སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་༢༠༠༧ ཟླ་༡༡ ཚེས་༧ ཉིན་དགེ་སློབ་རྣམས་ལ་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.02.2014
ྋགོང་ས་མཆོག་གི་བཀའ་སློབ། >>


སྤྱི་ལོ་༢༠༠༧ ཟླ་༡༡ ཚེས་༧ ཉིན་སྨན་སློབ་སྐབས་༡༤ དང་རྩིས་སློབ་སྐབས་༧ བསླབ་པ་མཐར་སོན་ནས་ྋརྒྱལ་བའི་ཕོ་བྲང་ནང་དུ་མཇལ་བཅར་ཞུ་སྐབས་དགེ་སློབ་ཡོངས་ལ་བསྩལ་བའི་བཀའ་སློབ་བཞུགས་སོ།།

 
          ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། སློབ་སྦྱོང་ཐོན་པ་དེ་ཞེ་དྲག་ཡག་པོ་བྱུང་བ་རེད། དགེ་རྒན་ཚོས་སོ་སོས་ཤེས་པ་དེ་དཔེ་མཁྱུད་མ་བྱས་པར་ཧུར་ཐག་བྱས་ཏེ་བསླབས་པ་ཞེ་དྲག་ཡག་པོ་རེད། སློབ་ཕྲུག་ཚོའི་ཐོག་ནས་ཡིན་ནའང་བོད་ཀྱི་རིག་གནས་ཤིག་ཆགས་བསྡད་ཀྱི་ཡོད་པ་དེའི་ཐོག་ལ་སློབ་སྦྱོང་བྱས་པ་ཞེ་དྲག་ཡག་པོ་རེད། ལྷག་པར་དུ་ལུང་པ་གཞན་དག་གི་མི་ཁ་ཤས་ཤིག་འདིར་ཡོད་པ་རེད། ཉི་ཧོང་ཆ་བཞག་ན་ང་ཚོ་བོད་དང་དམིགས་བསལ་ཆོས་དང་རིག་གཞུང་གཅིག་གྱུར་གང་ཡང་མ་རེད་དེ། ཡིན་ནའང་མི་རང་གིས་འདིར་བོད་པའི་སྨན་གྱི་སྐོར་ལ་དོ་སྣང་བྱས། སློབ་སྦྱོང་བྱས་པ་རེད། ཞེ་དྲག་ཡག་པོ་བྱུང་འདུག ཁྱེད་རང་ཚོ་སོག་རིགས་ཚོར་ཆ་བཞག་ན་ང་ཚོ་བོད་པ་དང་སྐད་ཡིག་མི་གཅིག་ནའང་ཆོས་གཅིག་པ་རེད། རིག་གཞུང་ཐོག་ལ་ཆ་བཞག་ན། གང་ལྟར་ཆོས་ལུགས་གཅིག་པ་ཡིན་པའི་ཆ་ནས་རིག་གཞུང་གོམས་གཤིས་མང་པོ་ཞིག་གཅིག་པ་ཆགས་བསྡད་ཀྱི་ཡོད་པ་རེད། སྔར་ལོ་རྒྱུས་ཐོག་ལ་ཡིན་ནའང་སོག་རིགས་ཀྱི་སྨན་པ་མཁས་པ་དེ་འདྲ་བྱུང་བསྡད་ཡོད་པ་རེད། སྔར་ལོ་རྒྱུས་ཐོག་ལ་ཡིན་ནའང་སོག་རིགས་ཀྱི་སྨན་པ་མཁས་པ་དེ་འདྲ་བྱུང་བསྡད་ཡོད་པ་རེད། ཕལ་ཆེར་རྩིས་མཁས་པ་དེ་འདྲ་ཏན་ཏན་བྱུང་ཡོད་ཀྱི་རེད། ལྷག་པར་ནང་དོན་རིག་པར་མཁས་པ་ངའི་མི་ཐོག་བར་དུ་ཧ་ལས་པའི་མང་པོ་བྱུང་ཡོད། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་གྲས་ལ་ཆེན་པོ་ཧོར་གྱི་ཡུལ་ཁག་འདྲ་མི་འདྲ་ནས་མཁས་པ་མང་པོ་བྱུང་ནས་བོད་གངས་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཞབས་འདེགས་ཆེན་པོ་སྒྲུབ་ཡོད་པ་རེད། ཁྱེད་རང་ཚོ་མི་རབས་གསར་པ་གཅིག་གིས་སོ་སོས་བོད་ཀྱི་གསོ་བ་རིག་པ་དང་།  རྩིས་དེ་འདྲ་བསླབ་ནས་སོ་སོའི་ལུང་པ་ལ་སྔར་ནས་བོད་དང་ང་རང་ཚོས་ཐུན་མོང་གིས་ལོངས་སྤྱོད་པའི་གསོ་བ་རིག་པ་དང་།  རྩིས་རིག་པའི་ཐོག་ལ་ཁྱེད་རང་ཚོས་ཞབས་འདེགས་བསྒྲུབ་རྒྱུའི་བསམ་བློ་བཏང་བ་ཞེ་དྲག་ཡག་པོ་རེད།
          ཤེས་ཡོན་གང་དང་གང་ཡིན་ན་ཡང་།  བསླབས་པ་དེ་དོན་སྙིང་ལྡན་པ་ཞིག་ཡོང་དང་མ་ཡོང་ཟེར་བ་ལྷག་བསམ་ལ་རག་ལུས་པ་རེད། དངོས་གནས་གཞན་ཕན་གྱི་བསམ་པ་དང་སྤྱི་སེམས་དེ་འདྲ་ཞིག་འཁྱེར་བ་ཡིན་ན། སོ་སོར་སློབ་སྦྱོང་ཡོད་བསྡད་པ་དེ་ཕན་ཐོགས་ཡོང་བ་ཞིག་རེད། གཞན་པ་ཕར་བཞག ནང་དོན་རིག་པར་ཆ་བཞག་ན། མིང་ལ་ནང་དོན་རིག་པ་ཟེར། ནང་སེམས་འདུལ་བའི་དོན་དག་གཅིག་ཡིན་པ་རེད་དེ། ཡིན་ནའང་ནང་དོན་རིག་པ་དེ་སེམས་འདུལ་པའི་ཐོག་ལ་འཁྱེར་མ་ཐུབ་པ་བྱས། གཞན་ཕན་གྱི་བསམ་པ་མ་བྱུང་ན། ནང་དོན་རིག་པ་བསླབ་ཀྱང་ང་རྒྱལ་གྱི་གྲོགས་ལ་ཕྱིན། ཕྲག་དོག་གི་གྲོགས་ལ་ཕྱིན། དེ་འདྲའི་ཐོག་ནས་རང་ཕུང་བ་དང་།  གཞན་ལ་ཡིན་ནའང་མི་བདེ་བ་བཟོ་བསྡད་པ་ཞིག་ཡོང་སྲིད་ཀྱི་རེད།
          སྤོ་ལགས་ཤིག་འདུག དེ་སུ་རེད། དཔེ་ཡག་པོ་རེད། ཞེ་དྲག་ཡག་པོ་རེད། Organization ཟེར་བའི་སྒྲིག་འཛུགས་ཤིག་སྲ་ཐག་ཐག་ཡོང་བར་ཤེས་ཡོན་གཅིག་པུ་མ་རེད། སྤྱིར་བཏང་གི་ལས་ཀ་བྱེད་མཁན་མ་ཆེན་དང་།  གཉེར་པ། མདོར་ན་གད་པ་ཚུན་ཆད་ཚང་མས་ཕྱར་བ་གྲུ་འདེགས་བྱས་པའི་འབྲས་བུ་ལ་སྤྱི་པའི་སྒྲིག་འཛུགས་ཡག་པོ་ཆགས་ཡོང་གི་རེད། སློབ་སྦྱོང་གཅིག་པུའི་སྐད་ཆ་མ་རེད། སྤྱི་བའི་སྒྲིག་འཛུགས་ཤིག་ཡིན་དུས་(སྤོ་ལགས་ལོ་ག་ཚོད་ཡིན་པ། ༧༣ ང་དང་ལོ་ཟླ་རེད་པས། ཕག་ལོ། ཕག་ལོ་པ་ཡིན་པས། སྐྱེས་ས་ག་བར་རེད། ཀོང་པོ། ཨ་དར་ཀོང་པོ། ཨ་དར་ཀོང་པོ་ག་ནས་རེད། སྐྱེམས་སྟོང་།  སྔོན་མ་སྐྱེམས་ཤོག་ཅེས་ཤོག་བུ་ཡག་པོ་ཞེ་པོ་ཅིག་ཡོད་རེད། དེ་དོན་ས་དེར་རེད་པས། གཞུང་གི་ལས་ཤོག་སྐྱེམས་ཤོག་ཟེར་པ་དེ་རེད།) ལྷག་བསམ་དཔེ་གལ་ཆེན་པོ་རེད། ལྷག་བསམ་ལ་ཕལ་ཆེར་རིགས་གཉིས་ཙམ་ཡོང་ཆོག་གི་མེད་དམ། སྤྱི་ཡི་ཆ་ནས་ང་རང་ཚོ་མི་རེད། དེའི་ནང་ཚན་ནས་སངས་རྒྱས་པའི་ཕལ་ཆེར་ཆོས་པ་གཅིག་ཆགས་བསྡད་ཀྱི་ཡོད་རེད། སྟོན་པའི་རྗེས་འབྲངས་རྣལ་མ་ཞིག་བྱེད་ཀྱི་ཡིན་བསམ་པའི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་རྒྱ་ཆེན་པོ་བྱེད་ཐུབ་པ་འདི་གཅིག་རེད། དེ་ནས་ལྷག་བསམ་རིམ་པ་གཉིས་པ་དེ་མི་རིགས་ཀྱི་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་མི་རིགས་ཀྱི་གསོ་བ་རིག་པ་ཆ་བཞག་ན་བོད་མི་རིགས་ཀྱི་ཁྱད་ཆོས་ཆགས་བསྡད་ཀྱི་ཡོད་པ་རེད། རྩ་བ་རྒྱ་གར་ནས་རིག་གནས་བསླབ་ཡོད་པ་རེད། རྒྱ་ནག་ནས་རིག་གནས་ཚུར་འབྲེལ་ཡོད་པ་རེད། ཡིན་ནའང་སོ་སོས་རང་རྐང་ཟིན་པའི་གསོ་བ་རིག་པའི་རིག་གནས་ཤིག་ཆགས་བསྡད་ཡོད་པ་རེད། དེ་བོད་མི་རིགས་ཀྱི་ཁྱད་ཆོས་ཆགས་བསྡད་ཡོད་པ་རེད། བོད་མི་རིགས་ཀྱི་རྣམ་པ་མཚོན་པ་ཞིག་ཆགས་བསྡད་ཡོད་པ་རེད། འཛམ་བུ་གླིང་ཡོངས་གྲགས་ལ་བོད་པའི་ Tibetan Buddhism ཞེས་བཤད་པ་ནང་བཞིན་ Tibetan Medical System ཞེས་བཤད་བསྡད་པ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། བོད་མི་རིགས་ཀྱི་རྣམ་པ་མཚོན་པ་དང་།  བོད་མི་རིགས་ཀྱི་ཁྱད་ཆོས་སྟོན་པ། བར་སྐབས་ཨྰཡུརྦེདའི་མཁས་པ་དེ་ཚོ་དང་གོ་བསྡུར་བྱེད་པ། ཡང་རྒྱ་ཡི་གནའ་རབས་ཀྱི་གསོ་བ་རིག་པར་མཁས་པ་དེ་འདྲ་ལ་གོ་བསྡུར་བྱེད་པ་བཟོ་འདྲ་ཡོང་བའི་ཁ་ཐུག་ལ་གྲོས་བསྡུར། ད་གིན་ལབ་པ་ནང་བཞིན་རེད། རིམ་པས་རིམ་པས་བསྡུར་ཡོང་དུས་ང་རང་ཚོ་བོད་པའི་སྨན་གཞུང་དེ་ཐུན་མོང་མ་ཡིན་པ་ཡོད་བསྡད་པ་གཅིག་དང་།  གཞན་ལས་ཁྱད་དུ་འཕགས་པ་མཐོང་བསྡད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་མི་རིགས་ཀྱི་སྤོབས་པ་བྱེད་པ་ཞིག་དང་མི་རིགས་ཀྱི་ཞབས་འདེགས་སྒྲུབ་པ་ཞིག་རེད། ང་ཚོ་བོད་མི་རིགས་ལ་རྒྱུ་ཡོད་ཅེས་ལབ་ཐུབ་པ་ཡོད་མ་རེད། འཛམ་བུ་གླིང་འདིའི་སྒང་ལ་བོད་པ་སྐྱོ་པོ་རེད། ང་ཚོ་བོད་མི་རིགས་ལ་དམག་ཤུགས་ཡོད་ཅེས་ལབ་ཐུབ་པ་ཡོད་མ་རེད། སྐྱོ་པོ་ཞེ་དྲག་རེད། སྔར་ཆོས་རྒྱལ་ཚོའི་སྐབས་ལ་སྟོབས་ཤུགས་ཆེན་པོ་བྱུང་བ་ཡིན་པ་རེད། བོད་སིལ་པོ་ཆགས་པའི་རྗེས་ལ་ང་ཚོ་བོད་པ་ཁ་སྟབས་སྐྱོ་པོ་བྱས་ནས་བསྡད་པ་རེད། ང་ཚོ་བོད་མི་རིགས་ལ་རིག་གནས་ཐུན་མོང་མ་ཡིན་པ་ཡོད་ཅེས་ལབ་ན་ཕལ་ཆེར་ལབ་ཐུབ་པ་རེད། ནང་དོན་རིག་པ་འཛམ་བུ་གླིང་འདིའི་སྒང་ལ་ང་ཚོ་སུ་གཅིག་ལ་སྨོན་མི་དགོས་པ་ཞིག་ཡོད་པ་རེད། གསོ་བ་རིག་པ་དེ་ཞེ་པོ་ཞིག་ཡག་པོ་རེད། བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པ། བོད་མི་རིགས་ཀྱི་སྤོབས་པ་སླེབས་པ་དེ་འདྲ་ཞིག་རེད་འདུག སོག་པོར་ཆ་བཞག་ནའང་དེ་དང་དེ་བཞིན་རེད། གསོ་བ་རིག་པའི་ཐོག་ནས་སོག་པོའི་མི་རིགས་མཚོན་ཐུབ་པ། སོ་སོའི་རིག་གཞུང་མཚོན་ཐུབ་པ་ཤིག་ཆགས་བསྡད་ཡོད་པས་ཧ་ཅང་གལ་ཆེན་པོ་རེད།
          དེ་བཞིན་དུ་རྩིས་ལ་ང་སྒེར་གྱི་ངོས་ནས་ཡིད་ཆེས་མེད། ཡིད་ཆེས་མེད་ཀྱང་གང་ལྟར་བོད་ཀྱི་རིག་གཞུང་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད། སྤྱི་ཚོགས་ནང་དུ་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ཁྱེད་རང་ཚོ་རྩིས་པ་ཚོར་རྩིས་སྐོར་བར་ཡོང་མཁན་དེ་སྤོ་རྨོ་དེ་ཚོའི་གྲས་མང་བ་འདུག་གམ། ལོ་གཞོན་པའི་ནང་ལ་རྩིས་སྐོར་མཁན་མང་བ་འདུག་གམ། རྒན་གཞོན་དབྱེ་བ་མེད་པ་འདུག ཕྱི་རྒྱལ་ལ་མགོ་སྐོར་མ་གཏོང་ཨང་།  ཡག་པོ་གཅིག་ཤོད་མ་གཏོགས་ཁོང་ཚོ་ཁ་ཤས་ཉམས་ཚོད་བལྟ་བར་ཡོང་མཁན་དེ་འདྲ་ཡོད་སྲིད་ཀྱི་རེད། ཐིག་གི་འདུག་ཟེར་གྱི་འདུག་གམ། (རྐུ་རྩེད་དང་བཅས།) མི་ལ་ཞེད་སྣང་བསྐུལ་དགོས་པ་རེད། ཁྱོད་རང་ཡག་པོ་མ་བྱས་ན་སྡུག་པ་ཡོང་བ་འདུག་ཅེས་ལབ་དགོས་པ་རེད། གཞན་ཕན་གྱི་བསམ་པ་དང་སོ་སོའི་མི་རིགས་སྤྱིའི་ལ་རྒྱའི་འདུ་ཤེས་དེ་གལ་ཆེན་པོ་རེད། ཤེས་སོང་ངམ། དེ་འདྲ་ཡིན་དུས། སོ་སོས་སློབ་སྦྱོང་བྱས་པ་དེ་སོ་སོའི་ལྟོ་གོས་བཙལ་པ་གཅིག་པུའི་ཐོག་ལ་བསམ་བློ་བཏང་བསྡད་པ་མ་ཡིན་པར་སོ་སོའི་དོན་ཞར་ལ་འགྲུབ་ཡོང་གི་རེད། གང་ལྟར་སྤྱི་པའི་དོན་དག་ཆེ་ས་གཅིག་ནས་ཕན་ཐོགས་བྱེད་ཐུབ་པ་དེར་ལྷག་བསམ་བཅངས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོ་བོད་མི་རིགས་ལ་ཆ་བཞག་ན། ང་ཚོ་དངོས་གནས་བོད་མི་རིགས་རིག་གཞུང་དང་བཅས་པ་ཕལ་ཆེར་ཤུལ་མེད་འགྲོ་བའི་ཉེན་ཁ་དེ་སྡུག་ས་ནས་བཤད་པ་ཡིན་ན། ཕལ་ཆེ་ཉེན་ཁ་མེད་པ་མ་རེད། ཉེན་ཁ་ཡོད་པ་རེད། བོད་མི་རིགས་སྤྱིའི་ལ་རྒྱ་འཁྱེར་ནས་སོ་སོས་རིག་པ་སྒྲིམས་པ་དེ་ཧང་ཅང་གལ་ཆེན་པོ་ཡིན། བོད་ནང་ལ་གཞི་རྐང་གསོ་བ་རིག་པ་དང་།  དེ་འདྲའི་ཐོག་ལ་རྒྱ་མིས་དེ་རིང་ཁ་སང་གཙོ་བོ་ཚོང་གི་དོན་དག་མིན་ནམ། དེ་འདྲ་ལ་དོ་སྣང་བྱེད་མཁན་ཕྲན་བུ་ཡོང་གི་ཡོད། ཡིན་ནའང་ཕུགས་ཐག་རིང་པོའི་ཆ་ནས་གང་ལྟར་བོད་ཡུལ་རྒྱ་ཡུལ་ལ་བསྒྱུར་བའི་སྲིད་ཇུས་ཤིག་ཆགས་བསྡད་ཀྱི་ཡོད་པ་རེད། ཇི་ཙམ་གྱིས་བོད་པའི་རིག་གཞུང་གི་རྣམ་པ་ཐུན་མོང་མ་ཡིན་པ་དེ་ལྷག་པའི་ཚོད་ཀྱིས་རྒྱ་མིས་དེར་དོགས་པ་བྱེད་པ་ཞིག་དང་།  དེར་གང་ལྟར་དམ་དྲག་བྱེད་པ་ཞིག་ཆགས་བསྡད་ཀྱི་འདུག བོད་ནང་ལ་ཁ་སྟབས་དེ་འདྲ་ཞིག་ཆགས་བསྡད་པ་ཡིན་ཙང་།  ང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་པ་ཚོར་དམིགས་བསལ་གྱི་འགན་འཁུར་དང་ལས་འགན་ཡོད་པ་རེད། དེ་ཁྱེད་རང་ཚོས་སེམས་ལ་བཅངས་ནས་ཧུར་ཐག་བྱེད་དགོས།།
          དེ་ནས་དོན་ཚན་གཅིག་ལ། ང་རང་ཚོ་བོད་པའི་ཁ རྒྱུན་ལ། ཉམས་པ་སོར་ཆད། མི་ཉམས་གོང་འཕེལ་ཞེས་ང་རང་ཚོ་ཚང་མའི་ཁ་ལ་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་ཡིན་ནའང་འདྲ། གང་ཅིའི་ཐད་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཟེར་པ་འདི། ང་ཚོར་དེ་སྔ་ཡོད་བཞིན་པ་དེ་ཉམས་བསྡད་པ་ཞིག་ཡོད་པ་ཡིན་ན། དེ་ཡར་གསབ། སྔ་མོ་མི་རབས་མང་པོས་ཟིན་བསྡད་པ་དེ་ཉམས་པ་མེད་པ་བྱས་ནས་འཛིན་སྐྱོང་བྱེད་པ་དེ་ཉམས་པ་སོར་ཆུད་ཟེར་པ་དེ་རེད། ཉམས་པ་སོར་ཆུད་ཟེར་པ་འདི། སྔར་ཚད་ལོན་བསྡད་པ་དེ་བར་སྐབས་ཉམས་བསྡད་པ་དེ་ཡར་གསབ་ནས་སྔར་བཞིན་ཚད་ཡར་ལོང་བ་བཟོ་པ་བྱས། མི་ཉམས་གོང་འཕེལ་ཟེར་པ་འདི་ཕལ་ཆེར་ང་རང་ཚོ་ལ་ནམ་རྒྱུན་ཡོད་བཞིན་པ་གོང་འཕེལ་བཏང་ཟེར་པ་ལ་ཕལ་ཆེར་གོ་ཆོག་གི་མེད་དམ། ཡིན་ནའང་ཉམས་པ་སོར་ཆུད་ཟེར་པ་འདིའི་སྒང་ལ་ང་ཚོ་དེ་སྔ་བོད་ལ་ཡིན་ན་ཉམས་པ་སོར་ཆུད་ཟེར་པ་འདི་ང་རང་ཚོ་ནང་ཚགས་ཡོད་བཞིན་པ་དེ་རང་མི་ཉམས་གོང་འཕེལ་བྱེད་པ་དེ་ག་ཙམ་རེད་མ་གཏོགས་ཞེ་དྲག་གི་བློ་བསྐྱེད་གསར་པ་ཡོང་བ་མེད། ང་རང་ཚོའི་བསམ་བློའི་ནང་དུ་དབྱིན་ཇིའི་སྐད་ནང་བཞིན་ Initiative སློང་བའི་ Creativity གསར་གཏོད་བྱེད་པ་དང་ཡར་རྒྱས་གཏོང་བ་དེ་སྔ་དེ་ཙམ་གྱིས་དོ་སྣང་མེད། སྔ་ལམ་ཟེར་བ་དེ་དེད་ནས་སྔ་མོ་ག་རེ་ཡོད་ནའང་དེ་ག་རང་དེད་ནས་ཕྱིན་པ་མ་གཏོགས། སྔར་མེད་གསར་གཏོད་བྱས་པ་ཡིན་ན་རྣམ་རྟོག་རྩི་བ་དང་།  སྔར་མེད་གསར་གཏོད་བྱས་ན་བཀྲ་མི་ཤིས་པ་དེ་འདྲ་ཡོང་གི་རེད་ཅེས་བཤད་པ་དེ་འདྲ་ཡོང་བསྡད་ཀྱི་འདུག དེ་ཕལ་ཆེར་ང་ཚོ་རྗེས་ལུས་ཀྱི་སྐད་ཆ་རེད། ང་ཚོ་ཆོས་ཕྱོགས་ཀྱི་ཐོག་ནས་སྔར་མེད་གསར་གཏོད་ཟེར་པ་འདི་ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན། སྔར་མེད་གསར་གཏོད་རེད། ང་རང་ཚོ་སོ་སྐྱེ་ཐ་མལ་བ་ཉོན་མོངས་དུག་གསུམ་གྱི་གོང་བུ་ཡིན་བསྡད་པ་དེ་དུས་ད་ལྟ་བར་དུ་བསྐལ་བ་ཐོག་མ་མེད་པས་ནས་བཟུང་སྟེ་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་དུས་ད་ལྟ་བར་དུ་བསྡད་པ་རེད། དེ་བསྒྱུར་བཅོས་བཏང་པ་དེ་སྔར་མེད་གསར་གཏོད་མ་རེད་པས། ཡག་ས་གཅིག་ལ་སྔར་མེད་གསར་གཏོད་དགོས་ཀྱི་ཡོད་པ་རེད། སྔར་མེད་པ་གཅིག་ཡར་རྒྱས་བཏང་བ་དེ་དགོས་པ་ཞིག་རེད། ང་ཚོ་ཆོས་ཕྱོགས་ཀྱི་ཉམས་ལེན་ཐོག་ནས་བཤད་པ་ཡིན་ན། སྔར་མེད་གསར་གཏོད་དགོས་ཀྱི་ཡོད་པ་རེད། སྔར་མེད་པའི་རྟོག་པ་གསར་པ་བསྐྱེད་པ་ཞིག་དང་།  སྔར་མི་ཤེས་པའི་ཡོན་ཏན་གསར་པ་ཤེས་པ་ཞིག མདོར་ན་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྔར་མེད་པ་གོང་ནས་གོང་དུ་སྤེལ་པ་ཞིག་ང་ཚོར་དགོས་ཀྱི་ཡོད་པ་རེད། དེའི་དོན་དག་ལ་ང་ཚོས་ཉམས་ལེན་བྱེད་ཀྱི་ཡོད་པ་རེད། དེའི་དོན་དག་ལ་སྒྲུབ་པ་ལ་བརྩོན་གྱི་ཡོད་པ་རེད། ང་ཚོ་དོན་དག་གཞན་དག་གི་ནང་ལ་སྔར་མེད་གསར་གཏོད་བྱས་པ་ཡིན་ན་མ་འགྲིག་པ་ལྟ་བུ་བཤད་བསྡད་པ་དེ་ང་ཚོའི་མདུན་ལམ་ཡར་རྒྱས་མ་འགྲོ་བའི་འགོག་རྐྱེན་བྱེད་པ་ཞིག་ཕལ་ཆེར་རེད། གསོ་བ་རིག་པའི་ནང་ལ་ཡིན་ནའང་རེད། རྩིས་གཞུང་རིག་པའི་ནང་ལ་ཡིན་ནའང་རེད། ནང་དོན་རིག་པ་སློབ་མཁན་ཚོ་ལ་ངས་དེ་བཤད་བཞིན་ཡོད། དེ་སྔ་ང་རང་ཚོས་དཔེ་ཆའི་ནང་ལ་མུ་སྟེགས་པའི་གྲུབ་མཐའ་དེ་ཚོའི་གྲས་ཡོད་པ་ཞིག་རེད། དེ་ང་ཚོས་དཔེ་ཆའི་ནང་ལ་གང་ཡོད་པ་དེ་ཁོ་ན་མ་གཏོགས་མུ་སྟེགས་པ་གསོན་པོ་ཐུག་ས་མེད། དེང་སྐབས་རྒྱ་གར་ལུང་པའི་ནང་དུ་མུ་སྟེགས་པ་མཁས་པ་གསོན་པོ་ཐུག་ས་ཡོད་པ་ཡིན་དུས། དེར་ཐུག་ནས་དེ་ནས་ཚུར་ང་ཚོར་ཁོང་ཚོའི་ལྟ་གྲུབ་དེ་ཚོའི་གྲས་འགྲེལ་བཤད་རྒྱག་པ་དང་།  བགྲོ་གླེང་བྱེད་ཀྱི་ཡིན་ན་གོ་སྐབས་ཡོད་པ་དེ་ང་ཚོས་འཛིན་དགོས་པ་རེད་ཅེས་བཤད་བསྡད་ཀྱི་ཡོད། གདན་ས་ཚོ་ལ་ཡིན་ནའང་མུ་སྟེགས་པའི་གཞུང་ང་རང་ཚོའི་དཔེ་ཆའི་ནང་ལ་དེ་རྐྱང་རྐྱང་ཤེས་ལ་མི་ཤེས་བྱས་ཏེ་བལྟས་བསྡད་པ་མ་ཡིན་པ་དང་།  མུ་སྟེགས་པའི་གཞུང་ལ་ཕར་ཐུབ་ཚོད་བཤད་བསྡད་པའི་བཟོ་འདྲ་མ་ཡིན་པ། མུ་སྟེགས་པའི་མཁས་པ་དེང་སང་གསོན་པོ་ཡོད་པ་ཡིན་དུས། དེ་ང་ཚོས་གོ་སྐབས་སུ་བཟུང་ནས་ཐུག་སྟེ་འགྲོ་གླེང་བྱེད་པ་དང་།  སློབ་སྟོན་བྱེད་པ། གསལ་བཤད་བྱེད་པ་བྱས་ན་ཡག་པོ་འདུག་ཅེས་བཤད་བསྡད་ཀྱི་ཡོད།
          དེ་དང་དེ་བཞིན་དུང་ཚོའི་གསོ་བ་རིག་པའི་ནང་ལ་ཆ་བཞག་ནའང་ Ayurvedic སྔར་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་ཚོའི་གཞུང་གི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་རྩ་ཁམས་བལྟ་བ་དེ་ཚོའི་ཐོག་ནས་ཡིན་པ་རེད། གང་ལྟར་རྒྱ་གར་གྱི་ Ayurvedic དང་འབྲེལ་བ་ཡོད་བཞིན་པ་རེད། Ayurvedic ལམ་སྲོལ་ཉམས་ལེན་བྱེད་མཁན་རྒྱ་གར་ནང་ལ་ཡོད་དང་ཡོད་བཞིན་པ་ཡིན་དུས་དེ་ཚོར་མུ་མཐུད་ནས་འབྲེལ་བ་བྱས། དེ་ཙམ་གནས་སྐབས་སྒྲིག་འཛུགས་བཟོ་བ་ལྟ་བུ་དང་།  སྨན་ཁྲིམས་མཐུན་ཡོང་བའི་དོན་དག་ལ་འབྲེལ་བ་བྱས་པ་ཙམ་མ་ཡིན་པར་རྩ་བ་ང་ཚོའི་གསོ་བ་རིག་པའི་རིག་གནས་ཕན་ཚུན་བརྗེ་ལེན་བྱེད་པ་དང་།  དེའི་ཐོག་ལ་བསམ་བློ་གཏོང་ཐུབ་ན་དེ་ཡག་པོ་མེད་དམ་བསམ་གྱིན་འདུག ཡང་དངོས་གནས་རང་ང་ཚོའི་གསོ་བ་རིག་པ་དེ་མི་ཉམས་གོང་འཕེལ་ཡོང་བར་ང་རང་ཚོའི་བོད་པའི་རྣམ་དཔྱོད་དང་།  བོད་པའི་གསོ་བ་རིག་པའི་ཁྱད་ཆོས་དེ་ཉིད་མི་ལ་འབྲེལ་བ་བྱེད་པ་དང་།  སྐད་ཆ་བཤད་པ། ཕ་རོལ་པོའི་སེམས་ནང་ལོག་ལ་དངོས་གནས་རྒྱུ་མཚན་མཐོང་ནས་ངོ་མཚར་སྐྱེས་པ་བྱུང་ན་ཡག་པོ་རེད། རྒྱ་མི་གུང་ཁྲན་གྱིས་བྱེད་སྟངས་ནང་བཞིན་བྱས་ཏེ་སོ་སོར་ལག་ལེན་ཁྱོན་ནས་མེད་པར་འུད་ཤོབ་ཁོ་ན་བཤད་བསྡད་ན་དེས་ཕན་གྱི་མ་རེད། ང་ཚོའི་སྨན་པ་ཁ་ཤས་ཀྱིས་འུད་ཤོབ་ཏོག་ཙམ་བཤད་ཀྱི་རེད། སྨན་པས་སྨན་གྱི་ཕན་ཡོན་ནང་དུ་འུད་ཤོབ་ཤོད་ཀྱིན་འདུག དྲོད་སྨན་གཅིག་ཟོས་པ་ཡིན་ན། དེ་དུས་བདེ་བ་མི་ཤེས། སྐད་གཅིག་གི་ངེས་པ་ཟབ་ཅེས་ཞེ་པོ་ཞིག་ཤོད་ཀྱི་འདུག ཞིབ་ཕྲར་བཤད་པ་མི་འདུག དེ་ཚོ་རྒྱ་མི་གུང་ཁྲན་གྱི་དྲིལ་བསྒྲགས་ནང་བཞིན་རེད། དྲིལ་བསྒྲགས་བྱས་པས་ཕན་གྱི་མི་འདུག མི་ངོ་མར་ཐུག་ནས་བགྲོ་གླེང་དང་གོ་བསྡུར་བྱས་ཏེ་གཞི་ནས་མཁས་པ་ངོ་མཚར་སྐྱེས་པ་ཟེར་བ་ཞིག་ཡོང་གི་ཡོད་པ་རེད། ཁྱེད་རང་ཚོས་ད་ལྟ་འབྲེལ་བ་ཏོག་ཙམ་མཐུད་བསྡད་པ་དེ་མ་འོངས་པར་དངོས་གནས་བྱས་ན་ལོ་སྟར་ཆགས་ནང་ལ་ཟླ་གཉིས་གསུམ་དེ་འདྲ་ Programme བཟོས་ནས་ཕྲུ་གུ་རྒན་པ་འགའ་ཤས་ཕྱིན། ཟླ་གཅིག་གཉིས་ Ayurvedic མཉམ་དུ་སྦྱོང་བརྡར་བྱས། གོ་བསྡུར་བྱས། ཚུར་ལ་སློབ་སྦྱོང་བྱས། ཕར་ག་ལེར་ག་ལེར་སློབ་འཁྲིད་བྱེད་པ་ཡོང་སྲིད་པ་རེད། དེ་འདྲ་བྱུང་ན་ཡག་པོ་མེད་དམ་བསམ་པ་དྲན་སོང་།  
          དེ་བཞིན་རྩིས་རིག་པ་རྒྱ་གར་གྱི་ཚེ་རབས་ལས་རྩིས་བཤད་མཁན་མང་པོ་འདུག ནུབ་ཕྱོགས་པའི་ཚེ་རབས་ལས་རྩིས་བཤད་མཁན་འདུག ཚེ་རབས་ལས་རྩིས་ཟེར་དགོས་པ་རེད་དམ། གཟའ་སྐར་ལ་བལྟས་ནས་ཡར་ཡོང་དང་མར་ཡོང་གི་ཞེས་བཤད་མཁན་ཡོང་གི་འདུག རྒྱ་གར་བ་དེ་འདྲ་ཁ་ཤས་ཀྱིས་ང་ལ་དེ་འདྲ་བཤད་སོང་།  དེ་ཐིག་སོང་བསམ་པའི་དོ་སྣང་གང་ཡང་མ་བྱུང་།  དེ་ཚོའི་གྲས་དེ་ང་ཚོ་རིག་གནས་བརྗེ་ལེན་བྱེད་པ་དང་གོ་བསྡུར་བྱེད་པ་བྱུང་ན། ང་ཚོ་བོད་པའི་མཚན་མཐོང་དེ་ཡང་ཆེ་རུ་འགྲོ་གི་རེད། ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་དེ་ཡང་མཐོ་རུ་འགྲོ་བར་ཕན་ཐོགས་ཡོང་ས་རེད། ཇི་ཙམ་གྱིས་གསོ་བ་རིག་པའི་སྐོར་ལ་དོ་སྣང་ཡོད་མཁན་དེ་རིགས་ཀྱིས་འབྲེལ་བ་བྱས་ཡོང་དུས། བོད་ཀྱི་གསོ་བ་རིག་པ་དེ་ཡག་པོ་འདུག་ཅེས་བཤད་བསྡད་པ་ཞིག་ཆགས་བསྡད་ཀྱི་ཡོད། ད་ལྟ་བར་དུ་གོང་གསལ་ལྟར་བྱས་པའི་རིགས་དེ་ཡག་པོ་ཞེ་དྲག་བྱུང་འདུག  ད་མུ་མཐུད་ནས་དངོས་གནས་འཆར་གཞི་ལྡན་པ་བྱས། ལོ་རེ་ལོ་རེ་སྟར་ཆགས་ཀྱི་མཁས་པའི་བགྲོ་གླེང་བྱེད་པ་དང་།  ག་ལེར་ག་ལེར་ཕྲུ་གུ་དེ་འདྲ་ཕྱིན་ནས་ཟླ་གཅིག་གཉིས་དེ་འདྲ་འཛིན་གྲྭ་ཚོགས་ནས་སློབ་སྦྱོང་བྱེད་པ་བྱུང་བ་ཡིན་ན་ཡག་པོ་མེད་དམ། ཤེས་སོང་ངམ། དེ་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱས། མ་གཞི་སྔོན་མ་ནས་ཚར་མང་པོ་བཤད་ཚར་བ་རེད།
          ང་ཚོའི་སྔོ་སྨན་ངོས་འཛིན་སྟངས་དེ་ཏོག་ཙམ་ཉམས་ཞིབ་བྱེད་དགོས་ཀྱི་ཡོད་དམ་བསམ། སྔོན་མ་ངས་ནམ་རྒྱུན་ཁྱེད་རང་ཚོ་ཕྲུ་གུ་གསར་པ་དེ་ཚོ་ཡོད་ན་བསྐྱར་བཟློས་རང་ཆགས་ཀྱི་མ་རེད། ང་ཚོས་ཨུཏྤལ་ཟེར་བསྡད་པ་འདི་ང་ཚོའི་དགེ་འཕེལ་རི་ལ་ཡོད་བསྡད་པའི་ཨུཏྤལ་དེ་ཚོའི་གྲས་གཅིག་བཤད་བསྡད་ཀྱི་ཡོད་པ་རེད། ད་ཨུཏྤལ་ཟེར་བསྡད་པ་འདི་ང་རང་ཚོའི་སྨན་གཞུང་ནང་ལ་ཡོད་པ་ཙམ་དུ་མ་ཟད་པའི་སྔགས་ཀྱི་གཞུང་མང་པོའི་ནང་ལ་ལྷ་དང་ལྷ་མིའི་རྒྱན་ཆ་ལ་ཨུཏྤལ་ཟེར་པ་འདི་ཐོན་ཡོང་གི་ཡོད་པ་རེད། དེར་བརྟེན་རྒྱ་གར་ལ་ཡོད་བསྡད་པའི་མེ་ཏོག་ཅིག་རེད་མ་གཏོགས་རྒྱ་གར་ལ་མེད་པའི་མེ་ཏོག་ཅིག་ཡོང་ཤེས་ཀྱི་མ་རེད། དགེ་འཕེལ་རིའི་སྒང་ལ་སྐྱེས་པའི་ཨུཏྤལ་དེ་རྒྱར་ལ་མེད་པ་ཐག་ཆོད་པ་རེད། དེ་ཚོའི་གྲས་དེ་ཨུཏྤལ་ལ་ངོས་འཛིན་སྟངས་དེ། རྒྱ་གར་སྐད་ལ་ཆུའི་ནང་ལ་སྐྱེས་བསྡད་པའི་ Lotus and Water Lilly ཟེར་བ་དེར་ཨུཏྤལ་ཟེར་གྱི་འདུག རྒྱ་གར་གྱིས་དེར་ཨུཏྤལ་ཟེར་གྱི་ཡོད་པ་རེད་ཟེར་གྱི་འདུག དཔེ་ཆའི་ནང་གི་དེ་ང་ཚོས་ཕྱིས་སུ་བོད་ཀྱི་སྨན་གཞུང་དེ་ཚོའི་ནང་དུ་ཨུཏྤལ་ཡོད་པ་ཡིན་ན་ཕལ་ཆེར་དེ་ཚོའི་གྲས་དེ་རྒྱ་གར་ཡོངས་གྲགས་ཀྱིས་ཨུཏྤལ་ལ་ངོས་འཛིན་བྱེད་པ་ཨུཏྤལ་དེ་ཡིན་ན་ཕལ་ཆེར་ཐག་ཆོད་པ་རེད། དེ་མ་གཏོགས་འགྲོ་ས་མི་འདུག བྱས་ཙང་རྒྱ་གར་མཁས་པ་ཚོས་ང་ཚོ་དགེ་འཕེལ་རིས་མཚོན་པའི་བོད་ཀྱི་རི་མཐོན་པོ་དེ་ཚོར་ཡོད་པ་དེ་མངོན་ཤེས་ཀྱི་གཟིགས་ནས་ཨུཏྤལ་དེ་རེད་ཟེར་བ་ག་ནས་ཡིན། ཡིན་གྱི་མ་རེད། ཕལ་ཆེར་མ་རེད། ང་ཚོས་ག་ལེར་ག་ལེར་བརྟག་དཔྱད་བྱས་ནས་ཨུཏྤལ་སྔོན་པོ་གཏོང་སའི་སྨན་དེ་ཚོའི་ནང་ལ་རྒྱ་གར་གྱི་ནམ་རྒྱུན་ཡོངས་གྲགས་ཀྱིས་ཨུཏྤལ་རྩིས་བསྡད་པ་དེ་ཚོའི་གྲས་བེད་སྤྱོད་བྱས་པ་ཡིན་ན་རྫས་ལ་ནུས་པ་ག་རེ་ཡོད་པར་ཞིབ་འཇུག་བྱེད་ཐུབ་ན། གང་ལྟར་སྔོ་སྨན་གྱི་རིགས་དེ་ངོ་ཆ་འཕྲོད་པ་བྱེད་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཡིན་ས་རེད། ང་ཚོས་ཞིབ་ཚགས་པོ་མེད་པ་བྱས། ད་ལྟ་དཔར་རིས་བྲིས་པ་དེ་ཧ་ཅང་ཡག་པོ་རེད་མ་གཏོགས། དེ་མིན་ཞིབ་ཚགས་པོ་མེད་ན་སྔོན་མ་ངས་ཚར་གཅིག་བཤད་པ་ཡིན། སྙིང་རྗེ། བསྟན་འཛིན་རྣམ་རྒྱལ་ལགས་གྲོངས་མཁན་དེ། སྨན་ཡག་པོ་ཞེ་པོ་ཅིག་འདུག་ཅེས་མི་མང་པོས་ཟེར་གྱི་འདུག སྐབས་ཤིག་ལ་དྭགས་ཡིན་ནམ། སྦེལ་ཏི་ཡིན་ནམ་གཅིག་ལ་ཕྱིན་པའི་སྐབས་སུ་ང་ཚོས་མོ་ཊ་བཀག་ནས་རིའི་སྒང་ལ་མེ་ཏོག་ཡོད་པ་དེ་ཚོའི་གྲས་གང་འདྲ་ཡིན་མིན་སྐད་ཆ་དྲིས་པ་ཡིན། མེ་ཏོག་དམར་པོ་ཆུང་ཆུང་གཅིག་ལ་འདི་སྤང་རྒྱན་རེད་ཅེས་བརྗོད་པ་རེད། མཇུག་ཏུ་དམར་པོ་ཡིན་ཚད་སྤང་རྒྱན་འདྲ་པོ་ཆགས་བསྡད་བཞག དེ་དབྱིབས་འདྲ་གི་མི་འདུག ཁ་དོག་གཅིག་པ་རེད་མ་གཏོགས་དབྱིབས་མི་འདྲ་བ་དེ་འདྲ་ཚང་མ་སྤང་རྒྱན་རེད་ཟེར། ང་ཡིད་ཆེས་མ་སོང་ཟེར་གྱི་བསྡད་པ་ཡིན། ཞིབ་ཚགས་པོ་མེད་ན། མེ་ཏོག་བྱེ་བྲག་པ་དེའི་མིང་འདོགས་སའི་མེ་ཏོག་དེ་ག་རེ་ཡིན་མིན་ཞིབ་ཚགས་པོ་མ་བྱུང་ན་རིའི་སྤང་ལ་སྐྱེས་པའི་མེ་ཏོག་དམར་པོ་ཆུང་ཆུང་ཞིག་ཡོད་པ་རེད་ལབ་ན། དེ་འདྲ་པོ་འདུག དེ་རིགས་ང་ཚོས་ཏོག་ཙམ་ཞིབ་ཚགས་པོ་དགོས་ཀྱི་ཡོད་ན་བསམ། སྨན་ངོ་མ་མ་རག་པ་བྱས། ཚབ་བཏང་བ་དེ་ག་ཚོད་ཐུབ་ཐུབ་ཀྱིས་གཞུང་ནང་ནས་བཤད་པའི་སྨན་རྒྱུ་ངོ་མ་གཏོང་བ་དེ་གལ་ཆེན་པོ་རེད། དེ་མིན་གཞུང་ནས་བཤད་པ་བཞིན་ནུས་པ་དེ་མ་ཐོན་པ། དེ་འདྲ་བྱུང་ན་བོད་པའི་སྨན་ཡག་པོ་མི་འདུག་ཟེར་བསྡད་ཀྱི་རེད། སྨན་བཟོ་བ་དེ་ཧ་ཅང་གལ་ཆེན་པོ་རེད།
          མཐུར་ཐུག་ང་ཚོ་བོད་པའི་སྨན་ཡིན་ནའང་འདྲ། རྩིས་ཡིན་ནའང་རེད། ལྷག་པར་སྨན་ལ་ཆ་བཞག་ན། ཕལ་ཆེར་ང་རང་ཚོའི་སྨན་གཞུང་དེ་དངོས་གནས་སྤོབས་པ་བྱེད་འོས་པ་ཞིག་ཆགས་བསྡད་པ་གསལ་པོ་རེད། ངས་ནམ་རྒྱུན་ཕྱེད་ཀ་འུད་ཤོབ་དང་སྦྲགས་བཤད་བསྡད་ཀྱི་ཡོད། ང་ཚོ་བོད་ལ་ནང་དོན་རིག་པ་སངས་རྒྱས་ཀྱི་ཆོས་དེ་དང་།  གསོ་བ་རིག་པ་གཉིས་པོ་དེ་ཧ་ཅང་སྤུས་དག་པོ་ཡོད་པ་རེད། གསོ་བ་རིག་པ་དེས་མིའི་ལུས་པོའི་བདེ་ཐང་སྦྱིན་གྱི་ཡོད་པ་དང་།  ནང་དོན་རིག་པ་དེས་སེམས་ཀྱི་བདེ་སྐྱིད་སྤྲོད་ཀྱི་ཡོད་པ་རེད། ལུས་སེམས་གཉིས་ཀར་བལྟ་རྟོགས་བྱེད་པའི་ཕན་ཡོན་ཡོད་བསྡད་པ་དང་།  ཕན་ཐོགས་ཡོང་ཐུབ་པའི་ནང་དོན་རིག་པ་དང་།  གསོ་བ་རིག་པ་ཕྱུག་པོ་ཡོད་ཅེས་བཤད་བསྡད་ཀྱི་ཡོད། ཡིན་པ་འདྲ་པོ་རེད། རྩ་བའི་རིག་གནས་ཀྱི་ཆ་ནས་ང་ཚོ་དངོས་གནས་རང་སྤོབས་བྱེད་ཆོག་པ་གཅིག་ཆགས་བསྡད་ཡོད། གསོ་བ་རིག་པ་དང་ནང་དོན་རིག་པ་ཡག་པོ་ཡོད་བསྡད་པའི་རིག་གནས་དེ་རང་བཟང་པོ་ཡོད་པས་མི་ཕན་པ། དེ་ལག་ལེན་འགེལ་མཁན་གྱི་མིས་འཇོན་དང་མི་འཇོན་དེ་རེད། ཤེས་སོང་ངམ། རིག་གནས་དེ་ཡག་པོ་ཡོད་པ་ཡིན་ནའང་དེ་ལག་ལེན་འགེལ་མཁན་གྱིས་མིས་ལྷོད་གཡེང་བྱས། སྤྱི་ཟུར་བྱས། ག་ལེར་ག་ལེར་འཆར་ཅན་གཅིག་ལ་བཏང་ནས་ཕྱིན་པ་ཡིན་ན་ཉམས་ཆག་འགྲོ་བ་ལས་སླ་པོ་རེད། དེ་བཞིན་བོད་སྨན་གྱིས་ཕན་གྱི་མི་འདུག བོད་སྨན་ལ་བྱབ་མི་འདུག་བཤད་བསྡད་པའི་ཉེན་ཁ་ཏན་ཏན་ཡོད། དེ་ཚོ་ཕལ་ཆེར་མིས་མ་འཇོན་པ་རེད་མ་གཏོགས་གསོ་བ་རིག་པ་རང་ཉིད་ཀྱི་ཐོག་ནས་ཕལ་ཆེར་སྲབ་མཐུག་འཕེར་བ་ཡོད་པ་རེད། ཁྱེད་རང་ཚོ་ཚང་མས་གཟབ་གཟབ་བྱེད་ཤོག་ཨང་།  ཤེས་སོང་ངམ། དེ་ག་ཡིན། བཀྲ་ཤིས་བདེ་ལེགས། ཞེས་སྤྱི་ལོ་༢༠༠༧ ཟླ་༡༡ ཚེས་༧ ལ་གོང་ས་སྐྱབས་མགོན་ཆེན་པོས་བཀའ་བསྩལ།། །།

མཐའ་མའི་འདོན་ཐེངས་།: 03.02.2014 ཉིན། 1:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།