སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་༡༩༨༦ཟླ་༡༡ ཚེས་༡༠ཉིན་སློབ་དགེ་རྣམས་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༡༠ ཉིན་སློབ་དགེ་རྣམས་ལ་སྩལ་བའི་བཀའ་སློབ།

སྤྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༡༠ ཉིན་སློབ་དགེ་རྣམ་པ་དང༌། སྐབས་ལྔ་པའི་སློབ་ཐོན་སྨན་པ་བཅས་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ། ཁྱེད་རང་ཚོ་ལ་བཀྲ་ཤིས་བདེ་ལེགས་ཡོད། ད་ཆ་ལག་ལེན་གྱི་ཐོག་ནས་ནུས་པ་ཐོན་པ་ཞིག་དགོས་པ་རེད། བོད་སྨན་འདི་ངོ་ཐོག་རང་མི་རིགས་མང་པོ་ཞིག་ལ་ཕན་ཐོགས་ཡོད་པའི་གནས་ཚུལ་ཞིག་རེད། འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། བོད་མི་རིགས་རང་གི་རིག་གཞུང་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ། དེང་སང་འཛམ་བུ་གླིང་དང་བོད་པའི་སྤྱི་ཚོགས་ནང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་ཞིག་རེད། ད་ཆ་ང་ཚོས་རིམ་པས་རིམ་པས་ང་རང་ཚོའི་ཐུན་མོང་མ་ཡིན་པའི་སྨན་གྱི་རིག་གཞུང་ལག་ཤེས་ཡོད་པ་འདིའི་ཐོག་ལ་ངེས་པར་དུ་དེང་སང་ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དེ་ཚོའི་ཐོག་ནས་ཉམས་མྱོང་འདྲ་བསགས། གནད་དོན་མང་པོ་ཞིག་དང་གཏུགས་ཏེ་བརྟག་དཔྱད་བྱས། དེ་དང་ཟུང་འབྲེལ་གྱི་ཐོག་ནས་ང་ཚོས་འགྲེལ་བཤད་རྒྱག་ཐུབ་ན་ཡག་པོ་ཡོང་ས་རེད། ང་རང་ཚོ་ཆོས་ཕྱོགས་ནས་བླ་མ་ཟེར་ནའང་རུང༌། སྨན་གྱི་འགྲོ་དོན་མཛད་པའི་སྐྱེས་བུ་དམ་པ་དེ་ཚོའི་གྲས་རིགས་ཁ་ཤས་ཚན་རིག་པ་ལྟར་བརྟག་དཔྱད་བྱེད་ཀྱིན་བྱེད་ཀྱིན། ཉམས་མྱོང་གསོག་གིན་གསོག་གིན་ཡར་རྒྱས་ཕྱིན་པ་ཡིན་མདོག་ཁ་པོ་རེད། ཡང་རིགས་གཅིག་ནི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྱི་རྟོགས་པའི་ཡོན་ཏན་རྙེད་དེ་ཕྲ་ཞིང་ཕྲ་བའི་ལྐོག་གྱུར་གྱི་གནས་མང་པོ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཤེས་ནས་སྨན་གྱི་རྣམ་གཞག་བཤད་པ་རིགས་གཅིག་ཡོད་པ་རེད། དེང་སང་གི་ཚན་རིག་པ་མི་ཐ་མལ་པ་ཚོས་དངོས་པོའི་གནས་ཚུལ་ངོ་མར་གཏུགས་ནས་བརྟག་དཔྱད་བྱེད་བཞིན་གནས་ཚུལ་གསར་པ་ཤེས་ཀྱིན་ཤེས་ཀྱིན། ཉམས་མྱོང་གསོག་གིན་གསོག་གིན་ཡར་རྒྱས་ཕྱིན་པ་གཅིག་དང༌། ང་རང་ཚོའི་ལུགས་ལྟར་ས་ལམ་གྱི་རྟོགས་པའི་ཡོན་ཏན་མངོན་དུ་གྱུར་པའི་ཐོག་ནས་རྣམ་གཞག་བཤད་པ་བཅས་ཐོག་མའི་ཡོང་སྟངས་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་རེད། རྒྱ་གར་ནང་ཨ་ཡུར་ཝེ་དྷ་ཟེར་བའི་སྔར་གྱི་སྨན་བཅོས་བྱེད་སྟངས་ཤིག་དང༌། རྒྱ་མི་ལའང་སྔ་དུས་སྨན་བཅོས་ལག་ལེན་དང༌། དེ་བཞིན་ཁ་ཆེ་ལའང་ཡུ་ན་ནི་ཟེར་བའི་སྨན་བཅོས་ལག་ལེན་ཞིག་ཡོད་པ་རེད། དེ་ཚོའི་གྲས་ང་ཚོས་རིམ་པས་ཤེས་ཐུབ་པ་དགོས་རྒྱུ་རེད། དེ་ཡང་མི་རེ་ངོ་རེ་ཚང་མས་ཤེས་དགོས་ཟེར་བ་མིན། རྩ་བའི་སྨན་བཅོས་ཀྱི་གནས་ཚུལ་སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་སྔ་དུས་ཀྱི་སྨན་བཅོས་དང༌། དེང་སང་གི་གསར་གཏོད་སོགས་གང་ལྟར་ཡང་སྙིང་རིག་པའི་གཞུང་ལུགས་འདྲ་མི་འདྲ་དང༌། ཉམས་མྱོང་འདྲ་མི་འདྲ་ཡོད་པ་ཚང་མ་ནས་ལེགས་ཆ་གང་ཡོད་ལེན་ཐུབ་པ་བྱུང་ན་དཔལ་དང་རྒྱན་རེད། མ་འོངས་པ་ལའང་ང་ཚོས་དེ་ལྟར་དངོས་སུ་བྱེད་ཐུབ་དང་མི་ཐུབ་གནས་ཚུལ་ཐ་དད་རེད། འོན་ཀྱང་བསམ་བློའི་ནང་ལ་དེ་ལྟར་བྱེད་དགོས་པའི་ངོས་འཛིན་ཐུབ་ན་ཡག་པོ་རེད། དེ་འདྲ་ཡིན་ཙང་ཁྱེད་རང་ཚོ་ད་ཕན་སློབ་སྦྱོང་བྱས་པ་དེ་རྣམས་དངོས་སུ་ལག་ལེན་གྱི་ཉམས་མྱོང་དང་སྦྲེལ་ནས་གདེང་འཁེལ་བ་ཞིག་བཟོ་དགོས། ནད་པར་བལྟ་དུས་ཧོལ་རྒྱུགས་མ་བྱས་པར་ཞིབ་ཚགས་པོ་དང༌། བབ་ལྷིང་བྱེད་དགོས། ནད་པ་ཚོ་ལུས་ན་ཚས་གདུངས། ཛ་དྲག་འུ་ཐུག་ཏུ་གྱུར་ནས་ཨེམ་ཆིར་གཏུགས་སུ་ཡོང་བའི་སྐབས་ལ་ཨེམ་ཆིའི་ངོས་ནས་སྣང་ཆུང་ལྷོད་ཡེངས་དང་ཧོལ་རྒྱུགས་བྱས་པ་ཡིན་ན་དངོས་གནས་སྡིག་པ་ཡོང་རྒྱུ་རེད། ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་རེད། ྄གཞི་རྩ་སོ་སོའི་ངོས་ནས་དཔེ་ཆའི་ཐོག་སློབ་སྦྱོང་བྱས་པ་རྣམས་ལག་ལེན་ངོ་མའི་ཐོག་ནས་ཉམས་མྱོང་བསགས་ཏེ་སྨན་བཅོས་གདེང་འཁེལ་བ་ཞིག་བྱེད་ཐུབ་པའི་སྐབས་སུ་གཞན་དག་གི་ལེགས་ཆ་ཕྱོགས་བསྡུས་བྱེད་ཐུབ་ན་ཡག་པོ་རེད། སྨན་གྱི་ལག་ལེན་ཁུངས་དག་གདེང་འཁེལ་བ་ཞིག་བྱེད་ཐུབ་ན་སྒེར་གྱི་མདུན་ལམ་ཡོད་ཡོད་པ་རེད། དབྱིན་ཇིའི་སྐད་ནང་རི་སར་ཇི་ (Research) ཟེར་བ་བཞིན་རིག་གཞུང་ཁག་ལ་ཉམས་ཞིབ་བྱེད་རྒྱུའི་ལས་དོན་འདི་གྲས་སྤྱིའི་སྒྲིག་འཛུགས་ཤིག་ནས་འཆར་གཞི་བཏིངས། ལག་ལེན་བཀལ་ན་གང་བྱས་ཀྱང་རླབས་ཆེ་བ་ཞིག་ཡོང་གི་རེད། སྒེར་པ་སོ་སོའི་ངོས་ནས་བྱེད་མི་ཆོག་པ་མ་རེད་དེ་གང་ཅིའི་ཆ་རྐྱེན་སོགས་ཁག་པོ་རེད། སྨན་རྩིས་ཁང་སྤྱི་པའི་སྒྲིག་འཛུགས་འདིའི་འོག་བསྡད་དེ་ལས་ཀ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ལས་རྒྱུ་འབྲས་ཀྱི་སྐད་ཆ་བཤད་པ་ཡིན་ནའང་ལོ་གང་ལ་གང་འཚམས་ཤིག་གི་རིང་སྤྱི་པའི་སྒྲིག་འཛུགས་འདིའི་ནང་བསྡད་པ་དང༌། ག་ཚད་མེད་ཟེར་ནའང་རང་ཉིད་ལ་སྒྲིག་འཛུགས་འདི་དྲིན་ཆེན་པོ་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་ད་ཆ་སློབ་སྦྱོང་ཐོན་པའི་དུས་སུ་ཡིན་ནའང་སྒྲིག་འཛུགས་དང་ཁ་མ་བྲལ་བའི་ཐོག་ནས་ལས་ཀ་བྱས་ན་ཡག་པོ་མ་རེད་དམ། རྩ་བའི་སྨན་ཁང་སྤྱིའི་སྒྲིག་འཛུགས་ཁོངས་ནས་ཨེམ་ཆི་ཚོ་ལས་བགོས་འདྲ་བརྒྱབ་ཡོང་དུས་ཚང་མས་སྤྱིའི་སྒྲིག་འཛུགས་ཚགས་ཚུད་ཡོང་ཐབས་ལ་སྤྱི་སེམས་འཁུར་ནས་ཡག་པོ་བྱེད་ཀྱི་ཡིན་ན་རང་ཉིད་སྤྱིའི་སྒྲིག་འཛུགས་དང་ཁ་མ་བྲལ་བར་བསྡད་པའི་རྗེས་ལ་ག་རེ་བྱས་ཀྱང་ཕན་ཐོགས་ཆེ་བ་ཡོང་རྒྱུ་རེད། སྒེར་སོ་སོ་བྱས་ནས་ཕྱིན་པ་ཡིན་ནའང་ལམ་འགྲོ་ཡག་པོ་བྱུང་ན་སྐབས་རེ་རང་དབང་ལྡན་པའི་ཐོག་ནས་ཡར་རྒྱས་ཆེན་པོ་འགྲོ་སྲིད་པ་རེད། ཡིན་ན་ཡང་དེ་ཁྱིམ་ཚང་གཅིག་གི་གནད་དོན་རེད། སྤྱི་པའི་སྒྲིག་འཛུགས་འདི་ཡག་པོ་བྱུང་ན་རྒྱ་ཆེན་པོར་ཕན་ཐོགས་ཆེ་བ་ཡོང་གི་རེད། ད་ལྟ་གོང་དུ་ལབ་པ་བཞིན་རྩ་བའི་བོད་རང་གི་སྨན་གཞུང་དང་སྨན་སྦྱོར་སོགས་སྨོས་མེད་ཐོག་སྨན་གྱི་རིག་གཞུང་གཞན་དག་གང་ཅིའི་གནས་ཚུལ་ལ་ཞིབ་འཇུག་བྱས་ནས་ཡར་རྒྱས་གཏོང་རྒྱུ་དང༌། ལེགས་ཆ་སྣོན་ཐུབ་པའི་བསམ་བློ་གཏོང་དགོས། ལས་དོན་དེ་རིགས་སྤྱི་པའི་སྒྲིག་འཛུགས་ཆེན་པོ་ཞིག་དང་མ་འབྲེལ་ན་ཁག་པོ་རེད། དེ་འདྲ་ཡིན་དུས་སྤྱི་སེམས་རྒྱུན་བཅང་དང་སྤྱིའི་སྒྲིག་འཛུགས་དང་ཁ་མ་བྲལ་བ་བྱེད་རྒྱུ་དེ་སྤྱི་སྒེར་ཚང་མར་གལ་ཆེན་པོ་ཡིན། ལོ་བཅུ་བཅོ་ལྔའི་རྗེས་ལ་སྒེར་སོ་སོའི་ལས་ཀ་བྱས་ན་ཡང་དེ་གནས་ཚུལ་ཐ་དད་རེད། འཕྲལ་སེལ་སྒྲིག་འཛུགས་འདི་གའི་ཁོངས་སུ་ལས་ཀ་བྱས་ན་ཡག་པོ་རེད། ད་རེས་སློབ་ཐོན་པའི་ཁོངས་སུ་རབ་བྱུང་བ་བཞི་ཡོད་པ་ཁྱེད་རང་ཚོའི་རྟེན་རབ་བྱུང་ཡིན་དུས་གཞན་དང་མི་འདྲ་བའི་དགེ་མཚན་ཡོད། ལས་དོན་གང་ཅིའི་ཐོག་ལ་འགྲོ་བདེ་སྡོད་བདེ། སྒེར་སོ་སོའི་བསམ་བློའི་ནང་དཀའ་ངལ་རྙོག་དྲ་ཉུང་བ་ཡོད་སྟབས་སྤྱི་ཚོགས་ནང་ལས་དོན་གང་འདྲ་ཞིག་བྱེད་དགོས་བྱུང་ན་ཡང་བྱེད་ཐུབ་པ་དང༌། ལས་ཤུགས་ཆེ་བ་ཡོང་གི་རེད། ཨེམ་ཆི་བགྲེས་པ་བསྟན་འཛིན་ཆོས་གྲགས་དང༌། དབང་རྒྱལ། བསྟན་འཛིན་རྣམ་རྒྱལ། ཉེ་དུས་གསར་འབྱོར་བ་ཀུན་འགྱུར། རྒྱ་བོ་ལགས་སོགས་ཚང་མ་ཡུན་རིང་སྨན་གྱི་སློབ་གཉེར་བྱས་པ་དང༌། ཉམས་མྱོང་མང་པོ་བསགས་པའི་ཨེམ་ཆི་ཡག་པོ་ཤ་སྟག་རེད། ཁོང་ཚོའི་ས་ནས་ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་བྱེད་དགོས། ཚང་མས་ཧུར་ཐག་བྱེད་དགོས། ཤེས་སོང་ངམ། ཞེས་བཀའ་སྩལ།

མཐའ་མའི་འདོན་ཐེངས་།: 09.03.2011 ཉིན། 10:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།