོང་འཇག་མའི་སྤྱིལ་བོ་ན་བཞུགས་པའི་དྲུང་དུ་ཕྱིན། སྒོར་ཞག་བདུན་གྱི་བར་དུ་བསྡད་པས་ཁྱོད་དེ་ཙམ་དོན་དུ་ཅི་གཉེར་གསུངས། སྨན་དཔྱད་ཤེས་པར་འདོད་པའི་རྒྱུ་མཚན་ཞུས་པས། ཐུགས་ཐོགས་ནས་ཡན་ལག་བརྒྱད་པ་ཚར་གཅིག་གནང་། ལོག་པར་བརྩམས་པས་དེས་མི་འཁྲོལ་ལམ་གསུངས། སླར་གསེར་གྱི་མཎྜལ་དང་བཅས་ཞུས་པས་དཔེ་ཐོག་ནས་གཞུང་ཚར་གཅིགཁོག་དབུགས། མན་ངག་ལག་ལེན་དང་བཅས་རྫོགས་པར་སྩལ[བསྩལ་]། ཡིག་སྣ་རྩོམས་ལ་འགྲོ་ཕན་རྒྱ་ཆེ་བར་གྱིས་ཤིག་གསུངས་པ་ལྟར། བོད་དུ་བྱོན། སློབ་མ་བསྐྱངས། གཞུང་དྲི་མེད་གཟི་བརྗིད་ལེའུ་བཞི་པ། དེ་འགྲེལ་ཉི་མའི་འོད་ཟེར། དཔེ་དོན་གྲངས་ཀྱི་ཕྲེང་བ་གསུམ་སྦུག་སྟོན་རྒྱ་དཀར་[གར་]རཱ་ཛཱ་དང་བལ་སྟོན་ཤེས་རབ་ཁྲི་འབུམ་གྱི་དོན་དུ་ལེགས་པར་བརྩམས། དེ་ནས་གདམས་པ་སུམ་ཅུ་པ་དང་སྟོད་སྨད་ཀྱི་འགྲེལ་བ་གསུམ་རྩོམ་འཕྲོར་བཞག་པ་སྦུག་སྟོན་རྒྱ་གར་གྱིས་མུ་མཐུད་པར་གྲགས། ཞང་གི་སློབ་མ་ལྷ་སའི་བལ་ཆུང་ལ་ཕྱི་སྐོར་ནང་སྐོར། འོལ་ཁའི་སྤྲང་ཆུང་ལ་ཁོར་[ཁོང་]སྙིང་དང་འདྲ་བའི་དཀྱུས་བཀོད་རྣམ་གསུམ། གཉལ་གྱི་རོག་ཆུང་ལ་གདམས་པ་སུམ་ཅུ་པ། ཉེར་གནས་སྐྱོགས་ཤེས་རབ་ཁྲི་ལ་དྲི་མེད་གཟི་བརྗིད་མ་བུ་རྣམས་སོ་སོར་གནང་། དེ་བཞི་དང་སྟོད་སྨན་གྱི་སློབ་མ་དར་སྨན་ལྔ་ལ་དོལ་པ་རིང་མོས་ཞུས། གདམས་པ་སུམ་ཅུ་པའི་ཞལ་ཤེས། ཚད་འཕྲང་བཅུ་གསུམ། གདམས་ཕྲན་གཞན་དག་དང་། དྲི་མེད་གཟི་བརྗིད་ལས་མ་འགྲེལ། འབྲུ་འགྲེལ་སྟོང་ཐུན། ཚད་པ་གལ་འགག་གི་གཟེར་ཆེན་སོགས་རྩམས། མི་ཉག་མི་བསྐྱོད་རྡོ་རྗེས་ཁོག་འབུབས། མུ་ཏིག་འཕྲེང་བ། གཞུང་བཤད་ཐབས་ཀྱི་ཡན་ལགཆོས་འབྱུང་ལོ་རྒྱུས། སྟོང་ཐུན། དཔྱད་དགུ། འཕྲང་བཅོ་ལྔ། འབྲུ་འགྲེལ་བར་བཀབ་གསེར་འཕྲེང་ཞེས་བྱ་བའི་བསྟན་བཅོས་རྣམས་མཛད། ཚ་ལུང་བ་སྟོད་[རོག་]སྟོན་དཀོན་ཅོག་སྐྱབས་ཀྱིས་རྒྱ་གར་དུ་བྱོན། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཤནྟི་པ་ཕྱི་མ་དང་མཇལ། གསོ་དཔྱད་ཡན་ལག་བརྒྱད་པ་རྫོགས་པར་གསན་ནས་བོད་དུ་ཕེབས། གཞུང་གི་ས་བཅད་བསྡུས་དོན་རིན་པོ་ཆེའི་དྲ་བ་ཞེས་པ་བརྩམས་ཤིང་། གཞུང་ལ་མཆན་བུ་བཏབ་ནས་གཡུ་ཐོག་ཡོན་ཏན་མགོན་པོ་ལ་གནང་། དཔལ་མགོན་ཀླུས་མཛད་པའི་སྦྱོར་བ་བརྒྱ་པ་དང་། ཁ་ཆེ་ཟླ་དགའི་སྒྲ་སྦྱོར་ངེས་པ་གཉིས་ཐར་ལོ་ཉི་མ་རྒྱལ་མཚན་གྱིས་བསྒྱུར། ལོ་ཙཱ་བ་རང་གིས་ཅོང་ཞིའི་གདམས་པ་མཛད། ཡེ་ཤེས་མཁའ་འགྲོའི་ནད་སེལ་གདམས་པ་འཇའ་ལི་བ་དང་ཁྲོ་ཕུ་ལོ་ཙཱའི་འགྱུར། བལ་བོའི་དེ་བ་ཙནྡྲའི་སྙན་བརྒྱུད་བདུད་རྩིའི་ཐིགས་པ།

            གཏེར་མར་གྲགས་པ་ནི། སློབ་དཔོན་པདྨའི་གསུང་ལས། མ་འོངས་དོན་དུ་རིན་ཆེན་ཆོས་གཉེར་སྦས། །ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་པར། །དེ་སྲིད་གཏེར་གྱི་བསྟན་པ་རྫོགས་མི་སྲིད། །དེས་ན་གཏེར་གྱིས་འགྲོ་བ་དཔག་མེད་འདྲེན། །ཞེས་གསུངས་པ་ལྟར་ཨོ་རྒྱན་གྱི་སློབ་དཔོན་པདྨ་སམྦྷ་ཝས་གཙོས་པའི་ཟབ་གཏེར་ཆོས། སྨན། རྩིས། བོན་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པ་ལས། བོན་པོ་དྲུག་རྩལ་གྱིས་བུམ་ཐང་རྩིས་ལུང་གི་ལྷ་ཁང་ནས་རྫོགས་ཆེན་གུ་རུ་བཞི་པ་ལ་སོགས་པའི་ཆོས་དང་། སྨན་དཔྱད་བདུད་རྩི་བུམ་པའི་སྐོར་རྒྱས་པ་སྤྱན་དྲངས། ཐང་ཡིག་ལས། ལ་སྟོད་བཙན་ཡུལ་བོན་ལ་གསོ་ནམ་བྱེད༔ འཛམ་གླིང་རྒྱལ་པོའི་དཔོན་བརྒྱུད་འབངས་མི་ནོན༔ ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔ གཏེར་སྟོན་སྐུ་[ཀུ་]ས་སྨན་པ་ཞེས་བྱ་བྱུང༔ ཞེས་ཀུ་ས་སྨན་པར་གྲགས་པས་སྤ་གྲོ་བཅལ་སོགས་ནས་ཆོས། སྨན། བོན་གསུམ་གྱི་བབ་གཏེར་དུ་མ་བཏོན་ཅིང་། གཏེར་ཆེན་གཞན་ལས་ཀྱང་སྨན་དཔྱད་ཀྱིས་འགྲོ་དོན་རྒྱ་ཆེ་བ་བྱུང་བ་དང་། བྱང་གི་ཕྱི་གོང་རུ་བ་འཚུབ་མས་འཁྱེར༔ ཞེས་པའི་དུས་རྟགས་ཐོག་བྱོན་པ་ཡུལ་སྟོད་ལུང་དུ་འཁྲུངས་ཤིང་རུས་བོན་ཡིན་པས་ཨ་ཡ་བོན་པོ་ལྷ་འབུམ་དུ་གྲགས་པས་སྨན་རྩིས་ཆོས་བོན་བཞི་ག་རུ་མཚམས་ནས་ཕྱུངས། ཐང་ཡིག་ལས། རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱར་བཞེད༔ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱར༔ ཧོར་དང་ཡོན་མཆོད་ཁྲིམས་གསར་འབྲེལ་བ་ཡོད༔ ནང་ནག་ཕྱི་དཀར་དུད་ཁའི་སྙེ་མ་བཞིན༔ བོད་ཀྱི་བསོད་ནམས་མར་མར་འགྲིབ་པའི་དུས༔ པདྨ་ཤེལ་ཕུག་སྦ་[སྦས་]པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔ གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་བྱུང༔ ཞེས་དཔལ་ལྡན་ས་སྐྱ་བ་དང་ཧོར་རྒྱལ་ཡོན་མཆོད་ཐོག་མར་འབྲེལ་བའི་དུས་ཡར་སྟོད་ར་མོ་སྨན་ཆུར་འཁྲུངས་པ་འདིས། སྨན་ཆུའི་རྫོང་བྲག་རིའི་ཕུག་པ་ནས་བླ་རྫོགས་ཐུགས་གསུམ། གསོ་དཔྱད་དང་རྩིས་ཀྱི་སྐོར་མཐའ་ཡས་པ་ཐོན་ཀྱང་། ཐོག་མར་གསོ་རིག་དང་ཕན་བྱ་གནོད་བྱའི་སྐོར་མང་པོ་ཉམས་སུ་བླངས་པས། ཆོས་ཀྱི་འགྲོ་དོན་ཆེར་མ་བྱུང་ཞིང་། གསང་སྨན་སོགས་ཆུ་བཅོས་ཀྱི་སྐོར་དང་། འབམ་ནད་ལ་སྨན་དཀར་སྨན་ནགརྡོལ་[རྡེལ་]ནད་སོགས་ཐོར་བུ་མ་གཏོགས་གཏེར་ཆོས་ཕལ་ཆེར་ཤོག་གསེར་ལས་འབེབས་མ་ཐུབ་པར་ལུས། ཆུ་དང་འབམ་གྱི་ཕྱག་ལེན་ནི་ད་ལྟའི་བར་མ་ཉམས་པར་ཡོད། གུ་གེ་འདམ་གྲོག་མཁར་བྱ་བ་ན་བུ་ཚ་མང་པོ་ལ་ཆུང་ནད་ཀྱི་གནོད་པས་འཇིགས་པར་གྱུར་པའི་ཚེ། བྱིས་པ་གཅིག་ལ་ནད་ལ་སོགས་པ་གང་ཡང་མ་བྱུང་བར་ཕ་མ་གཉིས་ཀྱིས་དེའི་རྒྱུ་མཚན་དྲིས་པས། བུ་ཚ་ན་རེ། ངེད་རང་གི་གྲོང་གི་དབུས་ན་ལ་རྫས་ཆེན་པོ་ཡོད་པ་དེ་གཡངས་[གཡེངས་]པའི་གསེབ་ནས་རྡོའི་བུམ་པ་ཞིག་དོན་པ་ཁ་ཕྱེ་བའི་ནང་ནས་ཤོག་དྲིལ་ལ་ཆོས་གཏུམས་པ་ཞིག་རྙེད་པ་ཉིན་མཚན་མེད་པར་བདག་གི་ལུས་ལ་བཅངས་པས་ཆུང་ནད་ཀྱི་རིགས་མ་བྱུང་ཟེར། དེར་ཕ་མས་སྔགས་རྙིང་མ་ལ་མཁས་པའི་བླ་མ་ཞིག་སྤྱན་དྲངས། ཤོག་སེར་སྤྱན་ལམ་དུ་ཕབ་པ་བླ་མས་གཟིགས་པས། མ་འོངས་པ་ན་གུ་གེ་འདམ་གྲོག་མཁར་འདིར་ཆུང་ནད་ཆེན་པོས་ཉེན་པའི་དུས། སྐལ་ལྡན་བྱིས་པ་གཅིག་གིས་གཏེར་འདི་རྙེད་ནས་འགྲོ་བ་ལ་ཕན་ཐོགས་པར་ཤོགཅེས་སོགས་གཙོ་བོར་ཆུང་ནད་དང་། བསྲུང་བའི་སྐོར་ཆ་ཚང་འདུག་པས་ཤོག་སེར་ལས་ཕབ་སྟེ་འགྲོ་དོན་ཆེ་བར་བྱུང་། རྒྱ་གར་གྱི་གཏེར་སྟོན་བཛྲ་མ་ཏིས་བལ་ཡུལ་ལི་ཤནྟིའི་གནས་ནས་མཁའ་འགྲོའི་ཟབ་གཏེར་ངོ་མཚར་ཅན་རྣམས་གདན་དྲངས། ཚལ་གུང་ཐང་བ་གཞོན་ནུ་བསམ་གཏན་གྱིས་བལ་ཡུལ་དུ་བྱིན་པ་གཏེར་སྟོན་དང་མཇལ་ནས་གནང་པའི་ཆོས་སྐོར་དུ་གུ་རུ་པདྨ་ཕག་རྒོད་ལ་ཆིབས་པའི་རིམ་[རིམས་]སྲུངས་བཅོས་ཐབས་ཀྱི་རྒྱུན་དང་། རིགས་འཛིན་རྒོད་སྡེམ་[ལྡེམ་]གྱིས་བྱང་གཏེར་ཐུགས་སྒྲུབ་ཀྱི་ཆ་ལག་སྨན་དཔྱད་སྐོར་ཤོག་དྲིལ་དཀར་སེར་སྔོན་པོ། སྣང་གསལ་སྒྲོན་མེ། བདུད་རྩི་བུམ་ཆུང་། རྡོ་རྗེ་ཁྲབ་རིང་སྐོར་གནད་ཀྱི་མན་ངག་གཉན་ཚད་བཅོས་ཐབས། ཁྱུང་ནག་སྐོར་ལ་ལྷོག་པའི་བཅོས་ཐབས་སོགས་སྤྱན་དྲངས་པས་མཚོན་གཏེར་མ་མཐའ་ཡས་ཤིང་། བདག་གི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་གསན་ཡིག་གངྒཱའི་ཆུ་རྒྱུན་དུ་བཞུགས་གྲས། སྤྲུལ་པའི་གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པས་ཁོང་པའི་ནང་གི་སྙིང་ངམ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དཔེ་དང་སྦྱར་པས་བདུད་རྩི་བུམ་ཆེན་གྱི་ཤོག་སེར་ཕལ་ཆེར་བྱང་སྤྲ་[སྦྲ་]དུན་རྩེའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་སྤྱན་དྲངས་ཤིང་། ཁ་སྐོང་ཟུར་བཀོལ་དུ་སྦས་པ་འགའ་ཞིག་བྱམས་སྤྲིན་རྡོ་སྐུའི་འོག་ནས་བཏོན་པ། ཕྱི་ལྟར་དཀར་ཆག་ཏུ་བསྟན་པ་རྩ་བ་མ་ཡིག་གི་སྐོར། ནང་པར་ཐེམས་ལྟར་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར། དཀར་ཆག་དང་བར་ཐེམས་ལས་དངོས་སུ་མ་གསལ་བ་ཐེམས་མེད་ཀྱི་སྐོར། དེ་དག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བ་དགོངས་གཏེར་གྱི་སྐོར་དང་བཞི། དང་པོ་ནི། གཏེར་གཞུང་དཀར་ཆག་ལས། གདམས་པ་བདུད་རྩིའི་བུམ་པ་ལ། །རྒྱུད་གསུམ་གྱད་ལྔ་སྲོག་གཏེར་གྱད། །གསང་མཛོད་འབྱེད་པའི་ལྡེ་མིག་ལྔ། །མཁའ་འགྲོ་གསང་བའི་སྙིང་ཁྲག་གཅིག། ཅེས་པ་ལྟར། རྒྱུད་གྱད་ལྔ། སྲོག་གཏེར། གསང་མཛོད་ལྡེ་མིག་མཁའ་འགྲོ་གསང་བའི་སྙིང་ཁྲགཡན་ལག་དང་དྲུགདང་པོ་ལ་འཆི་མེད་བདུད་རྩི་བུམ་པ་རྩ་རྒྱུད་གཞུང་ཡན་ལག་བརྒྱད་པ་ལེའུ་བཅུའི་བདག་ཉིད་ཅན། དོན་སྐོར་གསུམ་པ་ཞེས་བྱ་བ་འཇམ་དབྱངས་ཀྱི་ཐུགས་བཅུད་བརྟག་པ་སྤྱི་དང་ཁྱད་པར་དོན་རྟགས་གསུམ་དུ་མདོར་བསྡུས་པའི་རྩ་རྒྱུད་དང་དེའི་བཤད་རྒྱུད་སྔོན་འགྲོ་དངོས་གཞི་གསུམ་སྤྱི་བྱེ་བྲག་སོ་སོར་བསྟན་པ་སྣང་གསལ་ཉི་མའི་དཀྱིལ་འཁོར་ཏེ་རྩ་བཤད་འདི་གཉིས་རྒྱུད་གཅིག་ཏུ་བྱས་པ། གསང་བདག་གི་ཐུགས་བཅུད་ཕྱི་ནང་གསང་བ་བཟླས་སྔགས་བསྲུང་ཐབས་སྦྱིན་སྲེག་གཏད་རྒྱར་བཅས་པ་བཤད་རྒྱུད་གནམ་ལྕགས་རྡོ་རྗེའི་ཁྲབ་རིང་ཞེས་བྱ་བ་རྣམས། གཉིས་པ་གྱད་ལྔ་ཞེས་པ་དང་པོ་སྣོད་རུང་དབང་གི་གྱད་ནི། གཏོར་མའི་[མ་]བཤོམས་[བཤམས་]དང་བདག་མདུན་དབང་ཚོགས་གཏོར་བསྔོ་ཕན་ཡོན་རྣམས་རྩ་བ་མདོར་བསྡུས་པ་བུམ་པ་འདེགས་པའི་གྱད། གཉིས་པ་མ་ལས་ལྷག་པ་བུའི་གྱད་ལ། ནང་གསེས་ཀྱི་དང་པོ་བསྲུང་བ་དང་གསོ་བའི་ཐབས་རྣམ་ལྔས་བྱིན་ལོག་ལས་རྣམ་པར་རྒྱལ་པ་མ་ལས་ལྷག་པའི་བུ། གཉིས་པ་བསྲུང་བའི་ཞལ་འཕང་དང་བརྟག་ཐབས་གཉིས་བཅོས་ཐབས་བཞིས་གཟེར་ཐུང་ལས་རྣམ་པར་རྒྱལ་པ་ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པའི་བུ། གསུམ་པ་ཁྱད་པར་དམིགས་པས་བསྲུང་བརྟགས་གསུམ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམས་ཀྱིས་ལྷོག་པ་ལས་རྣམ་པར་རྒྱལ་པ་བུར་འཇོམས། ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པའི་བུ། བཞི་པ་ཐུན་མོང་རྫས་བསྲུང་བ་བརྟག་པ་སྤྱི་བྱེ་བྲག་གནས་རིགས་དབྱེ་བ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་སྔགས་རྣམས་ཀྱིས་གག་པ་ལས་རྣམ་པར་རྒྱལ་བ་ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པའི་བུ། ལྔ་པ་རིགས་གསུམ་བསྲུང་ཐབས་ཕྱི་ནང་གསང་བ་འཁྲུ་མདོག་བཅུ་དང་བརྟག་པ་བཞི་གསོ་ཐབས་རྣམ་གསུམ་ལུས་ཟུངས་གསོས་ཏེ་རྒྱུ་གཟེར་ལས་རྣམ་པར་རྒྱལ་པ་ཞི་སྦྱོང་སྦྲགས་མ་མ་ལས་ལྷག་པ་བུའི་རྩ་བ། དྲུག་པ་རྒྱུ་རྐྱེན་རྟགས་རིགས་བཅོས་ཐབས་ལོག་གནོན་བསྲུང་བ་སྐམ་པ་རྗེས་སུ་རྗེས་གཅོད་ཕྱིར་མི་ལྡོག་པ་གཏར་ཁས་བཅོས་པ་རྣམས་ཀྱིས་འབྲུམ་བུ་ལས་རྣམ་པར་རྒྱལ་པ་མ་ལས་ལྷག་པའི་བུ། བདུན་པ་ངོས་འཛིན་བཅོས་ཐབས་སྙིང་པོར་དྲིལ་པ་བེག་གེའི་ནད་ལས་རྣམ་པར་རྒྱལ་པ་མ་ལས་ལྷག་པའི་བུ། འདི་རྣམས་ལ་བུའི་མིང་ཐོགས་ཀྱང་དོན་མ་ཡིག་གི་ཁོངས་སུ་བསྡུ་བ་ཡིན། གསུམ་པ་ཡང་གསང་སྦས་པ་མཛོད་ཀྱི་གྱད་ནི། སྤྱན་རས་གཟིགས་ཀྱི་ཐུགས་བཅུད་ཅོག་འགྱེལ་ནག་པོ་གསུམ་འདྲིལ་བཅོས་ཐབས་མདོར་བསྡུས་པ་འཆོར་བ་མེད་པའི་སྨན་དཔྱད་ལག་ལེན་བདུད་རྩི་བུམ་པའི་སྙིང་པོ་སྨན་གྱི་གཏོང་ཐབས་དང་བཅས་པ་གསལ་བའི་སྒྲོན་མེ། བཞི་པ་འཆི་མེད་གྲུབ་པ་སྲོག་གི་གྱད་ནི། ཧ་ལ་ལྕོག་[ཅོག་]འགྱེལ་ཞིང་[ཞེས་]བྱ་བའི་ནད་གདོན་བཅོས་ཐབས་རྒྱལ་དབང་པདྨའི་མགུར་ལས་སྲོག་གཏེར་ཆེན་པོའི་སྦྱོར་བ་ཉེ་བའི་རྒྱུ་རྐྱེན་རྩ་ཆུ་མཐོང་བ་སྒྲ་གསང་རྟགས་དྲུག་ངོས་འཛིན་འཕྲུལ་གྱི་མེ་ལོང་བཅོས་ཐབས་བསྡུ་བསད་སྦྱང་བ་སྡོང་ཟླ་བསད་པ། ལྔ་པ་གསང་བ་སྙིང་ཁྲག་གདམས་པའི་གྱད་ནི། རབ་གནས་བདུད་རྩི་སྨན་སྒྲུབ་རྒྱུན་མཆོད་བཤོམས་[བཤམས་]སོགས་སྔོན་འགྲོ་དང་ཁྲོལ་བུ་ཕྱེ་མ་རིལ་བུ་སོགས་དངོས་གཞི་དང་རྗེས་གསོ་བསྲུང་ཕན་ཡོན་རྣམས། རྩ་བའི་གསུམ་པ་སྲོག་གཏེར་གྱི་གྱད་ནི། ཇི་སྐད་དུ། ལོག་གནོན་སྲོག་གི་ཀ་ཆེན་འདི། །གུད་དུ་བཀོལ་པའི་རྒྱུད་ཅིག་ཡིན། །ཞེས་པ་ལོག་གནོན་ཆོངས་ཀྱི་ཤོག་དྲིལ་མཁའ་འགྲོའི་ལུང་བསྟན་ཡང་གསང་སྲོག་གི་ཀ་ཆེན་སུམ་སྒྲིལ་རྟ་ཞོན་འཇུག་སྒོ་འགྲིམས་གསང་གནས་ཡུལ་རྫོང་བསྲུང་རྟགས་གསོ་བ་འཆི་འཚོའི་བརྟག་རྗེས་རྣམས་ཚང་བ་བརྒྱུད་འཛིན་རེ་རེར་མཐར་ཐོན་པར་ཤོག་ཅིག་པའི་སྨོན་ལམ་དང་བཅས་པ། རྩ་བའི་བཞི་པ་གསང་མཛོད་འབྱེད་པའི་ལྡེ་མིག་ལྔའི་དང་པོ་གསང་མཛོད་སྒོ་འབྱེད་གཏེར་སྲུང་ལ་གདམས་གཏད། གཉིས་པ་གཅེས་པ་བཅོ་བརྒྱད་དང་བསྔགས་པ་དགུའི་བསྡུས་དོན་ཁོག་འབུབས། གསུམ་པ་ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་གཅག་[གཅོག་]པའི་ལྡེ་མིགབཞི་པ་ལུད་པ་འགྱུར་དུ་མ་འདོད་ན་འཕྲུལ་འཁོར་ཆེན་མོིའི་སྦྱོར་བ་གདམས་པ་གནད་ཀྱི་ཡིག་ཆུང་གསང་སྒོ་འབྱེད་པའི་ལྡེ་མིགལྔ་པ་འཁོར་ལོའི་ལྡེ་མིག་གནས་ཀྱི་ཉིང་ཁུ་བཅུས་བསྟན་པ། རྩ་བའི་ལྔ་པ་མཁའ་འགྲོ་གསང་བའི་སྙིང་ཁྲག་ནི། གླེང་གཞི་རྒྱུ་རྐྱེན་དབྱེ་བ་བརྟག་པ་བཅོས་པ་སྨན་དཔྱད་རྩ་རྒྱུགས་ཚ་བ་གྲང་བ་ལུས་ཟུངས་མཁྲིས་གསུམ་ཤ་གཡའ་སྟེ་ལེའུ་བཅུ་གཉིས་སྡོམས་དང་བཅས་པ་གཡའི་བདུད་རྩི་མ་ལྷ་མོའི་ཁྲག་དར་ཡ་ཀན་ཞེས་བྱ་བ་བུམ་པ་འདེགས་པའི་གྱད། དེའི་ཞར་བྱུང་འཁའ་འགྲོའི་སྙིང་ཁྲག་དྲུག་ཤིན་ཏུ་གཅེས་པའི་ཡག་སྙིང་ལྷ་མོའི་སྙིང་ཁྲག་འབྱེད་པའི་ལྡེ་མིག་རྣམས། རྩ་བའི་དྲུག་པ་ཡན་ལག་ནི། ཡང་གསང་སྦས་པའི་མཛོད་ཆེན་ལ། དཔའ་བོ་གྱད་ཀྱི་རལ་སྐོར་ཡོད། ཅེས་གོང་དུ་བསྟན་པའི་གྱད་ལྔའི་ནང་ཚན་གྱད་གསུམ་པའི་ཡན་ལག་སྒོ་བསྲུང་གི་ཚུལ་དུ་ལོག་གནོན་གྱད་ཀྱི་སྦྱོར་བ་རླུང་མཁྲིས་བད་ཀན་ཁྲག་གྲང་བ་སྲིན་བུ་འདུས་པ་སོགས་གཉེན་པོ་སྦྱོར་བ་ཁྲག་འཐུང་པད་མ་རྒྱལ་པོས་ཡུམ་ལ་ཆིག་ཆོད་དུ་གཏད་རྒྱར་སྦས་བཅོལ་བཀའ་ཟབ་རྒྱས་བཏབ་སྨོན་ལམ་དང་བཅས་པ་གནམ་ལྕགས་གྱད་ཀྱི་རལ་སྐོར་ཞེས་བྱ་བ་གཏེར་སྲུངས་རྒྱལ་པོ་སྡེ་བཞི་དང་ཡང་ལེ་བེར་ལ་གཏད་པའི་སྨོན་ལམ་དང་བཅས་པ། ལག་ལེན་བདུད་རྩིའི་འཕྲེང་བ་ཡོད། ཅེས་པ་གྱད་ལྔའི་ནང་ཚན་བཞི་པའི་ཆ་ལག་ཏུ་ཧ་ལ་ཅོག་འགྱེལ་བཅོས་ཐབས་ཆིག་རྒྱུད་ཐབས་ཤེས་གསུམ་དཔའ་བོ་བཞི་ཁྱུང་ལྔ་དཀར་པོ་དྲུག་གྷི་ཧཾ་བདུན་དྲི་ལྡན་བརྒྱད་སེར་པོ་དགུ་སྦྱོར་སྤྱི་དོན་བརྒྱད་ཀྱི་མཐར་ཐུག་པ་བདུད་རྩི་རིལ་བུའི་འཕྲེང་བ་མཁར་ཆེན་བཟའ་ལ་གདམས་པ་འདི་ཡན་གྱིས་མ་ཡིག་དཀར་ཆག་གི་ཚིག་གིས་ཟིན་པ་རྣམས་རྫོགས་ནས། རྩ་བའི་གཉིས་པ་ནང་པར་ཐེམས་ལྟར་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར་ལ། སྤྱི་དང་ཁྱད་པར་གཉིས། དང་པོ་སྤྱིར་བསྟན་པ་ལ། བཤད་རྒྱུད་ཀྱི་སྦྱིན་སྲེག་རྩ་ཚིག་རྐང་པ་བཅུའི་འགྲེལ་བ་ཇོ་མོས་མཛད་པ། རྒྱུ་གཟེར་བསྲུང་བ་ཕྱི་ལྷ་སྔགས་གསང་བ་བསྲུང་བ་རྒྱས་བསྡུས་ནང་སྨན་སྔགས་བཅོས་ཐབས་རྩ་ཚིག་གི་མཇུག་རྒྱུ་གཟེར་ལས་རྣམ་པར་རྒྱལ་པ་ཞི་སྦྱོང་སྦྲགས་མའི་འགྲེལ་བ། བུ་ཡིག་ལ་ནང་གསེས་ཀྱི་གྱད་ལྔར་ཕྱེ་བའི་དང་པོ་གཏེར་སྟོན་ལ་ཞལ་གདམས་བདག་འཇུག་གི་དོན་དང་བཅས་པ། གྱད་གཉིས་པ་བྱིན་ཆུང་གསོ་བ་འཕྲུལ་གྱི་ཡང་ཞུན་གྱི་མདེ་ཐུང་ཞེས་བྱ་བ། གྱད་གསུམ་པ་བདུད་རྩི་སྲོག་གཏེར་ཆེན་པོ་དཔའ་རྒོད་ལོག་གནོན་འཆི་བ་བླུ[སླུ་]བྱེད། གྱད་བཞི་པ་ཆུ་ལ་བརྟག་པ་དེའི་སད་མདའ་གདོན་ངོས་འཛིན་པའི་གདམས་པ་དང་བཅས་པ། གྱད་ལྔ་པ་ལྷ་དགུའི་སྦྱོར་བ་རི་ལུ་བྱུག་པ་ཕུར་མ་གསུམ་གྱི་གཅེས་པའི་ཤོག་དྲིལ། རྫས་ལ་ནུས་པ་བསྐྱེད་པ་དཔའ་བོའི་གོ་ཆ་རབ་གནས་མངའ་གསོལ་གྱི་མདེ་ཐུང་སྲོག་གི་ཀ་ཆེན་ལ་ནང་གསེས་ཀྱི་མདེ་ཐུང་དགུ་ཡོད་པའི་དང་པོ་ནང་དུ་ཟུག་གུ་[རྔུ་]གཟུད་པའི་མདེ་ཐུང་། གཉིས་པ་ཕུར་མས་བསྲུང་བའི་མདེ་ཐུང་། གསུམ་པ་བྱུག་པས་གསོ་བའི་མདེ་ཐུང་། བཞི་པ་ཀླད་གཟེར་རྟགས་འཆོས་འཚོ་འཆི་བརྟག་ཐབས་དང་བཅས་པ་གསལ་བྱེད་ཉི་མའི་སྙིང་པོ་ཐུན་མོང་མ་ཡིན་པའི་མདེ་ཐུང་། ལྔ་པ་སྟོད་བབས་ཀྱི་གཟེར་ཐུང་བཅོས་ཐབས་བསིལ་བྱེད་ཟླ་བའི་བདུད་རྩི་ཞེས་བྱ་བའི་མདེ་ཐུང་། དྲུག་པ་སྨད་བབས་ཀྱི་རྒྱུ་གཟེར་རྒྱ་ནད་བཅོས་པའི་མདེ་ཐུང་། བདུན་པ་གག་པའི་བཅོས་ཐབས་གག་ཁྲག་སྐྱུགས་ཀྱི་མདེ་ཐུང་། བརྒྱད་པ་ལྷོག་པའི་བཅོས་ཐབས་ཚིག་དོན་བཅུ་བཞི་པ་དངོས་སུ་བསད་པའི་མདེ་ཐུང་། དགུ་པ་བསྲུང་བ་མེ་ཀློང་ཐོང་[ཐོད་]པའི་མདེ་ཐུང་། མ་དང་འདྲ་བའི་བུ་བརྒྱད་ཀྱི་ཤོག་དྲིལ་ལ་ནང་གསེས་ཀྱི་དང་པོ་ཚད་རིམས་ཆམ་པའི་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། གཉིས་པ་རྒྱ་ནད་རྒྱུ་གཟེར་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། གསུམ་པ་འགྲོས་བཞི་བྱིན་ཆུང་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། བཞི་པ་རྒྱ་ནད་མིག་སེར་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། ལྔ་པ་ས་ནད་གག་ལྷོག་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། དྲུག་པ་འབྲུམ་ནག་གོ་ཤོལ་ནད་བདག་མོའི་སྲོག་སྔགས་བསྲུང་བའི་མདེ་ཐུང་། བདུན་པ་ཐབས་ཤེས་ཉི་ཟླ་འཁོར་ལོར་འདྲི་བའི་མདེ་ཐུང་། བརྒྱད་པ་འཚོ་རྒྱལ་ལ་གདམས་པའི་མདེ་ཐུང་། སྙིང་ཁྲག་གི་དགོངས་པ་ལ་གབ་པ་གཏེར་གྱི་ཡང་ཞུན་རུས་དར་ཡ་ཀན་ཞེས་བྱ་བ་གླེང་གཞི་སྤྱི་སྡོམ་མཚན་ཉིད་བཅོས་ཐབས་ལེའུ་གཞིར་ཕྱེ་བ། གླེང་གཞི་ཆུང་གསུམ་བསྐྱེད་པར་རང་བསྲུང་སྒོ་འབྱེད་དེ་དྲུག་ཏུ་འདུས་པ་ཤ་དར་ཡ་ཀན་ཞེས་བྱ་བ། ཟླ་ཟིལ་དར་ཡ་ཀན་ཞེས་གླེང་གཞི་རྩ་སྦྱོང་བསྲུང་བ་ནད་སེལ་ཚེ་སྒྲུབ་སྟེ་ལེའུ་དྲུག་ཏུ་ཡོན་ཏན་བརྗོད་པ། གྱད་ཀྱི་རལ་སྐོར་གྱི་ཆ་ལག་ཏུ་གཏོགས་པ་ནང་གསེས་ཀྱི་དང་པོ་དོན་སྣོད་ཁ་འཛིན་དུ་བསྡེབས་པ་ཡང་གསང་སྦས་མཛོད། གཉིས་པ་འཛུམ་ཁ་རྩེག་འཆོས་པ་བརྟག་ཐབས་གསོ་བ་སྤྱོད་ལམ་བསྟན་པ་སྙིང་པོ་བདུད་རྩི་འཆི་མེད། གསུམ་པ་ཁོག་འབུབས་རྩ་ཆིངས། བདུད་རྩི་འཕྲེང་བ་བཞི་ལ་ངར་འདོགས་ཀྱི་གདམས་པ་བདུད་རྩི་རྦ་ཀློང་ལ་ནང་གསེས་ཀྱི་དང་པོ་གསོ་བ་དྲག་པོ་ཀུན་འདུལ། གཉིས་པ་སྲོག་འཛིན་འཆི་མེད་ཀྱི་སྦྱོར་བ་དཔའ་བོ་བདུན་སྦྱོར་གཉན་ནད་འཇོམས་པའི་བདུད་རྩི། གསུམ་པ་བད་ཀན་གྲང་རིམས་བརྟག་འཆོས་བདུད་རྩི་འཆི་གསོས། བཞི་པ་མི་རྟ་ཆ་གཅིག་ཁ་འཛིན་དངུལ་ཆུའི་སྡེབས་སྦྱོར། ལྔ་པ་མཁྲིས་པ་རླུང་གྱུར་གསོ་ཐབས་ཐུན་མོང་མ་ཡིན་པའི་ནོར་བུ། དྲུག་པ་ཁོང་ལྷོག་ནག་པོ་ཅོག་འགྱེལ་ལོག་གནོན་རྒྱུ་རྐྱེན་བརྟག་གསོ་ཕྲད་ཤོག་གི་མཐའ་ཅན་ཁཎྜ་གའུ་མ་སྟེ། སྡེ་བརྒྱད་ལ་གཏེར་དུ་གཏད་པ། གཉིས་པ་ཁྱད་པར་སྦས་དོན་གྱི་སྐོར་ནི། ཨོ་རྒྱན་ཆེན་པོས་མངའ་བདག་ལ་གདམས་པ་བསམ་ཡས་བཞེངས་ནས་ཞེས་སོགས་གླེང་གཞི་ནས་བཟུང་སྟེ་སྡེ་ཚན་གཅིག་ཏུ་སྤྱི་བྱེ་བྲག་ཁྱད་པར་གསུམ་དུ་ཕྱེ་ནས་གསུམ་བརྟག་པ་ཕྱི་ནང་གསང་བའི་བསྲུང་ཐབས་གསོ་ཐབས་ལ་རྩ་བ་ཡན་ལག་ལ་ཁ་འཛིན་ལོག་གནོན་དང་མཐར་སྨོན་ལམ་ཕྲད་ཤོག་དང་བཅས་པ། རྩ་བའི་གསུམ་པ་དཀར་ཆག་བར་ཐེམས་ལས་དངོས་སུ་མ་གསལ་བ་ཐེམས་མེད་སྐོར་ལ། གྱད་བཞིའི་དཔོན་པོ་ལུས་སྲོག་བསྲུང་བའི་གོ་ཆ་ཆིག་རྐྱ་[རྐྱང་]ཐུབ་པ་འཁོར་ལོའི་གྱད། ཤིན་ཏུ་གཅེས་པའི་སད་མདའ་ལྔ་པོ་ཕྱི་སོ་སོར་ལེན་པ་གསུམ་དང་། མགྱོགས་པའི་རྟ་བཞི་ལ་ཚོད་ཆེན་མི་གསུམ་བསྐྱོན་པའི་གདམས་པ་ནང་ཡན་ཕུགས་ཚོལ་གྱི་ལྡེ་མིགརྒྱལ་པོ་དྲུག་དམངས་དྲུགབློན་པོ་གཉིས། དར་བསྐྱེད་དང་བཅས་པ་ས་རིམས་བསྲུང་བ་ཉི་མའི་འོད་ཟེར་བུམ་པ་འདེགས་པའི་གྱད། དོན་ཏིག་ཤོག་དྲིལ་བཅུ་གསུམ་བདུད་རྩི་བུམ་པའི་སྙིང་པོ་ལ། དང་པོ་ལྷོག་པ་ཁོག་གསོད་ཀྱི་ཤོག་དྲིལ་གཉིས་པ་ཚད་འཇོམས་པའི་ཤོག་དྲིལ། གསུམ་པ་གག་པ་སྐྱུགས་འདྲེན་གྱི་ཤོག་དྲིལ། བཞི་པ་མིད་འཆུས་སེལ་བའི་ཤོག་དྲིལ། ལྔ་པ་དམར་ཤལ་[བཤལ་]གསོ་བའི་ཤོག་དྲིལ། དྲུག་པ་བྱིན་ལོག་གསོ་བའི་ཤོག་དྲིལ། བདུན་པ་དངུལ་ཆུས་ལྷོག་པ་གསོ་བའི་ཤོག་དྲིལ། བརྒྱད་པ་སྟོད་གཟེར་གློ་ཚ་འཇོམས་པའི་ཤོག་དྲིལ། དགུ་པ་དཔའ་བོ་རྐྱང་འདེད་ཀྱིས་གག་ལྷོག་འཇོམས་པའི་ཤོག་དྲིལ། བཅུ་པ་གཞན་གྱིས་བཅོས་ཉེས་པ་ལ་སྦྱོང་གི་ཤོག་དྲིལ། བཅུ་གཅིག་པ་ལྷོག་པ་དངོས་སུ་བསད་པའི་ལོག་གནོན་ཕག་ནག་ལྕགས་འཇིབ་ཀྱི་ཤོག་དྲིལ། གཉན་ནད་མ་ལུས་སེལ་བ་འཁྲུད་པ་བདུད་རྩིའི་ཆུ་རྒྱུན་འཆི་བ་ལས་སློང་བ་ཁྱད་པར་འཕགས་པའི་གདམས་པ། རང་བསྲུང་དང་སྦྱོང་གི་ཞལ་ཤེས་དཔའ་བོ་བཞི་སྦྱོར་གྱི་གདམས་པའི་ཆ་ལག་དང་དྲི་ཆུ་བར་པ་ལ་བརྟེན་པའི་བསྲུང་བ། སྨན་གྱི་ཕྱག་ཚད་བསྟན་པའི་མདེ་ཐུང་། ཕོ་མོ་བཅོས་ཐབས་རིགས་གསུམ་གྱི་ངོས་འཛིན་སོ་སོའི་གསོ་བྱེད་རྗེས་ཀྱི་སྤྱོད་ལམ་དང་བཅས་བསྟན་པའི་མདེ་ཐུང་། བྱིས་རིམས་བཅོས་ཐབས་འཁྲུ་ལུགས་ལྔ་གསོ་ཐབས་ལྔ་རྗེས་གཅོད་རྒྱུ་མའི་རྩིག་བསྲུང་བ་སོགས་བསྟན་པའི་མདེ་ཐུང་སྙིང་ལྟ་བུ། བྱིས་རིམས་འཆོས་པའི་ལག་ལེན་གསལ་བ་དངུལ་གྱི་མེ་ལོང་། བསིལ་སྦྱོར་ཆེན་མོ་ཚ་བ་མེ་ལྟར་འབར་བའི་གཉེན་པོ་སྙིང་ལྟ་བུའི་ཤོག་དྲིལ་ཐུན་མོང་མ་ཡིན་པའི་མདེ་ཐུང་། སྨིན་མཚམས་སུ་གཡུང་དྲུང་རིས་སྒོམ་པ་སོགས་དམིགས་པས་བསྲུང་བ་རྡེ་རྗེའི་ཁྲབ། ཧ་ལ་ཅོག་འགྱེལ་རྒྱུ་རྐྱེན་བརྟག་ཐབས་གསོ་ཐབས་གཉེན་པོ་བཞིས་བསྟན་པ་འཆི་བ་དུས་བཏབ་ངེས་པར་གསོས་པ་བདུད་རྩི་འཆི་གསོས། ཟས་སྤྱོད་སྨན་གྱི་སྤྱང་ཀིའི་ངོས་འཛིན་སོགས་གདམས་པ་ལག་ཏུ་བླང་བའི་ཤོག་དྲིལ་མཐར་དར་བའི་སྨོན་ལམ་གྱི་སྒོ་ནས་རྒྱས་བཏབ་པ་རྣམས་སོ། །དེ་ཡང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། ཤིན་ཏུ་དཀོན་པའི་ཚིལ་བུ་དར་ཡ་ཀན་ཞེས་གསུངས་པའི་ཚིལ་བུ་དར་ཡ་ཀན་དང་གཞན་ཡང་ཡིག་སྣ་འགའ་ཞིག་ཡོད་ཚོད་དུ་འདུགརྩ་བའི་བཞི་པ་དེ་དག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བ་དགོངས་གཏེར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ལེགས་བསྒྲིགས་ལ་ལྷ་སྒོམ་ཁ་བརྒྱན་དཔག་བསམ་ལྗོན་ཤིང་། འཛབ་དགོངས་མགུལ་རྒྱན་པཉྩ་ལི་ཀསྦྱིན་སྲེག་ཁ་རྒྱན་རྨ་བྱའི་མདོངས། རྫས་འཁོར་གྱི་གང་ཟག་རེ་རེ་དང་ཡུལ་ཁམས་བསྲུང་བའི་སྡོམས་དང་གཏེར་སྟོན་འབྱུང་ཚུལ་སོགས་ཡིག་སྣ་རྣམས་ནས་ཁོལ་བུར་ཕྱུངས་པ་དང་གཅེས་པ་བཅོ་བརྒྱད་ནས་ཁོལ་བཏོན་མང་ཡུལ་བྱམས་སྤྲིན་མའི་ཤོག་དྲིལ་གྱི་དོན་ཟུར་གྱི་བསྟན་པ། ཁྲབ་རིང་བཤད་རྒྱུད་དང་། འཁོར་ལོ་གྱད་དང་ཁྱུང་དང་འཁོར་ལ་ཕྱག་རྒྱའི་ཡང་ཏི་ཉི་ཤུ་མདེ་ཐུང་གནད་ཀྱི་ཉིང་ཁུ་སོགས་ཀྱི་ཞལ་ཤེས་གསལ་སྒྲོན། ཆིག་རྐྱ་[རྐྱང་]ཐུབ་པའི་འཁོར་ལོ་ཁྱུང་གསུམ་མའི་གྱད་ཀྱི་ཕྱག་ལེན་སྐོར། བདུད་རྩི་བུམ་པའི་འཕྲུལ་གསང་སྔགས་བྱང་མཐོང་ཆོག་མ། རྣམ་དག་དབང་གི་ཆུ་རྒྱུན་བུམ་བཅུད་མའི་དབང་ཆོག་བདག་གི་བླ་མ་ལྔ་པ་ཆེན་པོའི་དབང་ཆོག་གསལ་བྱེད་བདུད་རྩིའི་ཟླ་སྣང་རྣམས། སྤྲུལ་སྐུ་དམ་པ་དམར་པོས་སྦ་གྲོ་བཙལ་གྱི་བྲག་སེང་གེའི་ཁོག་པ་འདྲ་བའི་ཕ་བོང་སྡིག་རུ་ཅན་གྱི་རྩ་བ་ནས་སྤྱན་དྲངས་པའི་དངོས་གྲུབ་ཀུན་གྱི་རྩ་བདུད་རྩི་ཆེནཔོའི་བཅུད་ལེན་གྱི་སྐོར་ལ། བདུད་རྩིའི་བྱིན་རླབས་དང་། ལུང་བདུད་རྩི་འབྱུང་བའི་རྒྱུད་ལེའུ་ཉེར་གཅིག་པ། འགོར་སློབ་དཔོན་ཆེན་པོའི་མཚན་གྱི་རྣམ་གྲངས་བསྟན་པའི་བདུད་རྩིའི་ལག་ལེན་རིན་ཆེན་འཕྲེང་སྦྱོར། བདུད་རྩི་དྲི་ཆེན་གྱི་སྒྲུབ་ཐབས་ཚེའི་གདམས་པ་ཁྱད་པར་འཕགས་པའི་མན་ངག་མི་ཤེས་འཕྲང་སྒྲོལ་གཅེས་པའི་ལག་ལེན་མདོར་བསྡུས་རྫོགས་སོའི་མཐའ་ཅན། བདུད་རྩི་ལུང་འབོགས་པ་ཞར་བྱུང་མཆོད་རྫས་དཀའ་ཐུབ་ཀྱི་དབྱེ་བ་སྦྱང་བྱ་རྫས་ཀྱི་སྒོམ་ཐབས་བཅས་སྟོན་པ་དོན་རྟོགས་ཤོག་གི་མཐའ་ཅན། བཅུད་ལེན་ལག་ཏུ་བླངས་པའི་ཞལ་གདམས་དཀའ་ཐུབ་དང་བསྲུང་བའི་སྐྱོབས་ཀྱི་དབྱེ་བ་བསྲུང་བར་བགེགས་སྐྲོད་བྱ་ཚུལ་བླ་བ་དམ་པའི་གདམས་ངག་རྫོགས་སོའི་མཐའ་ཅན། བདུད་རྩི་མར་དུ་དྲངས་པའི་གདམས་པ་ཞེས་པ་འཇམ་དཔལ་ཟླ་གསང་ལས་རྫས་ཀྱི་བསྲུང་བ་དང་བཅུད་ལེན་བྱ་ཐབས་ཞར་བྱུང་ཕན་ཡོན་ནག་པོ་དགུ་ཐུབ་ལ་བརྟེན་ནས་བདུག་པ། བྱུག་པ། རིལ་བུ། ཕུར་མ་སོགས་ཀྱི་ཁ་བསྒྱུར་བསྟན་པ། བདུད་རྩི་མར་ཁུའི་གདམས་པ་རྣམ་པར་སྣང་མཛད་མར་ཁུ་བཅུད་འབྱུང་བའི་ཐབས་ཞེས་པ་ལག་ལེན། རྫས་སྔགས་ཀྱི་ཁ་བསྒྱུར། སྤང་བྱ། ཟ་བའི་ཚད། ཕན་ཡོན་མདོག་ལེགས་པར་བྱ་བ་དང་བཅས་སྟོན་པ། བདུད་རྩི་མར་ཁུའི་གདམས་པ་དོན་བདུན་གྱིས་བསྟན་པ་མཁས་ཁྱད་མན་ངག་གི་ཡིག་ཆུང་རྫོགས་སོའི་མཐའ་ཅན། གདོན་དང་ནད་སོགས་བརྟགས་ཏེ་གེགས་སེལ་པའི་ཐབས་སྨན་གྱི་འཕྲང་བསལ་རྫོགས་བྱང་གི་མཐའ་ཅན། ཞར་བྱུང་གནས་སྐབས་མཐར་ཐུག་གི་ཕན་ཡོན་སྐུ་གསུམ་གྱི་གྲོལ་ཚུལ་དང་བཅས་པ་གུ་རུས་མཛད་པ་བོའི་མཐའ་ཅན་རྣམས། མངའ་གདག་ཉང་རལ་བ་ཅན་གྱི་ཟབ་གཏེར་དཔའ་བོ་ལྷ་གསུམ་སྐོར་གྱི་ལས་ཚོགས་རྣམ་བརྒྱད་ཀྱི་གྲས་ལ། སྨྱོ་འབོག་འདུལ་དང་སྲིའུ་གསོ༔ མཛེ་ནད་གསོ་དང་སེར་བ་བཟློག༔ ཅེས་པ་རྩམ་ཞིག་དང་། དྲག་སྒྲུབ་ལས་ཚོགས་སུ། ཡམས་ནད་བཟློག་པ། སྲིའུ་གསོ་ཐབས། གཟའ། མཛེ། ལྷོག། གཟེར་སོགས་གཉན་ནད། དུག་ནད་རྣམས་འཆོས་པ། སྨྱོ་འབོག་འདུལ་བ། བྱིས་ནད་འཆོས་པ། ཀླད་གཟེར། བལ་ནད། ཁྱི་སྨྱོན། ཕོ་མཆིན་ན་བ། སྐྲན་ནད་རྣམས་འཆོས་པ། ཆུ་འགགས་སེལ་བ། འདྲེས་གནོན་པའི་ནད་པ་གསོ་བ། ལིང་ཏོག་དང་མིག་ནད་སེལ་བ། ལྷོག་རོ་བཤའ་བ་ལ་སོགས་པ་དང་། བདུད་རྩི་འོད་ལྡན་གྱི་རྒྱུད་ལེའུ་དྲུག་ཅུ་པ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ཁ་བཅོ་བརྒྱད་ཀྱི་དང་པོ་གནམ་སྐས་ཅན་ནས་སྨན་དཔྱད་གཞུང་གཅིགམན་ངག་གསུམ། དྲང་སྲོང་ཉེར་གཅིག་གི་དགོངས་འདུས་གཞུང་སྙིང་ཏིག་རིན་པོ་ཆེའི་ཁྲི་མཛོད་བདུད་རྩིའི་བུམ་པ་ལེའུ་ཉི་ཤུ་ཐམ་པ་རྣམས་གཏེར་ནས་བཞེས་པ་ལས་གསན་ཡིག་གངགྷཱའི་ཆུ་རྒྱུན་དུ་བཞུགས་པ། བདུད་རྩི་སྨན་སྒྲུབ་བུམ་པའི་རྒྱ་ཅན་ལ་ནང་གསེས་ཀྱི་མན་ངག་ཚན་དོན་བཀོལ་པ། སྨན་གྱི་སྔགས་བྱང་། སྨན་སྒྲུབ། སྔགས་འགྲེལ་རྣམས་ཆོས་སྡེ་གཅིགདེའི་ཁ་སྐོང་ཞི་བའི་ལས་བྱང་། སྨན་གྱི་ལས་ཚོགས་ལ་ནང་གསེས་དགུར་བཤད་པའི་དང་པོ་གང་ལ་དགོངས་ནས་བཤད་པ། གཉིས་པ་བདུད་རྩི་ལྔ་སྤྱོ་[སྤྱི་]སྒྲུབ་ཀྱི་སྦྱོར་བ་ལ་བདུད་རྩིའི་ཁ་བསྒྱུར་ལ་བརྟེན་ནས་རིམས་དུགཁྲག་འཁྲུགས། མཆིན་པ། གློ་བ། སྙིང་། མཁལ་མ།  མཁྲིས་པ། མཆེར་པ། རྒྱུ་ལོང་། མཛེ་རྣམས་ཀྱི་ནད་སེལ་པ། སྐྲ་དང་སྨིན་མ་སྐྱེ་བ། འབྲུམ་བུ་གསོས་པ། གོས་མི་དགོས་པ། རྐང་མགྱོགས། རྐང་པ་མི་གས་པ། ཐོག་སེར་འབེབས་པ་རྣམས། གསུམ་པ་བྱེ་བྲག་སོ་སོའི་སྦྱོར་བ་ལ་ལུས་སྨིན་ཅིང་རྫོགས་པ། རུས་པ་མཁྲེགས་པ། སོ་ཚགས་དམ་པ། སྲིའུ་སྐྱེ་བ། ཕྱི་མ་རྡོ་རྗེའི་རིགས་འགྲུབ་པ། མཆོག་གི་བཅུད་ལེན། མཛེ་རླུང་སེལ་བ། ཤ་སྐྱེ་བ། ཕྱི་མ་རིན་ཆེན་རིགས་འགྲུབ་པ། སེམས་གསལ་བ། གྲང་བ་མི་སྐྱེ་བ། འབྲུམ་ནད། རྒྱུ་རིམས་ཐུབ་པ། ཕྱི་མ་པདྨའི་རིགས་འགྲུབ་པ། བཀྲག་བཟང་བ། དུག་རིགས་ཐུབ་པ། ཕྱི་མ་ལས་ཀྱི་རིགས་འགྲུབ་པ། བཞི་པ་དྲི་ཆེན་རྒྱལ་བློན་དམངས་སྦྱོར་ལ། རྩ་བ་རྒྱལ་པོ་ལྟ་བུ། ཁ་བསྒྱུར་བློན་པོ་ལྟ་བུ། ཞག་ཉེར་གཅིག་བསྟན་པས་ཀླུ་ནད། གག་ལྷོགགློ་གསར་རྙིང་། འབྲུམ་ནད། མིག་ནད། ཟ་རྐོང་། དུག་ནད། སྦྱར་དུག་རྣམས་སེལ་བ། དམངས་བདུད་རྩི་སྤྲུལ་པ། འདུལ་བ། སྤེལ་པ། དབྱུང་བ། གྲང་རླུང་སེལ་བ། མིག་གསལ་བ། བཅུད་མི་འཆོར་བ། རྩ་མིག་ཏུ་འགྲོ་བ། དྲོད་སྐྱེ་བ། རིལ་བུ། ལྡེ་གུ། ཟན་ཚོད། ཐུག་པ། ཆང་། སྨན་མར། ཟན་དྲོན། འོ་ཐུགརྒྱུན་སྒྲུབ་རྣམས། ལྔ་པ་ཕྱི་ནང་གསང་གསུམ་ལ། ཕྱི་དྲི་ཆེན་ལ་གཞི་བརྟེན་པ། ནང་སྐྱེ་བདུན་ལ་གཞི་བརྟེན་པ། གསང་བ་ཕྱག་རྒྱ་མ་ལ་བརྟེན་པ་རྣམས། དྲུག་པ་ལས་ཚོགས་ཐ་དད་པར་སྦྱར་པ་ལ། མིག་ནད། སྦྱར་དུགའགུལ་འགགས། གག་པ། མཛེ་ནད། འདུ་བ་རྣམ་བཞི་རྣམས་སེལ་བ། ལུས་ཟུངས་རྒྱས་པ། མཁྲིས་པ། སྙིང་རླུང་། མགོ་འཁོར། ཤ་དུགལོ་དུགདུག་ནད་ཀུན། ཤ་མཛེར། འབྲས་ནད། ཕོ་ལོགཤ་རོ། ཤ་འཁྲིགཕོལ་མིགརུས་ནད། གྲང་ནད། ཚ་བ། ལྷོག་པ། རྒྱལ་གདོན། བསེན་མོ། རྒྱལ་ཕྲན། ཀླུ་གདོན་ཐམས་ཅད་ཞི་བ། ཚེ། བསོད་ནམས། ནོར། གཞོནཤ་རྣམས་རྒྱས་པ། ཕོ་རིགས། མོ་རིགས། ཡུལ་ཁམས་རྣམས་དབང་དུ་བསྡུ་བ། མནན་སྲེག་འཕང་གསུམ་གྱི་ཁ་བསྒྱུར། དུག་ནད་བསྲུང་བ། བུ་ཆུང་ལྟར་གྱུར་པ། གཞོན་པར་གྱུར་པ། མཆིན་ནད་སེལ་བ། རྐང་མགྱོགས། མཁའ་ལ་འཕུར་བ། བུད་མེད་བརྒྱ་ལ་བུ་འབྱིན་པ། གྲང་རླུང་སྟོད་ནད། ཤ་གཡའ། ཁྲག་ནད་རྣམས་སེལ་བ། མིག་མཐོང་། མཛེ་རྩ་བས་འབྱིན་པ། བདུན་པ་དམ་ཚིགབརྒྱད་པ་ལོག་གནོན། དགུ་པ་ཡོན་ཏན་བསྟན་པ་རྣམས་དང་། གཞན་ཡང་རྒྱ་བན་རྡོ་རྗེ་འོད་ཀྱིས་མཁར་ཆུ་དཔལ་གྱི་ཕུག་རིང་མདའ་སྒྲོ་ཅན་ནས་གདན་དྲངས་པ་སྨན་རྟག་ཏུ་ངུའི་བཅུད་ལེན་སྐོར། ཐང་སྨན་དྲང་སྲོང་དོན་གྲུབ་ཀྱིས་གཉལ་སྨད་བྲག་ནག་མདའ་འགྲོ་[སྒྲོ་]ནས་སྤྱན་དྲངས་པ་བདུད་རྩི་འཆི་གསོས་རྟ་རི་མ། རཏྣ་གླིང་བས་ཀོང་བོ་གསང་བ་ཡང་མཛོད་ནས་སྤྱན་དྲངས་པ་སྨན་སྒྲུབ་གསང་བ་ཡོངས་རྫོགས། མཆིམས་ཕུའི་དཔལ་ལྷ་མོའི་བརླ་ནས་རྐུས་སྨན་གྱིས་བཏོན་པ་རིན་ཆེན་སྤུངས་པ། ལྷ་བྲག་ནས་དཔོན་གསས་ཁྱུང་རྒོད་ཀྱིས་ཕྱུངས་པ་བདུད་རྩི་བུམ་པ་འབྲིང་པོ། ལ་སྟོད་དམར་པོའི་གཏེར་མ་བདུད་རྩིམར་ཁུའི་སྐོར། གུ་རུ་ཇོ་ཙེའི་མར་ཁུའི་སྐོར། སངས་རྒྱས་གླིང་བའི་མིག་སྨན། རིན་ཆེན་གླིང་བའི་བདུད་རྩི་དངུལ་ཆུའི་བཅུད་ལེན་དང་མིག་སྨན། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམྦྷ་ཝས་ཁ་ཆེ་བོན་པོའི་དོན་དུ་བཀའ་བསྩལ་ནས་ཚ་བ་རོང་གི་བྲག་གླང་བོའི་སྣ་དང་མི་རེང་འདྲ་བའི་མཚམས་གཏེར་དུ་སྦས་པ་ཙ་མིའི་རྒྱལ་པོ་སི་ཧི་ཧ་རས་རྙེད། ལྷ་སྲས་མུ་ནེ་བཙན་པོར་ཕུལ་བ་རེ་ཞིག་འགྲོ་དོན་དུས་ལ་མ་བབ་པས་བུམ་ཐང་རིན་ཆེན་དབེན་གནས་སུ་གཏེར་དུ་སྦས། དེ་ནས་གཙང་སྟོན་ཆོས་འབར་གྱིས་བཏོན་པ་ཆུང་དཔྱད་པདྨ་གཅེས་ཕྲེང་ཆ་ལག་དང་བཅས་པ། ལིའི་རྒྱལ་པོས་ཁྲི་སྲོང་ལ་ཕུལ་པའི་སྐེ་བཅོས་སོག་པོ་སྨན་པ་བྱང་ཆུབ་ཀྱིས་གཏེར་ནས་བཏོན་པ། དུག་བཅོས་ཤ་མོ་ལས་དཀྱུས་སློབ་དཔོན་ཉི་མ་སེང་གེས་མཛད་པ་བེེ་རོས་བསྒྱུར་ཅིང་མངའ་བདག་ཡབ་སྲས་ལ་ཕུལ་པ་ལྷ་སྲས་ཀྱིས་གཏེར་དུ་སྦས་པ་སྣ་ནམ་པས་གཏེར་ནས་བཏོན་པ། ཡན་ལག་གཏེར་སྒྲོམ་སྨུག་པོ་ལྷ་སྲས་ཀྱིས་སྤ་གྲོ་སྐྱེར་ཆུར་གཏེར་དུ་སྦས་པ་ལྕེ་གཡུ་བཞེར་[གཞར་]གྱིས་བཏོན་པ། བྱ་འདྲེའི་བཅོས་ཐབས་སྣུབས་[གནུབས་]སྟོན་གྱི་གཏེར་མ་སོགས་ཟབ་གཏེར་ནས་གདན་དྲངས་པའི་སྨན་དཔྱད་མཐའ་ཡས་ཤིང་།

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།