སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གསོ་རིག་མི་ཡུལ་དུ་དར་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གསོ་རིག་མི་ཡུལ་དུ་དར་ཚུལ།

འགྲོ་བ་མི་ལ་དར་རྒྱས་སུ་གྱུར་པ་ནི། སྔོན་འཛམ་བུའི་གླིང་འདིར་མི་རྣམས་ཆགས་ནས་ཡུན་རིང་ཞིག་གི་བར་དུ་ཟས་སུ་བསམ་གཏན་གྱི་དགའ་བ་ཟས་བས་ཁམ་ཟས་རགས་པའི་མིང་མེད་ཅིང་། རང་འོད་ཀྱིས་རང་གསལ་བས་ཉི་ཟླ་གཟའ་སྐར་དང་ཉིན་མཚན་ལ་སོགས་པ་མེད་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ། གཟུགས་དང་ལོངས་སྤྱོད་ཐམས་ཅད་འོད་གསལ་གྱི་ལྷ་དང་མཉམ་པར་སྤྱོད་པའི་མཇུག་ཏུ་མི་ཡུལ་དུ་ཐོག་མར་སྐྱེས་པའི་ཤེད་བུ་ཞེས་བྱ་བས་སྲེད་པའི་བག་ཆགས་ཀྱིས་ས་ཞག་ཟོས་པ་ལ་བརྟེན་མ་ཞུ་བའི་ནད་ཀྱི་ཟུག་རྔུ་དྲག་པོས་བཏབ་སྟེ་སྨྲེ་སྔགས་ཕྱུངས་པ་མེས་པོ་ཚངས་པས་ཐོས་ནས་རང་གིས་བྱས་པར་འདོད་པའི་འགྲོ་བ་ལ་བརྩེ་བའི་བློས་སམ་ལ་ལར་སྔོན་སངས་རྒྱས་ཤཱཀྱ་ཐུབ་ཆེན་གྱིས་གསུངས་པའི་གསོ་དཔྱད་འབུམ་སྡེ་ལས་མ་ཞུ་བའི་ནད་ལ་ཆུ་སྐོལ་གཏོང་བའི་ཚུལ་ཡོད་པ་དྲན་པར་འདོད་པ་སྟེ། གང་ལྟར་ཚངས་པས་ཆུ་སྐོལ་གྱི་སྦྱོར་བ་བསླབ་པས་ཤེས་བུའི་ནད་ཞི། རྒྱུ་མཚན་དེ་ལ་དཔགས་ནས་ནད་ལ་སྔ་བ་མ་ཞུ་བ། ནད་པ་ལ་སྔ་བ་ཤེད་བུ། སྨན་ལ་སྔ་བ་ཆུ་སྐོལ། སྨན་པ་ལ་སྔ་བ་ལྷ་ཚངས་པ་ཡིན་པར་འཇིག་རྟེན་དུ་གྲགས། དེ་ནས་རིམ་གྱིས་ཚངས་པ་ལས་སྐྱེས་པར་འདོད་ཅིང་བྲ་ཧྨ་ཎ་ཚངས་པའི་སྐད་དོད་དེ་བུ་བརྒྱུད་ཀྱི་རྐྱེན་ཨ་ན་བྱིན་བྲ་རིང་བོར་བྱས་པས་ཚངས་པའི་བུ་སྟེ་བྲམ་ཟེར་གྲགས་པ་དེའི་རྗེས་སུ་ཞུགས་པ་རྣམས་ཀྱིས་མཐོ་རིས་ཀྱི་སྨན་པ་རྣམས་ལས་བརྒྱུད་པའི་ཚེའི་རིག་བྱེད་ཀྱི་ལུང་རྣམས་དར་ཞིང་རྒྱས་པར་བྱས་ཏེ་རྒྱ་ཆེར་འཕེལ་བ་སྐལ་བཟང་ལྷའི་ལུགས་དང་རིག་འཛིན་དྲང་སྲོང་གི་ལུགས་གཉིས་གཤམ་སུ་འཆད་རྒྱུ་ལྟར་དང་།

 

སྟོན་པ་སངས་རྒྱས་པའི་ལུགས།

སྟོན་པ་སངས་རྒྱས་པའི་ལུགས་སུ་བཞེད་པ་ནི། བསྐལ་བ་བཟང་པོ་འདི་ལ་མཚོན་ན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ཡིན་ལ་སངས་རྒྱས་ཀྱིས་བཀའ་སྩལ་བ་དང་གཞན་དག་གིས་བཤད་པ་སོགས་མེད་པའི་མཐའ་མ་བཀག་ཀྱང་དེང་སང་འདིའོ་ཞེས་གསལ་བར་བརྗོད་པའི་སྐབས་མ་འཚལ་ཞིང་། སྟོན་པ་ཤཱཀྱའི་དབང་པོས་འཁོར་ལོ་དང་པོ་ཝ་ར་ཎཱ་སིར་བདེན་བཞིའི་ཆོས་འཁོར་གྱི་སྐབས་གསོ་དཔྱད་བི་མ་ལ་མུ་ཏྲ་ལེའུ་བདུན་ཁྲི་ཉིས་སྟོང་ཡོད་པ་དང་ཡན་ལག་བརྒྱད་པ་བམ་པོ་ཉི་ཁྲི་བ་ཞིག་གསུངས་པར་གྲགས་ལ། འདུལ་བ་སྨན་གྱི་གཞི་ལས། དགེ་སློང་ནད་པས་ནི་སྨན་པ་ལ་དྲིས་ཏེ་བྱའོ། །ཞེས་པ་ལྟ་བུའི་འཕྲོས་ལ་བརྟེན་ནས་འདུལ་བ་ལུང་གི་དུམ་བུ་གསུམ་པར་སྨན་དང་མས་བཏང་བའི་དཔྱད་ལ་སོགས་པ་ཉུང་ངུ་ཙམ་ཞིག་བཤད་ཅིང་གཙོ་བོར་སྨོས་པ་ནི། སྨན་ནི་རྗེས་སུ་གནང་བ་དང་། ཚིལ་དང་གཡན་པ་མིག་སྨན་དང་། སྨྱོན་པ་དང་ནི་ཕི་ལིན་ད། ནམ་གྲུ་དང་ནི་སྐྱུར་ཁུའོ། །ཞེས་པའི་སྡོམས་བཞིན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་དགེ་སློང་རྣམས་སྟོན་ཀའི་བྲོ་ནད་ཀྱི་སྐྱ་བོ་སེང་སེང་བོར་གྱུར་པའི་ཚེ་སྨན་སོ་སོིར་བསྟན་པར་གསུངས་ཀྱང་དུས་སུ་མ་གཏོགས་དེ་ལས་ཡོལ་བར་མི་བསྟེན་པར་སྲ་མོེར་གྱུར་པ་ལ། ཀུན་དགའ་བོ་དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་བོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བ་སོ་སོར་བསྟན་པར་བྱའོ། །དེ་ལ་དུས་སུ་རུང་བ་ནི་ལྡེ་གུ་དང་། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་རོ། ཐུན་ཚོད་དུ་རུང་བ་ནི། ཤིང་ཏོག་ཙའི་བཏུང་བ་དང་། ཆུ་ཤིང་གི་འབྲུའི་བཏུང་བ་དང་། རྒྱ་ཤུག་གི་བཏུང་བ་དང་། ཨ་ཤྭད་ཐའི་བཏུང་བ་དང་། ཨུ་དུམ་ཝཱ་རའི་བཏུང་བ་དང་། བ་རུ་ཤ་ཀའི་བཏུང་བ་དང་། རྒུན་འབྲུམ་གྱི་བཏུང་བ་དང་། འབྲ་གོའི་བཏུང་བའོ། །ཞག་བདུན་པ་ནི་མར་དཀར་དང་། ཏིལ་མར་དང་། བུ་རམ་གྱི་དབུ་བ་དང་། སྦྲང་རྩི་དང་། ཤ་ཁ་རའོ། །འཚོ་བའི་བར་དུ་བཅང་བ་ནི། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དང་། ཧྲང་ཆུ་ལྔ་དང་། ཐལ་བ་ལྔ་དང་། ལན་ཚྭ་ལྔ་དང་། བསྐ་བ་ལྔའོ། །དེ་ལ་རྩ་བའི་སྨན་ནི་གླ་སྒང་དང་། ཤུ་དག་དང་། ཡུང་བ་དང་། སྒེ་གཤེར་དང་། བོང་ང་དཀར་པོ་དང་། གཞན་ཡང་རྩ་བའི་སྨན་གྱི་ནང་དུ་གཏོགས་པ་ཟས་ཀྱི་དོན་དུ་མི་འགྱུར་བ་གང་ཡིན་པའོ། །སྡོང་བུའི་སྨན་ནི། ཙནྡན་དང་། དབྱི་མོང་དང་། ཤུག་པ་དང་། ཐང་ཤིང་དང་། སླེ་ཏྲེས་དང་། སྐྱེར་པ་དང་། གཞན་ཡང་སྡོང་བུའི་སྨན་གྱི་ནང་དུ་གཏོགས་པ་གང་ཡིན་པའོ། །ལོ་མའི་སྨན་ནི། པ་ཏོ་ལའི་ལོ་མ་དང་། བ་ཤ་ཀའི་ལོ་མ་དང་། ནིམ་པའི་ལོ་མ་དང་། གཞན་ཡང་ལོ་མའི་སྨན་གྱི་ནང་དུ་གཏོགས་པ་ཐམས་ཅད་དོ། །མེ་ཏོག་གི་སྨན་ནི། བ་ཤ་ཀའི་མེ་ཏོག་དང་། ནིམ་པའི་མེ་ཏོག་དང་། དྷ་ནི་ཀའི་མེ་ཏོག་དང་། ཤ་ཏའི་མེ་ཏོག་དང་། པདྨ་ཀེ་ས་རའི་མེ་ཏོག་དང་། གཞན་ཡང་མེ་ཏོག་གི་སྨན་གྱི་ནང་དུ་གཏོགས་པ་ཐམས་ཅད་དོ། །འབྲས་བུའི་སྨན་ནི། ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་དང་། གཞན་ཡང་འབྲས་བུའི་སྨན་གྱི་ནང་དུ་གཏོགས་པ་ཐམས་ཅད་དོ། །། ཏྲང་ཆུ་ལྔ་ནི (སྡེ་སྲིད་སྨན་གྱི་ཁོག་འབུབས་ནང་ཧྲང་ཆུ་ལྔ་ནི་ཞེས་གསལ)ཤིང་ཀུན་དང་། སྲ་རྩི་དང་། རྒྱ་སྐྱེགས་དང་། པྲ་ཚིལ་དང་། དྲོད་སྨན་ནོ། ཐལ་བ་ལྔ་ནི། ནས་ཀྱི་ཐལ་བ་དང་། ནས་ཀྱི་ཕུབ་མའི་ཐལ་བ་དང་། ཤིང་ས་རྫི་ཀའི་ཐལ་བ་དང་། ཏིལ་གྱི་ཐལ་བ་དང་། ཤིང་འབའ་ཤིག་ཀའི་ཐལ་བའོ། །ལན་ཚྭ་ལྔ་ནི། རྒྱམ་ཚྭ་དང་། ལན་ཚྭ་སྨུག་པོ་དང་། ཁ་རུ་ཚ་དང་། ལན་ཚྭ་དང་། རྒྱ་མཚོའི་ལན་ཚྭའོ། །བསྐ་བ་ནི། ཨ་མྲྀའི་བསྐ་བ་དང་། ནིམ་པའི་བསྐ་བ་དང་། འཛམ་བུའི་བསྐ་བ་དང་། ཤི་རི་ཤའི་བསྐ་བ་དང་། ཀོ་ཤམ་པའི་བསྐ་བའོ། །ཞེས་སོགས་སྨན་བསྟེན་ཚུལ་ལ་སོགས་པ་བྱིན་གྱིས་བརླབ་ཚུལ་དང་བཅས་ཏེ་བཀའ་སྩལ། འཁོར་ལོ་བར་བ་མཚན་ཉིད་མེད་པའི་ཆོས་བྱ་རྒོད་ཕུང་རིར་གསུངས་པའི་དུས་སུ་ལྷ་ཆེན་པོ་ཚངས་པ་ལ་གསོ་དཔྱད་འབུམ་པ་གསུང་ཤིང་། དུས་དེར་ལྷོ་ཕྱོགས་བེ་ཏའི་ཚལ་གྲོང་ཁྱེར་བདེ་སྐྱིད་བྱ་བར་རྒྱལ་པོ་པདྨའི་དཔལ་གྱིས་སངས་རྒྱས་དབྱར་གནས་ལ་སྤྱན་དྲངས་པའི་ཚེ། སྤྱན་རས་གཟིགས་དང་ཚངས་པ། ཤཱ་རིའི་བུ་སོགས་ཐེག་པ་ཆེན་པོའི་རིགས་ཅན་ལ། གཅེར་མཐོང་རིག་པའི་བརྒྱུད་ལེའུ་སུམ་སྟོང་ལྔ་བརྒྱ་བ་ཤོ་ལོ་ཀ་འབུམ་པ་གསུངས་པ་འདི་དང་གསོ་དཔྱད་འབུམ་པ་གཅིག་པར་བཞེད་པའང་སྣང་། གནས་བྱ་རྒོད་ཕུང་བོའི་རི་ཡིན་ཀྱང་འཁོར་ལོ་ཐ་མའི་དུས་སུ་གསེར་འོད་དམ་པ་རྒྱ་ནག་འགྱུར་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོའི་ནད་རབ་ཏུ་ཞི་བར་བྱས་པའི་ལེའུ་ཉི་ཤུ་རྩ་བཞི་པ་ལས། རིགས་ཀྱི་ལྷ་མོ་སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་བ་གྲངས་མེད་བསམ་གྱིས་མི་ཁྱབ་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་བསྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ལ། དེའི་ཆོས་ཀྱི་གཟུགས་བརྙན་ལ་སྤྱོད་པའི་ཚེ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་ཚོང་དཔོན་ཆུ་འཛིན་ཞེས་བྱ་བ་སྨན་གྱི་རིགས་ལ་ཤིན་ཏུ་མཁས་པ་ཤེས་པའི་ཡན་ལག་བརྒྱད་ལེགས་པར་ཁོང་དུ་ཆུད་པ། སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་འབྱུང་བ་ཆེན་པོ་བཞི་མི་མཐུན་པ་ལས་གྱུར་པ་ཐམས་ཅད་སྐྱོབ་ཅིང་གསོ་བར་བྱེད་པ་ཞིག་ལ་བུ་ཁྱེའུ་ཆུ་འབེབས་ཞེས་བྱ་བ་བྱད་བཞིན་སྡུག་ཅིང་མཛེས་པ་མང་པོ་ཀུན་གྱིས་མོས་པར་བལྟ་བ། རང་བཞིན་གྱིས་སེམས་མྱུར་བ། གཙུག་ལག་རྣམས་ལེགས་པར་རྟོག་པ་ཡི་གེ་དང་། རི་མོ་དང་། རྩིས་དང་། གྲངས་རྣམས་མངོན་པར་མི་རྟོགས་པ་མེད་པ་ཞིག་ཡོད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དེའི་ཡུལ་ཁམས་ན་སེམས་ཅན་བརྒྱ་སྟོང་ཚད་མེད་སྙེད་ནད་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བར་གྱུར་པས་ཐ་ན་དགའ་བའི་སེམས་ཅུང་ཟད་ཀྱང་མེད་པར་གྱུར་པ་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་སྙིང་རྗེ་སྐྱེས་ཏེ། ཕ་སྨན་པའི་རྒྱལ་པོ་ཆེན་པོ་ནི་རྒས་འཁོགས་གཏུགས་པས་སེམས་ཅན་མང་པོའི་དོན་བྱ་བར་རྔོ་མི་ཐོག་གི། བདག་གིས་རང་གི་ཕ་ལས་ནད་གསོ་བའི་སྨན་དཔྱད་གསང་བ་དྲིས་ཏེ། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་གསོས་ལ་ཡུན་རིང་བོར་བདེ་བ་མྱོང་བར་བྱའོ་སྙམ་ནས། ཕའི་ཐད་དུ་སོང་སྟེ་ཕྱག་བྱས་ཚིགས་སུ་བཅད་པས་འདི་སྐད་ཅེས་དྲིས་སོ། །བདག་ནི་སེམས་ཅན་སྐྱོབ་པའི་སླད། སྨན་དཔྱད་རྣམས་ནི་ཞུ་ལགས་ན། བྱམས་པའི་ཡབ་ཀྱིས་བརྕེར་དགོངས་ཏེ། བདག་ལ་བཀས་ནི་བཤད་དུ་གསོལ། ཞེས་གསོལ་བ་བཏབ་པ་ཐོས་པ་དང་། ཚིགས་སུ་བཅད་དེ་སྨྲས་པ། ངས་དེ་དྲང་སྲོང་སྙིང་པོ་ཡི། ནད་གསོ་དཔྱད་ལ་བརྟེན་ནས་ནི། རིམ་བཞིན་ཁྱོད་ལ་རབ་བསྟན་གྱིས། ལེགས་པར་ཉོན་ལ་སེམས་ཅན་སྐྱོབ། ཟླ་བ་གསུམ་ནི་དཔྱིད་ཀྱི་དུས། ཟླ་བ་གསུམ་ནི་དབྱར་ཞེས་གྲགས། ཟླ་བ་གསུམ་ནི་སྟོན་གྱི་ཕྱོགས། ཟླ་བ་གསུམ་ནི་དགུན་ཞེས་བྱ། འདི་ནི་ལོ་གཅིག་ལས་བརྩམས་པས། གསུམ་གསུམ་སོ་སོར་བཤད་པར་བྱ། གཉིས་གཉིས་དུས་ཚིགས་གཅིག་བྱས་ནས། ལོ་གཅིག་དུས་ནི་དྲུག་ཏུ་འགྱུར། དང་པོ་གཉིས་ནི་མེ་ཏོག་དུས། གསུམ་དང་བཞི་ནི་ཚ་བའི་དུས། ལྔ་དང་དྲུག་ནི་ཆར་པའི་དུས། བདུན་དང་བརྒྱད་པ་སྟོན་གྱི་དུས། དགུ་དང་བཅུ་བ་གྲང་བར་གྱུར། ཕྱི་མ་གཉིས་ནི་ཁ་བའི་དུས། དེ་ལྟར་བྱེ་བྲག་ཤེས་གྱུར་ན། འགལ་བ་མེད་པར་སྨན་བཏང་བྱ། དུས་ནི་འདི་དག་རྗེས་མཐུན་པར། ཟས་སྐོམ་ལེགས་པར་སྦྱོར་བྱེད་ན། ལྟོ་ནི་མྱུར་དུ་འཇུ་འགྱུར་བས། ནད་མང་དག་ནི་སྐྱེ་མི་འགྱུར། དུས་ཚིགས་གལ་ཏེ་ལོག་གྱུར་ཞིང་། འབྱུང་ཆེན་བཞི་ནི་འཕོས་གྱུར་ལ། དེ་ཚེ་གསོས་སྨན་མེད་གྱུར་ན། ངེས་པར་ནད་ཀྱི་སྡུག་བསྔལ་སྐྱེ། སྨན་པས་དུས་བཞི་ཤེས་བྱ་ཞིང་། དུས་ཚིགས་དག་ཀྱང་ཤེས་པར་བྱ། ལུས་ཀྱི་ཁམས་བདུན་རིག་བྱས་ནས། འགལ་བ་མེད་པར་ཟས་སྨན་བཏང་། རོ་ཡི་ཁམས་དང་ཁྲག་དང་ཤ། རུས་དང་རྐང་དང་ཀླད་རྒྱུངས་སུ། ནད་ནི་འདི་དག་ཞུགས་པའི་ཚེ། གསོ་རུང་མི་རུང་ཤེས་པར་བྱ། ནད་ནི་ཐ་དད་རྣམ་བཞི་ཡོད། རླུང་དང་མཁྲིས་པ་བད་ཀན་དང་། ཀུན་འདུས་པ་ཡི་ནད་ཡིན་ཏེ། གཡོ་བའི་དུས་ནི་ཤེས་པར་བྱ། དཔྱིད་ཀའི་དུས་ནི་བད་ཀན་གཡོ། དབྱར་ནི་རླུང་ནད་སྐྱེ་བར་འགྱུར། སྟོན་གྱི་དུས་སུ་མཁྲིས་པ་རྒྱས། དགུན་ནི་གསུམ་པོ་ཅིག་ཅར་ལྡང་། དཔྱིད་ནི་ཚ་རྩུབ་དྲོ་བ་བཟའ། དབྱར་ནི་སྣུམ་དྲོ་ལན་ཚྭ་སྐྱུར། སྟོན་ནི་གྲང་དང་མངར་དང་སྣུམ། དགུན་ནི་རྩུབ་སྐྱུར་སྣུམ་དང་མངར། དུས་ནི་བཞི་པོ་འདི་དག་ཏུ། སྨན་དང་ཟས་སྐོམ་གང་བཟའ་བ། གལ་ཏེ་དེ་བཞིན་བཟའ་བྱེད་ན། ནད་མང་དག་ནི་སྐྱེ་མི་འགྱུར། ཟོས་འོག་ན་བ་བད་ཀན་དང་། ཞི་ཚེ་ན་བ་མཁྲིས་པར་གྱུར། ཞུ་འོག་ལྡང་བ་རླུང་གི་དབང་། དུས་དང་སྦྱར་ལ་ནད་ཤེས་བྱ། ནད་ཀྱི་རྩ་བ་ཤེས་གྱུར་ནས། ནད་ནི་ཇི་བཞིན་སྨན་བཏང་བྱ། ནད་དབྱིབས་བྱེ་བྲག་ཐ་དད་ཀྱང་། སྔར་ནི་རྩ་བ་ཤེས་པར་བྱ། རླུང་ནད་དག་ལ་སྣུམ་བག་བཏང་། མཁྲིས་པའི་ནད་ནི་འཁྲུ་ན་བཟང་། བད་ཀན་ནད་ནི་སྐྱུག་པར་བྱ། ཀུན་འདུས་ལ་ནི་སྨན་གསུམ་དགོས། རླུང་མཁྲིས་བད་ཀན་གསུམ་ལྡང་བ། དེ་ནི་ཀུན་འདུས་པར་ཤེས་བྱ། ནད་ལྡང་དུས་ནི་ཤེས་གྱུར་ཀྱང་། རང་བཞིན་དག་ནི་ཤེས་པར་བྱ། དེ་ལྟར་བརྟགས་ཏེ་ཤེས་གྱུར་ནས། དུས་བཞིན་དུ་ནི་སྨན་དཔྱད་བྱ། ཟས་སྐོམ་སྨན་ནི་འགལ་མེད་པ། དེ་ནི་སྨན་པ་མཁས་ཞེས་བྱ། ཤེས་པའི་ཡན་ལག་བརྒྱད་རིག་ནས། སྨན་དཔྱད་རྣམས་ནི་ཀུན་སྡུས་པས། འདི་དག་ལ་ནི་གསལ་བྱས་ནས། སེམས་ཅན་ནད་ནི་གསོ་བར་བྱ། གཏར་བ་དང་ནི་རྨས་བསྣད་དང་། ལུས་ཀྱི་ནད་དང་འདྲེ་གདོན་དང་། མ་རུང་དུག་དང་བྱིས་པ་དང་། ཚེ་བསྲིང་དང་ནི་མཐུ་བསྐྱེད་ཡིན། སྔར་ནི་དེ་ཡི་ཁ་དོག་དང་། སྨྲ་ཚིག་རང་བཞིན་རབ་བརྟགས་ནས། དེ་འོག་རྨི་ལམ་དྲིས་གྱུར་ན། རླུང་མཁྲིས་བད་ཀན་བྱེ་བྲག་ཤེས། སྐེམ་རིད་མགོ་ཡི་སྐྲ་ངན་ཞིང་། སེམས་ཀྱི་རང་བཞིན་མི་བརྟན་པ། ཚིག་མང་རྨི་ལམ་འཕུར་མཐོང་ན། དེ་ནི་རླུང་གི་རང་བཞིན་ཅན། གཞོན་ནུ་སྐྲ་དཀར་སྐྱེ་བ་དང་། རྔུལ་ཆེ་གཤེར་བ་མང་བ་དང་། ཡིད་གཞུངས་རྨི་ལམ་མེ་མཐོང་བ། དེ་ནི་མཁྲིས་པའི་རང་བཞིན་ཅན། སེམས་བརྟན་ལུས་ནི་མཉམ་ལ་དྲང་། ཞིབ་རྟོག་མགོ་ནི་སྣུམ་ཞིང་རླན། རྨི་ལམ་ཆུ་དང་རྫས་དཀར་མཐོང་། བད་ཀན་རང་བཞིན་ཤེས་པར་བྱ། ཀུན་འདུས་རང་བཞིན་གཅིག་ལྡན་པས། ཁ་ཅིག་གཉིས་དང་སུམ་ལྡན་པས། ཕྱོགས་གཅིག་ལྷག་པར་གང་མང་བ། དེ་ཡི་རང་བཞིན་ཤེས་པར་བྱོས། རང་བཞིན་རིག་པར་གྱུར་ནས་ནི། ནད་བཞིན་སྨན་ནི་གཏང་བར་བྱ། འཆི་བའི་མཚན་མ་མེད་གྱུར་ན། མི་དེ་གསོར་རུང་བ་ཞེས་བྱ་བརྙས། དབང་པོས་ལོག་པ་ལ་འཛིན་ཞིང་། བླ་མ་སྨན་པ་དག་ལ་བརྙས། །ཉེ་དུ་དག་ལ་ཁོང་ཁྲོ་ན། འཆི་བའི་མཚན་མར་ཤེས་པར་བྱ། མིག་གཡོན་ཁ་དོག་དཀར་འགྱུར་ཞིང་། ལྕེ་ནག་སྣ་ཟུར་ཡོ་བ་དང་། །རྣ་བའི་འཁོར་ལོ་སྔོ་ལས་གྱུར། མཆུ་ཐུར་འཕྱང་བ་འཆི་བའི་མཚན། ཨ་རུ་ར་ནི་རྣམས་གཅིག་ལ། རོ་ནི་རྣམ་པ་དྲུག་ལྡན་ཏེ། ནད་ནི་ཐམས་ཅད་སེལ་བྱེད་པས། ཉེས་མེད་སྨན་རྣམས་ཀུན་གྱི་རྒྱལ། འབྲས་བུ་གསུམ་དང་ཚ་བ་གསུམ། སྨན་རྣམས་ནང་ན་རྙེད་པར་སླ། བུ་རམ་སྦྲང་རྩི་འོ་མ་མར། དེ་དག་ནད་མང་གསོ་བར་ནུས། དེ་ལས་གཞན་པའི་སྨན་རྣམས་ནི། ནད་དང་སྦྱར་ཏེ་བསྐྱེད་པར་བྱ། སྔར་ནི་བརྩེ་བའི་སེམས་བསྐྱེད་ནས། ནོར་དང་ཁེ་ལ་བལྟ་མི་བྱ། ངས་ནི་ཁྱོད་ལ་ནད་གསོ་བའི། གཅེས་པའི་དོན་ནི་བསྟན་པ་ཡིན། ཞེས་དང་། མདོ་སྡེའི་དབང་པོའི་རྒྱལ་པོ་ལེའུ་ཉེར་དགུ་པ་ཡེ་ཤེས་སྡེའི་འགྱུར་དང་། གསེར་འོད་དམ་པ་ལེའུ་ཉེར་གཅིག་པ་གཉིས་ཧ་ལམ་མཚུངས་པར་དེ་བཞིན་གཤེགས་པར་གཙུག་ཕུད་ཅན་གྱི་མཚན་ལ་རིན་ཆེན་གཙུག་ཏོར་ཅན། ཁྱེའུ་ཆུ་འབེབས་ཀྱི་ཡབ་ལ་རལ་བ་འཛིན། ཚིགས་སུ་བཅད་པའང་། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། ཞེས་རྒྱས་བསྡུས་དང་འགྱུར་ཀྱི་ཁྱད་པར་ཆེ་ཙམ་ཡོད་ལ། གང་ལྟར་སྟོན་པ་རང་ཉིད་སྔོན་ཁྱེའུ་ཆུ་འབེབས་སུ་གྱུར་དུས་ཡབ་ཚོང་དཔོན་རལ་བ་འཛིན་ལས་སྨན་དཔྱད་གསན་པའི་ཚུལ་བསྐྱར་ཏེ་གསུངས་ཤིང་སྐབས་འདི་ཉིད་དུ་གསོ་བ་རིག་པ་ཀུན་གྱི་སྙིང་པོར་གྱུར་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསུང་བའི་གནས་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་སྔ་རབས་རྫ་བ་སོགས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་། བི་བྱི་སོགས་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་གྱི་དབུས་ལྟ་ན་སྡུག་དང་གཅིག་པ། སྟོད་མི་ཉག་འུག་པ་གདོང་ནག་པ་སོགས་ཐུན་པ་གངས་ཅན་མཚོའི་ཞིང་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་གནས་ཀྱི་དུམ་བུ་གཅིག་ཡིན་ཞེས་དང་། གདོང་ནག་པ་སོགས། གངས་ཅན་འབིགས་བྱེད་རི་སོགས་དབུས་སུ་ནི། ཞེས་གཞལ་ཡས་ཁང་རི་བཞི་རྒྱ་དཔངས་དང་བཅས་ཞིབ་པར་བཤད་པ། བདག་ཆེན་པ་སོགས་མངོན་པ་མཛོད་ནས་གསུངས་པའི་རི་བཞི་དང་སྦྱར་བ། བྲང་ཏི་དཔལ་ལྡན་འཚོ་བྱེད་འབིགས་བྱེད་སོགས་རི་བཞི་པོའི་དབུས་ན་ཡོད་པས་སོ་སོ་སྐྱེ་བོས་བལྟ་བར་མི་ནུས་པ། ཆོས་རྒྱལ་བྱང་པ་རྡོ་རྗོ་གདན་ཁོ་ནར་བཞེད་པ། རྗེ་ཟུར་མཁར་བ་དྷ་རྨ་སྭ་མི་གསོ་དཔྱད་ཀུན་གྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཞེས་བཀའ་སོར་བཞག་དེ་དོན་ལྟར་བཞེད་པ་ལས་གནས་དང་བཀའ་བསྟན་སོགས་ཀྱི་བགྲོས་མི་མཛད་པ། མཚོ་སྨད་མཁན་ཆེན་དང་བྱར་པན་གཉི་ག་རྫ་བ་དང་མཐུན་པར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ། བྱར་པོས་ལུགས་གཅིག་ཏུ་ཕྱི་ནང་གསང་གསུམ་དུ་ཕྱེ་བར་ཕྱི་ལྷའི་གྲོང་ཁྱེར་ལྟ་ན་སྡུགནང་རྡོ་རྗེ་གདན་བྱང་པ་དང་མཐུན། གསང་བ་རང་སེམས་སུ་ངོས་བཟུང་བ་དང་། བླ་རྟ་ཚེ་དབང་གིས་ཕྱི་ནང་གསང་གསུམ་གཡུ་ཐོག་ཏུ་སྨན་རྒྱལ་གྱིས་གསུངས་པ་རྗེས་མཐུན་ཁོ་ན་དང་། འབྲུག་པ་པདྨ་དཀར་པོ་འོ་སྐོལ་གྱི་སྟོན་པས་འཚོ་བྱེད་གཞོན་ནུ་རི་བོ་སྤོས་ཀྱི་ངད་ལྡང་དུ་འཁྲིད་ནས་དེའི་ཁེངས་པ་བཅག་རྗེས་ཟློས་བུར་གསུངས་པ་ཡང་མཁས་པ་ལ་ལ་དག་གནས་དེ་གདོས་བཅས་སུ་གྲུབ་པ་མེད་དེ། སྟོན་པ་སྨན་པའི་རྒྱལ་པོའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པ་དེ་དང་དེ་དག་ཏུ་སྣང་བ་དང་། གསུང་པ་པོའི་བདག་རྐྱེན་དུ་གྱུར་པའི་སྨན་རྒྱལ་དེ་སྟོན་པ་ཐུབ་པའི་དབང་པོས་གང་ལ་གང་འདུལ་གྱི་ཚུལ་བསྟན་པར་བཞེད་པ། སོགས་བཟློག་པ་འོག་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཻཌཱུརྱ་ལྟར་སྣང་བ་ཡོད་པའི་སྨན་བླ་དང་ཞིང་འདིར་གཡུ་ཐོག་མགོན་པོ་ཞེས་གྲགས་པས་སྤྲུལ་པའི་གནས་ཡིན་པ། དེ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ་སྒྲུབས་པའི་དགེ་བའི་རྩ་བ་ལས་བྱུང་བའི་གནས་སུ་འདོད་པ་སོགས་ལུང་རིག་གང་གིས་ཀྱང་མི་འགྲུབ་པ། ཁ་ཅིག་ཤར་ཕྱོགས་བཻཌཱུརྱ་སྣང་གི་ཞིང་དུ་འདོད་པ་སོགས་མཐའ་ཀླས་ཤིང་། ཟུར་མཁར་བློ་གྲོས་རྒྱལ་པོས་མེས་པོའི་ཞལ་ལུང་དུ་ལུགས་དེ་དག་ཐམས་ཅད་བཀག་ནས། བྱེ་བྲག་ཏུ་བཤད་པ་ཞེས་ཁ་ཅིག་དབྱིག་གཉེན་གྱིས་མཛད་པར་གྲགས་ཀྱང་། དོན་དགྲ་བཅོམ་པ་བདུན་གྱི་མངོན་པ་སྡེ་བདུན་གྱི་ལུང་ཁོལ་བུར་འགྱུར་བ་བུ་སྟོན་ཆོས་འབྱུང་སོགས་སུ་དྲངས་པར། ཆོས་འཁོར་གནས་དང་ཡངས་པ་ཅན། ས་དཀར་ཅན་དང་ལྷ་ཡི་གནས། བྱིས་པ་གསོད་དང་ཀཽ་ཤཱ་མྦཱི། འབྲོག་དང་མཆོད་རྟེན་རི་དང་ནི། འོད་མའི་གྲོང་དང་སྒྲར་བཅས་དང་། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། འདི་རྣསམ་སུ་ནི་ཐུབ་པ་ཡི། སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། ཉི་ཤུ་རྩ་གསུམ་མཉན་ཡོད་དུ། སྨན་གྱི་ནགས་སུ་ལོ་བཞི་སྟེ། འབར་བའི་ཕུག་གི་གནས་སུ་གཉིས། རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། དཀའ་བ་སྤྱད་པ་ལོ་དྲུག་སྟེ། ཉི་ཤུ་རྩ་དགུ་ཁབ་གནས་སུ། རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། ཐུབ་མཆོག་དམ་པ་མྱ་ངན་འདས། ཞེས་པའི་ལུང་ཙམ་ལ་ཡིད་ལ་བཟུང་སྟེ་སྨྲ་ནའང་། དེ་ལྟར་དུ་སྒྲུབས་ན། བཀའ་འགྱུར་རིན་པོ་ཆེ་རྒྱལ་རྩེ་ཐེམ་སྤང་མའི་རྒྱུད་ཐ་པར་བཞུགས་པ། ཞང་ཡེ་ཤེས་སྡེའི་འགྱུར་ལ་སླད་མར་ཇོ་བོ་རྗེ་དང་དགེ་སློང་ཚུལ་ཁྲིམས་རྒྱལ་བས་སྐད་གསར་བཅད་ཀྱིས་བཅོས་པ། དེ་བཞིན་གཤེགས་པའི་སྟོབས་བསྐྱེད་པ་བཻ་ཌཱུརྱའི་འོད་ཅེས་བྱ་བའི་གཟུངས་ཀྱི་གླེང་གཞིར། བཅོམ་ལྡན་འདས་སྨན་གྱི་གནས་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེས་འཛིན་ལ་སྙོམས་པར་ཞུགས་སོ། །དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་སོ། །ལྷའི་ཙན་དན་གྱི་ཕྱེ་མ་དང་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབས་སོ། །དེ་བཞིན་གཤེགས་པ་བདུན་འཁོར་དང་བཅས་པ་ཡང་འཇིག་རྟེན་གྱི་ཁམས་འདིར་གཤེགས་ཏེ། དེ་བཞིན་གཤེགས་པའི་སྔོན་གྱི་དགེ་བའི་རྩ་བ་ལས་བྱུང་བའི་སེང་གེའི་ཁྲི་ལ་བཞུགས་ཤིང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ནི་བསྐོར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་ཡོངས་སུ་བསྐོར་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་དགོངས་སུ་གསོལ། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྦྱང་བ་དང་། ནད་ཐམས་ཅད་བསལ་བ་དང་། རེ་བ་ཐམས་ཅད་བསྐང་དུ་གསོལ། ཞེས་གསོལ་བར་བདག་ཅག་གི་སྟོན་པས་དེ་བཞིན་གཤེགས་པ་བརྒྱད། ཡུམ་ཆེན་མོ། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུགམཆོག་ཟུང་། ཚངས་པ། བརྒྱ་བྱིན། རྒྱལ་ཆེན་བཞི། ཀླུའི་དགེ་བསྙེན། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་རྣམས་ལ་ཕྱག་འཚལ་བ་གསུངས་པའི་རྗེས་ཐོགས་སུ། སྨན་བླ་མཆེད་བདུན་བདག་ཅག་གི་སྟོན་པ་བཅས་གསུང་དབྱངས་གཅིག་གིས་གཟུངས་ཀྱི་ཚིག་བཀའ་བསྩལ་པ། དེའི་དུས་སུ་རྒྱུད་གསུངས་བྱས་ན་ལུང་གོང་གསལ་ལས་བཙན་པ་ཙམ་མཆིས་ཏེ། རྒྱུད་རང་གི་དངོས་བསྟན་ལྟར་ན། དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱུང་བ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་བལྟམས་ནས་ཡུན་མི་རིང་བ་ན། རྒྱ་ཆེ་རོལ་བར་རིའི་རྒྱལ་པོ་གངས་རིའི་ངོས་ནས་དྲང་སྲོང་ནག་པོས་མཚན་བརྟགས་པ་དང་། ཕྲན་ཚེགས་ལྟར་ནི་ར་ཀི་སྐིན་ད་ན་ནས་དྲང་སྲོང་མི་དཀར་བས་མཚན་བརྟགས་པ། འདུལ་བ་གཞི་དང་མངོན་འབྱུང་མཐུན་པ་ལྟར་ན་རི་བོ་ཀུན་འཛིན་ཞེས་བྱ་བར་གནས་པའི་དྲང་སྲོང་ཉོན་མོངས་མེད་འཁོར་དང་བཅས་པ་སེར་སྐྱར་འོངས་ཏེ། རྒྱལ་བུའི་མཚན་བལྟས་ནས། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། རྩོད་པའི་དུས་ན་འཁོར་ལོ་བསྒྱུར་མི་འབྱུང་། ཞེས་སོགས་མངོན་པར་རྫོགས་པར་འཚང་རྒྱ་བར་ལུང་བསྟན་པ་དང་། གྲོང་ཁྱེར་སེར་སྐྱ་དང་དཔག་ཚད་བཅུ་གཉིས་ཀྱིས་བར་ཆོད་པ་ན་དྲང་སྲོང་ངན་སྤོང་གི་གནས་མེ་ཏོག་དང་འབྲས་བུ་ལ་སོགས་པ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེར་ཤིང་ཏ་ལ་རྣམས་ལོ་བཅུ་གཉིས་ཀྱི་བར་གསེར་གྱི་མེ་ཏོག་དང་འབྲས་བུར་ལྡན་པར་གྱུར་པ། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་བའི་ཉིན་མོ་ནས་ཤིང་ཕལ་བར་གྱུར་བ། དཀའ་བ་སྤྱོད་པའི་བྱ་རྒོད་ཕུང་བོའི་རི་དང་ཧ་ཅང་མི་རིང་བ་དྲང་སྲོང་རྣམས་ཀྱི་བསྟི་གནས་སུ་གཤེགས་ཏེ། རྐང་པ་ཡ་གཅིག་འགྲེང་བ་དང་། མེ་ལྔས་གདུང་བ་སོགས་དཀའ་བ་ཉིས་འགྱུར་དུ་མཛད་པ། ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་ནགས་ཚལ་ཞིག་ན་དྲང་སྲོང་ལྔ་བརྒྱ་ཡོད་པ་མི་སྟེགས་སྟོན་པ་དྲུག་གིས་གྲོགས་སུ་སྦྲན་པ་བདེན་པ་མཐོང་བ། མཉན་ཡོད་དང་ཉེ་བའི་ནགས་ཁྲོད་གཅིག་ན་དྲང་སྲོང་ལྔ་བརྒྱ་གནས་པ་སྦྱིན་སྲེག་བྱེད་པའི་ཚེ། སྟོན་པས་དེ་དག་གི་ཐབ་ནང་དུ་ཞབས་རྗེས་རེ་སྤྲུལ་ཞིང་མེ་སྤོར་མི་ནུས་པར་བྱིན་གྱིས་བརླབས་པ། ཁྱིམ་བདག་གདེངས་ཅན་གྱི་ལོ་རྒྱུས་སྐབས་ལྷོ་ཕྱོགས་ནས་དྲང་སྲོང་ལྔ་བརྒྱ་ཡུལ་དབུས་སུ་མགོན་མེད་ཟས་སྦྱིན་གྱི་སར་འོངས་པ་བཅོམ་ལྡན་འདས་ལ་ཚུར་ཤོག་གི་བསྙེན་པར་རྫོགས་པ། སྟོན་པའི་སྐུ་ཚེའི་སྨད་བསྟན་པ་འོད་སྲུང་ལ་གཏོད་པར་ཉེ་བའི་དུས་ཨུ་དུམ་པའི་ནགས་སུ་བཞུགས་ཏེ་ཉིན་པར་རྫིང་བུ་དལ་འབབ་ཀྱི་འགྲམ་ན་ཕེབས་པ་དང་། དྲང་སྲོང་ཀེ་ནའི་བུ་འཁོར་དང་བཅས་པ་དེར་གནས་པས་ཆོས་ཉན་ནས་ཕྱིར་མི་འོང་བ་ཐོབ་པ་དང་། དྲང་སྲོང་རི་བོ་འཁོར་ལྔ་བརྒྱ་དང་བཅས་པ་མཆོག་ཏུ་དད་དེ་བསྙེན་པར་རྫོགས་པ་སོགས་བདག་ཅག་གི་སྟོན་པའི་སྐུ་རིང་ལ་འཕགས་ཡུལ་དུ་དྲང་སྲོང་གི་གནས་མང་དུ་ཡོད་ཅིང་འཁོར་ཡང་ཇི་སྙེད་ཅིག་འདུས་པར་གསུངས་པར་མ་ཟད། སངས་རྒྱས་ཀྱི་བཀའ་རྒྱ་མཚོ་ལྟ་བུ་ནས་ཆུ་ཐིགས་ཙམ་གངས་ཅན་དུ་འགྱུར་བར་ཡང་དྲང་སྲོང་རྒྱས་པས་ཞུས་པའི་མདོ་ཡོད་པ་སོགས་ནས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སམ་ཨུ་དུམ་པའི་ནགས་སོགས་དྲང་སྲོང་གི་གནས་སུ་སྟོན་པ་ཤཱཀྱ་ཐུབ་པ་སྨན་བླར་བཞེངས་ཏེ་རི་དང་གྲོང་ཁྱེར་གཞལ་མེད་ཁང་སོགས་དེར་འདུས་ཀྱི་འཁོར་གྱི་སྣང་ངོར་གསར་དུ་སྤྲུལ་ནས་གསུངས་སོ་ཞེས་སྨྲས་ཀྱང་ཀླན་ཀ་འཇུག་པའི་ཡུན་མིན་པ་དང་། བློན་པོ་བཀའ་ཐང་གི་ལེའུ་ཉེར་བཞི་པར། ནད་ཀྱིས་ཟིན་པ་སྨན་གྱི་གསོ་བ་ལ། སངས་རྒྱས་སྨན་བླ་འཚོ་བྱེད་གཞོན་ནུ་ཡིསཿརྒྱ་གར་པདྨ་ཅན་གྱི་ཡུལ་ཁམས་ནསཿབདུད་རྩི་སྙིང་པོའི་རྒྱུད་དང་མན་ངག་རྒྱུདཿཅེས་འཕགས་ཡུལ་པདྨ་ཅན་དུ་བཤད་པའང་ཡོད་མོད། འོན་ཏེ་བདག་གི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི་གསན་ཡིག་གངྒཱའི་ཆུ་རྒྱུན་དང་། བཅའ་བསྐོ། དཀར་ཆག་རྣམས་སུ་ཨོ་རྒྱན་གྱི་ཡུལ་ཁོ་ནར་བཞེད་ཅིང་། ཟུར་མཁར་བློ་གྲོས་རྒྱལ་པོས། ཨོ་རྒྱན་གྱི་ཡུལ་དུ་འདོད་པ་ནི་གཞུང་འདི་གསང་སྔགས་ཀྱི་རྒྱུད་དུ་བཟུང་བས་ནོངས་པ་ཡིན་ཏེ་རྒྱུད་ཕལ་ཆེར་གསུངས་པའི་གནས་ཨོ་རྒྱན་ཡིན་པར་བསམས་པའི་ཕྱིར་རོ། ཞེས་པ་ནི་སྒྲུབ་བྱེད་མ་དགོངས་པར་དགག་པ་མཛད་པ་སྟེ། རྒྱུད་གསུངས་སར་ངེས་པ་ཅི་ཡོད། རྣམ་སྣང་མངོན་བྱང་ལྟ་བུ་རི་རབ་ཀྱི་རྩེ་དང་དུས་འཁོར་དུ་རྒྱུད་ཐམས་ཅད་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་གསུངས་པར་བཤད་པས་མཐའ་མ་བཀག་ཅིང་། གསོ་བ་རིག་པའི་རྒྱུད་འདི་ཉིད་སྡེ་སྣོད་དུ་བསྡུ་དུས་མདོ་སྡེའི་སྡེ་སྣོད་དུ་བསྡུ་བར་བཞེད་པ་དང་། སྨན་མདོ་བརྒྱད་བརྒྱ་བ་བྱ་རྒྱུད་ཡིན་པས་བྱ་རྒྱུད་དུ་བཞེད་པ་དེ་དག་ལ་བདག་བསྐྱེད་ཀྱི་སྐོར་དགག་གཞག་དུ་མ་ཞིག་ཡོད་མོད་དེ། རྗེ་བླ་མས་བཅའ་བསྐོར། ཟབ་མོ་སྙིང་ཏིག་དང་འབྲེལ་བ་སོགས་བྱ་རྒྱུད་དུ་འགྲེལ་བའི་ངལ་བ་མི་དགོས་པར་བསྐྱེད་པ་མ་ཧཱ་ཡོ་གའི་སྒྲུབ་སྡེ་བརྒྱད་ཀྱི་ནང་ནས་ཆེ་མཆོག་བདུད་རྩིའི་རྒྱུད་ཀྱི་སྡེ་ཚན་དུ་བཞུགས་ཞེས་བཀའ་སྩལ་པ་ལྟར་གོང་དུ་བརྗོད་པ་བཞིན་ཨོ་རྒྱན་གྱི་ཡུལ་ཁོ་ན་ཡིན་ལ། དུས་ཀྱང་གསེར་འོད་དམ་པའི་ལེའུ་ཉེར་བཞི་བར་སྔོན་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་པ་ལ། ཤཱཀྱ་ལག་ན་བེ་ཅོན་རྒྱལ་པོ་ལྷའི་དབང་ཕྱུག་འོད་དང་། ཡབ་སྲས་གཙང་མ་ཚོང་དཔོན་རལ་བ་འཛིན་ཞེས་བྱ་བ་སྨན་པ་གསོ་བར་བྱེད་པ་ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་དང་། བདག་ཅག་གི་སྟོན་པ་ཚོང་དཔོན་དེའི་སྲས་ཁྱེའུ་ཆུ་འབེབས་རྣམས་སུ་གྱུར་བའི་ཚེ། ཡུལ་དེའི་སེམས་ཅན་རྣམས་ལ་རིམས་ནད་དྲག་པོ་བྱུང་བས་ཁྱེའུ་ཆུ་འབེབས་ཀྱིས་ཡབ་ཚོང་དཔོན་རལ་བ་འཛིན་ལ་སྨན་དཔྱད་རྣམས་གསན་པའི་སྔོན་བྱུང་བྱ་རྒོད་ཕུང་བོའི་རིར་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་གསུངས་པའི་སྔ་ཕྱི་ཙམ་དུ་ཡིན་ལ། དེ་ཡང་གླེང་གཞིར་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགུང་ལོ་བརྒྱད་ཅུ་ཞིག་ཐུབ་སྟེ་འདི་ལྟར་སྐུ་ཚེ་ཐུང་སྙམ་པའི་རྟོག་པ་སྐྱེས་པ་དང་། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དི་ནྱ་ཞེས་བྱ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་སྒྲ་ཐོས་ནས་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་སྩོལ་བར་གསོལ་བ་སོགས་སྣང་གཤིས་མཆོག་ཟུང་མྱ་ངན་ལས་མ་འདས་པའི་གོང་ཙམ་སྟོན་པའི་སྐུ་ཚའི་སྨད་ཆར། དཔལ་ཨོོ་ཌཱི་ཡ་ནའི་ཡུལ་དྲང་སྲོང་གི་གནས་སྨན་གྱི་ནགས་དེའི་དབུས་རི་བོ་ངོས་བཞི་པ་རྒྱར་དཔག་ཚད་བརྒྱད་དང་དཔངས་སུ་གསུམ་དང་ལྡན་པའི་རི་དེ་དག་གི་རྩེ་མོར་སྟོན་པས་གསར་དུ་སྤྲུལ་བའི་གནས་ལག་མཐིལ་ལྟར་མཉམ་པ་གསེག་མ་ལ་སོགས་པ་མ་དག་པའི་རྫས་མེད་པ་ཁྱོན་ཡངས་ཤིང་ཐ་གྲུ་མཉམ་པ་རྣམས་པ་ཀུན་ཏུ་འོད་དང་འོད་ཟེར་འཕྲོ་བ་ཉིན་མཚན་གྱི་སྣང་བ་མེད་པ་ས་གཞི་དེ་ཉིད་མནན་ན་ནེམ་ནེམ་ཞིང་བཏེག་ན་འཕར་བ། བདུག་སྤོས་ཀྱི་དྲི་ངད་པ། དེའི་དབུས་ན་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་མིའི་རིན་པོ་ཆེ་གསེར་དང་དངུལ་དང་མུ་ཏིག་དཀར་དམར་བཻཌཱུརྱ་སོགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ལྔ་ལས་ཡོངས་སུ་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྒྱན་རྩིག་པ་རིམ་པ་ལྔ་དང་ལྡན་པ་སྒོ་རེ་ན་རྒྱལ་ཆེན་རེ་ཡོད་དེ་གཞལ་ཡས་ཁང་དེའི་རྒྱན་ནི་སྨན་གྱི་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་བརྒྱན་པ་སྟེ་མདའ་ཡབ་པུ་ཤུ་ལྷའི་རིན་པོ་ཆེ་སྣ་ལྔས་དྲ་བ་དྲ་ཕྱེད་མིག་མངས་རིས་སུ་བྱས་པ། བྱང་ཆུབ་སེམས་དཔའི་རིན་པོ་ཆེ་སྣ་ལྔས་ཐོག་གི་རྒྱལ་མཚན་དང་གྷ་ཊ་རྣམས་ཀྱི་ཏོག་ལ་སོགས་པ་བྱས་པ་འོད་དང་འོད་ཟེར་དུས་ཀུན་ཏུ་འཕྲོ་བ་ཕྱི་བལྟས་ནང་གསལ་བ་དང་ནང་བལྟས་ཕྱི་གསལ་བ་སྟེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མིའི་ནོར་བུ་རིན་པོ་ཆེ་ནི་ཡོངས་སུ་དག་པའི་ཁ་དོག་དང་ལྡན་པས་དུག་དང་གདོན་དང་མུན་པ་དང་སྐྲངས་པ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་སེལ་བར་བྱེད་པས་ན་ཡོན་ཏན་གྱི་ཁྱད་པར་བདུན་དང་ལྡན་པ། ལྷའི་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་སྔ་མ་རྣམས་ཀྱི་སྟེང་དུ་རྟག་པར་ལྷའི་ལུས་ཀྱི་རྗེས་སུ་འབྲང་བ་དང་ཡང་དག་པ་དང་། སྨྲ་བར་རུང་བ་དང་། ཡང་ཞིང་མི་ལྕི་བ་སྟེ་ཡོན་ཏན་བཅུ་གཅིག་དང་ལྡན་ཞིང་། བྱང་ཆུབ་སེམས་དཔའི་ནོར་བུ་རིན་པོ་ཆེ་དེ་ལ་ནི། སྔ་མའི་ཡོན་ཏན་བཅུ་གཅིག་གི་སྟེང་དུ། སེམས་ཅན་རྣམས་ཀྱི་འཆི་འཕོ་བ་རྟོགས་པ་དང་། སྐྱེ་བའི་མཐའ་ཤེས་པ་དང་ཆོས་ཀྱི་སྒྲ་སྐད་སྣ་ཚོགས་པ་འབྱུང་བ་སྟེ་ཡོན་ཏན་གྱི་ཁྱད་པར་བཅུ་བཞི་དང་ལྡན་པའོ། །ཞེས་གསུངས་པ་ལྟར་ནོར་བུའམ་རིན་པོ་ཆེ་དེ་རྣམས་ཀྱི་མཐུ་དང་ནུས་པ་དེས་ནི་རླུང་གི་ནད་དང་མཁྲིས་པའི་ནད་དང་བད་ཀན་གྱི་ནད་དང་ལྡན་པའི་ནད་དང་འདུས་པའི་ནད་ལས་གྱུར་པའི་ནད་བཞི་རྒྱ་རྩ་བཞི་ཐམས་ཅད་སེལ་བར་བྱེད་པ་སྟེ། དེ་ཡང་ཚ་བའི་ནད་རྣམས་ལ་དེའི་ནུས་པ་བསིལ་དུ་གྱུར་བ་ནས་ཚ་བ་སེལ་བ། གྲང་བའི་ནད་རྣམས་ལ་དེའི་ནུས་པ་དྲོད་དུ་གྱུར་བ་ནས་གྲང་བ་སེལ་བ། ལུས་དང་བསམ་པ་ལ་བར་དུ་གཅོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད་པ་སོགས་མི་མཐུན་པ་མཐའ་དག་ལས་སྲུང་ཞིང་སྐྱོབ་པ་དང་། མཐུན་པའི་རྐྱེན་རང་རང་གི་ཡིད་ལ་ཇི་ལྟར་བསམས་པའི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པའི་རིན་པོ་ཆེའི་གཞལ་ཡས་ཁང་མཆོག་ཏུ་གྱུར་བ་དག་ཡོད་དོ། །། གྲོང་ཁྱེར་གྱི་ལྷོ་ན་ཉི་མའི་སྟོབས་ལྡན་རི་ལ་གྲང་ནད་སེལ་བའི་དྲོད་སྨན་གྱི་རིགས་དང་། བྱང་ཕྱོགས་ན་ཚད་ནད་སེལ་བའི་བསིལ་སྨན་གྱི་རིགས། ཤར་དུ་ཨ་རུ་རྣམ་པ་ལྔའམ་བདུན། ནུབ་ཏུ་བཟང་པོ་དྲུག་ཅོང་ཞི་དང་བྲག་ཞུན་སོགས་ཆུ་ཚན་དང་སྨན་ཆུ་རིགས་ལྔ། སྨན་གྱི་ལྗོན་ཤིང་གི་རྩེ་ན་སྐད་སྙན་པར་སྒྲོག་པའི་བྱ་དང་། རྩ་བ་ན་གླང་པོ་ཆེ་དང་དོམ་གླ་བ་སོགས་སྨན་བཟང་པོ་ལུས་ལ་ཡོད་པའི་སྲོག་ཆགས་དང་ལྡན་པའི་ནགས་ཚལ་གྱིས་བསྐོར་བའི་དབུས་སུ་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པ་དེའི་ནང་ནོར་བུ་སྣ་ཚོགས་དང་། བཻཌཱུརྱ་དཀར་སེར་སྔོའི་ཁྲི་སེང་གེ་དང་གླང་བོ་ཆེ་རྟ་མཆོག་ཁྱུང་དང་རྨ་བྱས་བཏེག་པའི་སྟེང་དུ་ལྷའི་གོས་རིན་ཐང་མེད་པའི་གདན་ལ་ཆོས་གསུང་བའི་སྟོན་པ་ནི། སྤྱིར་སྨན་བླ་ཞེས་པ་ལ་སྨན་མདོ་བརྒྱད་བརྒྱ་བ་ཆེ་ཆུང་གཉིས་སུ། འཇམ་དཔལ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། ཞེས་པ་ནས། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས། ཞེས་པའི་བདེ་གཤེགས་བདུན་གྱི་གཙོ་བོའི་སྨན་བླ་དང་། བསྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ཚན་གྱི་སྨན་བླ་དང་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས་བཤད་པའི་སྨན་བླ། བདག་ཅག་གི་སྟོན་པ་ཟས་གཙང་གི་སྲས་པོ་སྨན་བླར་བཞེད་མིན། དེ་དག་སྤྲུལ་ལོངས་ཀྱི་ཁྱད་པར། སྐུ་མདོག་བཻཌཱུརྱ་སྟེ་སྔོན་པོར་བཟུང་བ་མཚན་དཔེ་ཚང་མི་ཚང་སོགས་དོགས་གཞི་དང་བཤད་ཁུངས་མང་ཙམ་སྣང་སྟེ་འདིར་ཚོགས་ཆེ་བས་གན་དུ་སྨྲས་ལ། ངེས་པའི་དོན་དུ་མདོ་དཀོན་མཆོག་འབྱུང་གནས་ཀྱི་བམ་པོ་བདུན་པ་ལས། འཇམ་དཔལ་དེ་ལྟ་བུའི་རྣམ་གྲངས་སུ་གང་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཚེ། ང་ལ་སེམས་ཅན་རྣམས་ཀྱིས་མིང་ཐ་དད་པར་ཤེས་པ་ནི་བསྐལ་བར་སྨྲས་ཀྱང་ཤར་གྱི་ཕྱོགས་ཆའི་སངས་རྒྱས་ཀྱི་ཞིང་གི་མཐའ་རྟོགས་པར་མི་ནུས་སོ། །དེ་བཞིན་དུ་ཕྱོགས་ཆ་གཞན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་དུ་ང་ལ་སེམས་ཅན་རྣམས་ཀྱིས་མིང་ཐ་དད་པའི་དེ་བཞིན་གཤེགས་པར་ཤེས་པ་ཡང་བརྗོད་དུ་མེད་པའི་བསྐལ་བར་སྨྲས་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པའི་མཐའ་བདེ་བར་མི་རིག་གོ། ཞེས་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོའི་བམ་པོ་བཞི་བ་ལས། སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་གི་བྱེ་མ་སྙེད་དྲུག་ཅུ་འདས་པའི་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་འཕྲུལ་བའི་རྒྱལ་པོ་བཞུགས་པའི་རྒྱུ་མཚན་འཇམ་དབྱངས་ཀྱིས་བདག་ཅག་གི་སྟོན་པར་ཞུས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་གནས་ལ་ཡང་བསམ་གྱི་མི་ཁྱབ་སྟེ། སངས་རྒྱས་དེ་ནི་ང་ཉིད་ཡིན་ནོ། འཇམ་དཔལ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ངའི་ཡུལ་འཇུག་གོ། དེར་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་མི་ཆུད་དོ། །ཞེས་དང་། བམ་པོ་ལྔ་པར། ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་ཁྲི་ཉིས་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་རྣམས་པར་སྤུང་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་ཞེས་བྱ་བ་བཞུགས་པ་དེ་ཡང་ང་ཉིད་ཡིན་ནོ། ཞེས་སོགས་ཐེག་ཆེན་གྱི་མདོ་སྡེ་ཕལ་ཆེར་ལས་ཕྱོགས་མཚུངས་སུ་གསུངས་པ་དང་། ཕ་རྒྱུད་འདུས་པའི་འགྲེལ་བ་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་དུ་གསང་བ་རྣལ་འབྱོར་ཆེན་པོའི་ལུང་དྲངས་པ་ལས། འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཟས་གཙང་མ། ཞེས་སོགས་ནས། རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཏོ། །ཞེས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་རྒྱ་མཚོ་བྱེ་བ་དེའི་ནང་དུ་མ་འཐུས་པའི་སངས་རྒྱས་ཀྱི་ཞིང་གི་རྣམ་བཞག་མེད་ཅིང་། དེ་དག་ཐམས་ཅད་དུ་བཞུགས་པའི་སྐུའི་བཀོད་པ་མཐའ་ཡས་པ་རྣམས་ནི་ལོངས་སྤྱོད་རྫོགས་སྐུ་གཅིག་པུ་དེ་ལས་འཕྲོས་པའི་ཕྱིར་སྟོན་པ་ཉིད་ཀྱི་རྣམ་པར་འཕྲུལ་བ་འབའ་ཞིག་ནས། མཆེད་བདུན་པོ་སྨན་བླ་ཡིན་མིན་དང་། སྨན་བླ་ཞེས་གཅིག་ལ་དམིགས་ཀྱིས་བསལ་ནས་བཤད་ཁུངས་གཞན་རྣམས་ཀྱི་སྨན་བླ་དང་གཅིག་མི་གཅིག་སོགས་ཀྱི་དོགས་པ་མ་དགོས་ཤིང་། སྣང་ཚུལ་གྱི་དབང་ཡང་། སྟོང་ཆེན་རབ་འཇོམས་ཀྱི་མདོ་ལས། རྫོགས་སངས་རྣམས་པར་སངས་རྒྱས་ཚེ། འཇིག་རྟེན་སྐྱོང་བའི་ཕྱོགས་བཞི་ནས། སྣོད་བཞི་དག་ནི་བླངས་ནས་སུ། བདེ་བར་གཤེགས་ལ་ཕུལ་བ་དང་། མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། ལྷ་ཡི་སྣོད་མཆོག་དེ་དང་ནི། བདུད་རྩི་འདྲ་བའི་སྨན་གྱི་མཆོག། སྟོན་པའི་ཕྱག་ན་བསྣམས་གྱུར་པ། བདེན་པའི་ཚིག་ནི་དེ་དག་གིས། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག། དེ་བཞིན་ལྷ་མོ་འཕྲོག་མ་ཡིས། ལྷ་རྫས་དགེ་བ་ཨ་རུ་ར། བླངས་ནས་སྟོན་ལ་རབ་ཕུལ་བ། བདུད་རྩི་འདྲ་བའི་སྨན་མཆོག་བསྣམས། བདེན་པའི་ཚིག་ནི་དེ་དག་གིས། ནད་པ་རྣམས་ཀྱི་ནད་གསོས་ཤིང་། ཉེས་པ་ཐམས་ཅད་འཕྲོག་བྱེད་པ། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག། ཅེས་སྨན་བླར་དངོས་སུ་བསྟན་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས། འདུལ་བའི་དོན་དུ་གཟུགས་ཀྱི་རྣམ་པ་མཐའ་ཡས་སྟོན། ཅེས་དང་། ཟུང་གི་མདོ་ལས། ཀུན་ཏུ་དཔའ་བ་ངས་སེམས་ཅན་རྣམས་ཇི་ལྟ་བུའི་གཟུགས་ཀྱི་འདུལ་བ་དེ་དང་དེ་ལྟ་བུའི་ཆོས་བསྟན་ཏེ། ཞེས་དང་། འཇམ་དཔལ་གྱིས་དྲིས་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་སྐུས་འཇིག་རྟེན་ཐམས་ཅད་ཁྱབ་པ་ཡིན་ཏེ། ཁ་དོག་དང་། དབྱིབས་དང་། སྤྱོད་པའི་བྱེ་བྲག་གང་དང་གང་གིས་འདུལ་སེམས་ཅན་རྣམས་འདུལ་བར་འགྱུར་པའི་ཁ་དོག་དང་དབྱིབས་དང་སྤྱོད་པའི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་མཐོང་ངོ་། ཞེས་དང་། རྗེ་བཙུན་བྱམས་པས་ཐེག་པ་ཆེན་པོའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་པ་ལས། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། གང་དང་གང་ལ་གང་དང་ནི། གང་ཚེ་བྱ་བ་ཕན་གྱུར་བ། དེ་དང་དེ་ལ་དེར་སྣང་ངོ་། ཞེས་དང་། མཉམ་སྦྱོར་ལེའུ་ལྔ་པ་ལས། །སེམས་ཅན་རྣམས་ནི་འདུལ་བ་དང་། བདེ་བ་ཐམས་ཅད་འགྲུབ་པའི་ཕྱིར། བཅོམ་ལྡན་རྣལ་འབྱོར་དེ་ཉིད་ནི། སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བ། ཞེས་དང་། ཡང་དག་སྒྲུབ་པ་གཅིག་པུ་ཉིད། ཇི་ལྟར་འདོད་པ་བཞིན་དུ་སྣང་། ཞེས་དང་། མངོན་བརྗོད་བླ་མའི་ལེའུ་སུམ་ཅུ་རྩ་ལྔ་པར། ཐམས་ཅད་མཁྱེན་ཅིང་ཐམས་ཅད་པ། ཇི་ལྟར་འདོད་པའི་སྐུ་ལུས་འཆང་། ཞེས་དང་། ཁྲོ་བོ་གཏུམ་པོའི་རྒྱུད་ཀྱི་རིམ་པར་ཕྱེ་བ་བཅུ་གཅིག་པ་ལས། གང་དང་གང་གི་གཟུགས་ཀྱི་ནི། སེམས་ཅན་གདུལ་བྱར་ང་ཉིད་འཇུག། ཞེས་གང་ལ་གང་འདུལ་དེར་སྟོན་པར་མཛད་པ་ནི་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པའི་ཡེ་ཤེས་ཀྱི་ཁྱད་པར་ཉིད་ཡིན་པར་གསུངས་སོ། །དེ་ལྟར་མ་ཡིན་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བ་དང་། གཞན་གྱི་འཁོར་དུ་ཀུན་དགའ་བོ་དང་འཚོ་བྱེད་གཞོན་ནུས་གསོས་སོགས་འཁོར་བཞི་འགལ་མེད་དུ་སྒྲུབ་པ་ལ་ཚེགས་ཆེ་བ་སོགས་ནས་བདག་ཅག་གི་སྟོན་པ་ཟས་གཙང་སྲས་པོ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྐུར་བཞེངས་ཏེ་སྐྱེ་རྒུའི་བདག་པོ་སོགས་ལྷའི་འཁོར་དང་། རྒྱུན་ཤེས་ཀྱི་བུ་སོགས་དྲང་སྲོང་གི་འཁོར་ཚངས་པ་སོགས་ཕྱི་བའི་འཁོར། སྤྱན་རས་གཟིགས་སོགས་ནང་པའི་འཁོར་མང་པོ་དང་བཅས་བཞུགས་པའི་དུས་སུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ནས་ཡེ་ཤེས་ལྔའི་རང་མདངས་ཀྱི་སྤྲུལ་པའི་དྲང་སྲོང་མཆེད་ལྔ་འཕྲོས་ཏེ་གསུང་སྤྲུལ་གྱི་ཞུ་བ་པོ་དང་། གཞན་བཞིས་འཆད་པའི་ཚུལ་དུ་གསུངས་པ་རང་རང་གི་ལུགས་སུ་ལྷ་རྣམས་ཀྱིས་གསོ་དཔྱད་འབུམ་པར་གོ། དྲང་སྲོང་རྣམས་ཀྱི་ཙ་ར་ཀ་སྡེ་བརྒྱད་དུ། ཕྱི་བ་རྣམས་ཀྱིས་དབང་ཕྱུག་ནག་པོའི་རྒྱུད་དུ་གོ། ནང་པ་རྣམས་ཀྱི་རིགས་གསུམ་མགོན་པོའི་སྐོར་དུ་གོ་བ་མཇུག་དོན་ཡོངས་གཏད་ལས། བདེ་གཤེགས་རྣམས་ཀྱི་སྤྲུལ་པས་འགྲོ་དོན་དུ། རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས། རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོངས་གསུངས། དོལ་པོའི་ཡུལ་དུ་གཏར་ཁ་གཙོ་བོར་བསྟན། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས། དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། ནང་པའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང་། གང་ཟག་མོས་པའི་མཐོང་སྣང་སོ་སོརཤར། དཔེར་ན་མཁའ་ལ་ཟླ་བ་གཅིག་ཤར་ན། ཆུ་ཡི་སྐྱོགས་རེར་ཟླ་བ་རེ་རེ་བཞིན། གཅིག་ཏུ་གསུངས་ཀྱང་སོ་སོས་དུ་མར་གོ། ཞེས་པ་ལྟར་དང་། སྣང་མཐའི་རང་གཟུགས་གསུང་སྤྲུལ་དྲང་སྲོང་ཡིད་ལས་སྐྱེས་ཉིད་ཀྱི་གོ་རབ་བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ཅེས་པའི་བཤད་རྒྱུད་ཕལ་ཆེར་དང་རྩ་རྒྱུད་ཐོ་ལེར་ཕྱི་མ་མན་རྒྱུད་ཀྱི་ཆ་ཙམ་དང་བཅས་པའི་རྒྱུད་བཞི། ཡན་ལག་བརྒྱད། གནས་བཅུ་གཅིགསྐབས་བཅོ་ལྔ། མདོ་བཞི། ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་དང་། ཤོ་ལོ་ཀ་ལྔ་སྟོང་དགུ་བརྒྱ་ལྷག་བཅས་རྣམས་ཡོད་པར་གྲགས་པའི་ཚིག་དོན་འདི་ལྟ་བུར་གོ་བ་གསེར་ལྗང་བརྡུངས་ཀྱི་སྤང་ལེབ་ལ་བཻཌཱུརྱས་བྲིས་པའི་གླེགས་བམ་དངོས་ཨོ་རྒྱན་མཁའ་འགྲོའི་གླིང་ན་བཞུགས་སྐད། སྔ་གྱུར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ལ། སྟོན་པ་བདེ་བར་གཤེགས་པའི་ཐུགས་ཚད་མེད་བཞིའི་དགོངས་པ་གབ་པའི་གཏེར་མངོན་དུ་ཕྱུངས་པ་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོར་བྱོན། གསོ་བྱེད་སྨན་གྱི་རྒྱུད་ཐུགས་ལ་གབ་གཏེར་བཀའ་རུ་བྱོན་ཏེ། རྒྱུད་ཆེན་པོ་ཙ་ར་ཀ་སྡེ་བརྒྱད། ཡན་ལག་བརྒྱད་པའི་རྒྱུད། བདུད་རྩི་ཐིགས་པའི་རྒྱུད་བཅོ་བརྒྱད་ལ་སོགས་པ་བཀའ་སྩལ་བ་ལས། དྲང་སྲོང་ཆེན་པོ་དུང་གི་ཐོར་ཚུགས་ཅན་ལ་སོགས་པ་ཉི་ཤུ་རྩ་གཅིག། ཁྱེའུ་ཆུང་ཀུན་སྤོང་ཡིད་ལས་སྐྱེས་ལ་སོགས་པས་བཀའ་བསྡུས། བསྟན་པ་དར་ཞིང་རྒྱས་ནས་མཐའ་བཙན་པར་བྱ་བའི་ཕྱིར་རྒྱ་གར་རྡོ་རྗེ་གདན་གྱི་ནགས་གླིང་དང་། ཨོ་རྒྱན་བཻཌཱུརྱའི་མཆོད་རྟེན། ཨ་སུ་ར་གསང་བའི་བྲག་ཕུགབལ་ཡུལ་འཕགས་པ་ཤིང་ཀུན། རྒྱ་ནག་གོ་དེ་ཤན་ཕུག་ལ་སོགས་པར་བསེ་སྒྲོམ་དུ་གཏེར་ལ་སྦས་པ། སློབ་དཔོན་པདྨ། ཀླུ་སྒྲུབ་སྙིང་པོ། མུ་སྟེགས་ཐུབ་རྒྱལ་ལ་སོགས་པས་གཏེར་ཕྱུངས་ཏེ་ཆིག་རྒྱུད་དུ་འགྲོ་དོན་མཛད་པར་ཡང་གྲགས། བྲང་ཏིའི་ཁོག་འབུབས་ཤེས་བྱ་རབ་གསལ་ལྟར་ན། འཁོར་ལོ་ཐ་མའི་ཚེ། གནོད་སྦྱིན་ལག་ན་རྡོ་རྗེའི་གནས་སུ་དེ་བཞིན་གཤེགས་པ་འཁོར་ལ་ཆོས་སྟོན་པའི་ཚེ། གཞན་འཕྲུལ་དབང་བྱེད་ལ་སོགས་པ་བདུད་ཀྱི་ཚོགས་ལྷག་ཏེ་སྒྱོགས་ནག་པོ་མགོ་དགུ་བ་འཕངས་པ་ན། བཅོམ་ལྡན་འདས་ལ་བ་ཀུ་ལ་དང་ཛམྦྷ་ལས་གབ་པས། བ་ཀུ་ལ་ཚེའི་དུས་བྱས། ཛམྦྷ་ལའི་ཟུག་རྔུར་གྱུར་བའི་དུས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་ནས་འོད་ཟེར་བདུད་རྩི་ལྔ་ལྡན་ཞེས་བྱ་བ་བྱུང་སྟེ་ཛམྦྷ་ལའི་ཟུག་རྔུ་ཞི་བར་མཛད། ཚངས་པ་ལ་སོགས་པའི་ལྷ་དང་། འཚོ་བྱེད་གཞོན་ནུ་ལ་སོགས་པ་མིའི་དྲང་སྲོང་གི་ཚོགས་ལ་སྨན་གྱི་རྒྱུད་ཤེལ་གྱི་མེ་ལོང་ལེའུ་ལྔ་བཅུ་པ་གསུངས་ཞེས་བཤད། རྩྭ་མཆོག་ཏུ་གསུངས་པའི་མྱང་འདས་ཆེན་པོ་རྒྱ་ནག་འགྱུར་བམ་པོ་གཉིས་པ་ལས། གྲོང་ཁྱེར་རྩྭ་མཆོག་གི་ཤིང་མཁན་གྱི་བུ་དགེ་བསྙེན་ཙུན་ད་ཞེས་བྱ་བ་རིས་མཐུན་པའི་འཁོར་ལྔ་བཅུ་རྩ་གཅིག་དང་བཅས་པས་བཤོས་ཕུལ་བའི་ཚེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྔར་ཆོས་ཐམས་ཅད་བདག་མེད་ཀྱིས་ཁྱེད་དེ་ལྟ་བུའི་ཚུལ་ནན་ཏན་གྱིས་ཤིག་ནས། ང་རྒྱལ་དང་བྲལ་ན་མྱ་ངན་ལས་འདའོ། །ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས་ཞུས་པས། འདི་ལྟ་སྟེ་དཔེར་ན། རྒྱལ་པོ་མི་མཁས་པ་ཤེས་པ་ཆུང་བ་ལ། སྨན་པ་ཡང་མི་མཁས་པ་གླེན་པ་ཞིག་ཡོད་ན། རྒྱལ་པོས་མ་རྟོགས་པས་སྨན་པ་དེ་ལ་བྱ་དགའ་ཆེར་སྩལ་ཏོ། །སྨན་པ་གླེན་པ་དེས་ནི་ནད་ཐམས་ཅད་ལ་སྨན་དུ་འོ་མ་གཏོང་སྟེ། ནད་ཐོག་མ་ཅི་ལས་གྱུར་བ་ཡང་མི་ཤེས་ལ། སྨན་དུ་འོ་མ་གཏོང་བ་ལ་ཡང་མི་མཁས་པས། རླུང་ནད་དང་། བད་ཀན་དང་། མཁྲིས་པའི་ནད་ཐམས་ཅད་ལ་ཡང་སྨན་དུ་འོ་མ་གཏོང་སྟེ། རྒྱལ་པོས་ནི་སྨན་པ་ཉིད་ཀྱང་མ་རྟོགས་ལ། འོ་མ་བཟང་ངམ་ངན་པའི་བྱེ་བྲག་ཀྱང་མི་ཕྱེད་དོ། །དེ་ལ་སྨན་པ་མཁས་པ་རིག་པ་བརྒྱད་དང་ལྡན་པ། ནད་ཐམས་ཅད་གསོ་བ་ལ་ཤིན་ཏུ་མཁས་པ། དཔྱད་ཐམས་ཅད་ཁོང་དུ་ཆུད་པ་ཞིག་ཡུལ་གཞན་ནས་འོངས་ན། དེའི་ཚེ་སྨན་པ་མི་མཁས་པ་དེས་མཁས་པ་དེ་ལ་འདྲི་བའམ། སློབ་པར་མི་བྱེད་ཀྱི། ཕྱིར་ང་རྒྱལ་གྱི་སེམས་བསྐྱེད་དོ། །དེའི་ཚེ་སྨན་པ་མཁས་པ་དེ་མི་མཁས་པ་དེ་ལ་བརྟེན་ནས། སློབ་དཔོན་དུ་བཟུང་སྟེ། སྨན་དཔྱད་གསང་བ་དག་བསླབ་པའི་ཕྱིར་སྨན་པ་གླེན་པ་དེ་ལ་བདག་ནི་ཁྱོད་ལ་སློབ་དཔོན་དུ་གསོལ་གྱི་དཔྱད་རྣམས་བསྟན་ཅིང་། བཤད་དུ་གསོལ་ཞེས་གསོལ་བ་བཏབ་ན། སྨན་པ་དེ་མཁས་པ་དེ་ལ་འདི་སྐད་ཅེས་དམ་འཆའོ། །ཁྱོད་ཅི་སྟེ་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཁོ་བོའི་གཡོག་བྱ་ན། དཔྱད་རྣམས་ཀྱང་བསྟན་ནོ་ཞེས་བསྒོའོ། །དེ་ནས་སྨན་པ་མཁས་པ་དེས་མི་མཁས་པའི་ལུང་བཞིན་དུ་བདག་གིས་དེ་བཞིན་དུ་བགྱིའོ། །བདག་གིས་ཀྱང་རྔོ་ཅི་ཐོགས་ཀྱིས་ཁྱོད་ཀྱི་གཡོག་བགྱིའོ་ཞེས་སྨྲས་སོ། །དེ་ནས་སྨན་པ་གླེན་པ་དེས་སྨན་པ་གསར་བ་ཁྲིད་ནས་རྒྱལ་པོའི་ཕོ་བྲང་དུ་ཆས་སོ། །རྒྱལ་པོ་དང་ཕྲད་ནས་དེའི་ཚེ་སྨན་པ་གསར་བ་དེས་རྒྱལ་པོ་དེ་ལ་དཔྱད་རྣམ་པ་སྣ་ཚོགས་དང་། གཞན་ཡང་སྒྱུ་རྩལ་མང་པོའི་གཏམ་དང་། ཡུལ་གྱི་སྲིད་བཟུང་བ་དང་། ནད་པ་གསོ་བའི་ཐབས་འདིའོ། །རྒྱལ་པོ་ཆེན་པོ་ཐུགས་སུ་ཆུད་པར་གྱིས་ཤིག་ཅེས་གཏམ་བྱས་སོ། །དེའི་ཚེ་རྒྱལ་པོ་དེས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་། སྨན་པ་རྙིང་པ་དེ་མི་མཁས་པར་ཤེས་ནས། ཡུལ་དེ་ནས་བསྐྲད་དོ། །དེ་ནས་ཀྱང་སྨན་པ་གསར་བ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དོ། །དེའི་ཚེ་སྨན་པ་གསར་བ་དེ་འདི་སྙམ་དུ། རྒྱལ་པོ་འདི་ལ་བསྟན་པའི་དུས་ལ་བབ་སྙམ་བསམ་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་བདག་ལ་དགོངས་མེད་ན་བདག་གི་གསོལ་བ་གཅིག་གནང་བར་མཛོད་ཅིགརྒྱལ་པོས་སྨྲས་པ། ཁོ་བོའི་ལག་པ་གཡས་པ་ནས། ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་བར་དུ་ཡིད་བཞིན་དུ་སློང་ཞིག་དང་། ཐམས་ཅད་སྦྱིན་པར་བྱའོ། །སྨན་པ་དེས་གསོལ་བ། འདི་ལྟར་རྒྱལ་པོས་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱང་བདག་སྩལ་བར་གནང་མོད་ཀྱི། བདག་ཐུགས་མི་ཐུབ་ལ་མང་པོ་ཡང་མི་གསོལ་ན། དེང་སླན་ཆད་ཡུལ་མི་ཐམས་ཅད་ཀྱིས་སྨན་པ་རྙིང་གི་དཔྱད་སྨན་དུ་འོ་མ་གཏོང་བ་ཤོས་བཅད་པར་བཀར་གདགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། སྨན་དེ་ནི་གདུག་པ་དང་བཅས་པས་མང་དུ་འཆི་བའི་ཕྱིར་རོ། གལ་ཏེ་སྨན་དེ་གཏོང་བ་ཡོད་ན་ཡན་ལག་གི་དམ་པ་མགོ་བཅད་དོ་ཞེས་བཀར་བཏགས་ན། སྨན་འོ་མ་ལས་གཏོང་བ་ཆོད་པས། དུས་མ་རན་པར་འཆི་བ་མེད་དེ། ཐམས་ཅད་བདེ་ཞིང་སྐྱིད་པར་འགྱུར་གྱི། བདག་གི་གསོལ་བ་འདི་གནང་བར་མཛོད་ཅིགདེ་ནས་རྒྱལ་པོས་སྨྲས་པ། ཁྱོད་གསོལ་བ་འདི་ཤིན་ཏུ་ཕན་པར་འགྱུར་བ་ཡིན་ཏེ། དེང་ཕྱིན་ཆད་ཡུལ་མི་ལས་ན་བ་ཞིག་ཡོད་ན་སྨན་འོ་མ་གཏོང་དུ་མི་གནང་ངོ་། གལ་ཏེ་འོ་མ་གཏོང་བ་ཞིག་ཡོད་ན། ཡན་ལག་གི་དམ་པ་མགོ་བཅད་དོ་ཞེས་བཀར་བཏགས་སོ། །དེའི་ཚེ་ན་སྨན་པ་མཁས་པ་དེ་ཚ་བ་དང་། ཁ་བ་དང་། སྐྱུར་བ་དང་། མངར་བ་དང་། མངལ་བ་ལ་སོགས་ཏེ། རོ་རྣམ་པ་སྣ་ཚོགས་ཀྱི་སྨན་སྦྱར་ཏེ་ནད་གསོས་ན་གང་ཡང་མ་སོས་པ་མེད་དོ། །དེ་ནས་ཕྱིས་རིང་པོར་མ་ལོན་བར་རྒྱལ་པོ་དེ་ནད་ཀྱིས་བཏབ་ནས་སྨན་པ་བཀུག་སྟེ། འདི་ལྟར་ང་ནི་ནད་ཀྱིས་ཤིན་ཏུ་སྡུག་བསྔལ་བར་གྱུར་ན། ཇི་ལྟར་གསོ་ཞེས་སྨྲས་པ་དང་། སྨན་པ་དེས་རྒྱལ་པོའི་ནད་བལྟས་ན། སྨན་དུ་འོ་མ་དགོས་པ་འདྲ་ནས་རྒྱལ་པོ་ལ་གསོལ་བ། རྒྱལ་པོ་ནད་ཐབས་དང་སྦྱར་ན། སྨན་དུ་འོ་མ་བཏང་འཚལ་ཏེ། བདག་གིས་སྔར་སྨན་དུ་འོ་མ་བཏང་དུ་མི་རུང་ཞེས་གསོལ་བ། རྫུན་དུ་གྱུར་ཏེ། སྨན་དུ་འོ་མ་ལས་བཟང་བ་མ་མཆིས་ལ། རྒྱལ་པོའི་ནད་ཀྱང་ཚ་བ་ལས་གྱུར་བས། སྨན་དུ་འོ་མ་བཏང་ན་བཟང་ངོ་། རྒྱལ་པོས་སྨྲས་པ། སྨན་པ་ཁྱོད་འོན་ཏེ་སྨྱོས་སམ། ཚ་བའི་ནད་ཀྱིས་བཏབ་ན། ནད་འདི་ལ་འོ་མ་ཕན་ནོ་ཞེས་སྨྲས། ཁྱོད་ཀྱིས་སྔར་འོ་མ་ལ་དུག་ཡོད་དོ་ཞེས་སྨྲས་ན། ད་ཇི་ལྟར་བཏུང་ཁྱོད་ཀྱི་ང་ལ་བགམ་མམ། སྨན་པ་སྔ་མས་བསྔགས་པ་ལས་དུག་ཡོད་དོ་ཞེས་བཤད་པས། སྨན་པ་གཅིག་བསྐྲད་པའི་འོག་ཏུ། ད་ཡང་ན་བ་ལ་སྨན་དུ་འོ་མ་བཟང་ངོ་ཞེས་ཁྱོད་སྨྲ་བ་དང་སྦྱར་ན། ངའི་སྨན་པ་རྙིང་པ་ནི་ཁྱོས་པས་མཁས་ངེས་སོ། །དེ་ནས་སྨན་པས་ཡང་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་དེ་སྐད་མ་གསུང་ཞིག། དཔེར་ན་སྲིན་བུ་ཤིང་ཟན་གྱི་རྗེས་ལས་ཡི་གེར་རུང་བ་ཡང་ཡོད་དོ། །སྲིན་བུས་ཀྱང་ཡི་གེ་ཡིན་ནམ་མ་ཡིན་པ་མི་ཤེས་ཀྱི། དེ་ལ་མཁས་པ་ཤེས་རབ་ཅན་གྱིས་མཐོང་ན། སྲིན་བུའི་ཡི་གེ་ཤེས་སོ་ཞེས་ངོ་མཚར་དུ་མི་འཛིན་ཏོ། །རྒྱལ་པོ་ཆེན་པོ་སྨན་པ་སྔ་མ་ཡང་དེ་དང་འདྲ་སྟེ། ནད་རྣམས་མི་རྟོགས་པས་ཐམས་ཅད་ལ་སྨན་འོ་མ་གཏོང་བ་ནི་ཇི་ལྟར་སྲིན་བུའི་རྗེས་ལས་ཡི་གེར་འགྱུར་བ་བཞིན་ཏེ། སྨན་པ་སྔ་མས་ནི་འོ་མ་བཟང་ངན་དང་རུང་མི་རུང་ཡང་མི་ཤེས་སོ། །རྒྱལ་པོས་སྨྲས་པ། སྨན་པ་སྔ་མས་ཇི་ལྟར་ཇི་ལྟ་བུར་མི་ཤེས། སྨན་པས་སྨྲས་པ། སྨན་འོ་མ་ཞེས་བགྱི་བ་ནི་གདུག་པ་ཡང་ལགས་ལ། བདུད་རྩི་ཡང་ལགས་སོ། །དེ་ལ་ཇི་ལྟར་ན་འོ་མ་དེ་གདུག་པ་ཡང་ཡིན་ལ། བདུད་རྩི་ཡང་ཡིན་ཞེ་ན། གལ་ཏེ་བ་ཉིད་སྦང་མ་དང་། རྩྭ་སྦྱིན་པ་དང་། ཕུག་མ་མ་ཟོས་ལ། བེའུ་ཡང་ཤིན་ཏུ་དུལ་ཞིང་། འཚོ་བའི་ས་ཡང་རི་མཐོན་པོའི་སྟེང་མ་ཡིན། ན་ཁྲོད་མ་ཡིན་པ་ན་འཚོ་ཞིང་ཆུ་ཡང་འབབ་ཆུ་དྭངས་མ་ལས་བླུད་དེ། དྲག་ཏུ་མི་བདའ། ཁྱུ་མཆོག་དང་ཁྱུ་གཅིག་ཏུ་མི་བཙའ་བར་བག་ཡངས་སུ་ཟ་ཞིང་འཐུང་ལ་འགྲོ་བ་དང་སྡོད་པ་ཡང་བག་ཡངས་སུ་གྱུར་པའི་བའི་འོ་མ་ནི་ནད་རྣམས་ལ་ཕན་པས་བདུད་རྩི་ཞེས་བྱའོ། །འོ་མ་དེ་མ་ཡིན་པ་ནི་ཐམས་ཅད་ཀྱང་གདུག་པ་དང་བཅས་པ་ཞེས་བྱའོ། །དེའི་ཚེ་རྒྱལ་པོ་ཆེན་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། སྨན་པ་ལགས་སོ། །ཤིན་ཏུ་ལེགས་པར་སྨྲས་སོ། །ད་སླན་ཆད་འོ་མ་བཟང་ངན་དང་རུང་མི་རུང་ཡང་ཤེས་སོ། །དེ་ནས་སྨན་དུ་འོ་མ་བཏང་ནས་ནད་ཀྱང་བྱང་བར་གྱུར་ཏེ། ཡུལ་མི་ཐམས་ཅད་ལ་ད་ཕྱིན་ཆད་སྨན་དུ་འོ་མ་ཐོང་ཞིག་ཅེས་བཀར་བཏགས་སོ། །ཡུལ་མི་རྣམས་ཀྱིས་དེ་སྐད་ཅེས་ཐོས་ནས། ཐམས་ཅད་གཤེ་རྒྱ་སྟེ། རྒྱལ་པོ་ཆེན་པོ་འདི་ནི་ཡི་དྭགས་ཀྱིས་བརླམས་སམ། སྨྱོས་སམ་ཅི་ཉེས་ན། བདག་ཅག་བསླུས་ཏེ་སྨན་དུ་འོ་མ་ཐོང་ཞིག་ཅེས་གསུངས། ཡུལ་མི་ཐམས་ཅད་ཁྲོས་བཞིན་དུ་རྒྱལ་པོའི་སྤྱན་སྔར་ལྷགས་སོ། །དེ་ལ་རྒྱལ་པོས་བཀའ་སྩལ་པ། ཁྱེད་ང་ལ་མ་གཤེ་ཤིགསྨན་དུ་འོ་མ་བཏང་དུ་རུང་ངམ་མི་རུང་བ་ནི་སྨན་པ་འདིའི་དཔྱད་ཡིན་གྱི་ངས་མ་ཉེས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དང་ཡུལ་མི་ཐམས་ཅད་ཀྱང་ཤིན་ཏུ་དགའ་ཞིང་མགུ་བར་གྱུར་ནས། སྨན་པ་དེ་ལ་ལྷག་པར་རིམ་གྲོ་དང་། བཀུར་སྟི་བསྐྱེད་དེ་ནད་པ་ཐམས་ཅད་ལ་སྨན་འོ་མ་བཏང་བས་ནད་ཀྱང་བྱང་བར་གྱུར་ཏོ། །ཞེས་དང་། བམ་པོ་ཉེར་ལྔ་པ་ལས། སྨན་པ་མཁས་པ་རིག་པ་བརྒྱད་ལ་མཁས་པས་སྔར་ནད་ཀྱི་མཚན་ཉིད་རྟོག་གོ། མཚན་ཉིད་ལ་རྣམ་པ་གསུམ་ཡོད་དེ། རླུང་དང་། མཁྲིས་པ་དང་། བད་ཀན་ནོ། རླུང་ནད་ཡོད་པ་ལ་ནི་མར་སྦྱིན་ནོ། །མཁྲིས་པའི་ནད་ཡོད་པ་ལ་ནི་ཤ་ཀ་ར་སྦྱིན་ནོ། །བད་ཀན་གྱི་ནད་ཡོད་པ་ལ་ནི་སྒའི་ཁུ་བ་བླུད་དོ། །དེ་ལྟར་ནད་ཀྱི་མཚན་ཉིད་ཤེས་ནས་སྨན་བྱིན་ཏེ་གསོས་པར་གྱུར་པས་སྨན་པ་མཁས་པ་ཞེས་བྱའོ། །ཞེས་དང་། བམ་པོ་ཞེ་གཅིག་པ་ལས། འཇིག་རྟེན་གྱི་ནད་ནི་གསུམ་སྟེ། མཁྲིས་པ་དང་། རླུང་དང་། བད་ཀན་ནོ། ནད་རྣམ་པ་གསུམ་ལ་ཡང་སྨན་རྣམ་པ་གསུམ་གྱིས་འཚོ་སྟེ། མཁྲིས་པའི་ནད་ལ་ནི་མར་གྱི་འཚོའོ། །རླུང་ལ་ནི་འབྲུ་མར་ཕན་ནོ། བད་ཀན་ལ་ནི་སྦྲང་རྩི་ཕན་ནོ། ཞེས་པ་ལ་སོགས་ཏེ་གསོག་ལྡང་ཞི་གསུམ་དཔེའི་སྒོ་ནས་མང་དུ་བསྟན་ནོ། གཞན་ཡང་ཡན་ལག་བརྒྱད་པ་བམ་པོ་སྟོང་རྩ་གཉིས་ཡོད་པ་ཞིག་གསུངས་པར་ཡང་གྲགས། མ་རྒྱུད་རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་ཞེ་དགུ་པ་ལས། འདས་པའི་དུས་སུ་སྔོན་བྱུང་བ། །བསྐལ་པ་དང་པོ་བདེ་བ་ཆེ། །དེར་ནི་རྡོ་རྗེ་སེམས་དཔའ་ཆེ། །ལྷག་པ་ཡི་ནི་ལྷ་གཅིག་བཞུགས། །ལྷ་མིན་གྲུབ་པ་སོགས་མཐོང་སྟེ། །ལྷ་ཡི་ཚོགས་ནི་སྐྲག་གྱུར་ནས། །སངས་རྒྱས་ཐམས་ཅད་འདུས་ནས་ནི། །མྱུར་དུ་ང་ལ་བསྐུལ་བར་བྱེད། །ཐིག་ལེར་ཞུ་ལས་ལྷ་མོ་ཆེ། །བདུད་ཀྱིས་ཀུན་ཏུ་གཏོར་བ་ནི། །ཐམས་ཅད་རྨོངས་པར་བྱེད་པ་ཡི། །དངུལ་ཆུ་ཞེས་ནི་བྱ་བར་གྲགས། །ཆུ་གཏིང་ལས་བྱུང་དམན་པ་སྟེ། །དེ་བཞིན་རི་ལས་སྐྱེས་པ་མཆོག། ཅེས་དང་། ཨ་རུ་ར་ནི་འབིགས་བྱེད་ཀྱི། །ནགས་དང་རི་བོ་དབང་ཆེན་སྐྱེས། །ནར་མ་ད་ཡི་ཆུ་སྐྱེས་མཆོག །གཞན་དག་དམན་དང་འབྲིང་པོ་ཡིན། །སྙུང་པོ་དང་ནི་འཇིགས་མེད་དང་། །འཚོ་དང་དེ་བཞིན་བདུད་རྩི་སྟེ། །གཙང་མ་དང་ནི་འཕེལ་བ་དང་། །རྣམ་པར་རྒྱལ་བ་བདུན་དུ་བརྗོད། །རི་མོ་གསུམ་པ་སྙུང་པོ་སྟེ། །འཇིགས་མེད་རི་མོ་ལྔ་པ་ཡིན། །ཚོ་བ་གསེར་མདོག་ཤེས་པར་བྱ། །བདུད་རྩི་ཤ་ཆེན་ཞེས་བྱ་སྟེ། །དེ་བཞིན་གཙང་མ་ཤ་མེད་ཡིན། །སེར་སྐྱ་འཕེལ་བ་ཞེས་བྱ་སྟེ། །ཀུ་བ་ལྟ་བུ་རྣམ་པར་རྒྱལ། །སྐྱུ་རུ་ར་ནི་ཤ་ཆེ་ཞིང་། །རུས་པ་ཆུང་དང་རོ་དང་ལྡན། །རྡོ་བ་ཅན་གྱི་རི་ལས་སྐྱེས། །ཤིན་ཏུ་སྨིན་པ་མཆོག་ཏུ་བཤད། །བ་རུ་ར་ནི་ཐ་མལ་བའི། །རི་ལས་སྐྱེས་པའམ་གཞན་ཡང་རུང་། །ཞེས་སྨན་རགས་རིམ་གྱི་སྐྱེ་གནས་དང་རིགས་བཟང་ངན་སོགས་དང་། གསེར་གྱི་མདོག་ནི་བཟང་པོར་འགྱུར། །དངུལ་གྱི་སོ་ནི་བཟང་པོར་འགྱུར། །མུ་ཏིག་གིས་ནི་དག་པར་འགྱུར། །མུ་མེན་སྐྲ་དང་སྤུ་ལ་ཕན། །རྡོ་རྗེས་ཐོག་ནི་བཟློག་འགྱུར་ཏེ། །ལྕགས་ཀྱིས་ཆུ་དང་མཚོན་རྣམས་བཟློག། ཅེས་བཅངས་པའི་ཡོན་ཏན་དང་། པི་པི་ལིང་དང་གུར་ཀུམ་ནི། །ཆ་ནི་མཉམ་པོར་བྱས་ནས་སུ། །སོས་ཀའི་དུས་སུ་བཟའ་བར་བྱ། །དེ་རྗེས་གཅི་བ་དྲོ་འཐུངས་ན། །ཁ་ཟས་ཡི་གར་འོང་ཞིང་འཇུ། །ནིར་གུཎྜི་ཡི་ཁུ་བ་དང་། །གཅི་བར་བཅས་པ་སྣ་སྨན་སྦྱིན། །བད་ཀན་ལས་གྱུར་ནད་རྣམས་འཕྲོག། དེ་ཉིད་པདྨའི་དྲི་མ་དང་། །བཅས་པར་བྱུགས་ན་གླང་ཤུ་སེལ། །མར་ག་ད་ཡི་རྩ་བ་དང་། །སོ་དང་སེན་མོའི་རྡུལ་དུ་བསྲེ། །རྨ་ནི་དང་པོ་མར་གྱིས་བཀྲུ། །དེ་རྗེས་སྨན་དེས་བྱུགས་ན་ནི། །རྨ་ནི་འདྲུབ་པར་བྱེད་པའི་མཆོག། སོ་ཕག་རྡུལ་དང་སུག་སྨེལ་ཆེ། །གི་རི་ཀར་ནའི་ཁུ་བ་རུ། །མཉེས་ཏེ་མིག་ལ་བྱུགས་ན་ནི། །རབ་རིབ་དག་ནི་འཇོམས་པའི་མཆོག། ཅེས་དངུལ་ཆུ་སོགས་བཅུད་ལེན་གྱི་སྦྱོར་བ་དང་། གཞན་ཡང་གསོག་ལྡང་ཞི་གསུམ་རགས་པ་ཙམ་གསུངས། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་ལེའུ་སུམ་ཅུ་རྩ་བརྒྱད་པར། རྡུལ་ཅན་མ་དང་ཡུང་བ་གཉིས། །ཡོངས་བཟུང་བ་ཡི་དར་བ་དང་། །བྲེ་དོ་བསྡུ་བར་བྱ་བ་སྟེ། །བྲེ་གང་མ་གྱུར་བར་དུའོ། །དེ་ལྟར་འཐུངས་པས་ཉིན་བདུན་ན། །བཅུད་ལེན་རྫོགས་པར་བྱེད་པ་ཡིན། །ཞེས་སོགས་བཅུད་ལེན་གྱི་རྣམ་པ་དུ་མ་དང་། སྡོམ་འབྱུང་རྒྱུད་ཀྱི་རིམ་པར་དབྱེ་བ་གཉིས་པར། དང་པོའི་རྣམ་པ་ནུར་ནུར་པོ། །མེར་མེར་པོ་ནི་གཉིས་པ་ཡིན། །ལྟ་ལྟར་བོར་སྐྱེས་གསུམ་པ་སྟེ། །དེ་བཞིན་བཞི་པ་གོར་གོར་པོ། །ཞེས་ལུས་གནས་ཆགས་ཚུལ་དང་། །རིམ་པར་དབྱེ་བ་བཅུ་དགུ་པར། །བཤང་དང་གཅི་བའི་དུས་དག་ཏུ། །དུས་མཚུངས་སྦྲིད་པ་བྱུང་གྱུར་ན། །ལོ་གཅིག་ན་དུས་དེ་ཉིད་ཀྱི། །དུས་ཚོད་ལ་ནི་འཆི་ཞིང་བརླག། ཅེས་འཆི་ལྟས་ཀྱི་རིམ་པ་དུ་མ་དང་། །མན་ངག་ཇི་བཞིན་ལྡན་པ་ཡིས། །འཆི་བ་སླུ་བར་འགྱུར་བ་སྟེ། །ཞེས་འཆི་བ་སླུ། རིམ་པར་དབྱེ་བ་ཉེར་ལྔ་པར། །སོ་ཕག་ཚོས་འགྱུར་འདག་གུ་དང་། །ནིར་གུན་ཐི་དང་བལ་གུན་ནེ། །སྨྱོ་བྱེད་མདའ་དང་ནི་ཏྱ་པ། །གླ་རྩི་ཙན་དན་ལྡན་པ་དང་། །བཱ་ལི་ཀ་དང་ཙོ་རར་ལྡན། །རང་གི་ལུས་ནི་དྲིལ་བྱས་ན། །ནད་རྣམས་ཀུན་ལས་རྣམ་གྲོལ་ཞིང་། །དུག་མེད་མདངས་དང་ལྡན་པར་འགྱུར། །འབྲས་བུ་གསུམ་དང་ཙན་དན་གྱི། །ཕྱེ་མར་བཅས་དང་གླ་རྩི་ནི། །བསིལ་དང་ལྷན་ཅིག་ལོ་གཅིག་འཐུངས། །ནད་མེད་རྒས་པའང་མེད་པར་འགྱུར། །ཞེས་ནད་འཇོམས་རྒས་གསོ་ལ་སོགས་པའི་རྣམ་གྲངས་མང་བ་དང་། དམ་པ་དང་པོའི་སངས་རྒྱས་ཀྱི་བསྡུས་པའི་རྒྱུད་ཀྱི་ནང་ལེར། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མཐའ་དག་རོ་དྲུག་ཟོས་ཤིང་འཐུངས་བ་དག་ལས་འགྱུར་བ་སྟེ། རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལའོ། །ཞེས་སོགས་ལུས་ཆགས་ཚུལ་དང་། དང་པོར་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པ་དག་གིས་ཡང་དག་བསྲུང་བར་བྱ། ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་གི་བདེ་བ་ཐོབ་པར་འགྱུར་བའང་མེད། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུ་ནི་ཉིན་ཞག་སོ་སོའི་དུས་སུ་རྩའི་སྦྱོར་བ་བསྒོམ་པར་བྱ། ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་པ་གསུམ་གྱི་གནས་སུ་མངག་གཞུག་ཉིད་དུ་རབ་ཏུ་འགྱུར། ཞེས་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ལུས་བསྲུང་བའི་མན་ངག་མང་བ་དང་། ཉི་མ་ཟླ་བ་འགོག་པ་མཉམ་དང་མི་མཉམ་བགྲོད་པ་ལ་སྟེ་དབུ་མ་མེ་ལ་རབ་ཏུ་ཞུགས། སྲོག་དང་ཐུར་སེལ་གཉིས་པོ་དག་ཀྱང་ཉིན་ཞག་དང་པོ་སོང་ན་དུས་མིན་འཆི་སླུ་བ་སྟེ། ཞེས་སོགས་དུས་མ་ཡིན་པའི་འཆི་བ་སླུ་བ། ཐུར་སེལ་བསྐུམ་ན་འདོད་པར་འགྱུར་ཏེ་ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་དག་ལའོ། །སྲོག་རྩོལ་དག་ནི་བད་ཀན་ལ་འགྱུར་སླར་ཡང་དེ་དག་གཏོང་བ་མཁྲིས་པ་དག་གི་སྐྱོན་ལའོ། །སྟེང་དང་འོག་ན་ཡང་དག་འགོག་པ་བདེ་བར་བྱེད་པར་འགྱུར་ཏེ་འདུས་པ་དག་དང་རིམས་ལའོ། །ལྟེ་བའི་སྟེང་དུ་སྲོག་གི་རླུང་ནི་མཐའ་དག་ནད་འཕྲོག་ལྟེ་བའི་རྩ་བར་གཞན་པ་དག་ཀྱང་ངོ་། །ཞེས་ཐུར་སེལ་ལ་སོགས་པས་རླུང་མཁྲིས་བད་ཀན་དང་འདུས་པའི་ནད་ཞི་བར་བྱེད་པ། བསྐུམ་སྟེ་ཐུར་སེལ་རླུང་ནི་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་དང་སྲོག་ཉིད་སྟེང་ནས་ཀྱང་། ཇི་སྲིད་ཡང་དག་ཕྲད་དེ་མེ་ནི་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་ཁྱབ་པར་རབ་འགྱུར་བ། དམུ་ཆུ་སྐྲན་དང་གཞང་འབྲུམ་ནད་རྣམས་དག་ཀྱང་ལྟོ་བར་སོན་པ་ཟླ་བའི་སྦྱོར་བས་འཇོམས་པར་ཏེ། དབུགས་ལུད་དང་ནི་གློ་དང་རྣམ་པ་གསུམ་གྱིས་དུག་དང་མིག་གི་ནད་ལས་སོགས་པ་དག་ཀྱང་ངོ་། །ཞེས་སོགས་ལྟོ་བའི་ནད་ཉེ་བར་ཞི་བའི་རླུང་སྦྱོར། རྡོ་རྗེ་སྐྱིལ་ཀྲུང་དུ་གནས་རྐང་པ་བཟུང་བ་ལག་པའི་པད་མོ་དག་ནི་རྒྱབ་ཀྱི་ཟུག་རྔུ་འཇོམས། སྟེང་དང་རྐང་པ་དག་དང་འོག་ཏུ་མགོ་བོ་ལུས་ལ་བད་ཀན་ནད་རྣམས་མཐའ་དག་འཕྲོག་པར་བྱེད། སྲོག་འགོག་པ་ལས་ཉིན་ཞག་འགའ་ཞིག་གིས་ནི་རབ་འཁྲུ་གཅི་བའི་ནད་དག་ངེས་པར་འཇོམས་པར་བྱེད། ཐོ་རངས་མིང་མེད་དག་གིས་ཆུ་དང་བྲལ་བའི་ཁར་ནི་སོའི་ཕྲེང་བ་དག་ལ་རབ་འདར་བ། མིག་རྣམས་དག་གི་མིག་སྨན་དུ་འགྱུར་སླར་ཡང་ནད་ནི་འཕྲོག་པ་ཆུ་ཡིས་གཏོར་བ་དག་ཀྱང་ངོ་། ཞེས་སོགས་རྒྱབ་ཀྱི་ཟུག་རྔུ་འཇོམས་པར་བྱེད་པ། ལོ་ཕྱེད་ཀྱིས་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་དཀར་བའི་མཛེ་འཕྲོག་དེ་ལས་གཞན་ལྟ་ཅི། ཤེས་རབ་ལུས་ལ་རང་སེམས་ལྷུང་བ་དག་ཀྱང་རྟག་ཏུ་སྲོག་གི་རླུང་གིས་འགོག་པ་དག་ལས་ཏེ། བདུན་ཅུའི་ལོ་ཡི་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ལོ་གཉིས་རབ་ཏུ་རྫོགས་ན་ངེས་པར་འཕྲོག །ཉི་མ་འགའ་ཡིས་ལམ་དང་སེམས་ནི་རབ་ཏུ་འགྲོགས་པ་དག་ལས་དེ་སྟེང་ཕྱག་རྒྱའི་དངོས་གྲུབ་འགྱུར། ཞེས་སོགས་མཛེ་ནད་འཕྲོག་པ་དང་རྒྱས་པ་གསོ་བ། མི་བསྐྱོད་པ་ནི་ཅུང་ཟད་དྲོ་བ་ཁ་ནད་ཞི་བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ཀྱིས་ཡང་། ཐོ་རངས་མི་བསྐྱོད་བརྔུབས་པ་དག་ནི་མགོའི་ནད་འཕྲོག་དེ་བཞིན་ཉིད་དུ་ཆུ་ནི་རྔུབས་པས་སོ། །རྣ་བ་དག་དང་མིག་ཏུ་གཅིན་ནི་དྲོ་དང་གྲང་མོར་རབ་བླུགས་གཉིས་ཀ་དག་ནི་ནད་འཕྲོག་གོ། འབྱུང་བོས་གཟིར་ལ་ཚ་བ་གསུམ་བཅས་མི་བསྐྱོད་རྔུབས་ན་བདེ་བ་སྟེར་ཏེ་ཟོས་པ་ཉིད་ལ་ཡང་། ཞེས་སོགས་ཀུན་སྤངས་རྣལ་འབྱོར་པའི་སྨན། བཤང་བ་གཅིན་དང་ཁུ་བ་ཁྲག་ནི་མི་ཡི་ཤ་དང་བཅས་པ་ཟོས་པས་ཚེ་ནི་སྟེར་བར་འགྱུར། བསམ་གཏན་བཅས་པས་མེ་ཏོག་བརྔུབས་ནས་སྐར་དཀར་དང་བཅས་རྒ་བ་དང་ནི་ལུས་སྐྱེས་རྣམས་ཀྱང་འཕྲོག། སྒྲོན་མ་ལྔ་པོ་སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་ཟོས་པས་མཐའ་དག་ནད་ནི་འཕྲོག་པ་སྟེ། བུད་མེད་མེ་ཏོག་ཁུ་བ་དག་དང་བསྲེས་པ་ལོ་གཅིག་ཟོས་ན་རྒ་བ་ངེས་པར་སེལ་བར་བྱེད། ཅེས་ཚེ་འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ། བུད་མེད་ཀྱི་མེ་ཏོག་རྔུབ་པ། སྒྲོན་མ་ལྔས་ནད་རྣམས་སེལ་ཞིང་རྒན་པོ་གཞོན་ནུར་གྱུར་པ་སོགས་དང་། རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏུ་མངར་དང་བསྐ་བ་དག་ནི་མཁྲིས་པའི་དགྲ། བད་ཀན་འཇོམས་པ་ཁ་བ་ཀུན་དང་དེ་བཞིན་ཚ་བ་དག་ཀྱང་སྨན་རྣམས་སམ་ནི་ཁུ་བའམ། བད་ཀན་འཇོམས་པ་རའི་འོ་མ་ཚ་བ་གསུམ་བཅས་དག་སྟེ་མ་ཧེའི་འོ་མ་མཁྲིས་པའི་དགྲ། རླུང་འཇོམས་དང་ཀྱང་རྔ་མོའི་འོ་མ་རྣམ་འགྱུར་གསུམ་ནད་འཕྲོག་པ་ཡི་འོ་མ་དང་ནི་དེ་བཞིན་མར། ཞེས་རླུང་མཁྲིས་བད་ཀན་གསུམ་གྱི་སྨན་དང་། ཛཱ་ཏི་བསྐོལ་བའི་ཆུ་ནི་དྲོ་བ་ཁ་ནད་ཞི་བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ་། ཏིལ་མར་དངོས་པོའི་ཆུ་བསྐོལ་ཚ་བ་གསུམ་དང་ལན་ཚྭ་དག་གིས་རྣ་བ་ཡི་ནི་ནད་དག་འཇོམས། མར་དང་འོ་མ་བསྐོལ་བར་གྱུར་པ་གླུ་དང་དམར་པོ་དག་གིས་རྟག་ཏུ་སྣའི་ནད་དག་འཇོམས། ཀར་ཀོཊཱི་དང་ལང་ག་ལི་དང་ཨིན་ཏྲ་བོང་བུའི་ཆུར་བཅས་བྱུགས་པས་འབྲས་ཀྱི་འཕྲེང་བ་འཕྲོག། ཅེས་ཁ་ལ་སོགས་པའི་ནད་ཉེ་བར་ཞི་བའི་དོན་དུ་སྐོལ་བའི་སྨན་དང་། ལག་པ་དག་ནི་རབ་འཕྱང་རྐང་པའི་པད་མ་མཉམ་པ་དག་དང་སྲོག་གི་རླུང་ནི་འགོག་བྱ་སྟེ། ཇི་སྲིད་ལུས་ནི་ས་ལ་རབ་ཏུ་ལྷུང་བར་མ་གྱུར་པ་དང་ཚ་བ་དག་ནི་གྲོལ་བར་ཡང་། ཡང་དང་ཡང་དུ་ཏིང་འཛིན་ལའོ་འཆི་བའི་འཇིགས་པ་བྱེད་པའི་ཚེར་མ་ཅན་ནི་ངེས་འཇོམས་ཏེ། སྙིང་ཁའི་པད་མར་ཟླ་བའི་གཟུགས་ཅན་དྲི་མེད་རི་བོང་ཅན་མཚུངས་སྣ་ཚོགས་ཡུམ་ནི་བསྒོམས་པས་སོ། །ཞེས་རྡོ་རྗེའི་ཚེར་མའམ་འབྲུམ་ནད་ཞི་བའི་ཕྱིར་རླུང་སྦྱོར་དང་སྣ་ཚོགས་ཡུམ་གྱི་བསྒོམས་བཟླས་གསུངས་པ་དང་། སྲན་ཆུང་བཏགས་ནས་འཐུངས་པས་ཚ་བའི་རྣམ་པར་བསྣུན་པའི་མི་རྣམས་ཀྱི་ནི་ཚེར་མ་འཇོམས་པར་བྱེད། ཚ་བ་མཐར་ནི་ཐོད་པ་བརྡར་བ་མི་བསྐྱོད་བསྲེས་པ་ཡིས་ཀྱང་འཇིགས་པར་བྱེད་པ་འཕྲོག་པ་སྟེ། སྔགས་ཀྱང་ཆུ་མེ་རླུང་རྣམས་དག་གི་སྔོན་དུ་ཨོཾ་ཡིག་དང་ནི་བཛྲ་སྔ་མ་དག་གི་མིང་། དེ་ཉིད་ཀྱིས་ནི་བསྲུང་བར་བྱ་སྟེ་མགོ་མགྲིན་སྙིང་ཁ་ལྟེ་བ་གསང་བ་ལ་སོགས་རྣམས་སུའོ། །ཞེས་འབྲུམ་ནད་ཀྱི་སྨན་དང་། སྔགས་དང་། སྲུང་བ་ལ་སོགས་པ་དང་། མཉམ་པ་བྷཱ་ཏྲི་དྷཱ་ནྱ་དང་ནི་གཞན་ཡང་དེ་བཞིན་ཏིན་ཏི་རི་ཡི་འདབ་མའི་ཕྱེ་བ་དག་ཉི་ཟླ་རེག་པའི་ཆུ་ནི་ངེས་པར་དྲི་མ་བྲལ་བ་དག་ལ་རྐང་པའི་ལྷག་མར་བསྐོལ་བར་བྱ། དེའི་ཁུ་བ་ཀ་ར་དང་བསྲེས་གཞན་པའི་ཉིན་ཞག་དག་ནས་ཞག་གསུམ་འཐུངས་པ་འདི་ཡིས་ནི། སོ་ག་ཉི་མའི་འོད་ཟེར་དག་གིས་བསྲེགས་པ་འཆི་སྟེར་འཕྲོག་སྟེ་ཁམས་བདུན་སོང་བ་དག་ཀྱང་ངོ་། །ཞེས་སོ་ག་ལ་སོགས་པ་ཉི་མའི་གདུང་བས་བསྲེགས་པ་དང་། དེ་ལས་བྱུང་བའི་ཚ་བའི་ནད་ཞི་བའི་སྨན་དང་། གསེར་ལ་ཉི་མ་ཁབ་ལེན་ལྕགས་དང་པ་ཊ་ལ་སྐྱེས་ལྕགས་ནི་མ་ཀྵི་ཀ་ཡིས་གདབ་པར་བྱ། ས་བོན་ཕྱེད་ཀྱིས་ཀྱང་ནི་དྲི་མ་དག་དང་བྲལ་བའི་དངུལ་ཆུ་བསྒོངས་པ་སྲང་ནི་དྲུག་ཏུ་བྱ། བའི་དར་བ་དྲག་པོའི་རྩེ་མོ་ཅན་གྱིས་བསད་ནས་འདིར་ནི་དྭངས་མ་བཟུང་བར་བྱ་བ་ཉིད། དཔལ་ལྡན་གོང་བུ་ཁབ་ལེན་སྣོད་དུ་སླར་ཡང་བསྐོལ་བ་དག་ཀྱང་ཇི་སྲིད་ཕྱེད་ཀྱི་ཚད་དུའོ། །རབ་ཏུ་བླངས་ཏེ་དག་པའི་ཀ་ར་སྲང་བརྒྱད་ཡང་ན་དགུ་ནི་དེ་ལ་བསྲེ་བ་ཉིད་དུ་བྱ། དེ་ནི་ཐམས་ཅད་དུས་སུ་བཟའ་བར་བྱ་སྟེ་ཁ་ཟས་རྣམས་སྤངས་བགྲོད་པ་ཇི་སྲིད་ཉིད་དུའོ། །ཟླ་བ་དྲུག་གི་ལྷ་ཡི་ལུས་ཏེ་སྐྲ་དཀར་གཉེར་མ་དང་བྲལ་བ་འདི་ཡིས་འཆི་མེད་ཉིད་དུ་འགྱུར། དེའི་ཕྱིར་དེ་ཉིད་ཉི་མ་སོ་སོའི་དུས་སུ་བཟའ་བར་བྱ་སྟེ་འོན་ཀྱང་གོང་བུས་རྣམ་པར་དམན། སྔར་བརྗོད་ས་བོན་རྒྱལ་པོ་མཉམ་པ་དག་སྟེ་གཞན་ཡང་དངུལ་ཆུ་ལ་ནི་བླུགས་པ་ཕྱེད་ཙམ་མོ། ལན་ཚྭ་སྐྱུར་པོ་དག་གིས་མཉེས་ནས་རྣམ་པ་མང་པོའི་སྨན་གྱིས་ཇི་སྲིད་གཅིག་ཉིད་དུ་འགྱུར་བ། མཁྲིས་པ་སྐྱུར་པོས་མུ་ཟི་སོགས་དང་ད་ར་ད་དང་ཤི་ལ་དག་ཀྱང་དངུལ་ཆུ་མཚུངས་པར་མཉེ། དེ་ཡིས་དངུལ་གྱི་འདབ་མ་བྱུགས་པ་གསེར་ཉིད་དུ་འགྱུར་སྨིན་པ་དག་ཀྱང་ཕྱེད་དང་ལྡན་པས་སོ། །རྣོན་པོ་ནམ་མཁའ་ལས་སྐྱེས་ཨ་ལ་ལན་ཚ་ཡ་བཀྵ་ར་དང་ནི་པ་རྫ་རིམ་པ་ཡིས། འཕེལ་བ་དག་ཀྱང་ཉི་མ་ཉིས་འགྱུར་རོ་མཉམ་བྱེད་པས་ཉི་མའི་ལྷག་མ་དག་ནི་བསྲེག་པར་བྱ། སླར་ཡང་ལན་ཚྭས་དག་པ་དང་ནི་དེ་བཞིན་པ་ལས་བྱུང་བ་ལ་སོགས་ཀྱིས་བྲན་འཇམ་པར་འགྱུར། དངུལ་ལ་སུམ་ཆ་བྱིན་ཞིང་བཀང་སྟེ་སྣུན་པ་དག་ཀྱང་དག་པ་ཡི་ནི་མེ་ཏོག་ཉིད་དུ་གྱུར། ཞེས་བཅུད་ལེན་གྱི་སྦྱོར་བ་འབྲིང་པོ་དང་། ཨེ་ལ་ག་པུར་ཕྲེང་བ་དང་ནི་གཡོ་བ་ག་ན་འབྲས་བུ་ཅན་དང་བྱ་རོག་རི་སྐྱེས་དང་། ཀ་ཀོ་ལ་དང་རིང་ཧ་མཱུ་ཏྲ་ཨུཏྤལ་འབྲས་བུ་རི་དྭགས་སྐྱེས་དམར་བེེ་ཏྱཱ་པཱུ་ཏི་དང་། ཀླུ་དང་བསིལ་བར་ར་ཎ་འདབ་མ་ས་ལ་ཆུ་དང་འཁྲིལ་ཤིང་ནམ་མཁའ་ཁྱོག་པོ་འདི་དག་ནི། རྫས་ལྔ་དག་གིས་དྲི་མཛོད་རི་དྭགས་རི་བོང་ཅན་སོགས་བདུག་པ་མེ་ཏོག་ཆང་ལ་སོགས་པས་སོ། །ཞེས་སོགས་དཀོན་ཆོག་མཆོད་པའི་དོན་དུ་དྲི་དང་སྤོས་ལ་སོགས་པའི་སྦྱོར་བ་མང་བ་དང་། ས་འཛིན་ཉི་མ་ཟླ་བ་མ་ནུ་མིག་དང་འདོད་པ་ནོར་དང་དྲག་པོ་རྒྱལ་པོ་མེ་དག་དང་། ཕྱོགས་དང་འབྱུང་བ་བུག་པ་དྲུག་དང་ཚེས་དང་ཆུ་གཏེར་དག་ནི་མཐའ་ཡི་རེ་མིག་ལ་བཞག་བྱ། གྲངས་ནི་རེ་མིག་བཞི་ཡིས་ཆུ་ཡི་གཏེར་དང་རྩེ་མོ་ཅན་ཏེ་དཔལ་ལྡན་འཁོར་ལོ་མཐའ་དག་ནི། ཆད་ཀྱི་རྒྱབ་ཏུ་བྲིས་ནས་རབ་ཏུ་བཙའ་བར་འགྱུར་བའི་དུས་སུ་སྦྲུམ་མ་རྣམས་ལ་བསྟན་པར་བྱ། ཞེས་སྦྲུམ་མ་བདེ་བར་བཙའ་བའི་འཕྲུལ་འཁོར་དང་། རུ་རྟ་ཨུ་སི་ར་དང་ཀ་སེ་རུ་སྟེ་ཀ་ར་དང་ཨུཏྤལ་འདམ་སྐྱེས་གེ་སར་ནི། བསིལ་བའི་ཆུ་ཡིས་བཏགས་ཤིང་རྡོ་རྗེ་ཡིས་ནི་བསྔགས་པ་དག་ཀྱང་མངལ་གྱི་ཟུག་རྔུ་ལ་རབ་སྦྱིན། མངལ་ནི་རེངས་ན་ན་ཀུ་ལ་དང་གཙུག་ཕུད་ཅན་གྱི་སྤུ་བརྒྱད་བཏགས་ནས་རབ་ཏུ་སྦྱིན་པར་བྱ། ཞེས་སྦྲུམ་མའི་སྨན་ལ་སོགས་པ་དུ་མ་དང་། བླ་གནས་ཀྱི་འཕོ་ཚུལ་ལ་སོགས་པ་འདོད་པའི་བསྟན་བཅོས། རོ་བརྗོད་པའི་གཞུང་། སྲིད་བསྲུངས་སོགས་རིག་བྱེད་རྣམས་དང་སྒོ་བསྟུན་ནས་གསུངས་པ་སོགས་ལ་སྔོན་གྱི་མཁས་པས་སྟོན་པ་སངས་རྒྱས་པའི་ལུགས་ཞེས་པའི་ཐ་སྙད་མཛད།

 

བྱང་སེམས་ལྷ་དང་དྲང་སྲོང་གི་ལུགས།

རིན་ཆེན་སྤུངས་པ་ལས། སྤྲུལ་པའི་རྒྱ་ནག་རི་བོ་རྩེ་ལྔ་རུ། འཇམ་དཔལ་དབྱངས་ཀྱི་ནེ་ཙོར་སྤྲུལ་ནས་བཤད། རྡོ་རྗེ་གདན་དང་རི་བོ་བྱ་རྐང་དུ། སྤྱན་རས་གཟིགས་ཀྱི་དྲང་སྲོང་སྤྲུལ་ནས་བཤད། ཨོ་རྒྱན་ཡུལ་དུ་གཽ་ཤན་ཏིང་ལ། ཕྱག་ན་རྡོ་རྗེས་བདུད་དུ་སྤྲུལ་ནས་བཤད། ཅེས་དང་། འཇམ་དཔལ་སྙིང་གི་ཟུར་ཐིག་ཏུ། རྒྱ་གར་རྒྱ་ནག་སྟོད་ཕྱོགས་གསུམ། ལུགས་གསུམ་བྱང་ཆུབ་ཆེན་པོ་ཡིན། སྨན་ཀུན་བརྒྱུད་པའི་རིག་འཛིན་ཡང་། དང་པོ་རིགས་གསུམ་མགོན་པོས་མཛད། ཅེས་པ་ལྟར་ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མགོ་བཅོས་བདུད་རྩིའི་ལྷུང་བཟེད། རིན་ཆེན་སྒྲོམ་བུ། རྟེན་འབྲེལ་བྱང་ཁོགམངལ་ནད་གསོ་བ་འཕྲུལ་གྱི་རྒྱལ་པོ། རིན་ཆེན་བང་མཛོད་ལྔ་པ། དཀྱུས་བཟློག་མགོ་བཅོས། རྡོ་རྒྱུད་ཆེ་ཆུང་རྣམ་གསུམ། མགོ་བཅོས་བདུད་རྩི་རྒྱ་མཚོ། ཡང་ཏིག་འཕྲུལ་གྱི་བཞི་སྐོར། ཁ་དམར་གསལ་བའི་ཡིག་ཆུང་། སྲོག་བཅོས་ལྐུགས་པ་ཁ་འབྱེད། སྨན་དཔྱད་སོ་མ་རཱ་ཛཱ། སྡེ་འབུམ། འཕགས་པ་སྤྱན་རས་གཟིགས་ཀྱི་མགོ་བཅོས་རྒྱལ་མཚན་དམ་པ། དཔྱད་གཅེས་གཟུངས། བདུད་རྩི་ཐིགས་པ། རྒྱན་དམ་པ། བདུད་རྩི་ཆུ་རྒྱུན་ཆེ་ཆུང་། བྱང་ཁོག་འགྲེལ་བ་དམར་ནགགལ་མདོའི་འགྲེལ་བ་ཆེ་ཆུང་། གསལ་བྱེད་མེ་ལོང་། མཐོང་བ་དོན་གསལ། དཔལ་ཕྱག་ན་རྡོ་རྗེས་མགོའི་རྩོད་བཟློགརོ་བཀྲ་འཕྲུལ་གྱི་མེ་ལོང་། གཟའ་བརྒྱུད་འཁོར་ལོ་རིན་ཆེན། ལྕང་ལོ་ནག་པོ། པདྨ་སྦུབས་པ། ཟུག་རྔུ་རྟེན་འབྲེལ་བརྟག་པ། ཁ་ཐོར་ཀུན་འཇོམས། རྗེ་བཙུན་མ་སྒྲོལ་མས་ཟུག་རྔུ་རྩལ་ཐབས་དྲུག སྔོ་སྦྱོར། སྔོ་ཤིང་གི་འཁྲུངས་དཔེ་ལེའུ་བརྒྱ་དང་ཉི་ཤུ་པ་རྣམས་མཛད་པར་གྲགས་པ་རྣམས་ལ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལུགས་ཀྱི་ཐ་སྙད་དུ་བཞག་པ་དང་།

བསྐལ་བཟང་ལྷའི་ལུགས་ལ། ཚངས་པས་གུ་ན་ཤ་ཏྲ་བམ་པོ་སུམ་བརྒྱ་པ་དང་གསང་བའི་སྙིང་པོའི་དོན་བསྡུས་པ། སྐྱེ་དགུའི་བདག་པོས་འཕྲུལ་གྱི་མེ་ལོང་། ཐ་སྐར་གྱི་བུ་གཉིས་ཀྱི་གཅེས་པ་གྲུབ་པ། བརྒྱ་བྱིན་གྱིས་གཅེས་པ་བསྡུས་པ་དང་བྱང་ཁོག་ཁྲེམས་ཀྱི་ལུང་འོད་འཕྲོ་བ། སྨན་གྱི་ལྷ་མོ་ནོར་སྦྱིན་མས་རིན་པོ་ཆེའི་འཕྲེང་བ་རྣམས་མཛད།

            རིག་འཛིན་དྲང་སྲོང་གི་ལུགས་སུ་གྲགས་པ་ནི། བརྒྱ་བྱིན་ལ་སློབ་མ་སྐྱ་སེང་གི་བུ་ལྟར་ཕ་ལྷའི་དྲང་སྲོང་རྒྱུན་ཤེས་དང་། འོད་ཟེར་ཅན་དང་། འོད་ཡངས་དང་། ཡན་ལག་སྐྱེས་དང་། ལྷ་མིན་འཇོམས་དང་། མཆོད་སྦྱིན་ཅན་དང་། གནས་འཇོག་སྟེ་གཙུག་ཕུད་ཅན་བདུན་དུ་འབོད་པ་དང་། མ་མིའི་བུད་མེད་ལ་བརྟེན་ནས་བྱུང་བ་ནི་རྒྱུན་ཤེས་ཀྱི་བུ་དང་མེ་བཞིན་འཇུག་དང་། ཐང་ལ་འབར་དང་། དཀའ་གཉིས་སྤྱོད་དང་། མུ་ཁྱུད་འཛིན་དང་། འགྲོ་སྐྱོང་གི་བུ་དང་། ནབས་སོ་སྐྱེས་དང་། སོགས་ཁོངས་ནས་གཤོལ་འགྲོ་སྐྱེད་དང་བརྒྱད་པོ་དེས་བརྒྱ་བྱིན་ལས་ཐོས་པའི་ཚེའི་རིག་བྱེད་ཀྱི་རྒྱུད་ལ་འཇུག་པའི་འགྲེལ་བ་རེ་རེ་བརྩམས་པ། དཀོས་སྟོན་པའི་སྡེ། གཞི་སྒྲུབ་པའི་སྡེ། བདུད་རྩི་ཆེན་པོའི་སྡེ། མི་འཇིགས་མཚོན་ཆའི་སྡེ། བདུད་རྩི་སྒྲུབ་པའི་སྡེ། སྲོག་གི་སྒྲོམ་བུའི་སྡེ། གསོ་དཔྱད་སྨན་སྦྱོར་གྱི་སྡེ། སྦྱོང་བྱེད་ལས་ལྔའི་སྡེ་སྟེ་ལེའུ་བཞི་བརྒྱ་དང་ཉི་ཤུ་རྩ་ལྔའི་བདག་ཅན་ཙ་ར་ཀ་སྡེ་བརྒྱད་དུ་གྲགས། དེ་དག་གི་འགྲེལ་བ་དྲང་སྲོང་དཔལ་ལྡན་འཕྲེང་བས་སྟོད་འགྲེལ་ཉི་ཟླ་བར་བཀབ་བམ་པོ་བརྒྱད་ཅུ། སྨད་འགྲེལ་འཕྲུལ་གྱི་ལྡེ་མིག་བམ་པོ་བཞི་བཅུ་སྟེ་ཁྱོན་བརྒྱ་ཉི་ཤུ་ལེའུ་དྲུག་བརྒྱ་དང་བཅས་བྱས་པ་ལྟར་ལུག་ནག་དང་། རྒྱ་སྐྱེགས་སྣ་དང་། མདའི་མཆོག་དང་། ལན་ཚྭའི་ལག་དང་། དཔལ་ལྡན་ཕུན་ཚོགས་དང་། ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་དང་། ཟླ་བའི་འོད་ཟེར་ལ་སོགས་པ་རྨ་བྱ་ཆེན་མོར། ཀུན་དགའ་བོ་དྲང་སྲོང་རྙིང་པ་བརྟུལ་ཞུགས་དང་རིག་སྔགས་གྲུབ་པ། གྲགས་པ་འབར་བ། ཀླུང་དང་རི་ལ་གནས་པ། དམོད་པའི་མཚོན་ཆ་ཅན། དཀའ་ཐུབ་དྲག་པོ། རྫུ་འཕྲུལ་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ་དེ་དག་གི་མིང་བརྗོད་ཀྱིས། ཞེས་འོད་ཟེར་ཅན་དང་། འགྲོ་སྐྱོང་གི་བུ་དང་། རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ལུགས་འདི་དང་མིང་མཐུན་པ་ཁ་ཤས་མཆིས་པས་བདག་ཅག་གི་སྟོན་པའི་སྔོན་ནས་འཇིག་རྟེན་དུ་བྱུང་བའི་དྲང་སྲོང་རྣམས་དང་། ཤ་ལི་ཧོ་ཏྲ་དང་། ལེགས་ཐོས་དང་། ཛ་ལས་རྒྱལ་ལ་སོགས་པ་རྣམས་ཀྱིས་ཀྱང་ཚེའི་རིག་བྱེད་ཀྱི་བསྟན་བཅོས་རྒྱ་ཆེ་ཞིང་གྲངས་མང་བ་བརྩམས་པ་ལས་དར་ཞིང་རྒྱས་ཏེ་ཕྱིས་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཚེའི་རིག་བྱེད་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན་ཅིང་རྒྱལ་པོ་པདྨའི་དཔལ་གྱིས་བླ་ནས་དབང་བསྐུར་ཏེ་སྙན་གྲགས་ཀྱི་ཡི་གེ་རིང་དུ་སྤྲོ་བ་དེའི་བར་བྱུང་བར་གྲགས།

            ཕྱི་པ་མུ་སྟེགས་ཀྱི་ལུགས་ནི། འཇིག་རྟེན་གྱི་ལྷ་དབང་ཕྱུག་ཆེན་པོ་ལ་འཁོར་ཁྱབ་འཇུག་དང་། ཀྲེ་ན་བ་མ་དང་། སྒྲ་གཅན་དང་། དབུ་མ་དང་། ཡཀྵ་ཀ་ལ་ལ་སོགས་པས་བསྐུལ་བས། ལྷ་ཆེན་པོའི་དབུའི་རྒྱན་ལས་ཟབ་གསང་དཀར་ནག་གི་རྒྱུད། སྙན་རྒྱན་ལས་ཁྱུག་པའི་རྒྱུད། མགུལ་རྒྱན་ལས་སྲོག་རྩ་སྔོ་དམར་གྱི་རྒྱུད། སྙན་རྒྱན་ལས་ཁྱུག་པའི་རྒྱུད། མགུལ་རྒྱན་ལས་སྲོག་རྩ་སྔོ་དམར་གྱི་རྒྱུད། སྐ་རགས་ལས་དཔའ་བོ་འཆིང་འགྲོལ་གྱི་རྒྱུད། དཔུང་གདུབ་ལས་མེ་ལྕེ་འཁོར་ལོའི་རྒྱུད། ཞབས་གདུབ་ལས་སྦལ་པ་དཀར་ནག་གི་རྒྱུད་ལ་སོགས་པ་ཚེའི་རིག་བྱེད་དུ་མ་ཞིག་གསུངས་ལ། རྡོ་རྗེ་ཁ་སྨྲ། རི་བོ་བརྕེགས་པ། མེ་ལྟར་འབར་བ། སྐྲ་བཤད་འཛིངས་པ་རྣམས་ལྷ་ཐམས་ཅད་མཁྱེན་པས་མཛད་པར་གྲགས། རལ་པ་ཏྲས་བམ་པོ་ནག་པོ། དུམ་པ་ནག་པོ། ཟླ་ཟེར་ནག་པོ་སྟེ་རྒྱུད་གསུམ་བྱས་པ་སྟེ། མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། ཅེས་གསུངས་པ་ལྟར་འདི་དག་ཕྱི་མའི་ལུགས་སོ། །



མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།