སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

ཐེག་ཆེན་གྱི་ལུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

(2) ཐེག་ཆེན་གྱི་ལུགས།

ཐེག་ཆེན་གྱི་ལུགས་ལ། དབུ་མ་བ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་མངོན་རྟོགས་རྒྱན་གྱི་འགྲེལ་བ་ཚིག་གསལ་ལས།  སྤྱོད་པའི་གཉེན་པོར་ཞེས་པ་ནི་འདོད་ཆགས་ལ་སོགས་པ་རྩ་བའི་སྤྱོད་པ་བཞི་དང་། རེ་རེ་ཡང་ཕྱེ་བས་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་དག་གི་གཉེན་པོར་གྱུར་པ་ནི་ཐུབ་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་མ་ལུས་པ་སྟེ། ཆོས་ནི་བསྟན་པའི་ཆོས་གཙོ་བོར་བྱས་པའོ། །འཁོར་ལོ་ནི་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བས་སམ་ཚོགས་ཀྱི་དོན་གྱི་འཁོར་ལོ་སྟེ་སྒྲའི་དོན་ནི་དེ་དག་དང་ཉེ་བས་ཕྱིར་རོ། །མ་ལུས་པ་ནི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་སྟེ། དེ་ལ་ཆོས་ཀྱི་ཕུང་བོ་གཅིག་གི་ཚད་ཇི་ཙམ་ཞེ་ན། དེ་གཅིག་ལ་ནི་ཚིག་ལེའུར་བྱས་པ་སྟོང་ཉིད་དེ་ཚིགས་སུ་བཅད་པ་རེ་རེ་ལ་ཡང་ཡི་གེའི་འབྲུ་སུམ་ཅུ་རྩ་གཉིས་ཉིད་དོ། །དེ་ལྟར་ན་ཆོས་ཀྱི་ཕུང་བོ་ཐམས་ཅད་ལ་ནི་ཚིགས་སུ་བཅད་པ་བྱེ་བ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ། །འདི་ནི་རེ་ཞིག་ཐུན་མོང་གི་གྲངས་སུ་བགྲང་བའོ། །ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ཏེ། དབང་པོའི་གླང་བོ་ཆེ་རབ་བརྟན་གྱིས་འཁུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་བོ་གཅིག་འབྲི་བར་ནུས་སོ། །ཞེས་གསུངས་ཏེ།  དེ་ལྟར་བྱས་ན་མདོ་གང་དག་ལས་འཕགས་པ་ལྷས་བྱིན་གྱིས་གླང་བོ་ཆེ་ལྔ་སྟོང་གིས་འཁུར་བར་འོས་པའི་གླེགས་བམ་རྣམས་ཁ་བཏོན་དུ་བརྗོད་པར་བྱེད་དོ། །ཞེས་གསུང་པ་འདི་ཡང་རིག་པར་འགྱུར་རོ། །ཞེས་དང་། ཆོས་ཀྱི་ཕུང་པོ་དེ་དག་ཀྱང་སྡེ་སྣོད་གསུམ་ཉིད་དུ་རྣམ་པར་བཞག་སྟེ།  ཞེས་བཤད་པའི་མདོ་གང་དག་ཅེས་པ་དྲིན་ལན་བསབ་པ་དང་། སྡེ་སྣོད་གསུམ་ནི་འདུལ་བ་མདོ་སྡེ་མངོན་པ་གསུམ་ཡིན་ལ། ཐེག་ཆེན་ཐུན་མོང་མིན་པའི་ལུགས་ལ། སྤྲིན་ཆེན་པོའི་མདོའི་དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕུང་བོ་ཞེས་བྱ་བ་ལེའུ་སུམ་ཅུ་རྩ་བདུན་པ་ལས། མདོ་སྡེ་རྣསམ་ནི་རེ་རེ་ལ། གངྒཱའི་ཀླུང་གི་བྱེ་སྙེད་ཀྱིས། །བསྒྱུར་པའི་དོན་ནི་མང་ཡོད་ཅེས། །ཆོས་གསུངས་པས་ནི་ངེས་པར་བསྟན། །ཞེས་སོགས་གཞན་དུ་བཤད་ཟིན་པ་དང་། དཔའ་བར་འགྲོ་བའི་ཏིང་འཛིན་གྱི་མདོ་ལས། ལྷའི་བུ་དེ་བཞིན་གཤེགས་པས་ཆོས་ཇི་སྙེད་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ལས་བྱེ་བའི་ཆའམ། བྱེ་བ་སྟོང་གི་ཆའམ་བྱེ་བ་བརྒྱ་སྟོང་གི་ཆའི་ཆ་ཤས་ཀྱང་ངས་མ་བཤད་དོ། །གང་ངས་བཤད་པ་དེ་ལས་བྱེ་བ་བརྒྱ་སྟོང་གི་ཆ་ཤས་ཀྱང་དགེ་སློང་ཀུན་དགའ་བོས་མ་གཟུང་ངོ་། །ཞེས་དང་། ཕལ་བོ་ཆེའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་ལེའུ་བམ་པོ་དྲུག་ཅུ་རེ་དྲུག་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་གཅིག་ལ་དབུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བྱིན་གྱིས་བརླབས་ཏེ། དབུ་རེ་རེར་ཡང་ལྗགས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་སྙེད་བྱིན་གྱིས་བརླབས་ནས། དེ་དག་རེ་རེས་ཀྱང་དབྱངས་ཀྱི་ཡན་ལག་དང་། སྒྲ་སྐད་ཀྱི་གསུང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རེ་རེ་བརྗོད་དེ། ཆོས་ཀྱི་དབྱངས་མ་ལུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་གོ་བར་མཛད་ཅིང་དབྱངས་ཀྱི་ཡན་ལག་དང་སྒྲ་སྐད་ཀྱི་གསུང་རེ་རེས་ཀྱང་མདོ་སྡེ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་བཤད་ལ། ཞེས་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་དུ་བཞག་ཅིང་། བཅོམ་ལྡན་རལ་གྲིས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་བར། །དེས་ཚིག་ནི་འཕོ་བ་དང་གཅོད་པ་དང་སྔོན་དུ་འགྲོ་བར་འཁོར་ལོ་རིན་པོ་ཆེ་དང་འདྲ་བས་ཆོས་ཀྱི་འཁོར་ལོའམ། རྗོད་བྱེད་ཀྱི་ཆོས་དུ་མ་སྤུངས་པ་ལ་ཆོས་ཀྱི་ཕུང་བོའི་གསུང་རབ་ཀྱི་ཚོགས་ཞེས་བྱའོ། །ཞེས་པའི་བཀའ་དེ་དག་གྲོ་གའི་ཤིང་ཤུན་ཤོག་བུ་ལ་སོགས་པ་མདོག་བསྒྱུར་བ་དང་མ་བསྒྱུར་བ་གང་རུང་དུ་གླེགས་བམ་མམ་ལེགས་པར་སྦྱར་བ་ལྷའི་སྐད་ཀྱི་དབང་དུ་བཏང་ན། པཱུ་ལ་དང་བུསྟ་པི་ཌི་ཚོགས་པ་ལའོ། །ཞེས་པའི་བྱིངས་པུསྟ་ལ། ཀྲྀ་ཏྲ་གཉིས་པར། ཏྲི་བུ་ཎ་དག་གོས། །རྐྱེན་བུ་བྱིན། ཀྲྀ་ཏྲ་དྲུག་པར། ཡུ་བུ་ཛྷ་རྣམས་ཀྱི་ཨན་ཨ་ཀ་ཨནྟ་རྣམས་སོ། །ཞེས་པས་བུ་བྱིན་ཨ་ཀར་བསྒྱུར་གོང་གི་བྱིངས་མཐའ་ཏའི་ཨ་བརྗོད་དོན་ཡིན་པས་ཕྱིས། ཏྲ་སྲོག་མེད་ཨ་ལ་དྲངས། །མཐར་དོན་ཙམ་གྱི་རྣམ་དབྱེ་དང་པོ་སི་བྱིན་པས། ས་ར་དག་གི་རྣམ་བཅད་བྱས་པས་པུ་སྟ་ཀ༔ ཞེས་དེང་སང་ཟུར་ཆག་པའི་པོ་ཏིའམ་གླེགས་བམ་དུ་གྲགས་པ་སོགས་འབྱུང་བར་སྒྲ་དོན་ནི། འཕགས་པ་ཐོགས་མེད་ཀྱིས་གཏན་ལ་དབབ་པ་བམ་པོ་ཉེར་གཅིག་པར། །རིག་པའི་གནས་ལྔ་བསྟན་པ་གང་ཡིན་པ་དེ་ལ་ནང་རིག་པ་ནི་རིག་པའི་གནས་ཐམས་ཅད་དང་། །བསྟན་བཅོས་ཐམས་ཅད་དང་། གཞུང་ལུགས་ཐམས་ཅད་ཀྱི་ནང་ན་མཆོག་དང་གཙོ་བོ་ཡིན་ནོ། །ཞེས་དང་། སངས་རྒྱས་ཀྱི་བཀའ་དེ་ཡང་མདོར་བསྡུ་ན་ཚུལ་དྲུག་གིས་ཁོང་དུ་ཆུད་པར་བྱ་སྟེ།  དེ་ཁོ་ནའི་དོན་གྱི་ཚུལ་དང་། ཐོབ་པའི་ཚུལ་དང་། བཤད་པའི་ཚུལ་དང་། མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་དང་། བསམ་གྱིས་མི་ཁྱབ་པའིཚུལ་དང་། དགོངས་པའི་ཚུལ་གྱིས་སོ། །ཞེས་ཚུལ་དྲུག་གམ། གྲགས་ཆེ་བ་མཁས་མཆོག་དབྱིག་གཉེན་གྱི་རྣམ་བཤད་རིག་པའི་ལེའུ་དང་པོར། །ཆོས་ནི་ཤེས་བྱ་ལམ་དང་ནི། མྱ་ངན་འདས་པ་ཡིད་ཀྱི་ཡུལ། བསོད་ནམས་ཚེ་དང་གསུང་རབ་དང་། འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་ཆོས་གང་ལ་འདུས་བྱས་སམ་འདུས་མ་བྱས་ཞེས་པ་ལྟ་བུ་ཤེས་བྱ་དང་། ཡང་དག་པའི་ལྟ་བ་ནི་ཆོས་ཞེས་པ་ལམ། སྐྱབས་སུ་སོང་བ་མྱང་འདས། སྐྱེ་མཆེད་ཡིད། འཁོར་དང་ལྷན་ཅིག་སྤྱོད་པ་བསོད་ནམས། མཐོང་ཆོས་གཅེས་པར་འཛིན་པར་ཚེ། མདོ་སྡེ་དང་ཞེས་སོགས་གསུང་རབ། ལུས་འདི་ནི་རྒ་བའི་ཆོས་ཅན་སོགས་འབྱུང་འགྱུར། །ཆོས་བཞི་ཞེས་ངེས་པ། །ཡུལ་ཆོས་རིགས་ཆོས་ཞེས་པ་ཆོས་ལུགས་ཏེ་བཅུ་ལ་སོགས་པ་སྒྲ་དོན་དང་། མཚན་ཉིད་ནི། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟ་བུ། དབྱེ་བ་ནི། ངོ་བོས་དབྱེ་ན། མཛོད་གནས་བརྒྱད་པ་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པ་ལྟར་ལུང་རྟོགས་གཉིས། གདུལ་བྱའི་སྒོ་ནས་དབྱེ་ན། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་འདུལ་བ་མདོ་སྡེ་མངོན་པ་གསུམ་མམ་མདོར་བསྡུ་ན་དམན་པ་ལ་མོས་པར་ཉན་ཐོས་ཀྱི་སྡེ་སྣོད་ཐེག་དམན་དང་། རྒྱ་ཆེ་བ་ལ་མོས་པར་ཐེག་ཆེན་གཉིས་སུ་ཐམས་ཅད་འདུས་པ་དང་། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་ན། ལོ་ཆེན་རིན་བཟང་དང་བུ་སྟོན་སོགས་གདམས་ངག་འཕགས་པའི་རྒྱལ་པོར་བཞེད་པ་དང་། ཚིག་དངོས་གནས་སློབ་དཔོན་ཛྙཱ་ན་ཤྲིས་མཐའ་གཉིས་སེལ་བར་དྲངས་པའི་གསང་བ་ལུང་བསྟན་ལས་འབྱུང་བ། འདྲེན་པའི་ཐེག་པ་གསུམ་པོ་དག བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །འབྲས་བུ་ཐེག་པ་ཉེ་ལམ་ཞིག མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་པ་ལྟར་དབང་བརྟུལ་རྒྱུ་ལ་མོས་པས་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པ་དང་། དབང་རྣོན་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པས་འབྲས་བུ་ལམ་དུ་བྱེད་པ་སྔགས་ཀྱི་ཐེག་པ་གཉིས། །བརྗོད་བྱའི་སྒོ་ནས་དབྱེ་བ་ནི། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟན། །ཞེས་པ་ལྟར་ཀུན་རྫོབ་རིག་པས་མི་གནས་པར་སྟོན་པ་དང་། དོན་དམ་རིག་པས་འཐད་པར་སྟོན་པ་གཉིས། གཉེན་པོའི་སྒོ་ནས་དབྱེ་བ་ལ། །སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན། དེའི་ངེས་ཚིག། ཡན་ལག་བཅུ་གཉིས་བསྡུ་ཚུལ། སོ་སོའི་ངེས་ཚིག་དང་བཞིས་འཆད་པ་སོགས་མཐའ་ཀླས་ཤིང་། དུས་ཀྱི་སྒོ་ནས་དབྱེ་ན། དུས་དང་པོར་གསུངས་པ་ལ་བདེན་བཞིའི་ཆོས་འཁོར། བར་དུ་གསུངས་པ་ལ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མར་གསུངས་པ་ལ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དང་གསུམ་སྤྱིར་བཏང་མདོ་སྡེ་དགོངས་པ་དེས་འགྲེལ་ལས་བཤད། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ་ནི། སློབ་དཔོན་ཤནྟི་པས་བརྒྱད་སྟོང་འགྲེལ་བ་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པ་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་པ་ལྟར་ཡན་ལག་བཅུ་གཉིས་སམ་དུས་འཁོར་འགྲེལ་ཆེན་སོགས་ལས་གྲངས་མི་གཅིག་པ་གཞན་གསུངས་པ་རྣམས་དང་། བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་ཞལ་ནས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་སྟེ་གསུམ་ལས། ཞལ་ནས་གསུངས་པ་མདོ་སྡུད་པ་ལྟ་བུ། བྱིན་གྱིས་བརླབས་པ་དེ་ལ་ཡང་སྐུས་བྱིན་གྱིས་བརླབས་པ་ས་བཅུ་བའི་མདོ་ལྟ་བུ། གསུང་གིས་བྱིན་གྱིས་བརླབས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལྟ་བུ། ཐུགས་ཀྱིས་བྱིན་གྱིས་བརླབས་པ་ཀུན་ཏུ་བཟང་པོ་རང་རྟགས་ཀྱི་སྤྱོད་པ་སྟོན་པ་ཕལ་པོ་ཆེའི་མདོ་ལྟ་བུ། དེ་ལ་ཡང་ཐུགས་ཏིང་ངེ་འཛིན་བྱིན་གྱིས་བརླབས་པ་ཤེས་རབ་སྙིང་པོ་ལྟ་བུ། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་ནི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པས་སྔགས་སྨྲས་པ་རྣམས་འབྲས་བུ་ཁྱད་པར་ཅན་འབྱུང་བར་བྱིན་གྱིས་བརླབས་པ་ལྟ་བུ། །ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་བརླབས་པ་ནི་བཅོམ་ལྡན་འདས་ཀྱིས་བདེན་སྟོབས་ཐུགས་ཀྱིས་བརྗོད་པས་རི་དང་རྩི་ཤིང་སོགས་ལས་སྒྲ་བྱུང་བ་ལྟ་བུ་སྟེ་གསུམ་དུ་བཤད། རྗེས་སུ་གནང་བ་གླེང་གཞི་དང་མཚམས་སྦྱོར་གྱི་ཚིག་རྣམས་ཆུགས་ལ་བཀའ་ཐམས་ཅད་བསྡུས་ཤིག་དང་འདི་ལྟར་རྩོམས་ཤིག་གསུངས་པ་ལྟ་བུ། །

 

བསྟན་བཅོས་ཀྱི་རྣམ་གཞག་ལས་བསྟན་བཅོས་ཀྱི་མཚན་ཉིད།

དེ་དག་བསྟན་འཛིན་རྣམས་ཀྱིས་བཀྲལ་བའི་བསྟན་བཅོས་ལ། །མཚན་ཉིད། ངེས་ཚིགདབྱེ་བ་སྟེ་གསུམ། དང་པོ་ནི། རྒྱལ་བ་མ་ཕམ་པས་རྒྱུད་བླ་མའི་སྐབས་ལྔ་པ་ལས། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་བཀའ་བསྟན་གྱི་དབྱེ་བར་ཤིན་ཏུ་ཁྱབ་ཆེ་ཞིང་། སྔ་རབས་ཀུན་མཁྱེན་རོང་བོ་དང་། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱང་བཞེས་པ་སྣ་མང་ལ། ཕྱིས་ཀྱང་ནི་ལུང་འདྲེན་མཐའ་དག་གིས་མཛད་པར། ལུང་ཚིག་ལ་ཞིབ་ནན་གྱིས་དཔྱད་པ་ཆེར་མེད་པའི་རྒྱལ་བའི་བསྟན་པ་དང་། རྒྱལ་བ་སྟོན་པ་སོགས་སྣ་ཚོགས་པ་འདིའི་ཐད་ཀྱི་རྒྱ་དཔེ་དབང་པོ་རྡོ་རྗེའི་སྡེབ་སྦྱོར་ཡིན་ལ། དེའི་རྩ་བའི་སྐད་དོད།  བྱིངས་ལས་ཀྲྀཏ་རྐྱེན་གྱིས་མིང་དུ་སྒྲུབ་པ་དང་། ཏི་དང་སི་སོགས་ཀྱི་ཚིག་ཏུ་སྒྲུབ་པའི་ཚུལ་ལས། ཤོ་ལོ་ཀ་གཅིག་པོ་འདི་རྒྱས་པར་འཕྲལ་[གྲོལ]་ཏེ་བཤད་ན།  ཡ་ཏཱི། མཆོད་པའམ་རབ་ཏུ་འབད་པ་ལའོ་ཞེས་པའི་བྱིངས་ལ་ཞེས་པས་ཀྭིཔ་བྱིན།[ལའོ་ཞེས་པའི་བྱིངས་ཀྭིཔྲའོ་ཞེས་པས་ཀྭིཔྲ་བྱིན།]བྱིངས་མཐའི་ཨཱི་བརྗོད་དོན་ཏེ། གང་ཞིག་ཨི་ཏྲ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་[པས]ཕྱིས། ཀྭི་པའོ་[ཀྭིཔྲའོ]ཞེས་པས་ཀྭིཔ་ཀྱང་ཡོངས་རྫོགས་ཕྱིས།  ཡཏྲ་གང་། ཨསྲ་ཡོད་པ་ལའོ་ཞེས་པའི་བྱིངས་བཞག  ཆོག་འབྱུང་ལིང་གི་པར་སྨེ་[སྣེེ]པ་དེའི་སྐྱེད་བུ་དང་པོའི་གཅིག་ཚིག་ཡཱཏ་བྱིན། བྱེད་པ་པོ་ལ་ཨ་པྲ་འོས། །བར་དུ་ཨ་པ་བྱིན། ཨ་དུ་སོགས་ལས་འཇིག་གོ་ཞེས་པས་ཨ་པྲ་འཇིག་ནམྲ་ཨསྲ་ཀྱི་ཨའོ་ཞེས་པའམ།  ནམྲ་ཨསྲ་ལའོ་ཞེས་པས་བྱིངས་ཀྱི་ཨ་ཕྱིས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ས་སྲོག་མེད་དྲངས་པ་སྱཱཏྲ། ཅེས་གནས་པ། ཅ་[ཙ]པ་རྣམས་ཨ་བ་ལ་ཛ་བ་རྣམས་སོས་ཏ་ད་རུ་བསྒྱུར་བ་སྱཱད་ཞིགདགག་པའི་སྐྲ་[སྒྲ]་ན་ཀྲ་བཞག། ན་ཨའོ་ཞེས་པས་ན་ཀྲ་ཨར་བསྒྱུར་བས་ད་ཨ་མེད་ཀྱི་སྟེང་དྲངས། བཱི་རབ་ཏུ་སྐྱེ་བ་དང་། མཛེས་པ་དང་། འདུག་པ་དང་། ཟ་བ་རྣམས་ལ་ཡང་ངོ་ཞེས་པའི་བྱིངས་བཞགཨུ་ཎ་ལ་སོགས་པ་ནི་རྟག་ཏུའོ་ཞེས་པས་ཌི་རྐྱེན་དུ་བྱིན། ཌིཏྲ་ལ་ཊིའོ་ཞེས་པས་བྱིངས་ཀྱི་ཨི་ཕྱིས། ཌཱ་ཡང་དེའི་དོན་ཡིན་པས་ཕྱིས། ཨི་བཞག་དྲངས་པས་བི་རྣམ་པར། ཀྵི་པ་དེད་པ་ལའོ་ཞེས་པའི་བྱིངས་བཞགཀྟ་ཀྟ་བ་ཏུ་འོས། རྐྱེན་ཀྟ་བྱིན་ཀ་ནི། །ཨུས་མ་ཡིན་པའི་ཀིཏྲ་དི་ཏྲ་ལའོ་ཞེས་པ་ལྟར་བྱིངས་ལ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས། བྱིངས་མཐའི་ཨ་བརྗོད་དོན་གྱིས་ཕྱིས་དྲངས་པའི་ཀི་སྟ་[ཀྵིཔྟ]གཡེང་། མན་ཤེས་པ་ལའོ་ཞེས་པས་བྱིངས་བཞག། བཙྲ་སོགས་ལ་ཨས་འོ་ཞེས་པས་[ཨས]་རྐྱེན་དུ་བྱིན། །བྱིངས་མཐའི་ཨ་བརྗོད་དོན་ཕྱིས་དྲངས་པས་མནས[མནསྲ]། དེ་ནས་ས་སྲོག་མེད་ནི། ས་ར་དག་གི་རྣམ་བཅད་དོ་ཞེས་པས་རྣམས་བཅད། ཧ་བ་ལ་འོས་རྣམ་བཅད་ཨུ།  ཨ་ཨུ་ལ་ཨོའོ་ཞེས་པས་གོང་གི་ཨ་དང་ཨུ་གཉིས་བསྡོམས་ཏེ་ཨོ་བྱས་པ། མ་ནོ་ཡིད་ཅན། དེ་ལ་གསུམ་པའི་མང་ཚིག་བྷིསྲ་བྱིན། ས་རྣམ་བཅད། ནཱ་མི་ལས་རའོ་ཞེས་པས་རྣམ་བཅད་ར་བྱས་པ་བྷིརྲ་གྱིས། བཙྲ་འཆད་པ་ལའོ་ཞེས་པའི་བྱིངས་བཞགཀྟ་ཀྟ་བ་ཏུ་འོས་ཀྟ་བྱིན། ཀ་འགྲོ་བ་ལ་ཡཛྲ་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀ་ཏྲ་རྣམས་སུ་སླར་ཡང་དག་པར་བསྒྱུར་བའོ་ཞེས་པས་བ་ཨུ། རྐྱེན་གྱི་ཀ་དེའི་དོན་གྱིས་ཕྱིས་ཙ་ཙུའི་ཀུ་འོས་ཀ་དེ་དྲངས་པས་ཨུཀྟ། དེ་ལ་དང་པོའི་སི་བྱིན། ཨཏ་ལས་ཨམ་[ཨམྲ]འོ་ཞེས་པས་ཨམྲ་དུ་བསྒྱུར། ཨམ་ཤས་དག་གི་ཨ་འོས། ཨ་དབྱི། མ་རྗེས་སུ་ང་རོ་བྱས་པས་ཨུཀྟཾ་བཤད་པ་འདིར་གོང་རྣམ་བཅད་ཀྱི་ར་དྲངས། ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པའི་བྱིངས་བཞགངང་ཚུལ་ལ་ཏྲནྲ[ཏྲྀནྲ]་འོ་ཞེས་པས་ཏྲྀ་ནྲ་རྐྱེན་དུ་བྱིན། ན་ཁྱད་དོན་ནམ་དབྱངས་དོན་ཏེ་ཕྱིས། བྱིངས་མཐའི་ཨུ་བརྗོད་དོན་ཡིན་པས་ཕྱིས་དྲངས་པས་ཤཱསྟྲྀ། དེ་ལ་སི་སོགས་ནི་རྟག་ཏུ་འོས་རྣམ་དབྱེ་གཉིས་པའི་ཨམྲ་བྱིན་སྟྲྀའི་ཨཱ་རྲའོ་ཞེས་པས་རྟགས་མཐའི་རྀ་ཨཱར་དུ་སོང་། དྲང་པས་ཤཱ་སྟཱར་མྲ། དེ་ནས་མ་རང་སར་འཇོག་གམ། ཡང་ན་མ་ནི་རྗེས་སུ་ང་རོ་འོས་ཀླད་ཀོར་བྱས་པ་ཤཱ་སྟཱ་རམ་སྟོན་པ། ཨིཀ་དྲན་པ་ལའོ་ཞེས་པའི་བྱིངས་བཞག། ཨཊ་དག་གོས་ཨ་རྐྱེན་དུ་བྱིན། ཨུ་པ་ངྷཱ་ཐུང་ངུའི་འོ་ཞེས་པས་བྱིངས་ཀྱི་ཨུ་པདྷཱའི་ཨི་ཨེར་བསྒྱུར་པ་དྲངས།དེར་དེ་ལ་རྣམས་དབྱེ་དྲུག་པའི་ངས་ཨཏྲ་ལས་ཨཾ་ཨེ་ཀཾ་གཅིག་པུ་འབའ་ཞིགཛི་རྒྱལ་བ་ལའོ་ཞེས་པའི་བྱིངས་བཞགནཏྲ་ཀི་དག་པོ་ཞེས་པས་ནཊ་རྐྱེན་དུ་བྱིན། ཊ་རྗེས་འབྲེལ་ཡིན་པས་ཕྱིས་ལ་ཛིན[ཛི་ན]། དེ་ལ་གསུམ་པའི་བྱེད་སྒྲའི་ཊཱ་བྱིན། ཨཏྲ་ལས་ཨཱཏྲ་མ་ཡིན་པའི་ཨམྲའོ་ཞེས་པས་ཊཱ་ཨམ་དུ་བསྒྱུར། ཨམ་ཤས་དག་གི་ཨའོས་ཨ་ཕྱིས་མ་ནི་རྗེས་སུ་ང་རོའོ་ཞེས་པས་མ་ཀླད་སྐོར་བྱས་པ་ཛི་ནི་རྒྱལ་བས། བད་གསལ་བར་བྱེད་པ་ལའོ་ཞེས་པའོ་བྱིངས་བཞག། ཀྭི་པ་འོས་ཀྭི་པ་བྱིན་ཀ་འགྲོ་བ་ལ་ཡ་ཛ་རྣམས་ཀྱི་ཡ་བ་ར་རྣམས་ཨི་ཨུ་རྀ་ཏྲ་རྣམས་སུ་སླར་ཡང་དག་པ་བསྒྱུར་པའོ། །ཞེས་པས་བ་ཨུར་བསྒྱུར། །ཀྭིཔྲ་འོས་ཀྭིཔྲ་ཕྱིས་པ་ཨུད་གནས་མེད་པ་ལ་ཡང་ན་འོས། །ཡང་ན་ད་ཏར་བསྒྱུར་བ་ཨུཏྲ་ཤིན་ཏུ། དི་ཤ་ཤིན་ཏུ་འདོར་བ་ལའོ་ཞེས་པའི་བྱིངས་བཞག། ཨཏྲ་ལས་ཤ་ཏུ་སྟེ་ཨཱིཔྲ་ལ་ཡང་ནའོ་ཞེས་པས་རྐྱེན་དུ་ཤ་ཏུ་བྱིན། ཤ་ནི། ཤ་འགྲོ་བ་ལ་བཞི་བོ་བཞིན་ནོ་ཞེས་པའི་དོན་ཏེ་ཕྱིས། ཏའི་ཨུ་བརྗོད་དོན་གྱིས་ཕྱིས། བྱིངས་མཐའི་ཨ་ཡང་ཕྱིས་དྲངས་པས་དི་ཤཏྲ་ཙ་བ་རྣམས་ཨ་བ་ལ་ཛ་བ་རྣམས་སོ་ཞེས་པས་ཏ་དར་སོང་དི་ཤང་བསྟན་པ། བྷིསྲ་བཞགས་རྣམ་བཅད་བྱས་པ་བྷིཿཡིས་གོང་རྒྱལ་བའི་ཛི་ནཾ་གྱི་ང་རོ་ནས་བཟུང་དབྱངས་ལ་མ། ཙ་པ་ཛ་བ་སོགས་མཚམས་སྦྱར་བས་མུདྡིཤངྦྷིཿམྀཙླྀ་ཐར་པ་ལའོ་ཞེས་པའི་བྱིངས་བཞགདེ་ལ་ཨུཎྲ་ལ་སོགས་པ་ནི་རྟག་ཏུ་འོས། རྐྱེན་སཔྲ་བྱིན་བྱིངས་ཀྱི་རྗེས་འབྲེལ་ལྀ་ནི། ལྀ་འགྲོ་བ་དང་སུ་ཥ་སོགས་ལ་ང་འོ་ཞེས་པའི་དོན་ཏེ་ཕྱིས། ཨུ་པ་བྷཱ[དྷཱ]་ཐུང་ངུའི་འོ་ཞེས་པའི་བྱིངས་ཀྱི་ཨུ་ལ་ཡོན་ཏན་བྱས། རྐྱེན་སབྲ་ཀྱི་པ་དེའི་དོན་ཡིན་པས་ཕྱིས། ཙུའི་ཀུའོ་ཞེས་པས་ཙ་ཀར་བསྒྱུར། ཀུ་ཨིལ་ལ་ཥ་རུ་བྱེད་དེ་སའོ་ཞེས་པས་ས་ཥར་བསྒྱུར། ཀ་ཥ་ཡང་དག་པར་སྦྱོར་བ་ཀྵའམ་དྲངས་པས་མོཀྵ་ཐར་བ། ཨཱ་པཱྀ་ཁྱབ་པ་དང་དམིགས་པ་ལའོ་ཞེས་པའི་བྱིངས་བཞགལྀ་རྗེས་འབྲེལ་གོང་ལྟར་ཕྱིས། ཀྟི་འོས་ཀྟི་བྱིན། ཀ་ནི་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས་དྲངས་པ་ཨཱ་པྟི་ཐོབ་བྱེད། ཥམ་རྣམ་པར་འཁྲུག་པ་ལའོ་ཞེས་པའི་བྱིངས་བཞགཀྭིཔྲ་འོས་ཀྭིཔྲ་བྱིན་བྱིངས་མཐའི་ཨ་བརྗོད་དོན་ཏེ་ཕྱིས། དང་པོའི་ཥ་ཎ་ནི་ས་ནའོ་ཞེས་པས་ཥ་སར་བསྒྱུར། ཀྭིཔྲ་འོས་ཀྭིཔྲ་ཕྱིས། ས་མྲ། ཡང་དག་པའམ་ཀུན་རྫོགས་པ་སོགས་ལ་འཇུགབྷྲྀཉྲ་འཛིན་པ་ལའོ་ཞེས་པའི་བྱིངས་བཞགདངོས་པོ་ལགྷཉྲ་འོས་གྷཉྲ་རྐྱེན་དུ་བྱིན། བྱིངས་ཀྱི་ཉ་ནི་ཉ་ཏྲ་དང་སྭ་ར་ཏིའི་ཀ་འོའི་དོན་ཏེ་ཕྱིས། བྱིངས་ཀྱི་ནཱ་མ་འོས་བྱིངས་མཐའི་རྀ་འཕེལ་བ་ཨཱར་དུ་སོང་། རྐྱེན་གྱི་ཉ་དེའི་གོ་བྱེད་ཙམ་ཡིན་པས་ཕྱིས། གྷ་ནི་ཙ་ཛ་དག་གི་གྷ་འགྲོ་བ་ལ་ཀ་ག་དག་གོ་ཞེས་པའི་དོན་ཏེ་ཕྱིས་སྲོག་གི་ཨ་བཞག་དྲངས་པས་བྷཱ་ར།  གོང་དང་སྦྱར་པས་སོ་བྷཱ་ར་ཚོགས་པའམ་ཡང་དག་པར་འཛིན་པ་སྟེ། ཐར་བ་ཐོབ་པར་བྱེད་པའི་ཐབས་གང་ཡིན་པ་ནི་ལམ་ཡིན་ལ་དེ་ནི་ཐར་པའི་གོ་འཕང་ལ་སྙེག་ཅིང་དོན་གཉིས་ཕུན་ཚོགས་ཀྱི་འབྱོར་བ་འཚོལ་བ་རྣམས་ཐབས་ཤེས་ཀྱི་བཞོན་པས་བགྲོད་པའི་རྟེན་ཡིན་པས་ལམ་སའི་ཡོན་ཏན་གྱི་གཞི་འཛིན་པས་ན་ཡང་དག་པར་འཛིན་པ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་གཤེགས་ཤིང་འབྱོན་པའི་སྲོལ་དོད་པས་བསྟོད་པ་གཅིག་པའི་གང་ཟག་རྣམས་ཀྱི་ཐུན་མོང་གི་བགྲོད་བྱར་གྱུར་པས་ཚོགས་པའམ་གཞན་དུ་བསགས་པའང་འདྲེན་ནོ། །ཡཏྲ་གནོད་པ་ལའོ་ཞེས་པའི་བྱིངས་བཞགཀྭིཔྲ་འོས་ཀྭིཔྲ་བྱིན་དེ་ནས་མིང་དུ་གྲུབ།ཀྭིཔྲ་འོས་ཀྭིཔྲ་ཕྱིས། དེ་རྗེས་ཡཏྲ་ལ་ཀ་ལཱ་པར། རྣམ་པ་བརྗོད་པ་ལ་ནི་ཐཱའོ་ཞེས་པས་ཐཱ་བྱིན། རྐྱེན་དང་རྣམ་དབྱེའི་གཞི་མཐུན་ཡིན་པས། དེ་ནས་ཏྱང་སོགས་ཀྱི་སི་སོགས་ལ་ཊི་ཨའོ་ཞེས་པས་འ་ཕྱིས་ཏེ་ཊི་ཨར་བསྒྱུར། ཡ་ཐཱ་ཇི་ལྟ་བ་བཞིན་ནམ་ཇི་བཞིན། ཤྭས་སྲོག་ལའོ་ཨན་ཡང་ངོ་ཞེས་པས་ཨན་སྲོག་གི་བྱིངས་བཞག། ཥཱ་ཀ་ཨུ་ཨུ་ཀཎ་འོ་ཞེས་པས་ཨུ་རྐྱེན་དུ་བྱིན། བྱིངས་མཐའི་ཨ་བརྗོད་དོན་ཏེ་ཕྱིས་དྲངས་པས་ཨ་ནུ་རྗེས་སུ། ཀཱུ་ལ་སྒྲིབ་པ་ལའོ་ཞེས་པའི་བྱིངས་བཞགནཱ་མི་ཨུ་པ་དྷཱ་ལས་ཀའོ་ཞེས་པའི་ཀ་རྐྱེན་དུ་བྱིན། བྱིངས་མཐའི་ཨ་བརྗོད་དོན་ཏེ་ཕྱིས་རྐྱེན་གྱི་ཀ་ནི་ཨུ་པ་མ་ཡིན་པའི་ཀིཏ་ད་ཏྲ་ལའོ། །ཞེས་པ་ལྟར་བྱིངས་ལ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས་དྲངས་པས་ཀླུ་ལ། སི་བྱིན། ཨ་ཏྲ་ལས་ཨམ་འོས་སི་ཨམ་དུ་བསྒྱུར། ཨམྲ་ཤསྲ་དག་གི་ཨ་འོས་ཨ་ཕྱིས། མ་ནི་རྗེས་སུ་ང་རོ་འོས་མ་རྗེས་སུ་ང་རོར་བྱས་པ་ཀཱུ་ལཾ། གོང་དང་སྦྱར་བས་ཨ་ནུ་ཀཱུ་ལཾ་མཐུན་པ། མྲྀ་དྷུ་ཕུན་སུམ་ཚོགས་པ་ལའོ་ཞེས་པའི་བྱིངས་བཞགནཊ་ཀི་དག་གོ་ཞེས་ཀི་རྐྱེན་དུ་བྱིན། བྱིངས་མཐའི་ཨུ་ནི། ཨུཏྲ་འགྲོ་བ་ལས་ཀྟཱ་སྟེ་ཨི་ཊ་ཡང་ནའོ། །ཞེས་པའི་དོན་ཡིན་པས་ཕྱིས། སུའི་རྀ་ཨརྲ་འོ་ཞེས་པས་རྀ་ཨུརྲ་དུ་བསྒྱུར། རྐྱེན་གྱི་ཀ་དེའི་ཁྱད་དོན་ཡིན་པས་ཕྱིས། སྲོག་གི་ཨི་བཞགར་བ་ལ་ཨི་ཨུ་དག་གི་ཧ་ས་ལའོ་ཞེས་པས་རའི་ཨུ་པ་དྷཱའི་ཨུ་རིང་པོར་བསྒྱུར་དྲངས་པས་མཱུརྡྷི་དེ་ལ་རྣམ་དབྱེ་གསུམ་པའི་གཅིག་ཚིག་ཊཱ་བྱིན། །ནཱ་མི་ལས་དབྱངས་ལ་ནུམྲ་འོས་ནུ་མྲ་བྱིན། ཨུ་བརྗོད་དོན་མ་རྗེས་འབྲེལ་གྱིས་ཕྱིས། ཤས་ལ་སོགས་པ་ལ་ཨསྠི་སོགས་ཀྱི་ཨཏྲ་ཡང་ངོ་། །ཞེས་པས་རྟགས་མཐའི་ཨི་ཨཏྲ་དུ་བསྒྱུར། ཤས་ལ་སོགས་པ་དབྱངས་ལ་མ་བ་ཡང་དག་པར་སྦྱོར་བ་མ་ཡིན་པའི་ཨཏྲ་དབྱིའོས་ཨཏྲ་ཕྱིས། རྣམ་དབྱེ་ཊཱ་ནི། ཁྱད་དོན་ཡིན་པས་ཕྱིས། སྲོག་གི་ཨཱ་བཞག་དྲངས་པས་མཱུ་རྔྷྣཱ། སྤྱི་བོར་ཏ་མུ་འདོད་པ་ལའོ་ཞེས་པའི་བྱིངས་བཞགཨུཎ་ལ་སོགས་པ་ནི་རྟག་ཏུའོ་ཞེས་པས་དཀུ་རྐྱེན་དུ་བྱིན། ཀ་ནི་ཨུས་མ་ཡིན་པའི་ཀིཏྲ་དིཏྲ་ལའོ་ཞེས་པས་ཕྱིས། ཨ་བརྗོད་དོན་ཡིན་པས་ཕྱིས། བྱིངས་ཀྱི་ཨུ་ནི། ཨུཏྲ་འགྲོ་བ་ལས་ཀྟཱ་སྟེ་ཨི་ཊ་ཡང་ནའོ་ཞེས་སམ། གང་ཞིག་ཨིཏ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་པས་ཕྱིས། ཨ་ནུ་དཱཏྟ་རྣམས་དབྱི་བ་ཉིད་དོས་བྱིངས་མཐའི་མྲ་ཡང་ཕྱིས་གནས་མེད་པ་ལ་ཡང་ན་འོས་ད་ཡང་ཏར་བསྒྱུར་པ་ཏ་ཏ་དཱ། ཨ་བི་སྒྲ་ལའོ་ཞེས་པའི་བྱིངས་ལ། ནཌ་ཀི་དག་གོ་ཞེས་པས་ཀི་རྐྱེན་དུ་བྱིན། བྱིངས་མཐའི་ཨི་ནི། ཨིཏྲ་འགྲོ་བ་ལས་མུམའོ་ཞེ་པའི་དོན་ཏེ་ཕྱིས། ཕུལ་དུ་བྱུང་བའི་ཡི་གེ་རྣམ་པར་འགྱུར་ཏེ་ཞེས་པས་བ་ཡིག་པར་བསྒྱུར། རྐྱེན་གྱི་ཀ་ཡོན་ཏན་འགོག་པའི་དོན་ཏེ་ཕྱིས་དྲངས་པས་ཨ་བི་ཡང་། རྀ་ཤྀ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞགཡ་ཏྲ་དག་གོ་ཞེས་པས་རྐྱེན་ཨ་བྱིན། བྱིངས་མཐའི་ཨི་ནི་གང་ཞིག་ཨིཏ་ཀྱི་མིང་ཅན་དེ་ནི་དབྱི་འོས་ཕྱིས།  ཨུ་པ་དྷ་ཐུང་ངུའི་འོ་ཞེས་པས་བྱིངས་རྀ་རང་གི་ཡོན་ཏན་ཨ་རྲ་དུ་སོང་དྲངས་པས་ཨརྵ། ད་ལ་སི་བྱིན། ཨཏྲ་ལས་ཨམྲ་འོས་སི་ཨམྲ། ཨམྲ་ཤསྲ་དག་གི་ཨའོས་ཨམྲ་གྱི་ཨ་ཕྱིས། མ་ནི་རྗེས་སུ་ང་རོ་འོས་མྲ་རྗེས་སུ་ང་རོར་བྱས་པ་ཨརྵཾ་གཙུག་ལག་སྟེ་དྲང་སྲོང་བཀའ། ཨ་ཎི་འགྲོ་བ་ལའོ་ཞེས་པའི་བྱིངས་བཞགཨུ་ཎ་ལ་སོགས་པ་ནི་རྟག་ཏུ་འོས། བྱིངས་གོང་གསལ་ལ་ཀྟ་ཀྟ་བ་ཏུ་འོས་ཀྟ་བྱིན། ཀ་ནི་ཨུས་མ་ཡིན་པའི་ཀིཏྲ་དིཏྲ་ལའོ་ཞེས་པའི་དོན་ཏེ་ཕྱིས། བྱིངས་ཀྱི་རྗེས་འབྲེལ་ཎ་ནི། ཨ་ནུ་དཱཏྟ་དིཏྲ་དག་གི་ཨཱཏའོ་ཞེས་པ་ལྟར་བདག་དོན་གྱི་བྱུངས་ཀྱི་མཚན་མ་ཡིན་པས་ཕྱིས། པ་ཙ་ལས་བ་འོས་ཀྟའི་ཏ་བར་བསྒྱུར། བ་ནི་ཀ་ང་འགྲོ་བ་ཡིན་པས་བྱིངས་ལ་ཡོན་ཏན་མ་ཐོབ་པས་ཨི་བ་བཞི་ནི། པྲཱ་རབ་ཏུ་རྫོགས་པར་བྱེད་པ་ལའོ་ཞེས་པའི་བྱིངས་བཞགཀྟི་འོས་ཀྟི་བྱིན། ཀ་ནི་ཨིཏྲ་ཡིན་ཏེ།  གང་ཞིག་ཨིཏྲ་ཀྱི་མིང་ཅན་དེ་ནི་དབྱི་འོས་ཕྱིས། ངེས་པའི་ཚིག་ལས་ཡི་གེ་ཉམས་པ་ཡོད་དོ་ཞེས་པས་བྱིངས་མཐའི་ཨཱ་རིང་ཆ་ཉམས་པར་བྱས་པ་པྲ་ཏི། ཡོངས་གྲགས་སོ་སོ། ཨུཥུ་འདོད་པ་ལའོ་ཞེས་པའི་བྱིངས་བཞག། ཆོག་འབྱུང་ལིང་གི་ཡཱཏྲ་བྱིན། བྱེད་པ་པོ་ལ་ཨཔ་འོས་པར་དུ་ཨཔྲ། ཨཔྲ་ཀྱི་པ་ནི། ནུ་དང་ཨུའཾ་པ་ལའོ་ཞེས་དང་གཉིས་ལས་བྱིངས་པ་འགྲོ་བ་ལ་ཨུ་པ་དྷཱའི་ཡོན་ཏན་ནོ་ཞེས་པའི་དོན་ཡིན་པས་ཕྱིས། འདིར་ཡོན་ཏན་མི་དགོས་ཏེ་ཧ་སའི་མཐའ་ཅན་ཡུན་པས་སོ། །བྱིངས་མཐའི་ཨུ་ནི། གང་ཞིག་ཨིཏྲ་ཀྱི་མིང་ཅན་དེ་ནི་དབྱིའོ་ཞེས་པས་ཕྱིས། གམྲ་རྣམས་ཀྱི་ཚའོ་ཞེས་པས་ཥ་ཚར་བསྒྱུར། ཚ་ཡིའོ་ཞེས་པས་ཚ་གཉིས་སུ་སོང་། ཁ་ས་ལ་ཛྷ་ཐ་རྣམས་ཀྱི་ཙ་པ་འོས་ཚ་གོང་མ་ཙར་བསྒྱུར། ཨ་ལ་ཡའི་འོ་ཞེས་པས་ཡཱཏྲ་ཀྱི་ཡཱ་ཨཱི་རུ་སོང་། ཨ་ཨི་ལ་ཨེའི་ཞེས་པས་ཨ་དང་ཨཱི་གཉིས་དྲིལ་ཏེ་ཨེར་བསྒྱུར་དྲངས་པ་ཨི་ཙྪེཏྲེ། གོང་གི་པྲ་ཏི་དང་སྦྱར་བས་པྲ་ཏཱི་ཙྪེ་ཏྲ་བླང་བར་གྱིས་སམ་ཨིཙྪ་འདོད་ཡཱཏྲ་རིགས་ལྟ་བུ། དེ་ལ་ཐད་འགྱུར་དབང་བཏང་ན། གང་ཞིག་རྣམ་པར་གཡེང་མེད་ཡིད་ཅན་གྱིས་བཤད་པ། སྟོན་པ་གཅིག་པུ་རྒྱལ་བས་ཤིན་ཏུ་བསྟན་པ་ཡི། །ཐར་པ་ཐོབ་བྱེད་ཚོགས་དང་ཇི་ལྟ་བཞིན་མཐུན་པ། དེ་ཡང་གཙུག་ལག་བཞིན་དུ་སྤྱི་བོར་བླང་བར་གྱིས་ལྟ་བུའང་འབྱུང་སྟེ་ལོ་ཙཱ་བས་དོན་འགྱུར་ལུགས་སུ་བཀྲལ་བ་དང་བཅས་པ། ཡཾ་ཏྶྱ་ད་བི་ཀྵི་པྟ་མ་ནོ་བྷི་རུ་ཀྟ་ཤཱ་སྟཱ་ར་མི་ཀཾ་ཛི་ན་མུདྡཾ་ཤཾ་དྦྷཿདབང་བོ་རྡོ་རྗེ། མོ་ཀྵཱ་པྟི་སཾ་བྷཱ་ར་ཡ་ཐཱ་ཉ་ནུ་གཱུ་ལཾ་མཱུ་རྡྷ་ཏ་ད་པྱ་རྵི་མི་པ་བྲ་ཏཱི་ཙྪ་ཏྲ། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གིདབང་བྱས་རྣམ་གཡེང་མེད་ཡིང་ཅན་གྱིས་བཤད།  ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། བསྟན་བཅོས་གང་ཞིག་རྒྱལ་བས་སྟོན་པའམ་གསུངས་པའི་ལུང་འབའ་ཞིག་གི་དབང་དུ་བྱས་ནས་དོན་དེ་བརྗོད་ཀྱིས། །རང་གི་རིག་པ་དང་ལྡན་པའི་སྤོབས་པས་བརྗོད་པ་མ་ཡིན་ལ། འོན་ཀྱང་སྟོན་པའི་ལུགས་ལྟར་ཡིན་ནམ། ཕྱི་རོལ་དབང་ཕྱུག་ལ་སོགས་པས་བྱས་པའི་ལུགས་ལྟར་ཡིན་ནམ་སྙམ་པའི་ཕྱི་རོལ་པའི་ལུགས་ལ་སེམས་སམ་རྩོམ་པ་པོའི་གཞན་ལ་ཀུན་སློང་གི་ཁྱད་པར་དང་རང་ཉིད་ལ་རྙེད་པ་བཀུར་སྟི་དང་གྲགས་པ་ལ་བལྟ་བ་སོགས་འདུ་འཛིའི་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཤད་པ། གང་གི་ཚེ་དེའི་དོན་ཙམ་དང་མཐོ་རིས་ཀྱི་དོན་ཙམ་སྟོན་པ་མ་ཡིན་པར་ཐར་པ་མྱང་འདས་ཀྱི་ས་ཐོབ་པའི་ལམ་དང་རྗེས་སུ་མཐུན་པར་བསྟན་པ་གང་ཡིན་པ་དེ་ཡང་དྲང་སྲོང་གི་བཀའ་སྟེ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཞིན་སྤྱི་བོར་བླང་ཤིང་བཟུང་བར་བྱའོ། །

 

བསྟན་བཅོས་ཀྱི་ངེས་ཚིག

གཉིས་པ་ངེས་ཚིག་ནི་བྱིངས་སྒྲུབ་ཀྱི་དབང་སོང་ན། ཤཱསུ་རྗེས་སུ་སྟོན་པ་ལའོའི་བྱིངས་ལ་ཨི་མན་ཏྲ་ཨ་སུ་ཀའོ་ཞེས་པའི་ཏྲ་བྱིན་བྱིངས་མཐའི་ཨུ་བརྗོད་དོན་གྱིས་དྲངས་པས་ཤཱསྟ་བསྟན་བཅོས་སུ་བཤད་པ་ཡོད་དེ། སྐབས་དོན་ཤཱསུ་རྗེས་སུ་སྟོན་པའི་བྱིངས་ལ། ཡུཊ་དག་གོས་ཡུ་བྱིན། ཡུ་བུ་དག་གི་ཨན་ཨ་ཀ་དག་གོས་ཡུ་ཨི་ནར་བསྒྱུར། སུའི་ཨུ་རྗེས་འབྲེལ་ཕྱིས་དྲངས་པས་ཤཱས་ན་སྟེ་བསྟན་པའམ་འཆོས་པ་སྟེ་ཉོན་མོངས་པ་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏྲ་ཡ་སྐྱོབ་པར་བཤད་པའང་ཡོད་དེ་ཏྲི་རྐྱལ་བ་དང་སྒྲོལ་བ་ལའོའི་བྱིངས་ལའང་བཤད་མ་ཁད་པའི་ཡུ་བྱིན་པ་དེ་ཨ་ནར་བསྒྱུར། ཡོན་ཏན་ནོས་རྀ་ཡོན་ཏན་གྱི་ཏར་ཨན་དང་མཚམས་སྦྱར། ཥ་རིར་ལས་མཐའ་མ་ཡིན་པའི་ནའི་ཎའོས། ན་ཎར་བསྒྱུར་བས་ཏར་ཎ་སྟེ་འབྲས་བུ་སྲིད་པའི་སྡུག་བསྔལ་ལས་སྒྲོལ་བའམ་སྐྱོབས་པས་དེ་དག་རྣམས། ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་པར་བྱ་དང་། གཞན་ཡང་གཉིས་ཏེ་ཡི་གེ་རྣམ་འགྱུར་ཉམས་སོགས་ཀྱི་བྱིངས་མཐའ་སོགས་དབྱངས་རྣམས་དང་ཎི་ཕྱིས་སྲོག་ཨ་བཞག ཤསྲ་ཏྲརུ་ཨ་ཞེས་གནས་པར་དབྱངས་ཀྱིས་དམན་པའི་ཕ་རོལ་ཏུ་ཡང་དག་པར་སྦྱར་རོ་ཞེས་རིམ་པར་དྲངས་པས་ཤཱསྟར་ཞེས་འགྲུབ། རྣམ་བཤད་རིག་པའི་ལེའུ་ལྔ་པར་། སངས་རྒྱས་ཀྱི་གསུང་བསྟན་བཅོས་ཉིད་དུ་འཐད་དེ། ངེས་པའི་ཚིགས་ཏུ་འཆོས་པ་དང་སྐྱོབ་པར་བྱེད་པས་དེའི་ཕྱིར་བསྟན་བཅོས་ཏེ།  ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས་འཆོས་པ་དང་། སྐྱོབ་པའི་ཡོན་ཏན་གྱི་ཕྱིར་ཡང་དོན་བཟུང་པ་ལ་འབད་པ་དང་ལྡན་པར་བྱའོ། ཞེས་བྱུང་ཞིང་། ཕུང་བོ་ལྔའི་རྣམ་པར་འགྲེལ་བ་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཀྱིས་མཛད་པ་ཡེ་ཤེས་སྡེའི་འགྱུར་ལས། འདིར་བསྟན་བཅོས་སུ་འདོད་པ་གང་ཞེ་ན། དེའི་དོན་གྱི་ཡི་གེའི་རྣམས་པ་དང་། སྒྲའི་སྤྱི་སྟེ་མི་ལྡན་པའི་འདུ་བྱེད་དང་སྦྱར་རོ། །ངེས་པའི་ཚིག་གི་ཚུལ་དུ་ན་ཉོན་མོངས་པའི་དགྲ་བཅོམ་པ་དང་། ངན་འགྲོ་དང་སྲིད་པའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཏེ། དེ་ལྟ་ཡིན་པས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་རབ་ཏུ་བསྟན་པར་འགྱུར་རོ་ཞེས་བརྗོད་པར་འགྱུར་རོ། །ངན་འགྲོ་ལས་སྐྱོབ་པས་ནི་མངོན་པར་མཐོ་བ་རབ་ཏུ་བསྟན་པར་འགྱུར་རོ། །ཉོན་མོངས་པའི་དགྲ་བཅོམ་པ་དང་སྲིད་པ་ལས་སྐྱོབ་པས་ནི་ངེས་པར་ལེགས་པ་རབ་ཏུ་བསྟན་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ཡང་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་བརྗོད་པ་ལྟ་བུའོ། ཞེས་རྣམ་བཤད་རིག་པའི་ལུང་དང་མཐུན་པ་འདུག་པ་དབྱིག་གཉེན་གྱིས་འཕགས་པ་ལྷའི་གསུང་འདྲེན་པ་མཛད་དམ། ཕྱི་མ་འདི་འགྱུར་དང་ཡི་གེའི་སྐྱོན་གང་རུང་ཡིན་ནམ་སྙམ་པ་ལྟར་བཀའ་དང་བསྟན་བཅོས་མི་འགལ་བར་བསྟན་པ་དང་། །

 

བསྟན་བཅོས་ཀྱི་དབྱེ་བ།

གསུམ་པ་དབྱེ་བ་ལ། མཆོག་དམན། བྱེད་ལས། བརྗོད་བྱ། བཤད་བྱ་བཀའ་རྣམས་ཀྱི་སྒོ་ནས་དང་། བསྟན་བཅོས་ཀྱི་རིགས་བསྡུ་བ་སྟེ་ལྔ་ལས། དང་པོ་ནི། སློབ་དཔོན་ཐོགས་མེད་ཀྱིས་ས་སྡེའི་ནང་ཚན་ས་གཏན་ལ་དབབ་པ་བམ་པོ་ཉེར་གཉིས་པ་ལས། བསྟན་བཅོས་ནི་གསུམ་སྟེ། ཐོས་པ་ལྷུར་ལེན་པའི་བསྟན་བཅོས་དང་། རྩོད་པ་ལྷུར་ལེན་པའི་བསྟན་བཅོས་དང་། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་སོ། །དེ་ལ་ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། །བྲམ་ཟེའི་གསང་ཚིག་རྣམས་སོ། །རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་རྣམས་ཀྱི་གཏན་ཚིགས་ཀྱི་བསྟན་བཅོས་སོ། དེ་ལ་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་བཀའོ། གཞན་ཡང་བསྟན་བཅོས་གསུམ་སྟེ། དོན་མེད་པའི་བསྟན་བཅོས་དང་། དོན་ལོག་པའི་བསྟན་བཅོས་དང་། དོན་དམ་པའི་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། གཞན་ཡང་བསྟན་བཅོས་གསུམ་སྟེ། ངན་གཡོའི་བསྟན་བཅོས་དང་།  སྙིང་བོ་མེད་པའི་བསྟན་བཅོས་དང་། སྡུག་བསྔལ་ལས་ངེས་པར་འབྱུང་བའི་བསྟན་བཅོས་སོ། དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་བར་རིག་པར་བྱའོ། །ཞེས་གསུངས་པའི་དོན་སྔོན་གྱི་མཁས་པས་བསྡེབས་ཤིང་བཀྲལ་བ་བོད་རྩོམས་རྣམས་སུ་འདྲེན་རྒྱུན་ལྟར་ན། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་མེད་སྡུག་བསྔལ་སྤོང་། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་བྱ་རོག་གི་སོ་བརྟག་པ་ལྟ་བུ་དོན་མེད་པའི་བསྟན་བཅོས། མཐོ་རིས་ཀྱི་ཐབས་སུ་སྲོག་གཅོད་པའི་མཆོད་སྦྱིན་ལྟ་བུ་དོན་ལོག་པ། ཕུང་ཁམས་སྐྱེ་མཆེད་རྫོགས་པར་སྟོན་པ་མངོན་པ་མཛོད་ལྟ་བུ་དོན་དང་ལྡན་པ། སྒྱུ་མ་དང་མིག་འཕྲུལ་གྱི་ཐབས་སྟོན་པ་ལྟབུ་ངན་གཡོ། ངལ་ཞིང་དུབ་པ་ལུས་ལ་མེ་ལྔ་བསྟེན་པའི་བསྟན་བཅོས་ལྟ་བུ་སྙིང་པོ་མེད་པ། བྱམས་པའི་ཆོས་ལྔ་ལྟ་བུ་སྡུག་བསྔལ་སྤོང་བ། ཉན་ཐོས་སེནྡེ་པའི་བསྟན་བཅོས་ལྟ་བུ་ཐོས་པ་ལྷུར་ལེན་པ། རྟོག་གེའི་ཚིག་དོན་བརྒྱད་ལྟ་བུ་རྩོད་པ་ལྷུར་ལེན། སྤྱོད་འཇུག་ལྟ་བུ་སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་ཏེ། དོན་ལྡན་སྡུག་བསྔལ་སྤོང་བ་སྒྲུབ་པ་ལྷུར་ལེན་གསུམ་མཆོག་དང་གཞན་དྲུག་པོ་དམན་པ་བསྟན་བཅོས་ལྟར་སྣང་དུ་བཞེད། གཉིས་པ་བྱེད་ལས་ཀྱིས་དབྱེ་ན། བཀའ་རྒྱ་ཆེན་པོ་སྡུད་པ་སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་ལྟ་བུ། ཟབ་མོ་རྣམ་པར་འབྱེད་པ་རྒྱལ་བ་བྱམས་པའི་མངོན་རྟོགས་རྒྱན་ལྟ་བུ། འཁྲུགས་པ་སྡེབ་པའི་བསྟན་བཅོས་མདོ་སྡེ་རྒྱན་ནམ་བསླབ་བཏུས་ལྟ་བུ། གསུམ་པ་བརྗོད་བྱའི་སྒོ་ནས་དབྱེ་བ་ལ། ཤེས་བྱ་ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ། ཐར་བ་དང་ཐམས་ཅད་མཁྱེན་པ་སྟོན་པ་གསུམ་ལས། དང་པོ་ལའང་ཕལ་པ་དང་ཁྱད་པར་ཅན་གཉིས་ཀྱི་དང་པོ་ནི། བརྟག་པ་བརྒྱད་དམ་བཅོ་བརྒྱད་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་རྣམས་དང་།  རིག་གནས་ལྔ་སྟོན་བྱེད་ཀྱི་བསྟན་བཅོས་ཏེ་གཉིས་སུ་བཤད། གཉིས་པ་ཤེས་བྱ་ཇི་ལྟ་བ་སྟོན་བྱེད་ནི། བདེན་བཞི་རྣམ་པ་བཅུ་དྲུག་ཏུ་སྟོན་པའམ། གཟུང་འཛིན་གཉིས་མེད་ཀྱི་དོན་སྟོན་པའམ། རང་བཞིན་མེད་པའི་བདེན་པ་སྟོན་པ་སྟེ་རྣམ་ངེས་དང་སུམ་ཅུ་པ་དང་དབུ་མ་རྒྱན་ལྟ་བུའོ། །གསུམ་པ་ཐར་བ་དང་ཐམས་ཅད་མཁྱེན་པ་སྟོན་བྱེད་ནི་སྤྱོད་འཇུག་ལྟ་བུའོ། །བཞི་པ་བཤད་བྱ་བཀའི་སྒོ་ནས་དབྱེ་ན། བཀའ་སྤྱིའི་དགོངས་འགྲེལ་དང་། བྱེ་བྲག་གི་དགོངས་འགྲེལ་གཉིས་ལས། དང་པོ་ནི། བཀའ་སྤྱིའི་ཚིག་གི་ཆ་གསལ་བར་བྱེད་པ་ལ་སྒྲ་དང་། དོན་གྱི་ཆ་གསལ་བར་བྱེད་པ་ཚད་མ་ལ་གྲགས་ཀྱང་། ཕྱི་རོལ་པའི་སྒྲ་ཚད་སོགས་ཀྱིས་མ་ངེས་པའི་ཕྱིར་རོ། །གཉིས་པ་བཀའ་བྱེ་བྲག་གི་དགོངས་འགྲེལ་ལ་གསུམ་ལས། འཁོར་ལོ་དང་པོའི་ལྟ་བའི་ཆ་གསལ་བར་བྱེད་པ་ཁ་ཆེ་བྱེ་བྲག་སྨྲས་བ་བཀའ་དང་མདོ་སྡེ་བའི་བསྟན་བཅོས་སུ་བཞེད་པ་མངོན་པ་སྡེ་བདུན། དེ་དག་གི་དོན་བསྡུས་བྱེ་བྲག་བཤད་མཛོད་ཆེན་མོ། དེ་ལས་ཀྱང་བསྡུས་པ་དབྱིག་གཉེན་གྱི་མཛོད་ལྟ་བུ། གཉིས་པ་སྤྱོད་པའི་ཆ་སལ་བར་བྱེད་པ། གཞི་བཅུ་བདུན་གྱི་རབ་བྱུང་གི་གཞི་དང་པོར་བསྟན་ནས་རྣམ་འབྱེད་དང་གཞི་བཅུ་དྲུག་སྟོན་པ་གཞིར་བྱས་པ་ལ། གཞུང་དམ་པའི་ཞུ་བ་འདུལ་བྱེད་སོགས་དང་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྣམས་ཇི་ལྟར་རིག་པར་སྦྱར་བ་མདོ་རྩ་དང་།  རྣམ་འབྱེད་གཞིར་བཞག་ནས་གཞན་ཇི་ལྟར་རིག་པར་སྦྱར་བ་མེ་ཏོག་འཕྲེང་རྒྱུད་དང་སུམ་བརྒྱ་པ་ལྟ་བུའོ། །གཉིས་པ་བཀའ་བར་བའི་ལྟ་བའི་ཆ་གསལ་བར་བྱེད་པ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་པ་ལས། མདོ་ལས་དངོས་སུ་བརྗོད་པའི་དོན་ནམ་སྙིང་པོའི་དོན་སྟོན་པ་དབུ་མ་རྩ་བ་ཤེས་རབ་དེའི་རབ་བྱེད་དང་པོ་ལས་འཕྲོས་པ་རྩོད་བཟློགབདུན་པ་ལས་འཕྲོད་པ་སྟོང་ཉིད་བདུན་ཅུ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་བ། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་རིགས་ཚོགས་ལྔ་རྩོད་མེད་ཀྱི་སྟེང་།  སྔ་རབས་རྣམས་ཐ་སྙད་གྲུབ་པ་དང་རིན་ཆེན་འཕྲེང་བ་ག་ལས་འཇིགས་མེད་གསུམ་གང་རུང་དུ་སྦྱར་བའི་སོ་སོའི་བཞེད་པའི་རིགས་ཚོགས་དྲུག་འདྲེན་པ་དང་། མཐའ་དག་བགྲངས་ན་རིགས་ཚོགས་བརྒྱད་དུའང་བཞེད་དགོས་པ་ལྟ་བུ་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས་སྔ་རྩོམ་གསེར་ཕྲེང་དུ་སྔ་རབས་ཀྱི་བཞེད་པ་བཞིན་མཛད་ནའང་། ཕྱིས་རྩོམས་རིག་པའི་རྒྱ་མཚོར་རིན་ཆེན་འཕྲེང་བ་བསྣན་པའི་ཡོངས་གྲགས་དྲུག་ཏུ་བཞེད་པ་དང་། ཤུགས་བསྟན་གྱི་དོན་ནམ་མངོན་པར་རྟོག་པའི་དོན་གཙོ་བོར་དངོས་པོ་བརྒྱད་ཀྱི་སྒོ་ནས་སྟོན་པ་མངོན་རྟོགས་རྒྱན་ལྟ་བུའོ། །སྤྱོད་པའི་ཆ་གསལ་བར་བྱེད་པ། མདོ་ཀུན་ལས་བཏུས་དང་སྒོམ་རིམ་ལ་སོགས་པ་ལྟ་བུའོ། གསུམ་པ་བཀའ་ཐ་མའི་ཆ་གསལ་བར་བྱེད་པ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་བ་ཐོགས་མེད་ཀྱིས་མཛད་པ། བློ་གྲོས་མི་ཟད་པའི་མདོ་འགྲེལ་དབྱིག་གཉེན་གྱིས་མཛད་པ། སངས་རྒྱས་ཀྱི་སའི་རྣམ་བཞག་ངང་ཚུལ་བཟང་པོས་མཛད་པ།  དཀོན་བརྩེགས་འོད་སྲུངས་ལེའུའི་རྣམ་བཤད་བློ་བརྟན་པའི་ཆ་ཙམ་སྟོན་པ་དང་། རགས་པའི་དུས་བྱམས་པ་དང་འབྲེལ་པའི་ཆོས་སྡེ་རྣམས་ཐེག་ཆེན་ཐམས་ཅད་ཀྱི་དགོངས་པ་འགྲེལ་ཞིང་འཁོར་ལོ་གསུམ་པའི་དོན་གཙོ་བོར་སྟོན་པ་ཙམ་ལ་བརྟེན་ནས་འཁྱོག་བཤད་ཀྱི་རིགས་སྣང་ཡང་། མངོན་རྟོགས་རྒྱན་ནི་ཞིབ་ཆའི་དུས་ནམ་ཡང་འཁོར་ལོ་བར་བ་ལས་མ་འདས་སོ། །ལྔ་པ་བསྟན་བཅོས་ཀྱི་རིགས་བསྡུ་བ་ལ་གསུམ་སྟེ་བཀའ་ལ་བརྟེན་པ་དང་། མི་བརྟེན་པ། བཀའ་བསྟན་གྱི་ཁྱད་པར་བཤད་པའོ། །དང་པོ་ལ། བཀའ་ཉིད་ལ་འགྲེལ་བ་བཏབ་པ་དང་། བཀའི་དོན་རྒྱུད་དུ་བརྩམས་པ་གཉིས། དང་པོ་ལ། ཚིག་གི་ཆ་དོན་གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུའི་དཀའ་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་བ་ལྟ་བུའི་ཚིག་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་ལྟ་བུའི་བསྡུས་དོན་གྱི་འགྲེལ། ངག་དོན་དྲིལ་ནས་སྟོན་པ་ངག་དོན་གྱི་འགྲེལ་བ། ཚིག་དོན་གཉི་ག་རྒྱ་ཆེར་འགྲེལ་བ་སོ་སོ་ཐར་བའི་འགྲེལ་བ་བམ་པོ་ལྔ་བཅུ་པ་ལྟ་བུའི་རྒྱ་ཆེར་འགྲེལ་བ་དང་ལྔར་འདུས།  གཉིས་པ་བཀའི་དོན་རང་རྒྱུད་དུ་བརྩམས་པ་ལ། བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་མངོན་རྟོགས་རྒྱན་ནམ་མདོ་རྩ་ལྟ་བུ། ཐོར་བུ་སྟོན་པ་དགེ་ཚུལ་གྱི་ཀ་རི་ཀ་ལྟ་བུ། བཀའ་མང་པོའི་དོན་སྟོན་པ་བསླབ་བཏུས་དང་བཤེས་སྤྲིང་ལྟ་བུ། སྤྱིར་གྱི་འགྲེལ་བ་ཙམ་དང་། བཤད་པ་དང་། རྣམ་བཤད་དང་། བཤད་སྦྱར་དང་། དོན་བསྡུས་དང་། དཀའ་འགྲེལ་དང་། རྒྱ་ཆེར་འགྲེལ་དང་། ལེགས་པར་སྦྱར་བ་དང་། རྣམས་པར་ཕྱེ་བ་ལ་སོགས་ཏེ་མིང་གིས་དབྱེ་བ་མང་དུ་འབྱུང་ལ། དེའི་ཁོངས་ནས་བསྟན་བཅོས་ཡང་དག་དང་ལྟར་སྣང་གི་ཁྱད་པར་ཤེས་པར་བྱ་ཞིང་། གཉིས་པ་བཀའ་ལ་མི་བརྟེན་པའི་བསྟན་བཅོས་ནི། ཐུན་མོང་བའི་དུས་སྒྲ་ཚད་དུ་བཞེད་ནའང་། ཐུན་མོང་མིན་པར་ཚད་མ་ལ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བའི་དགོངས་པ་སོགས་སྒྲ་ཚད་གཉི་ག་ལ་དོན་གྱི་བཀར་མི་བཞེད་པ་དཀའ་གཤིས་དཔེར་བརྗོད་ཙམ་དུ་སྙན་ངག་མེ་ལོང་དང་ཟློས་གར་ལྟ་བུའོ། །གསུམ་པ་ཁྱད་པར་ནི། སངས་རྒྱས་ཀྱིས་དངོས་སུ་གསུངས་པ་ལྟ་ཅི་སྨོས། བདག་རྐྱེན་ཙམ་མཛད་ནས་འཁོར་གྱིས་སྤོབས་པ་བསྐྱེད་དེ་བཤད་པ་དང་། འདི་ལྟར་གྱིས་ཞེས་གདམས་པ་རྣམས་བཀའ་ཡིན་ཞིང་། དེ་ལས་གཞན་པ་རྣམས་བསྟན་བཅོས་ཡིན་ལ། དེ་དག་རྩོམ་པ་ལ་ཐེག་ཆེན་གྱི་དབང་དུ་བཏང་ན། འཕགས་པ་ཐོགས་མེད་ཀྱིས་ས་གཏན་ལ་དབབ་པ་བམ་པོ་ཉེར་གཉིས་པར།  བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པས་རྒྱུ་རྣམ་པ་དྲུག་གིས་བསྟན་བཅོས་ཉེ་བར་སྦྱར་བར་འོས་པ་ཡིན་ཏེ། ཆོས་ཀྱི་དོན་མང་དུ་བྱས་པར་འགྱུར་རོ་སྙམ་པ་དང་། སེམས་ཅན་རྣམས་ལ་མོས་པ་སྣ་ཚོགས་ཡོད་པའི་ཕྱིར་དེ་དག་ཁ་ཅིག་འདིས་འཇུག་པར་འགྱུར་རོ་སྙམ་པ་དང་། དོན་ཉམས་པ་རྣམས་རབ་ཏུ་དབྱེ་བར་བྱའོ་སྙམ་པ་དང་། དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པས་སོ། །ཞེས་རྒྱུ་བསམ་པའི་ཁྱད་པར་དྲུག་དང་། དེ་ཉིད་ལས། བསྟན་བཅོས་ཉེ་བར་སྦྱོར་བར་འདོད་པས་བདག་ཉིད་ཡོན་ཏན་བཞི་དང་སྦྱར་ནས་བསྟན་བཅོས་ཉེ་བར་རྩོམ་པར་བྱ་སྟེ། སྔོན་གྱི་སློབ་དཔོན་རྣམས་ལ་ང་རྒྱལ་མི་བྱེད་པ་དང་། སེམས་ཅན་རྣམས་ལ་སྙིང་རྗེ་བ་དང་། ཆོས་མཐུན་པ་རྣམས་ལ་བྱམས་པ་དང་། བདག་ཉིད་མི་སྒྲོག་པའོ། །ཞེས་བསྟན་བཅོས་རྩོམ་པ་པོར་ཡོན་ཏན་བཞི་ཚང་དགོས་པ་དང། ཐ་སྙད་མཁན་པོའི་དབང་བཏང་ན། སློབ་དཔོན་དབྱུག་པ་ཅན་གྱིས། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་དང་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་པ་འདི་ལ་མཆོག་དམན་ནམ་སྒྲ་ཡངས་དོག་གཉིས་ཀྱི་ཡངས་པའི་དབང་བཏང་ན། སྐྱེ་བ་གོང་མ་གཞན་དུ་རྒྱལ་བའི་གསུང་རབ་ཕྱི་ནང་རིག་པའི་གནས་རྣམས་ལ་གོམས་པ་སྔོན་དུ་བྱས་པའི་མཐུ་ཡོངས་སུ་སད་པའི་བག་ཆགས་ཀྱིས་ཚེ་འདིར་རང་བཞིན་གྱིས་གྲུབ་པའི་སྤོབས་པ་སྟེ་སྐྱེ་བས་ཐོབ་པའི་ཤེས་རབ་ཟབ་མོ་དང་།  བྱེ་བྲག་སྤྱིར་གོང་ལྟར་དང་ཁྱད་པར་རིག་གཞུང་འདི་གའི་གཞུང་དང་བསྟན་བཅོས་ཀྱི་ཚོགས་དེ་དང་འབྲེལ་བའི་སྔོན་གྱི་གཏམ་རྒྱུད་མིང་གི་མངོན་བརྗོད་ལ་སོགས་པ་ལེགས་བཤད་ཀྱི་ཚོགས་མང་དུ་ཐོས་པ་དེས་ཀྱང་མི་ཆོག་པར་ཐེ་ཚོམ་གྱི་དྲི་མ་མེད་པ། དེ་སེམས་པ་དང་གོམས་པ་ལ་མངོན་པར་སྦྱོར་བའི་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་མི་དམན་པ་སྟེ་གསུམ་ནི་སྐབས་དོན་སྙན་ངག་དང་གཞུང་ལུགས་གང་གིའང་རིག་ཚུལ་ཕུན་སུམ་ཚོགས་པ་རྒྱུད་ལ་བསྐྲུན་པའི་རྒྱུར་བཤད་པ་དང་། གསོ་བ་རིག་པ་འདི་དང་གསང་སྔགས་བླ་ན་མེད་པའི་ལུགས་ལ། ཁ་ཆེའི་པཎྜི་ཏ་ཟླ་དགའི་ཟླ་ཟེར་དུ། བླ་མའི་ལུང་དང་ཡང་དག་དོན། །གསལ་བར་རྟོགས་ནས་རྩོམ་པར་བྱ། །ཞེས་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། དཔལ་ལྡན་དྲི་མེད་ལྷ་ཡིས་ནི། །ཡིད་ནི་རྣམ་པར་དྲངས་པས་ན། །ཞེས་འབྲིང་ཡི་དམ་ལྷའི་གནང་བ་ཐོབ་པ་སོགས་དང་། ཐ་མ་དབང་ལུང་ལག་འཁྲིད་སོགས་བརྒྱུད་པའི་ཆུ་བོ་མ་ཆད་ཅིང་རང་བསྒྲུབ་ཕྱོགས་ཀྱི་ཤེས་བྱ་དང་དགག་བཞག་སྤོང་བར་མཁས་ལ། ལུང་ལ་འདྲིས་པ་དང་སྒྲ་ཚད་སྙན་ངག་ལ་བྱང་ཆུབ་པས་བསྟན་བཅོས་རྩོམ་རུང་བར་གསུངས། །

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:54 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།