སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གླེང་གཞི།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གླེང་གཞི།

ཞེས་དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཐུགས་བསྐྱེད་པར་བཤད་པ་དང་བསྟན་བཅོས་གང་ཡང་བླ་མ་དང་ལྷག་པའི་ལྷ་ལ་ཤིས་པ་བརྗོད་པས་དེའི་ཐུགས་རྗེས་བློ་གྲོས་བདེ་བླག་ཏུ་སྩོལ་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་དཎྜིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེ་པར་བསྟན་པ་དེ་ཡི་སྒོ། །ཞེས་པ་ལྟར་བླ་མ་དང་སྨན་རྒྱལ་བརྒྱུད་པའི་ཚོགས་ལ་ཤིས་པ་བརྗོད་ཅིང་ཆོས་བསྲུང་ལ་འཕྲིན་ལས་བསྐུལ་བ་དངོས་པོ་ངེས་པར་བསྟན་པ་དང་བཅས་ཤློ་ཀྲྀ་བསྡུས་པའི་བྱིངས་ལས་བསྒྲུབས་པའི་ཤོ་ལོ་ཀ་མཁའ་མེས་སྒོ་ཡངས་པར་ཕྱེ་ནས་རྗེ་བཙུན་བྱམས་པ་མགོན་པོའི་རྒྱུད་བླ་མ་སྐབས་ལྔ་པ་ལས།  དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཞེས་པ་ལྟར།  གླེང་བར་བྱ་བ་ནི།  ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་ཉེ་བར་བསྙེན་པའི་ལེའུ་དགུ་པ་ལས།  གལ་ཏེ་བྱང་ཆུབ་སེམས་དཔས་རིག་པའི་དངོས་པོ་ལྔ་སྔར་མ་བསླབས་ན། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར།  རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ནི་དྲིན་ཤེས་པ་དང་།  དྲིན་བསབ་པ་ནི་སེམས་ཅན་ལ་བཤད་པའི་དངོས་པོ་བཤད་ཅིང་བསྟན་པར་བྱའོ། །ཇི་ལྟར་བཤད་ཅེ་ན།  བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར།  རིག་པ་ལྔ་དང་ལྡན་པར་བཤད་པར་བྱའོ། །ཞེས་དང་། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཡོངས་སུ་ཚོལ་བའི་ལེའུ་བཅུ་གཉིས་པ་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་དང་། འཕགས་པ་ཐོགས་མེད་ཀྱི་བསྟན་བཅོས་ས་སྡེ་ལྔའི་ནང་ཚན་རྣལ་འབྱོར་སྤྱོད་པའི་སའི་སངས་རྒྱས་ཀྱི་བཀའ་ཤེས་བྱའི་གནས་གཉིས་པ་ལས། ཐོས་པ་ལས་བྱུང་བའི་ས་གང་ཞེ་ན། དེ་ཡང་མདོར་བསྡུ་ན། རིག་པའི་གནས་ལྔ་གང་ཡིན་པ་དེ་དག་མིང་དང་། ཚིག་དང་། ཡི་གེ་ལ་བློ་སྔོན་དུ་བཏང་སྟེ་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཁ་བཏོན་བྱེད་པ་དང་། རྗེས་སུ་དྲན་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ལ་བརྟེན་པའི་དོན་རྟོགས་པ་འདི་ནི་ཐོས་པ་ལས་བྱུང་བའི་ས་ཞེས་བྱའོ། །རིག་པའི་གནས་ལྔ་གང་ཞེ་ན། འདི་ལྟ་སྟེ། ནང་གི་རིག་པ་དང་། གསོ་བ་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། བཟོའི་ལས་ཀྱི་གནས་ཀྱི་རིག་པའོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སའི་གཞིའི་རྣལ་འབྱོར་གྱི་གནས་སྟོབས་ཀྱི་རིགས་ཀྱི་ལེའུ་བརྒྱད་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཆོས་ཚོལ་པས་ཅི་ཞིག་ཚོལ། ཇི་ལྟར་ཚོལ། ཅིའི་ཕྱིར་ཚོལ་ཞེ་ན། མདོར་བསྡུ་ན་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་ལོ། །ཉན་ཐོས་ཀྱི་སྡེ་སྣོད་དང་། ཕྱིར་རོལ་གྱི་བསྟན་བཅོས་རྣམས་དང་། །འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་རྣམས་ཚོལ་ལོ། །དེ་ལ་གསུང་རབ་ཏུ་རྟོགས་པ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིན་ནོ། །ལྷག་མ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་རིག་པར་བྱའོ། །ཕྱི་རོལ་གྱི་བསྟན་བཅོས་རྣམས་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ། གཏན་ཚིགས་ཀྱི་བསྟན་བཅོས་དང་། སྒྲའི་བསྟན་བཅོས་དང་། གསོ་བའི་བསྟན་བཅོས་སོ། །དེ་ལ་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ནི་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་ཡོད་དེ། གསེར་མགར་དང་། ལྕགས་མགར་དང་། ནོར་བུ་མཁན་གྱི་ལས་ཞེས་ལ་སོགས་ཏེ། རིག་པའི་གནས་ཀྱིས་ཡོངས་སུ་བསྡུས་པ་དེ་དག་ཐམས་ཅད་ནི་རིག་པའི་གནས་ལྔ་པོ་དག་ཡིན་ཏེ། ནང་གི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། ནད་གསོ་བའི་རིག་པ་དང་། བཟོ་དང་ལས་ཀྱི་གནས་ཀྱི་རིག་པའོ། །བྱང་ཆུབ་སེམས་དཔས་བཙལ་བ་གང་ཡིན་པ་ནི་རིག་པའི་གནས་ལྔ་པོ་འདི་དག་སྟེ། དེ་ལྟར་ན་རིགས་པའི་གནས་ཐམས་ཅད་བཙལ་བ་ཡིན་ནོ། །ཞེས་དང་། དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་ཐོས་པ་ཚོལ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ནི་གུས་པ་ཆེན་པོ་ཉེ་བར་བཞག་ནས། ལེགས་པར་གསུངས་པ་ལེགས་པར་བསྙད་པའི་ཆོས་ཚོལ་ཏེ། དེ་ནི་མདོར་ན་འདི་ལྟ་བུའི་ཚུལ་གྱིས་ཀྱང་ལེགས་པར་གསུངས་པ་ལ་གུས་པས་ཉེ་བར་གནས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ལེགས་པར་གསུངས་པ་གཅིག་མཉན་པའི་ཕྱིར། ཡང་གལ་ཏེ་དེ་ལྟར་མ་བྱས་ན་ལེགས་པར་གསུངས་པ་ཐོས་པར་མི་འགྱུར་བ་ལྟ་ན་ལྕགས་ཀྱི་ས་གཞི་ཚ་ཞིང་འབར་བ་ལ་ཡང་མཆོག་ཏུ་དགའ་བ་དང་། གུས་པའི་མཆོག་གིས་འགྲོ་བར་བྱེད་ན་ལེགས་པར་གསུངས་པ་མང་པོའི་ཕྱིར་ལྟ་ཅི་སྨོས། ཞེས་དང་། དེ་ལ་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཐོས་པ་ཚོལ་པར་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་གྱིས་ཡང་དག་པར་སྒྲུབ་པར་བྱ་བའི་ཕྱིར་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་ཡོངས་སུ་ཚོལ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་གཏན་ཚིགས་ཀྱི་རིག་པ་ཚོལ་བར་བྱེད་དེ། བསྟན་བཅོས་དེ་ཉིད་ལས་ཉེས་པ་བཤད་པ་དང་། ཉེས་པར་བརྗོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དང་། ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར་དང་། བསྟན་པ་འདི་ལ་མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་།  དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སྒྲའི་རིག་པ་ཚོལ་བར་བྱེད་དེ། ཚིག་དང་ཡི་གེ་ངེས་པའི་ཚིག་བཟང་པོ་སྤྱོད་པས་ལེགས་པར་སྦྱར་ཏེ། བརྗོད་པ་ལ་མོས་པ་རྣམས་བདག་ལ་ཡིད་ཆེས་པ་བསྐྱེད་པའི་ཕྱིར་དང་། དོན་གཅིག་ལ་ཡང་ངེས་པའི་ཚིག་རྣམ་པ་སྣ་ཚོགས་ཀྱིས་རྗེས་སུ་ཐ་སྙད་གདགས་པ་ལ་འཇུག་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་གསོ་བའི་བསྟན་བཅོས་ཚོལ་བར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་རྣམས་ཞི་བར་བྱ་བའི་ཕྱིར་དང་། སྐྱེ་བོའི་ཚོགས་ཆེན་པོ་ལ་ཕན་གདགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ཤེས་པ་རྣམས་ཚོལ་བར་བྱེད་དེ། སེམས་ཅན་རྣམས་ཀྱི་དོན་དུ་ཚེགས་ཆུང་དུས་ལོངས་སྤྱོད་སྒྲུབ་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱིས་གཅེས་པར་བྱ་བ་བསྐྱེད་པའི་ཕྱིར་དང་། བཟོ་དང་ལས་ཀྱི་གནས་ཤེས་པ་སྦྱིན་པའི་ཕན་འདོགས་པས་བསྡུས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་རིག་པའི་གནས་ལྔ་པོ་འདི་དག་ཐམས་ཅད་འཚོལ་པ་ཡང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ལ་དེ་ལྟར་མ་བསླབས་ན་རིམ་གྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་མེད་པ་ཐོབ་པར་མི་འགྱུར་རོ། །ཞེས་དང་། སའི་གཞིའི་རྣལ་འབྱོར་གྱི་གནས་ཤེས་རབ་ཀྱི་ལེའུ་བཅུ་བཞི་པ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ངོ་བོ་ཉིད་གང་ཞེ་ན། ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་། ཤེས་བྱ་ཐམས་ཅད་ལ་ཞུགས་པ།  ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་གང་ཡིན་པ་རིག་པའི་གནས་ལྔ་པོ།  ནང་གི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། གསོ་བའི་རིག་པ་དང་། སྒྲའི་རིག་པ་དང་། བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་ལ་དམིགས་ནས་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཐམས་ཅད་གང་ཞེ་ན། དེ་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འཇིག་རྟེན་པའི་ས་དང་།  འཇིག་རྟེན་ལས་འདས་པའི་སའོ། །ཞེས་སོགས་དང་། དེ་ལ་བྱང་ཆུབ་སེམས་དཔའི་འདི་དང་གཞན་དུ་བདེ་བར་འགྱུར་པའི་ཤེས་རབ་གང་ཞེ་ན། དེ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། ནང་གི་རིག་པ་ལ་ཤིན་ཏུ་རྣམ་པར་བྱང་ཞིང་རབ་ཏུ་གནས་པའི་ཤེས་རབ་དང་། གསོ་བའི་རིག་པ་དང་། གཏན་ཚིགས་ཀྱི་རིག་པ་དང་། སྒྲའི་རིག་པ་དང་། འཇིག་རྟེན་པའི་བཟོ་དང་ལས་ཀྱི་གནས་ཀྱི་རིག་པ་རྣམས་ལ་ནི་ཤིན་ཏུ་བྱང་ལ། རབ་ཏུ་གནས་པ་མ་ཡིན་པའི་ཤེས་རབ་དང་། རིག་པ་ལྔ་པོ་ཤིན་ཏུ་རྣམ་པར་བྱང་པ་དེ་དག་ཉིད་ལ་བརྟེན་ནས། གདུལ་བྱ་རྨོངས་པ་རྣམས་དང་། བག་མེད་རྣམས་དང་། ཞུམ་པ་རྣམས་དང་། ཡང་དག་པར་ཞུགས་པ་གཞན་དག་ལ་གོ་རིམ་བཞིན་དུ་ཡང་དག་པར་བསྟན་པ་དང་།  ཡང་དག་པར་འཛིན་དུ་གཞུག་པ་དང་།  ཡང་དག་པར་གཟེངས་བསྟོད་པ་དང་།  ཡང་དག་པར་དགའ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ཤེས་རབ་གང་ཡིན་པའོ། །ཞེས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ལེའུ་བཅུ་བདུན་པ་ལས། དེ་ལ་བྱང་ཆུབ་སེམས་དཔའི་བསྟན་བཅོས་ཤེས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔས་རིགས་པའི་གནས་ལྔ་པོ་དག་ལས་བརྩམས་ཏེ། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་ལྡན་པའི་ཆོས་གཞན་ལས་ལེགས་པར་བཟུང་སྟེ་ཁ་བཏོན་ལེགས་པར་བྱ་བ་ཡིན། ཆོས་ཀྱི་དོན་དེ་ཉིད་ཀྱང་གཞན་ལས་ལེགས་པར་ཐོས་པ་ཡིན། ཡང་ན་བདག་ཉིད་ཀྱིས་ལེགས་པར་བསམ་ཤིང་ལེགས་པར་བརྟགས་པ་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཤེས་ཤིང་དོན་ཤེས་པས་ཆོས་དང་། དོན་དེ་ཉིད་མི་བརྗེད་པར་བྱ་བའི་ཕྱིར་དང་། ཆོས་དང་།  དོན་གྱི་བྱེ་བྲག་གསར་པ་གསར་པ་དག་གོང་ནས་གོང་དུ་ཤེས་པར་བྱ་བའི་ཕྱིར་སྦྱོར་བ་མི་གཏོང་བ་ཡིན་ནོ། །ཞེས་དང་། འཇམ་དབྱངས་ས་སྐྱ་པཎྜི་ཏས། གངས་རིའི་ཁྲོད་ཀྱི་བློ་གསལ་ཀུན་འདུས་ཀྱང་། །རིག་པའི་གནས་ལྔ་ཀུན་ལ་བློས་མི་ལྕོགས། །མཁའ་ལ་རྒྱུ་སྐར་བྱེ་བའི་འོད་འཁྲིགས་ཀྱང་། །ཚ་ཟེར་བྱེད་པའི་འཕྲིན་ལས་འགྲུབ་པར་དཀའ། །ཞེས་དང་། ས་བཟང་པཎ་ཆེན་གྱིས། ཀུན་མཁྱེན་ཐོབ་པར་འདོད་རྣམས་ཀྱིས། །རིག་པའི་གནས་ལྔ་ཤེས་བྱ་སྟེ། །ཞེས་དང་། རིན་སྤུངས་ས་སྤྱོད་དབང་པོས། །སྒྲ་དང་ཚད་མའི་རིག་པ་གཏུམ་པོས་ལྟ་ངན་མ་ལུས་ཤེས་བྱའི་དབྱིངས་སུ་བསད། ། བཟོ་དང་གསོ་བ་རྗེས་སུ་འཛིན་པའི་ཕན་པ་མངོན་སུམ་ཉིད་དུ་ཡང་དག་རྒྱུ། །ཆོས་ཀྱི་དྲ་བ་སྡོམ་པའི་ནང་གི་དེ་ཉིད་སྨྲ་བ་ཀུན་གྱི་རྒྱལ་པོ་ཆེ། །ལྔ་རིག་མཁས་དང་གྲུབ་པའི་འཁོར་ལོ་དུས་གསུམ་བསྒྱུར་བ་རྣམས་ལ་དང་བས་བསྟོད། །ཅེས་དང་། བདག་གི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས། །ཐུབ་བསྟན་ཞིང་ས་གཤིན་པོར་སྒྲུབ་པ་ཚུལ་ཁྲིམས་སོ་སོ་ཐར་པའི་བསྟན། ། ལུང་རྟོགས་སྡོང་བུ་ལོ་འདབ་རྒྱས་བྱེད་སྒྲ་ཚད་བཟོ་གསོ་སྡེ་སྣོད་གསུམ། །ཟུང་འཇུག་འབྲས་བུས་ཡོངས་སུ་དུད་པ་ངེས་གསང་རྡོ་རྗེ་ཐེག་པའི་ལམ། །ཚུལ་བཞིན་གནས་ལྔ་རིག་པ་ཉན་འདི་སྔོན་བསགས་བསོད་ནམས་ཤིང་རྟས་དྲངས། །ཞེས་རྒྱལ་བའི་བཀའ་དང་ཚད་ལྡན་གྱི་བསྟན་བཅོས་རྣམས་ལས་ལན་ཅིག་མ་ཡིན་པར་བསྔགས་པའི་ལོག་སྨྲ་ཚར་གཅོད་པ་སྒྲ་དང་ཚད་མ། གཞན་རྗེས་སུ་འཛིན་པ་བཟོ་དང་གསོ་བ། རང་ཉིད་ཤེས་བྱ་ཀུན་གྱི་དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཤེས་པར་བྱེད་པ་ནང་རིག་པ་སྟེ། རིག་པའི་གནས་ཆེན་ལྔ་ཡན་ལག་དང་བཅས་པའི་བཅུ་ཕྲག་གཅིག་ནི་མཁས་སུ་འདོད་པ་ཐམས་ཅད་ཀྱིས་མི་སློབ་ཏུ་མི་རུང་བ་ཡིན་པས་ངེས་པར་སློབ་དགོས་ལ། །

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།