སྨན་རྩིས་དྲ་བ། - སྡེ་སྲིད་ཁོག་འབུགས།

གསོ་བ་རིག་པའི་ཁྱད་ཆོས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.01.2022
སྡེ་སྲིད་ཁོག་འབུགས། >>

གསོ་བ་རིག་པའི་ཁྱད་ཆོས།

དེའི་ནང་ཚན་གསོ་བ་རིག་པ་ནི། མདོ་དྲིན་ལན་བསབ་པ་ལས། བྱང་ཆུབ་སེམས་དཔས་ཅིའི་ཕྱིར་སྨན་དཔྱད་ཀྱི་རིག་པའི་བསྟན་བཅོས་སློབ་ཅེ་ན། སེམས་ཅན་རྣམས་མི་དགེ་བའི་ནད་བཞི་བརྒྱ་རྩ་བཞི་དང་དབྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བའི་ཕྱིར་སེམས་ཅན་རྣམས་དད་པའི་སེམས་བསྐྱེད་པར་བྱ་བ་དང་། དེ་ལྟར་ནད་དང་བྲལ་པས་དགའ་བའི་སེམས་བསྐྱེད་པར་བྱེད་པ་དང་།  དེ་ལྟར་དགའ་བའི་སེམས་སྐྱེས་པས་རྟག་ཏུ་སངས་རྒྱས་དྲན་པར་འགྱུར་ཏེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པར་བྱ་བའི་ཕྱིར་། བྱང་ཆུབ་སེམས་དཔས་སྨན་དཔྱད་ཀྱི་རིག་པ་སློབ་པར་བྱེད་དོ། །ཞེས་དང་། རྣལ་འབྱོར་སྤྱོད་པའི་སའི་ཐོས་པ་ལས་བྱུང་བའི་སར། གསོ་བའི་རིག་པ་གང་ཞེ་ན། དེ་ནི་རྣམ་པ་བཞིར་བལྟ་བར་བྱ་སྟེ། འདི་ལྟ་སྟེ། ནད་ལ་མཁས་པ་དང་། ནད་ཅི་ལས་བྱུང་བ་ལ་མཁས་པ་དང་། ནད་བྱུང་བ་བསལ་བ་ལ་མཁས་པ་དང་། ནད་བསལ་ནས་ཕྱིས་མི་འབྱུང་བར་བྱ་བ་ལ་མཁས་པའོ། །མཁས་པ་འདི་དག་གི་རྣམས་པར་དབྱེ་བ་ནི་མདོ་ལས་ཇི་སྐད་འབྱུང་བ་ཁོ་ན་བཞིན་དུ་རིག་པར་བྱའོ། །ཞེས་དང་། ལེའུ་བརྒྱད་པ་ལས། གསོ་བའི་བསྟན་བཅོས་ནི་རྣམ་པ་བཞིར་འཇུག་སྟེ། ནད་ལ་མཁས་པའི་རྣམ་པ་དང་། ཅི་ལས་བྱུང་བ་ལ་མཁས་པར་སྟོན་པའི་རྣམ་པ་དང་། ནད་བྱུང་བ་བསལ་བ་ལ་མཁས་པར་སྟོན་པའི་རྣམ་པ་དང་། ནད་བསལ་ནས་ཕྱི་མ་མི་འབྱུང་བར་བྱ་བ་ལ་མཁས་པར་སྟོན་པའི་རྣམ་པའོ། །ཞེས་དང་། གསོ་རིག་རྩ་བའི་རྒྱུད་ལས། མི་ན་བར་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །འགྲོ་བ་གང་ཞིག་ནད་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང་། གཞན་གྱི་སྤྱི་བོས་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཞེས་དང་། བཤད་རྒྱུད་ལས། འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། །མི་ན་གནས་དང་ན་བ་གསོ་བ་དང་། །ཚི་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། །གསོ་བ་རིག་པའི་དོན་རྣམས་མདོར་བསྡུས་ན། །ཞེས་དང་། ཕྱི་རྒྱུད་ལས། འདི་ནི་སྔགས་མེད་པ་ཡི་སྲུང་སྐུད་ཡིན། །འཆི་བདག་བདུད་སྡེ་བཟློག་པའི་འཕྲུལ་འཁོར་ཡིན། །ནད་ཀྱི་དགྲ་དཔུང་འཇོམས་པའི་དཔའ་བོ་ཡིན། །འདུ་བ་འཕེལ་ཟད་སྙོམས་པའི་སྤྱི་བ་ཡིན། །དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཡིན། །ནད་ཀྱི་ཟུག་གཟེར་གཅོག་པའི་ཐོ་བ་ཡིན། །སྡུག་བསྔལ་འདམ་ནས་འདྲེན་པའི་ལྕགས་སྐྱུ་ཡིན། །འཆི་བའི་སྲོག་སྐྱོབ་མི་འཇིགས་སྦྱིན་པ་ཡིན། །ཞེས་དང་། མཁས་མཆོག་བྱེ་བའི་གཙུག་རྒྱན་དཔལ་ལྡན་ཕ་ཁོལ་གྱིས།  ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་སྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བ་གྱིས། །ཞེས་དང་། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ལྔ་པ་ཆེན་པོས། འཛད་མེད་བསྐལ་བར་གནས་པའི་རིང་པོའི་ཚེ། །སྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །མི་འཇིགས་སྦྱིན་པའི་སྒོར་འཕར་ལེགས་ཕྱེ་བ། །རིས་མེད་སྐྱེ་དགུའི་བསོད་ནམས་ཟོང་གིས་རྙེད། །ཅེས་དང་། རིན་ཆེན་སྤུངས་པས། མཐར་བྱེད་གདངས་ཁར་བཅར་བའི་ཟུག་རྔུ་ཡིས། །ལྐོག་མའི་བར་དུ་སྲོག་རྒྱུ་ཤུགས་རིང་དབུགས། །ལན་མང་བརྩེགས་པ་དེ་ཀུན་གདུང་སེལ་དུ། །ཚེ་ཡི་རིག་བྱེད་དྲན་དབང་ཚངས་པ་རང་། །ཞེས་དང་། སྟག་ལོས། འགྲོ་ཀུན་ལུས་ནད་སྣ་ཚོགས་ཀྱིས་གཟིར་ཕྱིར། །གསོ་དཔྱད་དོན་དུ་མི་གཉེར་སྲིད་མཐའ་ཙམ། །དེ་ཕྱིར་རིག་གནས་གཉིས་པ་འདི་ཉིད་ནི། །དོན་གཉེར་རྗེས་སུ་འཛིན་པའི་མཆོག་ཏུ་གྲུབ། །ཅེས་ཐོག་མ་མེད་པ་ནས་ཉོན་མོངས་པ་དུག་ལྔས་གཟིར་ཅིང་། ནག་པོའི་ལས་ཆེས་ཆེར་བརྩེགས་པའི་འབྲས་བུ་དང་འཕྲལ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འདུ་བ་རྣམ་བཞི་འཁྲུགས་པའི་ནད་མ་བཅོས་རང་གར་བཞག་ཀྱང་འཚོ་བ་བརྒྱ་རྩ་གཅིག གདོན་བཅོས་པས་འཚོ་བ་བརྒྱ་རྩ་གཅིག བཅོས་ན་འཚོ་ལ་མ་བཅོས་ན་མི་འཚོ་བ་བརྒྱ་རྩ་གཅིག བཅོས་ཀྱང་མི་འཚོ་བ་བརྒྱ་རྩ་གཅིག་སྟེ་མུ་བཞིར་གསུངས་པའི་སྨན་དཔྱད་སོགས་ཀྱིས་འཆི་བདག་གཤིན་རྗེའི་ཞགས་པ་ལས་གྲོལ་བར་བྱེད་པའི་ཚུལ་སྐྱེ་དགུ་ཀུན་ལ་མི་འཇིགས་པའི་སྦྱིན་པ་རླབས་པོ་ཆེས་གཞན་ཕན་གྱི་ཐབས་རྒྱལ་བའི་སྲས་ཀྱི་སྤྱོད་པའི་ཡན་ལག་ཏུ་ངེས་པར་འགྱུར་བ་ཤེས་ལྡན་རྣམས་ཀྱིས་གཅིག་ཏུ་གཞོལ་བའི་གནས་ལེགས་པར་སྦྱར་པའི་སྐད་དུ་ཨཱ་ཡུ་རྦེ་དཿཚེ་དང་སྲོག་དོན་གཅིག་མིང་གི་རྣམ་གྲངས་ཡིན། འཚོ་བ་ནི་རྣམ་ཤེས་ཀྱི་རྟེན་ཏེ། འདོད་པ་དང་གཟུགས་ཀྱི་ཁམས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་གཉིས་ཀ་བྱེད་པ་གཟུགས་མེད་ན་རྣམ་པར་ཤེས་པའི་རྟེན་ཁོ་ན་བྱེད་པ།  དེ་རིག་པར་བྱེད་པ་ན་ཚེའི་རིག་བྱེད་བི་ཙི་ཀནྶི་ཏཾ་ཞེས་པ་གསོ་བའི་དཔྱད་དེ་ཡང་ཁམས་སམ་འདུ་བ་མི་སྙོམས་པ་བསལ་ནས་སྙོམས་པར་བྱ་བའི་རྣམ་དཔྱད་ཡིན་པས་གསོ་དཔྱད་ཅེས་བྱ་དང་ཙི་ཀིཏྶ་བི་དྱཱ་སྟེ་གསོ་བ་རིག་པ་ཞེས་པ་འདི་ཡིན་ལ། །

 

མཐའ་མའི་འདོན་ཐེངས་།: 28.01.2022 ཉིན། 4:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།