སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གསོ་རིག་ལྷ་ལས་དར་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གསོ་རིག་ལྷ་ལས་དར་ཚུལ།

དེའང་ལྷ་ལས་དར་བ་ནི། ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུངས་དང་། །ངེས་བརྗོད་རིག་བྱེད་བཞི་ཞེས་བྱ། །བསླབ་དང་བརྡ་སྤྲོད་སྡེབ་སྦྱོར་དང་། །དེ་བཞིན་སྐར་རྩིས་ཐོས་པ་དང་། །རྟོགས་པ་དང་ནི་ཡན་ལག་གོ། །དྲན་པ་དང་ནི་ཆོས་དང་བཅས། །ཞེས་འབྱུང་བ་ལྟར་ཡན་ལག་དྲུག ཉེ་བའི་ཡན་ལག་གཉིས་དང་བཅས་པ་ཀུན་ཀྱང་མེས་པོའི་ཞལ་བཞི་ལས་བྱུང་བའི་རྒྱུ་མཚན། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །ཞལ་གཞན་ནས་ནི་གསུང་བ་མཛད། །ཅེས་དང་། བྲམ་ཟེ་ཁ་ལས་སྐྱེས་པ་དང་། །དེ་བཞིན་དཔུང་བ་ལས་རྒྱལ་རིགས། །བརླ་ལས་རྗེ་རིགས་ཡང་དག་བྱུང་། །རྐང་པ་ལས་ནི་དམངས་རིགས་སོ། །ཞེས་སྐྱེ་གནས་ཀྱི་གཙོ་བོར་བྲམ་ཟེ་རྣམས་ཀྱི་ཆོས་ལུགས་ལ་རིག་བྱེད་ཅེས་བྱ་ལ་རིག་བྱེད་དེའང་སུས་ཀྱང་མ་བྱས་པས་རྟག་པ། བྱ་རྩོལ་གྱིས་མ་སླད་པས་རང་བྱུང་། ཐམས་ཅད་བརྗོད་དུ་རུང་བས་ཚད་མ་ཡིན་པ་ཞིག་ཏུ་འདོད་ལ། མཁས་མཆོག་དཔའ་བོའི་སྙིང་པོ་བསྡུས་པར།  ཚངས་པས་ཚེ་ཡི་རིག་བྱེད་དྲན། །ཞེས་གསུངས་པའི་དྲན་ཚུལ་ལ། ཁྱད་པར་འཕགས་སྟོད་ཀྱི་འགྲེལ་བ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས། དེ་ཡང་འདི་ལྟར་ལྷ་རྣམས་རྒྱ་མཚོ་བསྲུབ་པའི་ཕྱིར་ཞུགས་པ་ན། དེའི་ཚེ་ནོར་བུ་ཀོ་ཏུ་བ་དང་། རྟ་མགྲིན་རིངས་ལ་སོགས་པ་མང་པོ་ཞིག་བྱུང་བར་གྱུར་པ་དང་། ཇི་ཙམ་ན་དུག་ཅིག་བྱུང་བར་གྱུར་ནས་དེའི་མཐུས་ཁྱབ་འཇུག་དེའི་གན་ན་གནས་པ་པགས་པའི་མདོག་ནག་པོར་གྱུར་ཏོ། །ལྷ་ཆེན་པོས་དེ་བླངས་ནས་འཇིགས་པ་མེད་པར་མིད་པར་རྩོམ་པ་ན་ཇི་ཙམ་ན་མགྲིན་པར་ཐོགས་ཏེ་སྟེང་དུ་ཡང་མ་བྱུང་འོག་ཏུ་ཡང་མ་སོང་བར་དེའི་མགྲིན་པ་རྨ་བྱའི་མགྲིན་པ་ལྟར་སྣང་བར་གྱུར་པ་དང་། ལྷ་རྣམས་ཀྱིས་སྨྲས་པ། འདི་ནི་ཤིན་ཏུ་མཛེས་པས་ད་ནི་དེང་ནས་དེ་མགྲིན་པ་ཉིད་དུ་བཞག་པར་རིགས་སོ་ཞེས་སྨྲས་པར་གྲགས་སོ། །ཞེས་དང་།  ཇི་ཙམ་ན་ལྷ་རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ན། ཇི་སྲིད་ཅིག་ན་བདུད་རྩི་བྱུང་བར་གྱུར་པ་དང་།  ལྷ་མ་ཡིན་སྒྲ་གཅན་གྱིས་འཕྲོགས་ནས་སྤྱོད་པར་རྩོམ་པ་ན། ཁྱབ་འཇུག་གིས་བསམས་པ། གལ་ཏེ་འདིས་བདུད་རྩི་འཐུངས་པར་གྱུར་ན། ལྷ་རྣམས་ཀྱིས་ཀྱང་མི་ཐུབ་པར་འགྱུར་རོ་སྙམ་ནས། འཁོར་ལོས་མགོ་བཅད་པ་དང་། དེས་དེ་བོར་བ་ན་ལྷ་རྣམས་ཀྱིས་ཀྱང་བླངས་སོ། །སྒྲ་གཅན་དེའི་ལྐོག་མའི་ཕྱོགས་ཀྱི་བར་བདུད་རྩིའི་ཆུས་ཁྱབ་པར་གྱུར་པ་དང་། དེས་དེའི་འོག་གི་ཆའི་ལུས་ཤི་བར་གྱུར་ཀྱང་གསོན་ལ། དེས་ཡང་ལྷ་དང་མི་རྣམས་ལ་གནོད་པ་བྱ་བའི་ཕྱིར་རྒྱུའོ། །གནས་སྐབས་དེ་ནས་བརྩམས་ཏེ་ས་གསུམ་སྣང་བར་བྱེད་པའི་ཉི་མ་དང་ཟླ་བ་འཛིན་པར་བྱེད་པ་ཡིན་ནོ། །ཞེས་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ་བཤད་མ་ཐག་པས་མཛད་པ་ལས། དེ་ཡང་འདི་ལྟར་ཐོས་ཏེ།  ཚངས་པས་བསྒོ་བས་ཕྱོགས་གཅིག་ཏུ་ནི་ལྷ་གནས་ཕྱོགས་གཅིག་ན་ནི་ལྷ་མ་ཡིན་རྣམས་འདུག་ནས། རི་བོ་མནྡྷ་རའི་སྟེང་ནས་ནི་ཁྱབ་འཇུག་གིས་བཟུང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བསྲུབ་ཐག་བྱས།  འོག་ནས་ནི་རུས་སྦལ་གྱི་རྒྱབ་ལ་བརྟེན་ཏེ་འོ་མ་ཅན་གྱི་རྒྱ་མཚོ་བསྲུབ་པར་གྱུར་ཏོ། །དེ་ནས་ཤིན་ཏུ་འཇིགས་སུ་རུང་བའི་དུག་གི་སྐྱེས་བུ་ནག་པོ་བརྩེགས་པ་ཞེས་བྱ་བ་ཞིག་བྱུང་བར་གྱུར་བ་དང་། དེ་ཁྱབ་འཇུག་གིས་མིད་པར་གྱུར་བ་དང་དྲན་པ་འཐོར་ཏེ་ས་ལ་འགྱེལ་བར་གྱུར་ནས་ཅང་མི་སྨྲ་བར་གནས་པ་དང་། ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲིན་པར་བཞག་པར་གྱུར་ཏོ། །དེས་དེའི་མགྲིན་པ་སྔོན་པོར་གྱུར་ཏོ། །དེ་ནས་ཟླ་བ་ཚེས་པ་བྱུང་བར་གྱུར་པ་དང་། དེ་ལྷ་ཆེན་པོས་བླངས་ཏེ་མགོ་ལ་བཞག་གོ། དེ་ནས་དཔའ་མོ་ཞེས་བྱ་བ་བྱུང་སྟེ། རང་ཉིད་ཀྱིས་ཁྱབ་འཇུག་གི་ཆུང་མར་ཁས་བླངས་ཏེ་འདུས་སོ། །དེའི་འོག་ཏུ་རྟ་མགྲིན་རིངས་དང་།  ཤིང་ཡོངས་འདུ་ལ་སོགས་པ་བྱུང་སྟེ། དེ་དག་ནི་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ཀྱིས་ཅི་རིགས་པར་ཁྱེར་རོ། །དེ་ནས་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་དང་། དེ་ལ་ཁྱོད་སུ་ཡིན་ཞེས་དྲིས་པ་ན། ང་ནི་ཆང་ཞེས་བྱ་སྟེ། ང་འཐུངས་ན་མྱོས་པ་དང་བརྒྱལ་བ་དང་དྲེགས་པ་ལ་སོགས་པའི་རྣམ་པར་འབྱུང་བར་འགྱུར་རོ་ཞེས་སྨྲས་པ་དང་། ལྷ་མ་ཡིན་རྣམས་འཇིགས་ནས་མ་འཐུངས་པ་དང་ལྷ་མ་ཡིན་ཞེས་བྱ་བར་གྱུར་ལ། ལྷ་རྣམས་ཀྱིས་འཐུངས་པས་ན་ལྷ་ཞེས་བྱ་བར་གྱུར་ཏོ། །དེ་ནས་བདུད་རྩི་བྱུང་བ་ན་སྣོད་ཆེན་པོ་བརྒྱད་གང་བ་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་པར་གྱུར་པ་དང་། ལྷ་རྣམས་ཤིན་ཏུ་ཡི་མུག་པར་གྱུར་པ་ན། ཁྱབ་འཇུག་ཤིན་ཏུ་ཡིད་དུ་འོང་ཞིང་གཟུགས་བཟང་བའི་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ་དེར་སོང་བ་ལ། བརྒྱ་བྱིན་ཡང་མི་སྣང་པའི་གཟུགས་ཀྱིས་ནམ་མཁའ་ལ་འདུག་གོ། དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིོན་ནོ་སྙམ་ནས་བདུད་རྩིའི་སྲུང་མར་བཞག་ནས་རང་ཉིད་ཁྲུས་ལ་སོང་སྟེ། ཆོས་ཀྱི་བསྟན་བཅོས་ལས། མ་བཀྲུས་དྲི་མ་སྦྱོང་གྱུར་བས། །ཁྲུས་མ་བྱས་པར་ཟན་མི་ཟ། །ཞེས་སྨོས་པའི་ཕྱིར་དེ་དག་ཁྲུས་ལ་སོང་ངོ་། །སྐབས་དེར་ཁྱབ་འཇུག་དང་བརྒྱ་བྱིན་གྱིས་བདུད་རྩི་བརྐུས་ཏེ་བརྒྱ་བྱིན་གྱི་ཁང་པར་ཁྱེར་རོ། །དེ་རྣམས་ཁྲུས་བྱས་ནས་སླར་ལོག་པ་དང་བདུད་རྩི་མ་མཐོང་བས་དེ་འཚོལ་བ་ལ་བརྩོན་པ་ན། །ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་ཐོས་ནས། ལྷ་རྣམས་ནི་སྟེང་དུ་འགྲོ་བ་ཡིན་པ་ནི་བདེན་ནོ་སྙམ་མོ། །དེའི་ཚེ་ལྷ་རྣམས་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་འདུས་པ་དང་།  སྒྲ་གཅན་ལྷའི་ཆ་ལུགས་སུ་བསྒྱུར་ཏེ། དེར་ཞུགས་ནས་བདུད་རྩིའི་སྐལ་བ་ཐོབ་པ་དང་། དེ་ཉི་མས་མཐོང་སྟེ། ཁྱབ་འཇུག་ལ་འདི་ནི་སྒྲ་གཅན་ནོ་ཞེས་སྨྲས་པ་དང་། དེའི་འཁོར་ལོས་མགོ་བོ་བཅད་པར་གྱུར་ལ། འོན་ཀྱང་བདུད་རྩི་ལ་ལོངས་སྤྱད་ཅིང་བལྡགས་པའི་མགོ་བོ་ནི། །དེང་སང་ན་ཡང་གནས་ལ། ལུས་ལྷག་མ་རྣམས་ནི་ཤི་བར་འགྱུར་ཏོ། །དེ་ནས་སྒྲ་གཅན་འཛིན་དང་ཉི་མ་ཞེ་འགྲས་པར་གྱུར་བས། གང་གིས་ཉི་མའི་དཀྱིལ་འཁོར་འགེབས་ཤིང་སྒྲིབ་པར་བྱེད་པ་ཡིན་ནོ་ཞེས་གཏམ་དུ་གྲགས་སོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ནི་འདི་སྐད་ཐོས་ཏེ་བདུད་རྩི་འཕྲོས་པ་ལས་ལྷ་དང་ལྷ་མ་ཡིན་འགྲས་པར་གྱུར་པས་བརྡེག་པར་འདོད་པ་ན། ལྷ་དེ་དག་ལ་མཚོན་ཆ་མེད་པས་བརྡེག་པར་མ་ནུས་པ་དང་། ཕུར་བུས་ལྷ་རྣམས་ལ་སྨྲས་པ། བ་ཙ་སུ་ཙ་ར་ཞེས་བྱ་བའི་དྲང་སྲོང་ཆེན་པོའི་བུ་ཞོ་འཐུང་ཞེས་བྱ་བ་ལོ་བྱེ་བ་ཕྲག་བདུན་གྱི་བར་དཀའ་ཐུབ་ལ་གནས་པར་གྱུར་བས་དེའི་རུས་པ་རྡོ་རྗེར་གྱུར་པ་ཡོད་དེ། དེའི་རུས་པ་བླངས་ཏེ་མཚོན་ཆར་བྱས་ན་ས་གསུམ་ལས་རྒྱལ་པར་ནུས་པར་འགྱུར་བས། དེ་བླངས་ལ་མཚོན་ཆ་དེས་ལྷ་མ་ཡིན་གཞོམ་པར་རིགས་སོ་ཞེས་སྨྲས་པ་དང་། ལྷ་རྣམས་ཀྱིས་དྲང་སྲོང་དེ་ལ་དེ་བཞིན་དུ་གསོལ་བ་བཏབ་བོ། །དེས་ཀྱང་དེ་རྣམས་ལ་ཕན་གདགས་པའི་ཕྱིར་ལུས་ལ་བ་བལྡག་དུ་བཅུག་སྟེ་རུས་པ་འབའ་ཞིག་ལུས་པར་བྱས་ནས་དེ་དག་གྲེ་ཕྱིན་ནོ། །དེ་ནས་ལས་ཐམས་ཅད་པས་རྩིབ་ལོགས་ཀྱི་རུས་པ་ལས་རྡོ་རྗེར་བྱས་པ་ནི་བརྒྱ་བྱིན་གྱིས་ཁྱེར་རོ། །བྱིན་པའི་རུས་པ་ལས་དབྱིག་པར་བྱས་པ་ནི་ཁྱབ་འཇུག་གིས་ཁྱེར་རོ། །ལས་ཐམས་ཅད་པའི་བུ་མོ་ནེ་རུ་ཀ་ཞེས་བྱ་བ་ཉི་མས་བསླངས་པ་ལས། དེ་གཟི་བྱིན་པའི་གཟུགས་ཅན་དུ་གྱུར་པས། དེ་ཡི་གཟི་བརྗིད་མ་བཟོད་པ་དང་། ཁྱོ་དང་ལྷན་ཅིག་རོལ་ཅིང་རྩེ་བར་མི་འདོད་པ་དང་། གྲུལ་བུམ་གྱི་བུ་མོ་དང་ལྷའི་བུ་མོ་གཞན་དག་གིས་ཀྱང་ཉི་མའི་གཟི་བརྗིད་བསྟེན་པར་མི་ནུས་པས། དེ་དག་བྲོས་ཏེ་ཕའི་ཁྱིམ་དུ་ཞུགས་སྟེ་འདུག་པ་དང་ཕས་སྤྱོས་པས་སྐྱོ་བ་སྐྱེས་ཏེ། རྒོད་མའི་གཟུགས་སུ་བྱས་ནས་རི་བོ་ཏི་སེའི་རི་སུལ་ན་དཀའ་ཐུབ་སྤྱོད་ཅིང་འདུག་གོ། ཉི་མ་ཡང་ཆུང་མ་ཚོལ་ཞིང་སོང་བ་ན།  གཏམ་དེ་ཐོས་ནས་དེར་སོང་སྟེ་རྟའི་གཟུགས་སུ་མནན་པར་གྱུར་བ་དང་། སྐྱེས་བུ་གཞན་གྱི་མངལ་ཆགས་པར་མི་བྱའོ་ཞེས་བྱས་པ་དང་། ཉི་མས་བགད་དེ་རང་ཉིད་ཀྱི་གཟུགས་སུ་བསྟན་ནས་ང་ལས་བུ་ཆགས་པ་ཡིན་ནོ། །ཞེས་སྨྲས་པ་དང་། ཆུང་མའི་སྣ་ལས་ཐ་སྐར་གྱི་བུ་གཉིས་སུ་གྱུར་ཏོ། །གཏམ་དེ་ཐམས་ཅད་པས་ཐོས་པས་ཉི་མ་ལ་སྨྲས་པ། གལ་ཏེ་ཁྱོད་ཀྱིས་ཚོར་བ་བརྣག་ནུས་ན། ངས་ཁྱོད་གཟུགས་ཡིད་དུ་འོང་བར་བྱས་ལ། གང་གི་ཚེ་ལྷག་པར་མི་བཟོད་པ་དེའི་ཚེ་ནི་བཏང་བར་བྱའོ། །ཞེས་སྨྲས་པ་དང་། དེ་བཞིན་དུ་བྱའོ། །ཞེས་པ་དང་།  དེས་དེ་ས་ལ་བསྒྱེལ་ཏེ་འཁོར་ལོས་ཆ་བཅུ་གཉིས་སུ་བྱས་ཏེ་ལོང་མོའི་བར་དུ་བརྡར་ཏེ་ས་ལ་བོར་རོ། །དེ་ཕན་ཆད་ནི་ཉི་མ་རྐང་པ་མ་བརྡར་བ་ཞེས་བྱ་བར་གྲགས་སོ། །དེ་ནས་གཟི་བརྗིད་ཀྱི་དུམ་བུ་དེ་དག་བསྡུས་ནས་འཁོར་ལོར་བྱས་ལ། །དེ་ཤིན་ཏུ་འབར་བས་ལྟ་ན་སྡུག་པ་ཞེས་བྱ་བར་བཏགས་སོ། །དེ་བརྒྱ་བྱིན་གྱིས་ཁྱབ་འཇུག་ལ་བྱིན་ལ། དེས་ཀྱང་གང་གི་ཚེ་སྒྲ་གཅན་འཛིན་གྱིས་བདུད་རྩི་བརྐུས་ཏེ་འཐུངས་པ་དེའི་ཚེ་འཁོར་ལོ་དེས་དེའི་མགོ་བཅད་པར་གྱུར་ཏོ། །ཞེས་དང་། རྟའི་ཚེའི་རིག་བྱེད་དྲང་སྲོང་ཤ་ལི་ཧོ་ཏྲས་བསྡུས་པའི་ལེའུ་བཞི་པར། འོ་མའི་རྒྱ་མཚོ་བསྲུབས་པའི་ཚེ། །རྟ་དང་བདུད་རྩི་ལྷན་ཅིག་བྱུང་། །དེ་མིང་ཨ་ཙ་སྲ་བ་སྟྲེ། །སྒྲ་ནི་སྤྲིན་ཆེན་ལྟ་བུ་ཡིན། །རྒྱ་མཚོ་དེ་ལས་ནམ་མཁའ་ལ། །ཤུགས་ཀྱིས་རྣམ་པར་གྲོལ་པ་ན། །ལྷ་མིན་སྟོབས་དང་ལྷ་འཁྲུགས་པས། །ཕྱི་རྐང་གཉིས་ནི་བཟུང་བར་གྱུར། །སྟོབས་ཆེན་སྟོབས་ལྡན་གྱིས་དྲངས་པས། །དཔྱི་ནི་ཅུང་ཟད་ཉམས་པར་གྱུར། །དེ་བས་རྟ་རྣམས་ད་དུང་ནི། །དཔྱི་ནི་མྱུར་བར་མི་འདེགས་ཤིང་། །ངལ་གསོ་བ་ན་རྐང་པ་ནི། །ཕྱི་མ་རེས་ཀྱིས་དལ་བར་འདེགས། །ཞེས་མདོར་བསྟན་ནས།  རྒྱས་པ་ནི། སྐྱེ་དགུ་དང་པོ་བྱུང་བའི་ཚེ། །འཚོ་བའི་འཇིག་རྟེན་བདེ་གནས་གྱུར། །དེ་རྗེས་ལྷ་དང་ལྷ་མིན་གྱི། །འཇིག་རྟེན་ཀུན་ལ་ཚངས་པ་ཡིས། །འཇིག་རྟེན་ཐམས་ཅད་ཁྱབ་བྱེད་པའི། །སྐོམ་གྱིས་གདུང་བ་ཉིད་དུ་བྱས། །འཇིག་རྟེན་པ་ཡི་སྲོག་ཆགས་རྣམས། །སླར་ཡང་རྒྱུག་ཅིང་འགྲོ་བར་བྱེད། །ལྷ་དང་ལྷ་མིན་ཤ་ཟ་དང་། །ལྟོ་འཕྱེ་སྲིན་པོ་དེ་རྣམས་ཀྱང་། །སྟོབས་དང་ལྡན་པའི་སྐོམ་གྱིས་ནི། །གདུང་བས་ཉེ་བར་ཟིན་པར་འགྱུར། །ལྷ་དང་ལྷ་མིན་ཁ་ཟས་དང་། །མལ་སྟན་ལ་ནི་དགའ་མེད་གྱུར། །དེ་རྣམས་དེ་ལྟར་བསམ་པ་ནི། །དེ་ཡི་ཚེ་ན་བློ་སྐྱེས་པ། །གང་འདི་ཆུ་ཡི་སྙིང་པོར་ནི། །གནས་དེས་བདག་ཅག་སྐོམ་སེལ་ནུས། །དེ་ནས་རོ་བོ་མནྡྷ་ར། །གྲགས་ལྡན་སྲུབས་ཤིང་ཉིད་དུ་བྱས། །ཀླུ་ཡི་རྒྱལ་ཆེན་མཐའ་ཡས་ནི། །སྲུབས་ཐག་ཏུ་ནི་ཡང་དག་སྦྱར། །དེར་ནི་ཕྱོགས་གཅིག་ལྷ་རྣམས་ཏེ། །ཕྱོགས་གཅིག་ཏུ་ནི་ལྷ་མིན་གནས། །སྲུབ་ཐག་འདྲེན་ཅིང་མཚོ་ཆེན་ནི། འཇིགས་པའི་སྒྲ་རྣམས་བསྲུབས་པ་ལས། །མཚོ་ཆེན་དེར་ནི་ལྷ་དང་མིའི། །སྨན་ནི་རྩ་བ་ལོ་མ་དང་། །འོ་མར་བཅས་པ་བསྡུས་ནས་ནི། །ཐམས་ཅད་བཅུག་པ་ཉིད་དུ་གྱུར། །གཟི་བརྗིད་ཆེ་ཞིང་གཟི་བརྗིད་ཅན། །རོ་ལ་སོགས་པ་འབྱུང་ཞིང་དགེ། །མེ་ཏོག་སེར་དང་གོ་སྲིང་གི། །དེ་བཞིན་སོར་མོ་ལ་སྤྱོད་དང་། །མདངས་ལྡན་ཛོ་ཏི་ས་ར་དང་། །འཚོ་བྱེད་འཆི་བ་གསོ་བྱེད་དང་། །དེ་བཞིན་རྨ་གསོ་བྱེད་ལ་སོགས། །གཞན་ཡང་ཚངས་པས་གང་སྤྲུལ་པའི། །བཅུད་དང་མཐུ་སྟོབས་བསམ་མི་ཁྱབ། །སྨན་རྣམས་མཚོ་ཆེན་དེར་བཅུག་སྟེ། །རྒྱ་མཚོ་བསྲུབས་པར་གྱུར་བ་ན། །དེ་ཚེ་དང་པོ་ཁོ་ནར་ནི། །དཔལ་མོ་ལ་སོགས་བྱུང་བར་གྱུར། །གང་གིས་ནང་པར་བརྗོད་ན་ནི། །རྨི་ངན་ལ་སོགས་འཇིགས་བྱེད་པའི། །དགེ་བ་ཞེས་བྱའི་རིན་པོ་ཆེ། །བརྒྱད་ནི་ཆུ་ལས་བྱུང་བར་གྱུར། །ཉི་མ་བཞོན་པའི་ཤིང་རྟ་ནི། །འདྲེན་པའི་རྟ་དང་ལྷ་ཡི་ཆང་། །དེ་བཞིན་ནོར་བཟང་ཀོ་ཐུ་བ། །ནོར་བུའི་རྣ་ཆ་བཟང་པོ་དང་། །བདུད་རྩི་ཞེས་པའི་སྨན་དང་ནི། །བདུད་རྩི་ཉིད་ཀྱང་བྱུང་བར་གྱུར། །བསྟན་བཅོས་ཐམས་ཅད་འཛིན་པའི་མཆོག།  སྨན་པ་ཐང་ལ་འབར་དང་ནི། །སྒྲ་མཐོ་ཞེས་ནི་བྱ་བའི་རྟ། །སྙིང་སྟོབས་ཆེ་ཞིང་སྟོབས་ཆེ་ལ། །འབྲུག་དང་རྔ་ཡི་སྒྲ་དང་ནི། །དུང་དང་རྔ་ཆེན་སྒྲ་འདྲ་བ། །གང་ཞིག་སྐད་གསང་མཐོན་པོ་ཡི། །སྒྲ་དེས་མིང་དུ་བཏགས་པ་ནི། །དེ་ཚེ་ལྷ་དང་ལྷ་མིན་གྱིས། །སྒྲ་མཐོ་ཞེས་ནི་བྱ་བར་བཏགས། །སྤྲིན་དཀར་གྱི་ནི་མདོག་འདྲ་ཞིང་། །མགྱོགས་ཤིང་བདུད་རྩི་ལས་བྱུང་བ། །མདངས་ལྡན་རྒྱ་མཚོ་ཆེན་པོ་ལས། །བྱུང་སྟེ་མཁའ་ལ་འགྲོ་བར་བྱེད། །སྟོབས་ལྡན་ཞེས་བྱའི་སྣང་བྱེད་བུས། །དེ་ཡི་རྐང་པ་གཉིས་ལས་བཟུང་། །དེ་ཚེ་ལྷ་མིན་ཐམས་ཅད་ཀྱིས། །མནྡྷ་ར་དང་དེ་བཞིན་དུ། །ཀླུ་ཡི་རྒྱལ་པོ་བོར་ནས་ནི། །རྟ་ཡི་རིན་ཆེན་ལ་འཇུས་ཏེ། །འོ་མའི་རྒྱ་མཚོ་སྤངས་ནས་ནི། །ས་གཞི་འདིར་ནི་ཕྱིན་པར་གྱུར། །ཞེས་དང་། འཆི་མེད་མཛོད་ཀྱི་འགྲེལ་བ་རབ་འབྱོར་ཟླ་བས་མཛད་པ་འདོད་འཇོར། བཅུད་ལྡན་ཞེས་པ་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྒྱ་མཚོ་བསྲུབས་ཏེ་ལཀྴྨཱི་བྱུང་བ་ཁྱབ་འཇུག་གིས་འཁྱེར། ཟླ་བ་ཕྱེད་པ་བྱུང་བ་དབང་ཕྱུག་གིས་སྤྱི་བོའི་རྒྱན་དུ་བྱས།  དུག་བུམ་པ་གང་བྱུང་བ་དབང་ཕྱུང་གིས་མགྲིན་པར་བཞག་པས་མགྲིན་པ་སྔོན་པོར་སོང་། ཆང་བུམ་པ་གང་བྱུང་བ་དེ་ལྷ་རྣམས་ཀྱིས་འཁྱེར་བས་སུ་ར་སུ་ར་ཞེས་ཆང་ངམ་མཚོའི་བཅུད་དམ་བདུད་རྩིར་ཀྱང་རུང་ངོ་། །ཞེས་དང་། རྟོགས་བརྗོད་རིན་པོ་ཆེའི་དཔག་བསམ་འཁྲི་ཤིང་ལས། རྒྱུ་མེད་པར་འབྲས་བུ་སྟོན་པའི་སྲིད་པ་ཅན་གྱི་དཔེར་བརྗོད་དུ། །བདུད་རྩིའི་ཆུ་གཏེར་མ་བསྲུབས་ཤིང་། །ནོར་རྒྱས་ཐང་ཡང་མ་བཅད་ལ། །རི་བོ་བསྒྲིལ་བ་མེད་པར་ནི། །གླང་པོ་འདི་ནི་སུས་ཡིས་བསྐྲུན། །ཞེས་དང་།  དཔལ་ལྡན་རྒྱུད་བཞིའི་མན་རྒྱུད་ལེའུ་བརྒྱད་ཅུ་རྩ་དགུ་པ་ལས།  སྔོན་གྱི་དུས་སུ་ལྷ་དང་ལྷ་མིན་གྱིས། །བདུད་རྩི་འདོད་ནས་རྒྱ་མཚོ་བསྲུབས་པ་ལས། །སྐྱེས་བུ་སྐྲ་སེར་མིག་ནས་མེ་འབར་བ། །འཇིགས་པའི་གཟུགས་ཅན་དོན་ཏེ་ཚངས་པ་ཡིས། ཧཱུཾ་བརྗོད་པྲ་ཡིས་རྒྱུ་མི་རྒྱུ་ལ་ཐིམ། །ཞེས་དང་། བརྒྱད་པར། སྔོན་ནི་ལྷ་དང་ལྷ་མ་ཡིན། །བདུད་རྩི་འདོད་ནས་སྲུབས་པ་ཡིས། །བདུད་རྩི་འབྱུང་བའི་སྔ་རོལ་ཏུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །སྐྲ་སེར་མིག་ནི་མེ་འབར་བ། །མཆེ་བ་བཞི་པ་གཟི་བརྗིད་འབར། །དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། །ཚངས་པས་ཧཱུཾ་ཞེས་བརྗོད་པ་དང་། །བསླུ་བའི་བདག་ཉིད་ཅན་སྤངས་ཏེ། དུག་ནི་རྒྱུ་དང་མི་རྒྱུ་བའི། །རང་བཞིན་གཉིས་ལ་ཐིམ་པར་གྱུར་། །ཞེས་སོགས་ལ། ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱད་ཅུ་རྩ་གཉིས་པར། །དཔའ་མོ་ཐོར་ཐོས་ལྷའི་ལྗོན་པ་གླང་པོའི་བདག་དང་ལྷ་མོ་ཀཽ་སྟུ་བྷ་དང་ཟླ་བ་དང་། བདུད་རྩི་སྟོབས་ལྡན་རྒྱལ་སྲིད་དུས་སུ་ཆུ་གཏེར་བསྲུབས་ལས་ལྷ་ཡུལ་མཁའ་ལ་གལ་ཏེ་བྱུང་གྱུར་ན། །ཨན་དྷ་ཀ་ཉིད་རྒྱལ་སྲིད་ལ་ནི་ཟླ་བ་མེད་པས་གཟའ་ཚེས་དུས་ཀྱི་ཚོགས་ཀྱང་མེད་པར་གྱུར། །ཞེས་དང་།  ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་དང་པོར།  རིག་བྱེད་ཚད་མ་དང་ནི་འགལ་བྱེད་སྨྲ། །ཁྲུས་ལས་ཆོས་འདོད་པ་དང་རིགས་སྨྲས་དྲེགས། །སྡིག་པ་གཞོམ་ཕྱིར་གདུང་བ་རྩོམ་བྱེད་པ། །བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན། །ཞེས་དུས་འཁོར་དང་ཚད་མ་སོགས་ལས་དགག་བྱ་གནང་ཡང་།

            རིག་བྱེད་རང་ལུགས་སུ།  གོང་གི་ལུང་རྣམས་དང་། བླ་མ་བརྒྱུད་པའི་གསུང་རྒྱུན་སོགས་ལས་བྱུང་བ་ཐམས་ཅད་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བླངས་ན་འདི་ལྟར་ཐོབ་པར་སྣང་སྟེ། འཇམ་དཔལ་རྩ་རྒྱུད་ཀྱི་ལེའུ་རབ་འབྱམས་བཅོ་བརྒྱད་པར། རང་ཉིད་འོད་ལྡན་སེམས་ཅན་ནི། །དེ་ཡི་དུས་སུ་རྫོགས་ལྡན་ཡིན། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང་། །རྒ་དང་འཆི་བ་རྣམ་པར་སྤངས། །དེ་ཡི་དུས་སུ་རྒྱུ་སྐར་དང་། །ཉི་མ་ཟླ་བ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །ཅེས་དང་། དེ་ནས་དུས་ནི་འབྲི་བ་ན། །འཇིག་རྟེན་གནོད་མིན་རབ་ཏུ་འཇུག། སྔོན་གྱི་ལས་ཀྱིས་དྲངས་ནས་ནི། །དེ་ནས་ས་ཡི་སྟེང་དུ་འགྲོ། །ཞེས་དང་།  དེ་ནས་ཉིན་ཞག་ཟླ་བ་དང་། །གཟའ་ཡི་འོད་ནི་བྱུང་བར་གྱུར། །ཞེས་པ་ལྟར་སྔོན་རྫོགས་ལྡན་གྱི་མཇུག་ཏུ་བདུད་རྩི་ས་ཞག་ལ་སོགས་པའི་ཟས་ཟོས་པས་རྫུ་འཕྲུལ་དང་ལུས་ཀྱི་འོད་ཉམས་ནས་མིའི་འཇིག་རྟེན་དུ་མུན་པ་བྱུང་བའི་ཚེ།  འོ་མའི་རྒྱ་མཚོ་ཆེན་པོའི་དབུས་ན་འཆི་མེད་ཀྱི་བཅུད་དམ་བདུད་རྩིས་གང་བའི་རིན་ཆེན་ཆུ་ཤེལ་གྱི་བུམ་པ་ཞིག་ལྷང་ངེ་ལྷན་ནེར་འདུག་པ།  སྒྲ་གཅན་གླིང་བཞིར་རྒྱུ་བས་མཐོང་བ་དང་། དེས་ལྷ་དང་ལྷ་མ་ཡིན་རྣམས་ལ། ཀྱེ་གྲོགས་པོ་དགརྒྱ་མཚོ་ཆེན་པོ་རྣམ་པར་མི་གཡོ་བའི་ཀློང་ན་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་གཅིག་བདག་གིས་མཐོང་ངོ་ཞེས་སྨྲས་པ་ན།  དེར་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་བདུད་རྩི་དེ་འདོད་ནས་ལེན་པར་བརྩམས་པའམ་ལྷ་དང་ལྷ་མ་ཡིན་ཐམས་ཅད་སྐོམ་པའི་ནད་ཀྱི་གདུང་བ་ལྷག་པར་འཕེལ་བ་ཅི་ཡིན་བརྟགས་ན་ཆུ་ཡི་སྙིང་པོར་གནས་པས་གདུང་བ་ཞི་བར་མཐོང་ནས་སྨན་དང་བཅུད་ཐམས་ཅད་མཚོར་བཅུག་སྟེ་སྙིང་པོ་འདོད་པའི་ཕྱིར་ཁྱབ་འཇུག་གིས་རོ་བི་མནྡྷ་རའམ་རི་རབ་ཀྱིས་བསྲུབ་ཤིང་བྱས་ཀླུའི་རྒྱལ་པོ་ནོར་རྒྱས་སམ་ཚུལ་འདིར་ཀླུའི་དྲང་སྲོང་མུ་ཁྱུད་འཛིན་ལུས་སྦྲུལ་དུ་སོང་ནས་བསྲུབ་ཐག་དང་མེས་པོ་ཚངས་པས་སྤྱི་བོ་མནན། འོག་ནས་རུས་སྦལ་གྱི་རྒྱབ་རྟེན་བྱས་རྒྱ་མཆོ་བསྲུབས་པ་ལས། ཐོག་མར་རིན་པོ་ཆེ་མེ་ཤེལ་ལས་གྲུབ་ཅིང་རྟ་བདུན་དང་ལྡན་པའི་འཇིག་རྟེན་འོད་ཀྱི་སྣང་བར་བྱེད་པ་ཞིག་བཏོན་པས་སེམས་ཅན་ཀུན་གྱིས་ཉི་དགའ་ལ་མ་རུ་འདུག་ཅེས་སྨྲས་པས་མིང་ཉི་མར་བཏགས། ཡང་བསྲུབས་པས་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་ཅིང་རྟ་ལྔ་དང་ལྡན་པའི་དཀྱིལ་འཁོར་བཏོན་པས་སྔོན་མ་དེའི་ཟླ་བོར་འདུག་ཟེར་མིང་ཟླ་བར་གྲགས་པ་ལྷ་དབང་ཕྱུག་ཆེན་པོའི་ཅོད་པན་དུ་བྱས། དེ་ནས་གླང་པོ་ཆེ་ས་སྲུངས་ཐོན་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཞོན་པར་བཟུང་། དཔག་བསམ་གྱི་ཤིང་ངམ་ཡོངས་འདུ་ས་བཏོན་པ་ལྷས་ཁྱེར། ལྷ་མོ་དཔལ་མོ་བྱུང་བ་རང་ཉིད་ནས་ཁྱབ་འཇུག་གི་ཆུང་མར་ཁས་བླངས་ཏེ་འདུས་།  དེ་ནས་བུད་མེད་ཤིན་ཏུ་ཡིད་དུ་འོང་བ་ཞིག་བྱུང་བ་ཁྱོད་སུ་ཡིན་དྲིས་པས་ང་ཆང་ཞེས་བྱ་བ་འཐུངས་ན་མྱོས་པ་དང་བརྒྱལ་བ་དང་དྲེགས་པས་སྨྱོ་བའི་རྣམ་པར་འགྱུར་རོ་ཞེས་ཟེར་བས་ལྷ་མིན་རྣམས་ཀྱིས་འཐུང་བར་མ་ནུས་ལྷས་བཏུངས་པས་ལྷའི་སྐད་དོད་སུ་ར་དེའི་སྔོན་དུ་དགག་ཚིག་ཨ་བཞག་པས་ལྷ་མིན་ཏེ་ལྷ་དང་ལྷ་མིན་གྱི་མིང་ཡང་གྲགས། དེ་ནས་ནད་དང་གདོན་དང་བཀྲ་མི་ཤིས་པ་ཐམས་ཅད་སེལ་བར་བྱེད་པའི་ནོར་བུ་རིན་པོ་ཆེ་དགེ་བ་ཞེས་བྱ་བ་བརྒྱད་དང་། ཀོ་ཐུ་བ་དང་། ནོར་བུའི་རྣ་ཆ་བཟང་པོ་དང་། བདུད་རྩི་དང་ཆ་འདྲ་བའི་སྨན་ལ་སོགས་པ་བཏོན་པ་སྤྱི་ནོར་བྱས། དེ་རྗེས་མགྲིན་རིངས། ཐོར་ཐོས། སྒྲ་མཐོ་ཞེས་མིང་གི་རྣམས་གྲངས་དུ་མ་དང་ལྡན་པའི་རྟ་ནམ་མཁའ་ལ་འཕུར་ཤེས་ཤིང་སྤྲིན་གྱི་ཁ་དོག་ལྟར་དཀར་བ་བཏོན་པ་ལྷ་དང་ལྷ་མིན་ཧབ་ཤ་བྱས་པའི་མཐར་ལྷ་མ་ཡིན་སྟོབས་ལྡན་གྱིས་རྐང་པ་གཉིས་ནས་བཟུང་སྟེ་དེ་འཁྱེར་ནས་རང་གི་གནས་སུ་བྲོས།  དེ་ནས་ཡང་བསྲུབས་པས་ཤིན་ཏུ་འཇིགས་སུ་རུང་བའི་སྐྱེས་བུ་ནག་པོ་བརྩེགས་པ་ཞེས་བྱ་བ་གདོང་དགུ་པ་སྐྲ་སེར་མིག་ནས་མེ་འབར་བ་ཞིག་བྱུང་བ། ཁྱབ་འཇུག་གིས་མིད་པས་ཞུ་བར་མ་གྱུར་ནས་དྲན་པ་སྟོར་ཏེ་ས་ལ་འགྱེལ་ཅིང་མི་སྨྲ་བར་གནས་པ་དང་། ལྷ་ཆེན་པོས་དེ་ལས་དྲངས་ཏེ་མགྲིན་པར་བཞག་པས་དེས་དེའི་མགྲིན་པ་སྔོན་པོར་སོང་བ་སོགས་ཀུན་གྱིས་མ་ཐུལ་བ་ལྷ་ཚངས་པར་གསོལ་བ་བཏབ་པས། ཚངས་པ་ལ་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོས་སྐྱེ་བུ་དེ་འདྲ་བ་བྱུང་བའི་ཚེ་ཧཱུཾ་ཞེས་པའི་རིག་སྔགས་ཀྱིས་ཐུལ་ཞེས་པའི་ལུང་བསྟན་ཡོད་པ་དྲན་ཏེ། ཧཱུཾ་ཞེས་བརྗོད་ཅིང་སྡིགས་མཛུབ་གདེངས་པས་དེའི་ལུས་ཞིག་ནས་དུག་སྦྲུལ་དང་ཁྱི་དང་སྲིན་བུ་ལ་སོགས་པ་རྒྱུ་བ་དང་། བོང་ང་ཐང་ཕྲོམ་ལ་སོགས་པ་མི་རྒྱུ་བའི་དུག་གཉིས་ལ་ཐིམ། དེའི་འོག་ཏུ་བདུད་རྩི་བྱུང་བ་ན་སྣོད་ཆེན་པོ་བརྒྱད་གང་བ་སྒ་བ་ཤེས་རིན་པ་སོགས་ཚངས་པས་སྒོས་སུ་འཁྱེར་བས་སྒྲ་གཅན་གྱིས་འཁོར་ལོ་འཕངས་པ་དཔྲལ་བར་ཕོག་པ་སྨྲ་ཡང་། སློབ་དཔོན་ཤེས་རབ་གོ་ཆ་སོགས་ཡིག་ཆ་ཕལ་ཆེར་མཐུན་པར་ལྷ་མ་ཡིན་རྣམས་ཀྱིས་ཁྱེར་པས་ལྷ་རྣམས་ཤིན་ཏུ་ཡིད་མུག་པའི་ཚེ་ཁྱབ་འཇུག་གིས་ཆེས་ཡིད་དུ་འོང་ཞིང་གཟུགས་བཟང་བའི་བུད་མེད་ཀྱི་ལུས་སུ་བསྒྱུར་ཏེ་ལྷ་མ་ཡིན་རྣམས་ག་ལ་བ་དེར་སོང་ཞིང་བརྒྱ་བྱིན་གྱིས་ཀྱང་མི་སྣང་བའི་གཟུགས་ཀྱིས་ནམ་མཁའ་ལ་འདུག་གོ། དེའི་ཚེ་ལྷ་མ་ཡིན་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གི་བུད་མེད་ཡིན་ནོ་སྙམ་ནས་ཁྱབ་འཇུག་བུད་མེད་དུ་བསྒྱུར་བ་དེ་བདུད་རྩིའི་སྲུང་མར་བཞག་ནས་ཁྲུས་ལ་སོང་བ་དང་། སྐབས་དེར་ཁྱབ་འཇུག་དང་བརྒྱ་བྱིན་གཉིས་ཀྱི་བདུད་རྩི་བུམ་པ་བརྒྱད་པོ་དེ་བརྐུས་ནས་བརྒྱ་བྱིན་གྱི་ཁང་བ་རྣམ་པར་རྒྱལ་བྱེད་དུ་ཁྱེར་རོ། །དེ་རྣམས་ཁྲུས་བྱས་ནས་སླར་ལོག་པ་དང་། བདུད་རྩི་མ་མཐོང་ནས་དེ་འཚོལ་བ་ལ་བརྕོན་པ་ན་ལྷ་རྣམས་ཀྱིས་ཁྱེར་རོ། །ཞེས་ཐོས་ནས་ལྷ་རྣམས་སྟེང་དུ་འགྲོ་བ་ནི་བདེན་ནོ་སྙམ་མོ། །དེའི་ཚེ་ལྷ་རྣམས་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་འདུས་པ་ན་སྒྲ་གཅན་ལྷའི་ཆ་ལུགས་སུ་བསྒྱུར་ཏེ་དེར་ཞུགས་པས། བདུད་རྩིའི་སྐལ་བ་ཐོབ་པ་དང་དེ་ཟླ་བས་མཐོང་སྟེ་འདི་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ནོ་ཞེས་ལྷ་རྣམས་ལ་སྦྲན་པ་དང་།  དེ་མ་ཐག་སྒྲ་གཅན་བྲོས་པ་ན་བརྒྱ་བྱིན་གྱི་རྡོ་རྗེ།  སྐེམ་བྱེད་ཀྱིས་མདུང་། སྟོབས་བཟང་གིས་གཤོལ་ལ་སོགས་པ་མཚོན་ཆ་ཇི་སྙེད་ཅིག་ཐོགས་ཏེ་ལྷ་རྣམས་ཀྱིས་དེད།  ཟིན་ལ་ཁད་པར་ཁྱབ་འཇུག་གི་ལག་པར་དྲང་སྲོང་ཞོ་འཐུང་གི་རུས་པ་བདེན་པ་སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ།  ཐམས་ཅད་དུ་མ་ཕམ་པ་སྟེ་མདོར་ན་ཕར་ལ་དངོས་པོར་འཛིན་པ་ཐམས་ཅད་འཇོམས་ཤིང་ཚུར་ལ་གང་གིས་ཀྱང་གཞོམ་མི་ནུས་པའི་རྡོ་རྗེར་གྱུར་བ་ཉི་མའི་དུམ་བུ་བསྡུས་པ་ལ་ལས་སྣ་ཚོགས་པས་བཟོས་པའི་འཁོར་ལོ་གང་ལ་བརྒྱབ་པ་དེར་མི་འཕོག་མི་སྲིད། འཕོག་པས་མི་བསྣད་མི་སྲིོད།  བསྣད་པས་མི་འཆི་མི་སྲིད། འཆི་བས་ངན་སོང་དུ་མི་ལྟུང་མི་སྲིད་པ་སྟེ་དམ་བཅའ་བཞི་ལྡན་ཡོད་པ་འཕངས་པས་སྒྲ་གཅན་གྱི་སྐེ་བཅད་དེ་ལུས་བྱིངས་ཤི་བར་གྱུར་ཀྱང་། བརྒྱད་པའི་ཕྱི་མར།  སྒྲ་གཅན་བདུད་རྩི་རྐུ་བ་ན། །ཁྱབ་འཇུག་གིས་ནི་སྐེ་བཅད་པས། །ཞེས་པ་ལྟར་བདུད་རྩིའི་མཐུས་མགོ་བོ་མ་ཤིར་བར་སླར་འཁོར་ལོ་ཕྱིར་གཡུགས་སུ་འཕངས་པས་ཚངས་པའི་དཔྲལ་བའམ་མཁུར་ཚོས་ལ་འཕོགདུས་དེར་ལྷ་མིན་དབང་པོའི་ཁྲག་དང་བདུད་རྩི་འདྲེས་པ་ཐིགས་པ་གཅིག་ས་ལ་ལྷུངས་པར་ཨ་རུ་ར་དང་སྒོག་སྐྱ་བྱུང་དེའི་ཕྱིར་སྒྲ་གཅན་ཟིན་དང་ཟླ་བ་ཞེ་འགྲས་པར་འགྱུར་ཞིང་གང་གིས་ཚེ་ཟླ་བའི་དཀྱིལ་འཁོར་རྒྱས་པའི་དུས་འགེབས་ཤིང་སྒྲིབ་པར་བྱེད་པའང་དེ་ནས་བྱུང་ཞེས་གྲགས། ཚངས་པ་རང་གི་རྨའི་ཟུག་རྔུ་དང་སྒྲ་གཅན་གྱི་སྐེ་ཆད་པའི་སྙིང་རྗེས་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། སྔོན་སངས་རྒྱས་ཤཱཀྱ་ཐུབ་ཆེན་པོར་སྨན་གྱི་རྒྱུད་ཐོས་པས་རྐྱེན་བྱས། རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མ་ཨོྃ་ཨཱ་ཐ་ཞེས་བྱ་བ་ཐོན་པ་ལ་བརྟེན་ནས་ཚེའི་རིག་བྱེད་སོགས་རིག་བྱེད་བཞི་ཡན་ལག་དང་བཅས་པ་བྱུང་བ། ཟླ་ཟེར་ལས། ཡི་གེ་ཨོཾ་དང་ཨཱ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་བཤད་ཅིང་བཀླག་པའི་ཚེ་ཡང་ངེས་བརྗོད་ཀྱི་རིག་བྱེད་ནི་ཨོཾ། སྙན་ངག་གི་ཨུ། སྲིད་སྲུང་གི་ཨེ། མཆོད་སྦྱིན་གྱི་ཨ་སྟེ་དེ་བཞི་པོའི་ཚད་དུ་འདོན་དགོས་པར་བཞེད། དེ་ཡང་བརྡ་སྤྲོད་དབྱངས་ཅན་མའི་དགོངས་པ་ལྟར་བསྒྲུབས་པར། ཨ་བསྲུང་པ་ལ་སྟེ་སྐྱོང་བ་ལའོ་ཞེས་པའི་བྱིངས་བཞགབྱིངས་མཐའི་ཨ་དབྱིའོ། །བའི་སྲོག་གི་ཨ་ཕྱིས། ཨུཎ་ལ་སོགས་པ་ནི་རྟག་ཏུའོ་ཞེས། རྐྱེན་མུ་ཀུ་བྱིན། ཀ་འགྲོ་བ་ལ་འོས་པ་དེ། སཾ་པྲ་སཱ་ར་ཎས་ཨུར་བསྒྱུར། ཀ་དེའི་དོན་ཡིན་པས་ཕྱིས། ཨུ་བརྗོད་དོན་ཨ་ཨུ་ལ་ཨོ། མ་ང་རོར་བྱས་པས་ཨོཾ་འགྲུབ་པས་བསྲུང་བའི་དོན་ལ་འཇུགརྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཅིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་དང་། འདུལ་བ་རྒྱ་ཆེར་འགྲེལ་ལས། ཡི་གེ་ཨོཾ་ལྡན་ཕྱེད་དང་བཞི། ཚད་དུ་བྱས་པ་སྙན་པར་བརྗོད། །ཅེས་བསྟོད་བཀུར་བསྔགས་གསུམ་དུ་བཤད་པ་དང་། རྟོག་གེ་འབར་བར་རིག་བྱེད་ཀྱི་ལུང་དྲངས་པ་ལས། ཚངས་པ་དང་ནི་ནོར་ལྷ་ཡི། །གླུར་བླངས་གསང་བ་ཨོཾ་ཞེས་བྱ། །ཚངས་པའི་ཡི་གེ་དེ་ཉིད་ནི། །ཡོད་དེ་ཀུན་ལ་ཁྱབ་པ་ཡིན། །དེ་ནི་ཚད་གསུམ་གསལ་བ་ཡིན། །དེ་བཞིན་ཤིན་ཏུ་ཕྲ་བར་བསྟན། །དང་པོའི་རྒྱུ་ནི་ཡི་གེ་ཨ། །ངག་དང་སྙིང་སྟོབས་ས་མེ་བསྡུས། །ལས་དང་ནམ་མཁའ་ཉིད་དག་ཀྱང་། །ཡིད་རྡུལ་སྙིང་སྟོབས་ཨུ་དང་ལྡན། །བྱེད་པོའི་ཡི་གེ་མིའི་མིང་ཅན། །གྲོག་དང་མུན་པ་གསུམ་པ་ཡིན། །འགྲོ་བ་ཐམས་ཅད་སྡུད་པར་བྱེད། །གཉིད་ཆེན་ཤིན་ཏུ་ལོག་པའི་རྒྱུའོ། །ཞེས་དང་། དབང་པོ་དག་དང་དབང་དོན་རྣམས། །རུས་སྦལ་ཡན་ལག་བཞིན་བསྡུས་ལ། །དྲན་པས་ཡི་གེ་ཨོཾ་བརྗོད་ན། །དེ་གུས་སྐྱེས་བུ་གྲོལ་བར་གྱུར། །ཞེས་ཨོཾ་ཡིག་ཡི་གེ་གསུམ་གྱི་བདག་ཉིད་དེ། ཨ་ཁྱབ་འཇུགཨུ་དབང་ཕྱུགམ་ཚངས་པའི་ངོ་བོ་ཡིན་པས་དེ་གསུམ་གྱི་རང་བཞིན་མཚམས་སྦྱར་བས་འགྲུབ་པ་སོགས་དྲང་དོན་གྱི་དབང་དང་། ངེས་དོན་དུས་འཁོར་རྩ་རྒྱུད་ལས། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་རྡོ་རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་དང་། ལྷ་གསུམ་པོ་དེ་ཡང་། བརྟག་གཉིས་ལས། ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཚངས་པ་དྲི་བྲལ་སངས་རྒྱས་ཉིད། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞེས་དང་། སཾ་པུ་ཊའི་འགྲེལ་པ་ཀཱ་ཡ་སྛས་མཛད་པ་ལས། ཨ་ནི་བདག་མེད་མ་ཞེས་བཤད། །ཨུ་ཡིག་རྡོ་རྗེ་མཁའ་འགྲོ་མ། །མ་ཡིག་མི་བསྐྱོད་རྡོ་རྗེ་བས། །ཨོཾ་ནི་རྡོ་རྗེ་གསུམ་ཞེས་བཤད། །ཡི་གེ་ཨ་ནི་གསུང་ཞེས་བྱ། །ཡི་གེ་ཨུ་ནི་སྐུ་རུ་བརྗོད། །མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོར་གསུམ་གཅིག་པའི་རང་བཞིན་ཨོཾ། །ཡི་གེའི་དང་པོར་གྱུར་པའི་ཕྱིར། །ཡི་གེ་གཙོ་བོ་ཞེས་སུ་བཤད། །ཅེས་སོགས་དང་། དུས་འཁོར་རྩ་རྒྱུད་ལས།  དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །ཞེས་ཨ་སྐུ་ཨུ་གསུང་མ་ཐུགས་ཏེ་རྡོ་རྗེ་གསུམ་གྱི་རང་བཞིན་ཨོཾ་ཡིག་སངས་རྒྱས་ཀྱི་ངོ་བོ་དེ་ལ་ཨེ་ཝཾ་སྒྲུབ་པའི་རིགས་པས་སྤྲོས་པའི་སྒྲུབ་ཚུལ་དང་ཐིག་ལེ་ཟླ་བ་ཁུ་བ་ཕྱི་ནང་གཞན་གསུམ་གྱི་སྦྱར་གཞི་སོགས་མཐའ་ཀླས། སྒྲོན་གསལ་ལས། ཨོཾ་ནི་བསོད་ནམས་ལེན་པའོ། །ཞེས་དང་། སྣ་ཚོགས་གསལ་བར། ཨོཾ་ཞེས་བྱ་བ་རབ་བསྔགས་པ། །ཚངས་པ་ཡི་ནི་འགྱུར་མེད་སྔགས་ཞེས་བཀྲ་ཤིས་པ་སྟོད་པ།  བསྔགས་པ། བཀུར་བ། བསོད་ནམས་ལེན་པ། སངས་རྒྱས་ཀྱི་ངོ་བོ་སོགས་དོན་མང་པོ་ལ་འཇུག་པར་གསུངས། ཐར་ལོའི་ཉི་ཟླའི་མདོར་ཡང་། སྒྲ་གཅན་གྱིས་བདུད་རྩི་བརྐུས་པ་ཟླ་བས་བྱ་གཏང་བའི་འཁོན་འཛིན་གྱིས་བཅོ་ལྔའི་དུས་ཟིན་པའི་འཇིགས་སྐྱོབ་དེ་བཞིན་གཤེགས་པར་ཞུས་དང་། གཟུངས་གྲྭ་ལྔའི་གསང་སྔགས་རྗེས་འཛིན་ལས། འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང་། །ལྷམ་མེར་འདུག་པ་དཀར་བ་དང་། །རྣམ་པར་དག་པའི་འོད་ལྡན་པ། །བར་སྣང་དག་ལ་མ་བཟུང་བར། །སྐྱེ་དགུའི་སྒྲོན་དེ་མྱུར་དུ་ཐོང་། དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྔུལ་ཞིང་སྐྲག་གྱུར་ལ། །ནད་པ་བཞིན་ཏུ་བརྟད་པ་ཡིས། །ཟླ་བ་རྣམས་པར་གཏོང་བར་བྱས། །ཞེས་དང་། གཡུང་དྲུང་བོན་གྱི་ཀླུ་འབུམ་ཁྲ་བོར་གྲགས་པ་ལ་ཡང་འདི་དང་མཐུན་པར་སྣང་།  གསུང་རབ་ལ་ལར་ཉི་ཟླ་སྤྱང་ཀིས་ཟིན་པ་ཞེས་དང་།  དྲན་ཉེར་ལྷ་མིན་དབང་པོའི་ལག་པས་བསྒྲིབས་པ་སོགས་ཀུན་རྫོབ་དྲང་བའི་དོན་དུ་བཤད་ཚུལ་ཇི་སྙེད་དང་། གནམ་སྟོང་དུ་ཉི་མ་བསྒྲིབས་པའང་གཙོ་བོ་ཟླ་བར་ཡིན་རུང་ལྷན་ཅིག་ཏུ་གནས་པའི་དབང་ལས་ཡིན་པ་ལོ་རྒྱུས་ལ་ལར་བྱུང་བ་ཐུན་མོང་བའི་གདུལ་བྱའི་སྣང་ངོར་ཙམ་སྟེ་དོན་ཉི་ཟླ་ཁམས་ཀྱི་དྭངས་མའི་རྣམ་པར་སྒྲ་གཅན་བར་སྲིད་ཀྱི་ཚུལ་དུ་སྦྱོར་ཞིང་། གོ་ལའི་རྒྱུ་ལམ་དུ་ཆུ་ཤེལ་དང་མེ་ཤེལ་གྱི་དཀྱིལ་འཁོར་ཤིན་ཏུ་དྭངས་པའི་སྟེང་དུ་གདོང་མཇུག་ནོར་བུ་བཻ་ཌཱུརྱའི་མདངས་ཅན་སྟེང་ནས་ཕོག་པའི་གྲིབ་མ་ལས་གནོད་པ་བྱས་པའི་ཐ་སྙད་མེད་ཅིང་དྷཱུ་ཏི་སྒྲ་གཅན་དང་རོ་རྐྱང་ཉི་ཟླར་བྱས་ནས་ཕྱི་ནང་གཞན་གསུམ་གྱི་སྦྱོར་ཚུལ་དང་པོའི་སངས་རྒྱས་སུ་གསུངས་པའི་དོན་བཻ་ཌཱུར་དཀར་པོ་མ་བུར་རྒྱས་པར་བཤད་པ་ལྟར་རོ། །དེ་ཡང་མེས་པོས་སྐྱེ་རྒུའི་བདག་པོ་ཞེས་པ་ཚངས་པ་གཉིས་པ་ཞིག་ལ་བསྟན།  དེས་ཐ་སྐར་གྱི་བུ་གཉིས་ཞེས་པ་སྔོན་གྱི་རྒྱལ་པོ་སྐྱ་སེང་གི་བུ་ལྔར་གྲགས་པའི་འཐབ་བརྟན་ཆོས་ཀྱི་བུ།  འཇིགས་བདེ་རླུང་གི་བུ། སྲིད་སྒྲུབ་དབང་བོའི་བུ།  རིས་མེད་ལྷར་བཅས་གཉིས་ཏེ་ལྔའི་ནང་ནས་ཐ་མ་གཉིས་ཐ་སྐར་གྱི་བུ་ཡིན་པ་ལ་བཤད།  དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིིན་ལ་བསྟན་པ་ལས་རྒྱ་ཆེར་འཕེལ་ལོ། །

 

 

 

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།