སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་རྫས་ཉམས་ཞིབ་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།  

སྡེ་ཚན་འདི་ཡང་ཕྱི་ལོ་ ༡༩༩༤ བར་དུ་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་སྨན་ལས་རེ་ཟུང་གིས་ལས་ཀ་བྱས་ཡོད་པ་ཙམ་ལས་དམིགས་བསལ་སྡེ་ཚན་ལོགས་སུ་མེད་པར་ཉམས་ཞིབ་སྡེ་ཚན་གྱི་ཁོངས་གཏོགས་གཅིག་མཚུངས་སུ་བཞག ཕྱི་ལོ་ ༡༩༩༤ ལོར་དབུ་འཛིན་ཟུར་པ་ཚེ་རིང་བཀྲ་ཤིས་ལགས་ཀྱི་དུས་ནས་སྨན་རྩིས་ཁང་གི་གཞི་རྩའི་ཆ་རྐྱེན་གྱི་ཆ་ཤས་དང་།  གལ་ཆེའི་དགོས་མཁོར་གཟིགས་ཏེ་སྡེ་ཚན་ལོགས་སུ་དབྱེ་བ་དང་སྡེ་ཚན་འདིར་སྨན་རྫས་ཉམས་ཞིབ་སྡེ་ཚན་ཞེས་མཚན་བྱང་གསར་བ་གནང་བ་ནས་བཟུང་ད་ལྟའི་བར་འགན་འཛིན་སྐབས་གསུམ་འཕོ་འགྱུར་བྱུང་།


འགན་འཛིན་རིམ་པའི་ངོ་སྤྲོད།

          སྡེ་ཚན་འདིའི་འགན་འཛིན་དང་པོ་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་སྡེ་ཚན་འདིའི་འགན་འཛིན་གྱི་མཚན་གནས་ཐོག་རྒྱུན་ལྡན་གཟིགས་རྟོགས་བཀའ་སློབ་ལམ་སྟོན་གནང་འོས་རིགས་མ་གཏོགས་འགན་འཛིན་གཞོན་པ་སྨན་རམས་པ་ཟླ་བ་ལགས་ཀྱིས་སྡེ་ཚན་འདིའི་འགན་འཁུར་ཆ་ཚང་གནང་ཡོད། ཕྱི་ལོ་ ༡༩༩༥ ལོར་སྨན་རམས་པ་ཟླ་བ་ལགས་སྨན་རྫས་ཉམས་སྡེ་ཚན་གྱི་འགན་འཛིན་དུ་དངོས་སུ་བསྐོ་བཞག་གནང་། ༢༠༠༥ ཟླ་ ༤ ཚེས་གཅིག་ཉིན་སྨན་རམས་པ་ཚེ་རིང་ནོར་བུ་སྨན་རྫས་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་བ་དང་། ད་ལྟ་མུ་མཐུད་འགན་འཁུར་ཞུ་བཞིན་པ་ཡིན།

 

ཉམས་ཞིབ་བྱ་ཐབས།

དང་པོ། བོད་ཀྱི་གསོ་བ་རིག་པའི་ནང་གསལ་བའི་སྨན་རྫས་ཡོངས་སུ་རྫོགས་པ་གཅིག་མཐུན་ཡོང་ཐབས་བྱ་རྒྱུའི་ལས་འཆར་དོན་འཁྱོལ་ཡོང་སླད་སྐྱེ་དངོས་སྨན་རྫས་ཐོན་ཁུངས་ཡོད་པའི་ས་གནས་ས་ཐོག་ཏུ་བསྐྱོད་ནས་བོད་སྨན་ལག་ལེན་བྱ་མཁན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྨན་པར་ངོ་མཇལ་ཐོག་ཁོང་ཚོས་བེད་སྤྱོད་བྱེད་བཞིན་པའི་སྔོ་སྨན་རྣམས་ཀྱི་ངོས་འཛིན་ཐད་དཔྱད་ཞིབ་བྱས་པ་བརྒྱུད། སྔོ་སྨན་ངོས་འཛིན་གཅིག་གྱུར་མེད་པ་དང་། བོད་ཁོ་ནར་སྐྱེ་བ་ལས་ཧི་མ་ལའི་ས་ཁུལ་ནང་མི་སྐྱེ་བའི་སྔོ་སྨན་ཁག་ཅིག་བོད་སྨན་ལག་ལེན་གནང་མཁན་ཧི་མ་ལ་ཡའི་ཁུལ་གྱི་ས་གནས་ཁག་ཅིག་གི་སྨན་པས་ཁྱད་ཆོས་མི་འདྲ་བའི་སྔོ་སྨན་དངོས་དེ་མིན་པར་གཞན་ཞིག་ཏུ་ངོས་འཛིན་བེད་སྤྱོད་ལག་ལེན་གནང་མཁན་ཡོད་པ་ཤེས་རྟོགས་ཐུབ་པ་བྱུང་བ་དང་། ལོ་ལྟར་སྔོ་སྨན་འཚོལ་ཞིབ་སྐབས་ས་གནས་སྨན་པ་མཉམ་བསྐྱོད་ཀྱིས་ངོ་སྤྲོད་དང་། ངོས་འཛིན་ནོར་འཁྲུལ་ཡོད་པའི་སྔོ་སྨན་ངོ་སྤྲོད་གང་ཐུབ་ཞུ་ཐུབ་པ་བྱུང་བས་ས་གནས་དེ་དག་གི་སྨན་པ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་།  


གཉིས་པ། བོད་དང་བོད་ཀྱི་ས་འབྲེལ་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་སྐྱེ་དངོས་སྨན་རིགས་བོད་སྨན་ནང་ངོས་འཛིན་ཡོད་པ་རྣམས་ཀྱི་ཁྱད་ཆོས་མི་འདྲ་བ་གང་ཡོད་ཉམས་ཞིབ་བྱ་རྒྱུར་སྔོ་སྨན་འཐུ་སྒྲུབ་དང་། དབྱེ་ཞིབ་དཔྱད་བསྡུར་ལམ་ནས་ངོས་འཛིན་གཅིག་པ་ཡིན་པ་ཁྱད་ཆོས་མི་འདྲ་བ་གང་ཡོད་དབྱེ་ཞིབ་ཐུབ་པ་རྣམས་དང་། རྒྱ་གར་སོགས་ས་བབ་དམའ་བའི་ཁུལ་དུ་སྐྱེས་པའི་ཁྲོག་སྨན་རིགས་ཀྱི་སྐྱེ་དབྱིབས་སོགས་དཔྱད་ཞིབ་ཐུབ་པ་རྣམས་དེང་དུས་ཚན་རིག་རི་མོའི་ལམ་ནས་དཔེ་རིས་དང་འགྲེལ་བརྗོད་གསལ་བའི་དེབ་རིགས་པར་སྐྲུན་ཞུ་རྒྱུའི་ཆེད་སྐྱེ་དངོས་སྨན་རིགས་གྲངས་ ༥༥༦ ཙམ་དཔེ་རིས་ཐོག་ལེགས་གྲུབ་ཟིན་པའི་ནང་ནས་སྨན་སྣེ་གྲངས་ ༣༠༣ བོད་ཡིག་དང་།  ཨིན་སྐད་གཉིས་ཀྱི་ཐོག་དེབ་ཕྲེང་དང་པོ་དང་གཉིས་པ་པར་སྐྲུན་ཞུ་ཐུབ་པ་བྱུང་བ་དེས་སྐྱེ་དངོས་སྨན་རྫས་ངོས་འཛིན་གཅིག་མཐུན་ཡོང་བ་དང་། སྔོ་སྨན་འཚོལ་ཞིབ་སྐབས་དཔྱད་གཞིའི་དགོས་མཁོར་སྟབས་བདེ་དང་དཔྱད་པ་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བས།མུ་མཐུད་དཔེ་རིས་གཞན་རྣམས་ཀྱི་འགྲེལ་བརྗོད་ལེགས་བྲིས་གནང་བཞིན་ཡོད་འདུག  


གསུམ་པ། བོད་ཀྱི་གསོ་བ་རིག་པའི་ནང་གཏན་ལ་ཕབ་པའི་སྨན་རྫས་ཀྱི་ནུས་པ་དེང་དུས་ཚན་རིག་དང་ཟུང་འབྲེལ་ལམ་ནས་ར་སྤྲོད་བྱ་རྒྱུ་དེ་ཉམས་ཞིབ་ལས་གཞི་གལ་ཆེ་ཤོས་ཤིག་ཡིན་པས། ལས་གཞི་དེ་ལེགས་འགྲུབ་བྱུང་བ་ཡིན་ན་བོད་སྨན་དེ་བཞིན་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོང་ཐུབ་མོད། ལས་གཞི་འདི་ལག་ལེན་དུ་འཁེལ་རྒྱུར་འགྲོ་གྲོན་གཏོང་ཐུབ་པ་དང་། རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་པའི་ཚན་རིག་ཉམས་ཞིབ་ཚོགས་པ་དང་ཟུང་འབྲེལ་བྱེད་བའི་མཐུན་རྐྱེན་དགོས་ཀྱི་ཡོད་པར་བརྟེན། དབུ་འཛིན་ཟུར་པ་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐབས་སུ་དབུས་འཛིན་སྐྱོང་གི་བཀའ་བཞིན་བོད་གཞུང་སྨན་རྩིས་ཁང་དང་།  ཨསྟྲིཡ་གཞུང་གཉིས་བར་ཆོད་གན་བཞག་སྟེ་བོད་ཀྱི་གསོ་བ་རིག་པའི་སྔོ་སྨན་ཁག་ཅིག་ལ་དེང་དུས་ཚན་རིག་དང་། བོད་ཀྱི་སྲོལ་རྒྱུན་ལུགས་གཉིས་ཟུང་འབྲེལ་ཐོག་ཉམས་ཞིབ་ཀྱི་ལས་དོན་སྤེལ་བ་དེ་བཙན་བྱོལ་ནང་ཐོག་མ་དེ་ཆགས་ཡོད། སྔོན་འགྲོའི་ལས་འཆར་ལོ་གཅིག་དང་།  དངོས་གཞིའི་ལས་འཆར་ལོ་གསུམ་རིང་སྤེལ་རྒྱུར་ལས་དོན་གཙོ་གཉེར་བ་བོད་གཞུང་སྨན་རྩིས་ཁང་དང་། ཨསྟྲིཡའི་གཙུག་ལག་སློབ་གྲྭ། ཨསྟྲིཡའི་སྐྱེ་དངོས་སྨན་རྫས་ཉམས་ཞིབ་གཙུག་ལག་སློབ་གྲྭ་བཅས་སྡེ་ཚན་གསུམ་ཡིན། ལས་འཆར་ཆོད་གན་བཞིན་མ་ན་ལི་ཁུལ་དུ་ཡོད་པའི་སྔོ་སྨན་ཁག་ཅིག་དང་།  ཨསྟྲིཡའི་སློབ་གཉེར་ཁང་ནས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ཅིག་ནས་མཁོ་སྒྲུབ་བྱས་པའི་སྔོ་སྨན་ཁག་ཅིག་བཅས་ཁྱོན་སྔོ་སྨན་གྲངས་ ༡༠༢ ཙམ་བོད་ཀྱི་གསོ་བ་རིག་པའི་གཞུང་བཞིན་ངོ་བོ་དང་ཁྱད་ཆོས། རོ་ནུས་སོགས་ངོ་སྤྲོད་དང་། དེ་གའི་སྡེ་ཚན་ནས་ཚན་རིག་ལམ་སྐྱེ་དངོས་རེ་རེའི་ཁྱད་ཆོས་དང་ངོ་བོ་ངོས་འཛིན། རྫས་ཀྱི་གྲུབ་ཆ་སོགས་ཞིབ་འགྲེལ་དང་།  དཔར་རིས་ཀྱི་ལམ་ནས་གསལ་སྟོན་གྱིས་ཐུན་མོང་ཐོག་ ༢༠༠༡ ལོར་བོད་ཀྱི་སྔོ་སྨན་ Tibetan Medicinal Plants ཞེས་པའི་དེབ་ཤོག་གྲངས་སུམ་བརྒྱ་བརྒྱད་ཅུ་གྱ་གསུམ་ཡོད་པ་ཞིག་དཔར་འདེབས་ཞུས། ལས་འཆར་འདིར་བོད་གཞུང་སྨན་རྩིས་ཁང་ནས་སྨན་རྫས་ངོ་སྤྲོད་གནང་མཁན་གྱི་མི་སྣ་བཀོད་སྒྲིག་ཞུས་ཡོད་པ་མ་གཏོགས་འགྲོ་གྲོན་ཡོངས་རྫོགས་ཨསྟྲིཡའི་གཙུག་ལག་སློབ་གྲྭ་ནས་གནང་ཡོད་པ་དང་། ལས་དོན་འདི་བརྒྱུད་བོད་ཀྱི་སྨན་རྫས་རིག་པ་ཁྱབ་སྤེལ་ཐུབ་རྒྱུར་ཕན་ཐོགས་བྱུང་ཡོད་ལ། ལྷག་པར་ཏུ་ཚན་རིག་ལམ་ནས་ར་སྤྲོད་ངོས་འཛིན་དང་། ལག་ལེན། ཉམས་ཞིབ་བྱ་རྒྱུར་ཕན་ཐོགས་ངེས་ཅན་ཞིག་བྱུང་ཡོད།


སྨན་རྫས་རྣམས་ཀྱི་སྐྱེ་གནས་སོགས་ལ་ཉམས་ཞིབ་བྱས་པའི་རྣམས་གྲངས། སྨན་རྫས་རྣམས་ས་གནས་འདྲ་མིན་དང་ཉིན་སྲིབ་དང་། སྐམ་རློན་སོགས་སྐྱེ་གནས་ཀྱི་ཁྱད་པར་ལས་སྨན་གྱི་ནུས་པ་ལ་ཁྱད་པར་ཆེན་པོ་འགྲོ་ཡི་ཡོད་པ་དེ་ནད་ཐོག་ཉམས་མྱོང་སྟེང་ནས་ཤེས་རྟོགས་ཐུབ་ཀྱི་ཡོད། དེང་དུས་རི་སྐྱེས་བདག་མེད་སྔོ་སྨན་ཐོན་ཁུངས་རྩ་མེད་འགྲོ་བའི་རང་བཞིན་ཤེས་རྟོགས་གང་ཙམ་ཐུབ་པ་ལ་བརྟེན་ནས་འདེབས་ལས་ཀྱི་ལམ་ནས་ཐོན་ཁུངས་གསོ་སྤེལ་བརྒྱུད་སྨན་དུ་བདེ་སྤྱོད་བྱ་བཞིན་ཡོད་ལ། ཐོན་ཁུངས་དཀོན་པའི་སྨན་རིགས་ཁག་འདེབས་ལས་བྱ་རྒྱུར་ས་བབ་མཐོ་ཚད་རན་པ་དགོས་རྒྱུ་ནི་སྨན་རྫས་དེ་རང་ནས་ཐོན་ཐུབ་པའི་ནུས་པར་དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེ་ཞིག་ཆགས་ཡོད། དེང་གི་དུས་ས་མཐོའི་སྨན་རིགས་ཁག་ཅིག་སྐྱེ་གནས་མི་མཐུན་པའི་སྒོ་ནས་འདེབས་ལས་བྱ་མཁན་ཡོད་པར་བརྟེན་སྨན་རྒྱུའི་སྤུས་ཚད་ལ་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱ་རྒྱུ་དེ་སྨན་རྫས་ཀྱི་སྤུས་ཚད་ལ་ཚད་འཛིན་ཡོང་ཐབས་ཀྱི་རྒྱབ་བརྟེན་གལ་ཆེ་ཤོས་ཤིག་ཡིན་པས་སྨན་རྫས་ནུས་པའི་འགྱུར་ཚད་ལ་ཚན་རིག་གི་ལམ་ནས་བརྟག་དཔྱད་གནང་དང་གནང་བཞིན་ཡོད།

 

གལ་ཆེའི་ལས་གཞི།

བོད་ཀྱི་སྨན་རྫས་རིག་པའི་གཞུང་ནང་གསལ་བ་ལྟར་ན་སྔོ་སྨན་སྐྱེ་སར་སྐྱེས་པ། རང་རང་གི་ཤ་ཆས་རྒྱས་པའི་བཏུ་བ་དང་། གཙང་བཟོ་དུག་འདོན་བྱ་དགོས་རིགས་ཚད་ལྡན་དགོས་པ། བསིལ་དྲོད་དང་མཐུན་པའི་སྒོ་ནས་སྔོ་སྨན་སྐམ་གསེད་ལེགས་པོ་བྱ་དགོས་པ། སྐམ་གསེད་ཟིན་པ་སྨན་ནུས་མ་ཡལ་བའི་གོང་ནས་བེད་སྤྱོད་བྱ་ཐུབ་པ་དགོས་རྒྱུ། སྨན་གྱི་ནུས་པ་འཇམ་དུ་གཏོང་ཐབས་སུ་སྨན་སྣེ་ནུས་པ་མཐུན་སྦྱོར་བྱ་ཐབས། རོ་ནུས་མཐུན་པའི་སྨན་སྣེ་ཕན་ཚུན་སྦྱར་ཐབས་ལག་ལེན་དེ་རྣམས་ངེས་པར་ལག་ལེན་དུ་འཁེལ་དགོས་པ་གལ་ཆེར་གསུངས་ཡོད་པ་དང་། གོང་དུ་གསལ་བའི་ལག་ལེན་རྣམས་ལག་བསྟར་བྱ་མ་ཐུབ་ཚེ་སྨན་རྫས་ཀྱི་སྤུས་ཚད་ཞན་དུ་འགྲོ་བ་དང་། ནད་ཐོག་ནུས་པ་ཐོན་མི་ཐུབ་པ་ཡིན་པས་སྔོ་སྨན་འཚོལ་ཞིབ་ཏུ་བསྐྱོད་པའི་ས་གནས་ཁག་གི་ནང་སྨན་རྒྱུ་མངགས་ཉོ་བྱས་པ་བརྒྱུད་རིམ་གྱིས་ཡུལ་མིར་སྨན་རྒྱུ་འཐུ་དུས་སྐམ་གསེད་དང་འབྲེལ་བའི་ལག་ལེན་རྣམས་ངོ་སྤྲོད་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་ཡིན་པར་བརྟེན། སྡེ་ཚན་འདིས་སྔོ་སྨན་འཚོལ་ཞིབ་ཏུ་བསྐྱོད་རྒྱུའི་བརྒྱུད་རིམ་ནང་ས་གནས་ས་ཐོག་ཏུ་བོད་སྨན་ལག་ལེན་གནང་མཁན་དང་། སྨན་སློབ་ཚོར་སྔོ་སྨན་པར་རིས་ངོ་སྤྲོད་མ་ཞུས་པའི་སྔོན་དུ་སྔོ་སྨན་ལ་གཅེས་པའི་ཡན་ལག་བདུན་ལྡན་སྐོར་གལ་ཆེར་བརྩིས་ནས་ངོ་སྤྲོད་གནང་བས་སྨན་རྒྱུའི་སྤུས་ཚད་ཚད་ལྡན་ཡོང་བར་ཕན་ཐོགས་ཆེན་པོ་བྱུང་།  


འདས་པའི་ལོ་ ༢༡ ནང་རྒྱ་བལ་གཉིས་ཀྱི་ས་བབ་མཐོ་བའི་ཧི་མ་ལ་ཡའི་རི་རྒྱུད་ཁག་དང་། ས་བབ་དམའ་བའི་རྒྱ་གར་ལྷོ་ཕྱོགས་སོགས་ས་གནས་ཁག་བཅུ་བདུན་ཙམ་ནས་སྔོ་སྨན་རིགས་མི་འདྲ་བ་ལྔ་བརྒྱ་ལྷག་ཙམ་དང་། ནང་གསེས་རིགས་དབྱེའི་སྨན་སྣེ་ལྔ་བརྒྱ་བརྒལ་བ་འཚོལ་ཞིབ་ཐུབ་པ་བྱུང་ཡོད་པ་དང་།  འཐུ་སྒྲུབ་ཞུས་པ་ཤོག་སྟེང་འབྱར་བའི་སྨན་ངོ་སྐམ་པོའི་དཔེ་མཚོན་གྲངས་ ༤༥༥༠ དང་། རྡོ་སྨན་རིགས་ ༣༠ གསོག་སྒྲུབ་ཞུས་པ་སྨན་རྫས་གསོག་ཉར་ཁང་ནང་ཉར་ཚགས་ཞུས་ཡོད་པ་དང་།  གཞན་ཡང་ས་གནས་ས་ཐོག་ཏུ་པར་རིགས་ཁག་གཉིས་ཐོག་ནས་སྔོ་སྨན་དཔར་ལེན་བྱས་པ་གྲངས་ ༣༦༥༡ ཡོད་པ་དེ་རྣམས་སྨན་སློབ་ཙམ་མིན་པར་བོད་སྨན་དོན་གཉེར་ཅན་རྣམས་ལ་ངོ་སྤྲོད་ཞུ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད། ལྷག་པར་སྨན་རྫས་ངོ་སྤྲོད་ཞུ་དགོས་པའི་ཚོགས་འདུའི་རིགས་དང་། མཐོ་སློབ་ནས་རེ་བསྐུལ་ནམ་ཞུས་ལ་ས་གནས་འདྲ་མིན་གྱི་སྔོ་སྨན་པར་རིས་ལམ་སྐྱེ་གནས་དང་། ཁྱད་ཆོས་སོགས་ངོ་སྤྲོད་གང་ཐུབ་ཞུས་པའི་ཐོག་ནས་སློབ་མ་ཚོའི་སྨན་རྫས་ངོས་འཛིན་གྱི་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གང་ཐུབ་ཞུས་པས་ཕན་ཐོགས་གང་ལེགས་བྱུང་།  


གཞན་ཡང་སྡེ་སྲིད་རིན་པོ་ཆེས་སྨན་ཐང་བརྒྱད་ཅུ་ཕྱོགས་བསྒྲིགས་གནང་བའི་གོ་རིམ་ནང་ཐོག་མར་བྲིས་ཆ་ལྔ་བཅུ་ལས་མེད་ཅིང་། ཕྱི་ལོ་ ༡༦༩༧ ལོར་ྋརྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ཁྲིར་ཕེབས་སྐབས་སུ་སྡེ་སྲིད་རིན་པོ་ཆེས་བརྩམས་གནང་མཛད་པའི་རིག་པའི་གནས་ཆེན་ལྔའི་སྐོར་པོད་ཆེ་ཆུང་ཉི་ཤུ་ཉེ་བ་དང་། གསོ་རིག་རྒྱུད་བཞིའི་སྨན་ཐང་དྲུག་ཅུ་རེ་གཉིས་ྋརྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཕྱག་ཏུ་ཕུལ་གནང་མཛད། མུ་མཐུད་ཁ་སྐོང་མཛད་ཅིང་མཐར་སྡེ་སྲིད་རིན་པོ་ཆེ་དགུང་ལོ་ལྔ་བཅུ་ང་གཅིག་ལ་ཕེབས་དུས་སྨན་ཐང་བདུན་བཅུ་དོན་དགུ་ཡོངས་སུ་ལེགས་གྲུབ་ཟིན་པ་དེའི་སྟེང་བླ་བརྒྱུད་ཀྱི་ཞལ་ཐང་གཅིག་བསྣན་པས་སྨན་ཐང་བརྒྱད་ཅུ་ཐམ་པའི་བྲིས་ཆ་ངོ་མ་ལྷ་ས་སྨན་རྩིས་ཁང་དུ་མཇལ་རྒྱུ་ཡོད་པ་དེ་ལྟར་ཡིན།  


ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྒྱལ་སྲིད་བསྐྱངས་སྐབས་སྨན་རྩིས་གཉིས་ལ་མཐོང་ཆེན་གནང་སྟེ་གོང་གསལ་སྨན་ཐང་བརྒྱད་ཅུ་ཚར་ཁ་ཤས་འདྲ་བཤུས་གནང་བའི་མཐུན་རྐྱེན་བསྩལ་བ་སོགས་མདོར་ན་སྨན་ཐང་དེ་རྣམས་ནི་ལོ་རྒྱུས་ཧ་ཅང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གསོ་རིག་རྒྱུད་བཞིའི་ནང་དོན་མ་ལུས་པ་ལག་མཐིལ་དུ་སྐྱུ་རུ་རའི་རྣམ་པ་བཞིན་བྱིས་པ་ནས་མཁས་པའི་བར་བདེ་བླག་ཏུ་རྟོགས་པའི་གཏན་ལ་ཕབ་པ་སྔོན་མེད་བྲིས་ཆའི་སྐོར་རྩ་བ་ཐུགས་ཀྱི་རྒྱུད་ལ་བྲིས་ཆ་ ༤། བཤད་པ་སྐུའི་རྒྱུད་ལ་བྲིས་ཆ་ ༣༥། མན་ངག་ཡོན་ཏན་རྒྱུད་ལ་བྲིས་ཆ་ ༡༦། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་ལ་བྲིས་ཆ་ ༢༤ བཅས་ཁྱོན་སྨན་ཐང་བདུན་ཅུ་དོན་དགུ་དང་། དེའི་སྟེང་བླ་བརྒྱུད་ཀྱི་ཞལ་ཐང་གཅིག་བསྣན་པས་བརྒྱད་ཅུ་ཐམ་པ་ཡོངས་སུ་གྲགས་པ་འདི་རྣམས་ཉམས་ཞིབ་དང་དོན་གཉེར་ཅན་རྣམས་ལ་དགོས་མཁོ་ལྷག་པར་ཆེ་བར་སོང་། བོད་གཞུང་སྨན་རྩིས་ཁང་གི་དབུ་འཛིན་ཚེ་རིང་བཀྲིས་ལགས་ནས་གལ་ཆེ་དོན་ཆེར་གཟིགས་ཏེ་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་རི་མོ་མཁན་ཡིག་རྒྱུགས་ལམ་ནས་འདེམས་སྒྲུག་གསར་འཇུག་གིས་སྨན་རྫས་ཉམས་ཞིབ་སྡེ་ཚན་ཁྱབ་ཁོངས་སུ་བཀོད་སྒྲིག་གནང་སྟེ་སྨན་ཐང་བསྐྱར་བཞེངས་ལས་གཞི་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༢༧ ཉིན་མགོ་འཛུགས་ཞུས་པ་ ༢༠༡༠ ཟླ་ ༡ ཚེས་ ༨ ཉིན་གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུ་ཡོངས་སུ་ལེགས་གྲུབ་ཟིན་པ་བཙན་བྱོལ་ནང་ཐོག་མ་དེ་ཆགས་ཡོད། ཟླ་ ༣ ཚེས་ ༢༣ ཉིན་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ྋགོང་ས་མཆོག་སྨན་རྩིས་ཁང་དུ་ཆིབས་བསྒྱུར་བསྐྱངས་སྐབས་དང་སྟབས་བསྟུན་སྨན་ཐང་གལ་ཆེ་བ་བཞི་བཅུ་ལྷག་ཙམ་ཞིག་སྨན་རྩིས་ཁང་གི་འཕེལ་རིམ་ཀྱི་འགྲེམས་སྟོན་གོ་སྒྲིག་ཞུས་པའི་ནང་སྤྱན་འབུལ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་། ཕྱི་ནང་གི་མི་རིགས་དོན་གཉེར་ཅན་མང་པོ་ཞིག་ལ་སྨན་ཐང་རྣམས་ངོ་སྤྲོད་ཞུ་ཐུབ་པ་བྱུང་བ་སོགས་ཡུན་རིང་ལོ་རྒྱུས་ལྡན་པའི་སྨན་ཐང་རྣམས་ཀྱི་ཁྱད་ཆོས་དང་།  བོད་ཀྱི་སྲོལ་རྒྱུན་རི་མོ་མི་ཉམས་རྒྱུན་གནས་ཐུབ་པར་དགེ་མཚན་ཆེན་པོ་བྱུང་།


གཞན་ཡང་རྩིས་དང་འབྲེལ་བའི་ཐང་ག་ཡང་རིགས་ལྡན་ཉེར་ལྔ་དང་།  ཆོས་རྒྱལ་ ༧ བཅས་ཁྱོན་ཐང་ག་གྲངས་ ༣༢ བཞེངས་རྒྱུའི་ལས་གཞི་ ༢༠༡༠ ཟླ་ ༡ ཚེས་ ༩ ནས་མགོ་འཛུགས་ཀྱིས་ད་བར་ཐང་ག་གྲངས་ ༥ ལེགས་གྲུབ་ཟིན་པ་དང་། གཞན་དག་མུ་མཐུད་མཇུག་སྐྱོང་བྱེད་བཞིན་ཡོད།


བོད་ཀྱི་གསོ་རིག་གི་ཐུན་མིན་སྨན་རྫས་ཀྱི་ངོས་འཛིན་ཁ་གསལ་མེད་པ་རྣམས་འོལ་ཚོད་མ་ཡིན་པར་འཁྲུངས་དཔེ་འདྲ་མིན་ལ་དཔྱད་བསྡུར་དང་།  བོད་ཕྱི་ནང་སོགས་ཀྱི་མཁས་པར་གོ་བསྡུར་དཔྱད་ཞིབ་བརྒྱུད། ངོས་འཛིན་ཉམས་པ་རྣམས་སླར་གསོ་དང་། ངོས་འཛིན་ཡོད་རྣམས་མི་ཉམས་བརྒྱུད་འཛིན་ཡོང་ཆེད་དཔེ་རིས་དང་འགྲེལ་པ་གཉིས་ལྡན་གྱི་ཐོག་ནས་དེབ་རིགས་དཔེ་སྐྲུན་དང་།  སྔོ་སྨན་གྱི་དཔེ་མཚོན་དང་དེའི་རྒྱུ་ཆ་གསོག་ཉར། རྒྱུད་བཞིའི་སྨན་ཐང་དང་སྔོ་སྨན་སོགས་འབྲི་བཞེངས། སྔོ་སྨན་ཁག་གི་སྐྱེ་གནས་དང་མཐུན་པའི་སྔོ་སྨན་འདེབས་ལས་ཞུ་བཞིན་ཡོད། སྡེ་ཚན་འདིས་བོད་སྨན་སློབ་གཉེར་བ་དང་། ལག་ལེན། ཉམས་ཞིབ་གནང་མཁན་བཅས་ལ་ཕན་ཐོགས་ཡོང་ཐབས་དང་། ལྷག་པར་དུ་དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་རང་བྱུང་གི་སྨན་རྫས་ལ་དོ་སྣང་གིས་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་རྣམས་ལ་བོད་ཀྱི་སྨན་རྫས་རིག་པར་ཚན་རིག་གི་ལམ་ནས་ར་སྤྲོད་ཐུབ་ཐབས་སོགས་ལ་འབད་བརྩོན་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་འགྲེམས་སྟོན་ཁང་དུ་བོད་ཀྱི་སྨན་རྩིས་ཀྱི་ངོ་བོ་མཚོན་པའི་གནའ་བོའི་ཡོ་བྱད་དང་སྨན་རྫས་སྣ་མང་ཡང་བདག་གཉེར་དང་ཕྱི་ནང་གི་གཟིགས་སྐོར་བ་རྣམས་ལ་སྤྱན་འབུལ་བྱེད་བཞིན་ཡོད།

 

སྔོ་སྨན་འདེབས་ལས་ཀྱི་སྐོར།

སྤྱིར་བོད་སྨན་ནང་མཁོ་བའི་སྔོ་སྨན་དཀོན་རིགས་ཕལ་ཆེ་བ་ནི་ས་ཆ་མཐོ་བ་དང་གྲང་ངར་ཆེ་བའི་ཡུལ་དུ་སྐྱེ་ཡི་ཡོད་སྟབས་སྔོ་སྨན་སོ་སོར་དགོས་ངེས་ཀྱི་མཐོ་ཚད་སོགས་སུ་འདེབས་ལས་མ་བྱུང་ཚེ་སྨན་གྱི་ནུས་པར་ཉེས་སྐྱོན་ཡོང་གི་ཡོད་པས་འདེབས་ལས་གཞན་ལས་དཀའ་ངལ་ཆེ་ནའང་།  དེང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་དང་སྨན་འགྲོ་ཤུགས་ཀྱི་ཚད་ལ་ལྟོས་ཏེ་སྔོ་སྨན་འདེབས་ལས་ཀྱི་ལས་གཞི་ནི་མེད་དུ་མི་རུང་ཞིག་བ་ཡིན་རྐྱེན་དཀའ་ངལ་ལ་གདོང་ལེན་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྩི་ཤིང་འདེབས་ལས་ཚོགས་པ་འདྲ་མིན་ཁག་ནས་ལམ་སྟོན་ཞུས་པའི་ཐོག་ཉེར་མཁོའི་སྔོ་སྨན་ཐོན་ཡུལ་གྱི་ས་གནས་ཡུལ་མིར་འབྲེལ་བ་དང་། སྔོ་སྨན་གྱི་གནས་ལུགས་གསལ་བཤད་དང་སྦྲགས་བོད་གཞུང་སྨན་རྩིས་ཁང་སྨན་རྫས་ཉམས་ཞིབ་ཁང་གི་འགན་འཁུར་འོག རྒྱ་གར་གྱི་ Red List Data of TRAFFIC INDIA & WWF སྨན་རྩྭ་སྲུང་སྐྱོབ་ལས་གཞི་ཡིག་ཆ་ནང་སྨན་རྩྭ་རྩ་སྟོང་འགྲོ་ལ་ཉེ་བ་དང་དམ་བསྒྲགས་ཚུད་པ། བོད་སྨན་ནང་འགྲོ་རྒྱུགས་ཆེ་བའི་སྨན་རྩྭ་ཁག་ཅིག་བཅས་རྒྱ་གར་བྱང་ཤར་སོ་ན་མདའ་དང་། ལ་དྭགས། མོན་རྟ་དབང་།  ཅོན་རྡ་ར། རྡ་རམ་ས་ལ་སོགས་ས་གནས་ཁག་ལྔ་ནང་རུ་རྟ། མ་ནུ། ཨུཏྤལ། བྱི་བཟུང་།  ཤུ་དག ལྡུམ་གུར་གུམ། བ་ཤ་ཀ གསེར་མེ། ཡུང་བ། སྒ་སྐྱ་སོགས་སྨན་རྩྭ་འདེབས་ལས་བྱེད་བཞིན་ཡོད།  

ཕྱི་ལོ་ ༡༩༩༢ ལོ་ནས་ད་བར་སྡེ་ཚན་འདི་ནས་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་སྐོར་དེབ་རིགས་རྩོམ་སྒྲིག་ཞུས་པ་ཁག་ནི། བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང་།  སྨན་མིང་ཚིག་མཛོད་བློ་གསར་སྒོ་འབྱེད་ལྡེ་མིག བོད་ཀྱི་གསོ་བ་རིག་པའི་སྡེ་ཚན་བརྒྱད་དུ་གཏོགས་པའི་སྨན་རྫས་རྣམས་སྤྱོད་ཡུལ་སྨན་སྦྱོར་གང་དུ་གསལ་བ་བཙོ་སྦྱངས་ཞུན་ཐིག བོད་ཀྱི་གསོ་བ་རིག་པ་དང་ལུགས་གཞན་བཅས་ལས་བསྟན་པའི་སྐྱེ་དངོས་སྨན་རྩིས་ཀྱི་དཔར་རིས་དང་ལག་ལེན་གཅེས་བཏུས་བཅས་དེབ་རིགས་དྲུག་ཙམ་རྩོམ་སྒྲིག་དང་དཔར་བསྐྲུན་ཞུས་ཡོད་པས་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ལདོན་གཉེར་ཡོད་མཁན་དང་ཉམས་ཞིབ་པ་བཅས་ལ་ཕན་ནུས་ཡོད་པ་བཅས་མདོར་ན་སྡེ་ཚན་འདི་ནས་ད་ལྟའི་བར་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་ཇི་སྐད་གཏན་ལ་ཕབ་པའི་སྨན་རྫས་ངོས་འཛིན་དང་དབྱེ་ཞིབ་གནང་བ་བརྒྱུད་བོད་ཀྱི་གསོ་རིག་བསྟན་པར་གྲུབ་འབྲས་གང་ལེགས་ཐོན་ཡོད་པ་བཅས་སོ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:54 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།