སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།

- བྱམས་པ་འཕྲིན་ལས།
 

ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ་ནི། རབ་བྱུང་བཅོ་ལྔ་པའི་མེ་རྟ་(སྤྱི་ལོ་ 1906) ལོ་ལྷོ་ཁ་གྲ་ནང་རྫོང་གྲ་ཕྱི་ཆུས་ཆུ་ཕྲན་ཤང་། རྟ་གྲོགས་ཤར་ཞེས་པར་ཡབ་བཀྲ་ཤིས་དབང་འདུད་དང་། ཡུམ་གཡུ་སྒྲོན་ཞེས་པའི་རིགས་མྱུག་ཏུ་འཁྲུངས།
 

ཆུང་དུས་ཀྱི་མཚན་ལ་རྣམས་རྒྱལ་དོན་གྲུབ་ཞུ་ཞིང་། ཡབ་སྔ་ས་ནས་སྐུ་ཚེ་མ་ཟིན་པས་སྐུ་མཆེད་ཨ་ཁུ་ལགས་ཞེས་པ་ལྷ་ས་བསྟན་རྒྱས་གླིང་བར་ཐབ་ཅེས་པའི་ནང་བཞུགས་སྐབས་ཡོན་ཀྲང་མཁྱེན་རབ་ནོར་བུ་མཆོག་ལ་རྟ་གྲོགས་ཤར་གྱི་བུ་བརྒྱུད་རྣམ་རྒྱལ་དོན་གྲུབ་འདི་བཞིན་བློ་རིག་བཀྲ་ཞིང་ལས་སྐལ་ལྡན་པ་ཞིག་ཡིན་ལ་ཡོན་ཀྲང་མཆོག་དང་སྐུ་མཆེད་ཀྱང་ཡིན་སྟབས་སྨན་རྩིས་ཁང་དུ་སློབ་གཉེར་བྱེད་རྒྱུར་ཐུགས་ཉར་གནང་རོགས་ཞེས་རེ་འདུན་ཞུས་པ་ལྟར་ཞལ་གྱིས་བཞེས། ཐོག་མར་སྨན་རྩིས་ཁང་གི་དྲུང་ཡིག་གནང་མཁན་ཚོས་མཛད་ལགས་ཞེས་པའི་རྩར་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་སློབ་སྦྱོང་གནང་བར་ངོ་སྤྲོད་མཛད། རིང་མིན་ལྷོ་ཁ་བྱམས་པ་གླིང་དགོན་པར་ཆོས་ཞུགས་ཐོག་མཚན་ལ་ཐུབ་བསྟན་ལྷུན་གྲུབ་དུ་གསོལ་ཏེ་སྨན་རྩིས་ཁང་འཛུགས་གྲབས་སྐབས་ཕེབས་པ་འདྲ། སྨན་རྩིས་ཁང་ལ་ཕེབས་ནས་སྔ་ཕྱིར་མཁས་དབང་མཁྱེན་རབ་ནོར་བུ་དང་། བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་། རྩིས་པའི་དགེ་རྒན་འཇམ་དཔལ་མཐུ་སྟོབས་ལགས། འབྲས་ལྗོངས་བླ་མ་ཨུ་རྒྱན་ལགས། འཇམ་དཔལ་རོལ་པའི་བློ་གྲོས་སོགས་མཁས་མང་ཞབས་ལ་གཏུགས་ནས་སྨན་རྩིས་གཉིས་ཀྱིས་དབུས་ཕྱི་ནང་རིག་གནས་སྐོར་ལ་བརྩོན་པ་དྲག་པོས་སློབ་སྦྱོང་གནང་བར་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་། ཐུབ་བསྟན་ལྷུན་གྲུབ་ཕྱག་བྲིས་ཡག་པོ་ཡོད་པ་དང་། རྩིས་རིག་དཀར་ནག་ལ་སྦྱངས་པ་ཆེ་བས་དང་ཐོག་སྐྱེས་སྐར་བརྟག་པའི་རྩིས་འབྲས་འདོད་རྒུའི་ཐུགས་འགན་བཞེས། དགུང་ལོ་བཅུ་བདུན་བཅོ་བརྒྱད་ཙམ་ལ་འབྲས་ལྗོངས་བླ་མ་ཨུ་རྒྱན་ལགས་ཞེས་པའི་དྲུང་ནས་གཡུ་ཐོག་སྙིང་ཐིག་གི་དབང་དང་། བླ་མ་འཇམ་རོལ་ལས་ཞྭ་དམར་ལམ་རིམ་སོགས་གསན་བཞེས་གནང་། སྐབས་དེ་ནས་བཟུང་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་ཐུགས་བརྩེ་སྔར་ལས་ཆེ་ཞིང་འབྱུང་འགྱུར་བརྒྱུད་འཛིན་ཡག་པོ་ཞིག་ཡོང་རྒྱུར་མ་འོངས་སྔོན་གཟིགས་ལྟ་བུར་གཙོ་གནད་ཀྱིས་གསོ་སྐྱོང་དང་སྐུའི་གམ་བཅར་བ་གནང་།
 

རྭ་སྒྲེང་རྒྱལ་ཐོག་སྐབས་སྨན་རྩིས་ཁང་ལ་གཟིགས་བསྐྱངས་ཤིན་ཏུ་ཆེ་བ་དང་། ཐུབ་བསྟན་ལྷུན་གྲུབ་མཆོག་ལ་རྩེ་དྲུང་ལས་ཚན་གནས་ལྔ་པའི་གོ་གནས་གསོལ་རས་བསྩལ། སྐབས་དེར་སྨན་རྩིས་སློབ་གྲྭ་གསར་རྒྱག་དང་། སློབ་མ་ཁ་སྣོན་བྱུང་བ་བཅས་ཀྱིས་སྨན་རྩིས་གཞུང་ལུགས་ཀྱི་སློབ་འཁྲིད་དང་། སྒོ་བསྟེན་སྨན་བཅོས། དེ་བཞིན་གཞུང་ཕྱོགས་ཀྱི་ཞབས་ཞུ་སོགས་གང་ཅིར་གཡས་གཞོགས་གཡོན་འདེགས་ཀྱིས་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་སྲི་ཞུ་མཛད། ལྷག་པར་ཁོང་རང་གི་ཁྱད་ཆོས་སྙན་སུམ་དང་། དག་ཡིག མངོན་བརྗོད། སྡེབ་སྦྱོར། མཚམས་སྦྱོར་ལྔ་པ། ལཉྩ་ཝརྟུ་བཅས་པ་སློབ་འཁྲིད་གནང་ཆེད་ཉིན་ལྟར་ཞོགས་པའི་བཀའ་འཁྲིད་གནང་བར་རྟག་ཏུ་ཕེབས་ཀྱི་ཡོད། དེ་རྗེས་སྟག་བྲག་རྒྱལ་ཐོག་སྐབས་ཐུབ་བསྟན་ལྷུན་གྲུབ་མཆོག་ལ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་སྐུའི་བླ་སྨན་དང་། མཁན་ཆུང་གི་གོ་གནས་བསྐོ་བཞག་བསྩལ་བ་སོགས་མུ་མཐུད་གཟིགས་བསྐྱངས་ཆེ།
 

དགུང་ལོ་ཞེ་དགུར་ཕེབས་སྐབས་ཏེ་ཤིང་རྟ་སྤྱི་ལོ་ 1954 ལོ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཆིབས་ཞབས་སུ་པེ་ཅིང་ལ་ཕེབས་ཤིང་། དེའི་ཕྱི་ལོ་ཤིང་ལུག་ (སྤྱི་ལོ་1955) ལོར་ལྷ་སར་ཕེབས་རྗེས་བསྙུན་གཞི་ལྕི་པོ་ཕོག་ནས་སྨན་བཅོས་ཇི་ལྟར་བྱས་རུང་དྲག་སྐྱེད་མ་བྱུང་བར་སྐུ་གཤེགས། དེ་འཕྲལ་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་ནས་དགོངས་རྫོགས་རྗེས་འཇུག་རྣམ་དཀར་རྒྱ་ཆེར་མཛད། སྔོན་ཆད་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་དགུང་ལོ་དར་མའི་སྐབས་སྨན་རྩིས་ཁང་གི་འགན་དབང་ཡོངས་རྫོགས་སྐུ་ངོ་མས་གནང་གི་ཡོད་ཀྱང་། རྗེས་སུ་སྐུ་ན་སྨིན་པར་བརྟེན་ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ་ཀྱིས་ཞིབ་ཕྲའི་ཕྱག་ལས་མཐའ་དག་འཕྱུག་སྐྱོན་མེད་པ་སློབ་དཔོན་བཀའ་ལྟར་ལེགས་གྲུབ་མཛད་པའི་ཁར་ཐུགས་གཤིས་ཧ་ཅང་སྒམ་པས་དགེ་སློབ་ཚོས་རང་ཤུགས་ཀྱིས་སྒྲིགས་ལམ་འཁུར་གྱི་ཡོད་ཀྱང་དམ་པ་དེ་སྐུ་ཚེ་འདས་རྗེས་བར་ཆད་ལྟ་བུས་སློབ་གྲྭའི་ནང་ཁུལ་འཐེན་འཁྱེར་བྱུང་བ་དང་། སློབ་དཔོན་མཁྱེན་རབ་ནོར་བུའི་སྤྱན་གཉིས་ཀར་སྐྱ་སྒྲིབ་སླེབས་པ་སོགས་ཧ་ཅང་ཡིད་སྐྱོའི་གནས་སུ་གྱར་དགོས་བྱུང་།
 

གོང་གསལ་ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ་ཅེས་པ་སྤྱིར་སྨན་རྩིས་གཉིས་དང་། ཡང་སྒོས་སྙན་སུམ་སོགས་ལ་ཕུལ་བྱུང་གི་སྦྱངས་འབྲས་ཐོན་པ་ནི་སྐུ་ཚེ་གཅིག་རིང་སློབ་དཔོན་ལ་མཉེས་པ་གསུམ་གྱི་ཞབས་ཏོག་འགྲུབ་པ་དང་། ཐ་ན་ཉིན་ལྟར་ཐོ་རེངས་བྱ་སྐད་གཉིས་པ་ཙམ་ལ་སློབ་དཔོན་མཁྱེན་རབ་ནོར་བུ་མཆོག་ལ་ཆབ་སྐོལ་ཞལ་དཀར་གང་རེ་མ་ཆག་པ་མཐར་བསྙུན་གཞི་ལྕི་བས་མ་གཤེགས་བར་འབུལ་གནང་མཛད་པ་དང་། །ཕྱོགས་མཚུངས་རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་པ་ལྟར་རིས་མེད་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་སྐུ་ཡོན་གསན་བཞེས་གནང་བ་ལས་བྱུང་བ་བཅས་ཇི་སྐད་དུ།
 

སྡུད་པ་ཚིགས་སུ་བཅད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་བྱུང་། །ཞེས་གསུངས་པ་ལྟར་ཡིན་ལགས།། །།
 

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།