སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གྲ་པ་མངོན་ཤེས་ཀྱིས་སྨན་སྤེལ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གྲ་པ་མངོན་ཤེས་ཀྱིས་སྨན་སྤེལ་ཚུལ།

ཁྱད་པར་པདྨ་བཀའི་ཐང་ཡིག་ལས། སྐབས་སུ་གཅིག་ལས་གཅིག་ཉིད་སྡུག་པ་ཡོད༔ ཇིང་[འཇང་]དང་རྒྱ་རྣམས་གྲོག་མའི་ཚང་ཞིག་འདྲ༔ དབུ་རྩེ་གསོ་རིག་རྒྱུད་ཀྱི་གཏེར་ཁ་དང༔ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་བྱུང༔ ཞེས་ལུང་བསྟན་པ་ལྟར་བེེ་རོའི་ཡང་སྲིད་གྲྭ་པ་མངོན་ཤེས་སམ་མཚན་དངོས་དབང་ཕྱུག་འབར་ནི། གདུང་རུས་ནས་བཟུང་རྣམ་ཐར་ཅུང་ཟད་སྨོས་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེ་ཆུང་ཞེས་བྱ་བ་ནོར་ཧ་ཅང་མི་ཆེ་ཡང་ཤེས་རབ་དང་ལྡན་ཞིང་སྨྲ་མཁས་པས་རྗེའི་ཐུགས་ཟིན་པ་ཞིག་བྱུང་སྟེ། བསམ་ཡས་ཀྱི་མཆོད་རྟེན་སྔོན་པོ་སོགས་བཞེང་པའི་ལག་དཔོན་མཛད། དེ་ལ་སྲས་གསུམ་ལས། འབྲིང་པོ་ལྷ་རྗེས་གྲ་དགས་པོ་གྲོང་ངམ་སྐྱི་རུ་བཟུང་། དེའི་སྲས་གཉའ་ནེ་ནས་རིམ་པར་གཉའ་ཆུང་། དཔལ་ལེགས། བཙན་འོད། ཞང་སེ་རྩ་ལེགས་བརྟན་སོགས་ཀྱི་མཐར། ལེགས་བརྟན་ལ་སྲས་ཇོ་དགའ། དེ་ལ་སྲས་ཞང་སྟོན་ཆོས་འབར། ཞང་སྟག་དཀར། ཞང་བསྟན་དང་གསུམ་ལས། བགྲེས་པ་ཤཱཀྱའི་བསྟན་པ་ལ་རབ་ཏུ་བྱུང་ཞིང་སྔགས་མཚན་ཉིད་ཀྱི་དགེ་བཤེས་ཆེན་པོར་གྱུར། ཞང་སྟག་དཀར་བ་ལ་སྲས་སྟག་ཚབ། སྟག་ཆུང་། ཞན་པ། གཡང་བཞི་རྣམས་དང་། བུ་མོ་གཉིས་ཏེ་དྲུག་བྱུང་པའི་ཆེ་ཤོས་སྟག་ཚབ་ནི། ལྷོ་བྲག་མར་པ་ལོ་ཙཱ་དང་དགུང་མཉམ་དུ་ཆུ་ཕོ་བྱི་བ་ལ་འཁྲུངས། མར་བའི་རྣམ་ཐར་དུ་བལྟམས་ཡུལ་གྲའི་དྭགས་པོ་གྲོང་ཨེ་དྭགས་ཀྱི་དགས་པོ་དང་ནོར་བ་སོགས་འགའ་ཞིག་མཆིས། གང་ལྟར་དགུང་ལོ་གཞོན་ནུའི་དུས་སྔ་ཡུལ་བའི་ར་རྫི་ལོ་ལྔ་ཙམ་མཛད། དེ་ནས་ཀླུ་མེས་ཀྱི་མཁན་བུ་དགེ་བཤེས་ཡབ་ཤུད་རྒྱལ་བ་འདི་ལ་རུབ་ཏུ་བྱུང་། མཚན་ཤེས་རབ་རྒྱལ་བར་བཏགས། ལོ་ལྔའི་བར་འདུལ་བ་གསན། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལ་མདོ་སྔགས་ཀྱི་ཆོས་མང་བ་དང་ཟུར་ལ་གསོ་དཔྱད་གསན་པར་ཡང་གྲགས། ཞང་བློན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་པ་མཛད་པས་ཞལ་དངོས་སུ་བསྟན་ཅིང་འཕྲིན་ལས་སྒྲུབ་པར་ཁས་བླངས། ཞང་སྟོན་ཆོས་འབར་འདས་པའི་འདོད་ལ་དེའི་སློབ་མ་ཞིག་གིས་སྤྱན་དྲངས། མདོ་སྔགས་ཀྱི་གཞུང་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་གསུང་བཤད་ཀྱིས་མཁས་པ་རྣམས་ཡིད་མགུ་བས་དགེ་བཤེས་གྲྭ་པ་དང་ཆོས་མངོན་པ་ལ་མཁས་པས་གྲྭ་པ་མངོན་ཤེས་སུ་གྲགས། ཕ་དམ་པ་སངས་རྒྱས་ལ་ཞི་བྱེད་སྒྲོན་མ་སྐོར་དགུའི་གདམས་པ་དང་། ཁ་ཆེའི་པཎྚི་ཏ་ཟླ་བ་མགོན་པོ་ལ་སྦྱོར་དྲུག་གི་གདམས་པ་རྣམས་དཔྱིས་ཕྱིན་པར་བཞེས། ཕོ་བྲང་བུག་པ་ཅན་པར་བུ་མེད་པ་ལ་གསོལ་བ་བཏབ་པས། དཔལ་འཁོར་ལོ་བདེ་མཆོག་གི་སྒོ་ནས་རིགས་བསྐྲུན་པའི་ཆོ་ག་གནང་སྟེ་ལོ་དུས་སུ་བུ་བྱུང་བའི་མཚར་ཁ་ལ་གསེར་གྲི་ཆུ་དར་ཅན། དངུལ་སྐྱོགས་ཤ་བ་ཅན། །རལ་གྱི་ཕུང་སྐྱུ་ཅན། ཁྲབ་སྡིག་པ་ཅན་རྣམས་ཕུལ། ཐང་པོ་ཆེར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སྔར་རང་གི་སློབ་མ་ཡིན་ཀྱང་ཕྱིས་གཞན་འབྱོར་ལ་ཕྲག་དོག་པས་དགྲར་ལངས་ཏེ་མངོན་ཤེས་ཡོད་མེད་ཉམས་སད་ཆེད་ནད་རྫུ་བཏབ་སྟེ་གདན་དྲངས། གྲུམ་ཙེ་ཞིག་གི་ཁར་ན་བཟས་གཏུམས་ཏེ་མགོ་མཇུག་མི་ཤེས་པར་བྱས་བཞུགས་པའི་ཚེ། གྲྭ་པས་སྐུ་རྒྱབ་ནས་དགེ་བའི་བཤེས་གཉེན་ཆེན་པོ་སྐུ་ཁམས་ཇི་ལྟར་བདོགཕྱག་རྩ་བསྟན་པར་ཞུ་ཞུས་པས། ཁུ་སྟོན་ཧར་གྱིས་བཞེངས་ནས་གྲྭ་བ་མངོན་ཤེས་བྱ་བའི་སྐད་པོ་ཆེ་ཁྱོད་ནད་པའི་རྒྱབ་མདུན་མི་ཤེས་པའི་མངོན་པར་ཤེས་པ་ཡ་མཚར་ཞེས་རྨད་པས། ཉེ་གནས་ལ་མེ་མཆེད་ཀྱི་སྦྱོར་བ་བསྐུར་ནས་ཐང་པོ་ཆེ་མེར་བསྲེགས་པ་སོགས་མཐུ་སྟོབས་ལྷག་པར་ཆེ། ཡབ་ཤུད་རྒྱལ་བ་འོད་ཀྱི་སློབ་མ་ལས་གཟུས་[གཟུ]ལ་ཐུག་མིན་ཐེ་ཚོམ་གྱི་གཞི་ཙམ་སྣང་ཡང་ལོ་རྒྱུས་འགའ་ཞིག་ཏུ་རང་གི་བླ་མ་གཟུས་སྙིང་ཆུས་བསྙུན་པར་ཆུ་སྨན་གྱིས་མ་འདྲོངས་པར་ཞལ་རྒྱུན་དུ་ཆུ་གཏོར་བས་དངངས་པ་དང་ལྷན་ཅིག་ཐུར་མས་སྙིང་ཆུ་འདོན་རྩིས་ལ་ལས་ཀྱི་རྣམ་པར་སྨིན་པས་ཐུར་ལོག་ཏུ་སོང་སྟེ་གྲོངས་པའི་སྡིག་སྦྱོངས་སུ་སྣ་བཤུད་ཀྱི་མཚམས་སུ་གཟན་གཡང་མི་འགྱུར་ལྷུན་གྲུབ་ལ་དཔེ་བྱས་པའི་གྲྭ་ཐང་། སྤྱན་གཡས། སྐྱིལ་རུ། ཀུན་དགའ་ར། གཟེར་ཁང་། ཁོང་པོ། དགྲ་བརྒྱ་སོགས་གནས་བཞི་བརྒྱ་དང་རྩ་བརྒྱད་བཞེངས་པ་དང་། དེའི་ནང་ནས་གཙོ་ཆེ་བ་བདུན་གྱི་ཕུད་ལ་བཞེངས་པས་བདུན་ཕུད་དགའ་ལྡན་ཆོས་འཁོར་དུ་གྲགས། སློབ་མ་གྲྭ་སྟོན་འབུམ་ལྷས་འབར་གྱིས་གནས་སྐོར། གདོན་ཆུང་སྟོན་པས་འབྲོག་སྒ་འདྲ། དགེ་བཤེས་ལྷབས་ཀྱིས་སོ་ཐང་། བྷནྡྷ་བྱང་ཆུབ་སེམས་དཔས་རི་ཕུག་རྣམས་བཏབ། ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བསྟན་པ་ལྟར་བསམ་ཡས་དབུ་རྩེ་ནས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་པོ་སོགས་གཏེར་ནས་བཏོན་པ་བདག་གི་བླ་མ་ལྔ་པ་ཆེན་པོས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་ལྷད་པ་མི་འཇུག་ཆེད། །གསང་བའི་ཕྱག་རྒྱའི་རྒྱས་བཏབ་སྒོ་འབྱེད་པའི། །སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས། །ཞེས་གསུངས་པ་ལྟར་དང་། རྒྱུད་ཀྱི་བསྡུས་དོན་སོགས་བསྟན་བཅོས་བརྩམས་ཤིང་འགྲོ་ཕན་མཐར་རྒྱས། དགུང་ལོ་བདུན་ཅུ་རྩ་དགུ་ལ་སློབ་དཔོན་ལ་སྙིང་ཐུར་ཐུར་ལོག་ཏུ་སོང་བའི་རྣམ་སྨིན་སྐུ་ཚེ་འདི་གར་བྱང་པར་སློབ་མ་ཞིག་གིས་སྙིང་ཐུར་རྒྱབ་པ་ཐལ་སྐྱོན་གྱིས་ཞིང་གཞན་དུ་གཤེགས། དེས་གསོ་རིག་གི་གཞུང་མན་ངག་དང་བཅས་པ་དབུས་པ་དར་གྲགས་ལ་གནང་། དེས་སྟོན་ཆེན་དཀོན་ཅོག་སྐྱབས་ཞེས་འཁྲུངས་ཡུལ་མང་མཁར་ཚ་ལུང་པ། རུས་རོག་ཡིན་པ་དེ་དབུས་སུ་མཚན་ཉིད་ཀྱི་སློབ་གཉེར་ལ་བྱོན་པ་རྐང་འབམ་གྱིས་སྙུན་གཡུ་ཐོག་ཡོན་ཏན་མགོན་པོས་གསོས། རྗེས་སུ་དམུ་ཆུས་ལྟེམ་པ་དབུས་པ་དར་གྲགས་ཀྱིས་བཅོས། གཡུ་ཆེན་དྲུག་དམར་ནམ་མཁའ་གསལ་བཞེས་ནས་ཁལ་སྟོང་ཕྲག་རི་བ་དེ་དར་གྲགས་ལ་ཕུལ་ནས་རྒྱུད་བཞི་རྫོགས་པར་ཞུས། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།