སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་བདུན་པ། སྔོའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 


སྡེ་ཚན་བདུན་པ། སྔོའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་བདུན་པ་སྔོའི་སྡེ་ཚན་བཤད་པ་ལ། རྩ་བ་ལོ་མ་མེ་ཏོག་འབྲས་བུ་བཞི་ལས་དེ་དག་ཇི་ལྟར་བཏུ་བ་ལག་ལེན་ལྟར་བཤད་པར་བྱ་སྟེ།

 

དང་པོ། རྩ་བ་བཏུ་བར་འོས་པའི་རིམ་པ་བསྟན་པ།

དང་པོ་རྩ་བ་བཏུ་བར་འོས་པ་ནི།

 

༡། ཧོང་ལེན།

ཧོང་ལེན་ཁྲག་སྐེམ་འཁྲུགས་ཚད་དོན་ཚད་སེལ། །ཞེས་པ་ལ། ལྕགས་ཕྲེང་ལས། ཧོང་ལེན་བསིལ་ལ་རྩུབ་པས་ཁོང་ནད་འཁྲུ་ཞིང་འཇོམས། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། ཧོང་ལེན་ཚ་བ་རྒྱས་པ་སེལ། །ཞེས་དང༌། རང་བྱུང་ཞབས་ཀྱི་ས། ཧོང་ལེན་ཁྲག་གི་ཚད་པ་སེལ། །ཞེས་པར་མིང༌། །བདུད་རྩི་ཀ་བྷྷེཏ། མ་མོ་ཀ་ལ། བྱ་རྒན་སུག་པ། ཁྲའི་སྡེར་མོ། སྤུ་རྩེ་ཤེལ། གཡའ་རུག་མ། ག་བུར་ཟིལ་གནོན་རྣམས་ཟེར། འདི་ལ་རིགས་བཞི་སྟེ། མཆོག་གྱུར་གཉིས་ནི། སྟོད་ནས་འབྱུང་བའི་ལྡུམ་རྩ་དམར་སྨུག་རུལ་པ་འདྲ་བ་དང༌། སྐྱ་སོབ་སྲོ་ལོ་འདྲ་བ་དེ་གཉིས་ཀ་རོ་ཤིན་ཏུ་ཁ་བ་སྟེ། ལྟང་རྩེ་བྱས་ནས་མགྲོན་པོས་འགེལ་འོང་བ་དེ་ཡིན། དེ་ལས་དམན་པ་བོད་ཁམས་གར་ཡང་སྐྱེ་བ་ཕོ་མོ་རིགས་གཉིས་ཏེ། ཕོ་ལྡུམ་རྫ་ལས་སྐྱེ་བ་ནི། འཁྲུངས་དཔེར། ཧོང་ལེན་གཡའ་ཤག་རྫ་ལས་སྐྱེ། །ལོ་མ་སྨུག་མཐུག་སྣུམ་པ་ལ། །མེ་ཏོག་སྨུག་པོ་འབྲོང་ལོ་འདྲ། །རྩ་བ་སྤུ་ཅན་གོང་བྲུན་འདྲ། །ཞེས་དང༌། མོ་ལྡུམ་སྤང་ལས་སྐྱེ་བ་ནི། འདྲ་དཔེར། ཧོང་ལེན་མོ་ཞེས་བྱ་བ་ནི། །ན་དང་སྤང་གི་མཚོ་ལས་སྐྱེ། །ལོ་མ་མཐུག་གཉེར་འཕུངས་པ་ལ། །མེ་ཏོག་དཀར་པོ་སྤྱང་མཇུག་འདྲ། །རྩ་བ་གོང་མོའི་རིལ་མ་འདྲ། །ཡན་ལག་ཁ་སྤུ་རིང་ལ་མང༌།།  རོ་ནི་ཁ་ལ་ནུས་པ་བསིལ། །ཁྲག་མཁྲིས་རྒྱས་པའི་ཚ་བ་འཇོམས། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། ཧོང་ལེན་ན་སྤང་ལས་སྐྱེ་ཡིས། །གླང་ཐབས་ལྷོག་པ་གཟེར་ཐུང་འཇོམས། །ཚད་པ་ཀུན་སེལ་ཁྱད་པར་དུ། །དུག་སེལ་ཞུ་རྗེས་སྙོམས་པ་ཡིན། །སྨན་རྣམས་ཀུན་ལ་བློན་པོ་འདྲ། །ཞེས་གསུངས་སོ། །རྟོགས་བརྗོད་ལས། གཡའ་གངས་རྫ་མཐོན་འཛིན་པའི་གཡའ་རུག་མ། །ཟངས་ལུས་གཡུ་ལོ་མཆོང་གི་མེ་ཏོག་མཛེས། །རྐང་པ་ལྷ་བྱའི་བདུད་རྩིས་རྨ་ཚད་སེལ། །ཆུ་འཐུང་ཁྲག་མཁྲིས་འཁྲུགས་སེལ་གཙོ་མོ་ལགས། །ཞེས་སོ།།

 

༢། བོང་ང་དཀར་པོ།

བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ། །ཞེས་པར། ལྕགས་ཀྱི་ཕྲེང་བར། བོང་ང་དཀར་པོ་བསིལ་བས་དུག་ལ་ཕན། ཞེས་དང༌། བདུད་རྩི་ཐིགས་པར། བོང་དཀར་སྙོམས་ཤིང་སྡིག་སྦྲུལ་ཟིན་པའི་ལུས། །བཀྲུས་པས་སེལ་ཞིང་ཁོང་དུ་བཏང་བས་བདེ། །ཞེས་དང༌། རང་བྱུང་རྡོ་རྗེས། བོང་ང་དཀར་པོས་རིམས་རྣམས་སེལ། །ཞེས་སོ། །བོང་ང་ལ་རིགས་བཞི། འཁྲུངས་དཔེ་ལས། བོང་ང་དག་ལ་དཀར་ནག་དམར་སེར་བཞི། །དཀར་དམར་སེར་གསུམ་སྨན་ཡིན་ལ། །ནག་པོ་དུག་ཡིན་སྨན་ཡང་རུང༌། ཞེས་པས། སྔོན་ཚེ་དུག་མི་རྒྱུ་བ་ལ་ཐིམ་པའི་ཚེ་དུག་གི་གཉེན་པོར་བདུད་རྩི་ཡང་མི་རྒྱུ་བར་ཐིམ་པ་བོང་ང་དཀར་སེར་དམར་གསུམ་ཡིན་པར་བཤད་པས། བོང་དཀར་ལ་མིང༌། ཨ་ཏིའ་བི་ཥ། ཤིན་ཏུ་དུག་མེད། ཕྲ་ཏིའ་བི་ཥ། སོ་སོར་དུག་མེད། ཤ་རེ་ནི་རྦི་ཤི། གབ་ཏུ། གངས་ཀྱི་ཞུན་ཆུང༌། ལོ་མ་ལ་སྤྲེལ་སྨན་བཅད་འབྱོར། ཨ་ཛེ་ཤ་ཟེར། རྟོགས་བརྗོད་ལས། གཡའ་འདབ་བསིལ་ལྗོངས་འཛིན་པའི་བོང་ང་དཀར། །དུང་རྩ་གླང་ཆེན་གཞོན་ནུའི་མཆེ་བ་ལ། གཡུ་ལོ་དུང་གི་མེ་ཏོག་མཛེས་པས་བརྒྱན། །དུག་རིགས་མཁྲིས་ཚད་འཇོམས་པའི་གཙོ་མོ་ལགས། །ཞེས་པས་གསལ་ལོ།།

 

༣། བོང་ང་དམར་པོ། བོང་ང་སེར་པོ།

བོང་ང་དམར་སེར་ཤ་དུག་བཙན་དུག་སེལ། །ཞེས་པའི་བོང་ང་དམར་པོ་ནི། རང་བྱུང་པས། དམར་པོས་དུག་ཚད་སེལ་བ་ཡིན། །ཞེས་སོ། །མིང༌། རཀྟ་ནིའརྦི་ཤི་ནི་ཟེར། འཁྲུངས་དཔེར། བོང་ང་དམར་པོ་ཞེས་བྱ་བ། །མེ་ཏོག་རྒྱ་ཚོས་རྩ་བ་དམར། །རོ་ཁ་ནུས་པས་དུག་རྣམས་སེལ། །ཁྱད་པར་བཙན་དུག་ནུས་པ་འཇོམས།།  ཞེས་རྒྱ་གར་ལྷོ་མོན་ཙ་རི་སོགས་ནས་འབྱུང་ལ་རྩ་བ་དབྱིབས་ལ་ཕུག་འདྲ་བ་མཐེ་བོང་ཙམ་ནས་ལུག་རིལ་ཙམ་བར་འབྱུང་ལ། བཅད་ན་འོད་དང་བཅས་མཁྲེགས་སྔོ་དམར་སྣུམ་སྨུག་ལྡན་ཞིང་རོ་ཁ། དེ་གསེར་འགྱུར་གྱི་རྫས་མཆོག་སྟེ་ཤིན་ཏུ་བཟང༌། ལྷག་པར་གྲེ་བའི་ནད་ལ་མཆོག་གོ དངུལ་ཆུ་བཙོ་བཀྲུ་ལ་དགོས་པ་འདི་ཡིན། དམན་པ་དེ་ལས་ཆེ་ལ་ནག་གྱོང་རྩུབ་ཅིང་རོ་ངན་པ་ཡིན། ལོ་མ་དམར་པོ་ཉ་ག་ཅན་སྡོང་བུ་མེ་ཏོག་འཛིན་པའི་དབྱིབས་མེ་ཏོག་དམར་པོ་རྒྱ་མདངས་སྤུ་ཅན་རྩ་བ་དམར་ལ་གཏིང་རིང་བ་སྲིབ་གར་ཡང་སྐྱེ་བ་དེས་ཚབ་བྱེད་པར་སྣང༌།

བོང་ང་སེར་པོ་ནི། རང་བྱུང་པས། སེར་པོ་དཀར་དམར་རྗེས་སུ་མཐུན། །ཞེས་པར། འཁྲུངས་དཔེ་ལས། བོང་ང་སེར་པོ་ཞེས་བྱ་བ། །མེ་ཏོག་ཅུང་ཟད་སེར་མདངས་ཅན། །རོ་ཁ་ནུས་པ་བསིལ་བ་ཡིན། །དུག་རིགས་ཚད་པའི་ནད་རྣམས་ནི། །འདི་ཡིས་མི་སེལ་གང་ཡང་མེད། །ཁྱད་པར་མཁྲིས་པའི་ནད་ལ་བསྔགས། །ཞེས་པ་དམར་པོ་དང་བྱུང་ཁུངས་གཅིག་ལ། དབྱིབས་དམར་པོ་དང་འདྲ་བ་དང༌། ཕྱོགས་ཧ་ལམ་ཆུ་དག་དཀར་པོ་འདྲ་ལ་ཁ་དོག་ཤིན་ཏུ་སེར་ལ་རོ་རབ་ཏུ་ཁ་བ་ཡིན་ནོ།།

 

༤། བོང་ང་ནག་པོ།

བོང་ང་ནག་པོ་ནི། མི་རྒྱུ་བའི་དུག་གི་གཙོ་བོ་སྟེ། འདི་དངོས་འདྲ་བ་གཉིས་ལས། དངོས་ཀྱི་མིང་ནི། བི་ཥ། བཙན་དུག སྨན་ཆེན། ར་དུག་གསོད་བྱེད། ཧ་ལ་ཧ་ལ། བོང་ང་ནག་པོ། ལྷོག་དུག་ནག་པོ། འཛིན་པ། ནག་པོ་ཟིལ་ཅན། དཔའ་བོ་ཁ་ལ་མེ་ཁྱེར། ཟེར། མེ་ཏོག་ལ་དུག་པུཥྤེ། འདི་དབྱེ་ན་རྩ་བའི་དུག་ལྔ། ཡན་ལག་གི་དུག་ལྔ་སོགས་ཁ་དོག་གི་དབྱེ་བ་དཀར་སེར་དམར་སྔོ་ནག་པོ་ཡོད་ཀྱང༌། རྩ་བའི་ཁ་དོག་དཀར་སེར་ནག་གསུམ་དུ་འདུས། དེ་རེ་རེ་ལའང་ཕྱི་ནང་གསང་གསུམ་སྟེ། ནང་གསེས་དཀར་པོ་ལ་ར་དུག་པ། འཛིན་པ། བདུད་རྩི་ལོ་མ་ཟེར། སེར་པོ་ལ། བཙན་དུག དཔའ་ཆེན། འབྲི་ཚིལ་མ་ཟེར། ནག་པོ་ལ་བོང་ནག ཧ་ལ། བི་ཥ་ནག་པོ་ཟེར། རེ་རེ་ལ་དབྱེ་བ། ལོ་མ་མེ་ཏོག་རྐང་གསུམ་ཕྱིའི་འཛིན་པ། རྩ་བ་ནང་གི་འཛིན་པ། འབྲས་བུ་དང་ས་འོག་ནས་ཁ་འབུས་པའི་མྱུ་གུ་གསང་འཛིན་ནོ། །ནུས་པ་རིམ་པས་ཕྱི་མ་ཆེ། སྲིབ་ཀྱི་ཉི་མ་མི་ཕོག་པའམ། ཉི་ལན་ཆུང་ལ་ཆུ་དང་འགྱངས་པ་བཟང༌། །འདིའི་ཚོད་ལོན་པའི་རྒྱུས་དང་བསྟུན་པའི་སྦྱར་ཚད་ཁ་གནོན་གཏོང་ལུགས་བྱ་མ་ཤེས་ན་ཉེས་པ་ཆེན་པོ་བསྐྱེད་དེ། དྭགས་པོ་རིན་པོ་ཆེས། དཔའ་བོ་ཁ་ལ་མེ་ཁྱེར་དེ། །སྐྱེ་བ་ལྷོ་མོན་རོང་ལས་སྐྱེ། །གོང་གནོན་མེད་ན་རྒྱལ་ཁམས་ཕུང༌། །ཐུན་ཚོད་མ་ཟིན་རེ་གཉིས་ཕུང༌། །ཞེས་གསུངས་སོ། །ཁ་དོག་གི་དབྱེ་ལུགས་གཅིག་ལ་མེ་ཏོག་སྔོ་རྐྱང་དང་སྔོན་པོར་ར་དུག་དང་འཛིན་པ་ཟླ་བྲལ་ཟེར། དམར་ནག་ལ་སྤྱང་དུག ནག་པོ་དང་ལྡུམ་མདོག་ལ་བོང་ནག་ཟེར། ཁ་སྟོད་ཕྱུགས་ལྷས་གཡའ་འདབ་སོགས་ལས་སྐྱེ་བའི་འཛིན་ལོ་རྩ་བ་ཕྲ་བ། ལོ་མར་ཟིལ་ཆུང་ལ་རྣོ་མགྱོགས་དྭངས་སླ་བ་ལ་བདུད་རྩི་ལོ་མ་ཟེར། མེ་ཏོག་དཀར་ཤས་ཆེ་ཞིང་རྩ་བ་དཀར་རྡོག་ཅན་ལ་ཡང་འཛིན་དཀར་རམ་བདུད་རྩི་ལོ་མ་ཟེར་རོ།།  གཉིས་པ་འདྲ་བ་ནི།

 

༥། སྤྱང་དུག

སྤྱང་དུག་པ་ཡིས་དུག་རིགས་ནུས་པ་གསོད། །ཅེས་པ་ལོ་མ་སོག་ལེ་ཁ་མེ་ཏོག་དམར་ནག་ཐུར་དུ་འཕྱངས་པ། མཐོ་གང་གི་སའི་སྔོ་ཀུན་ཁ་འགྱེལ་བ། སྡོང་པོ་མདོག་སྐྱ་བ་ལོ་མའི་རྒྱབ་འབྲུམ་ཡོད་པ། སྤྱང་ཀི་དང་འཕྲད་ན་འཆི་ཞིང༌། འཕུར་ལ་མི་ཁྱིའི་སྣར་བཏབ་ན་བརྒྱལ་འགྲོ་བ་ཞིག་ཡོད་པའོ།།

 

༦། ར་དུག

ར་དུག་དམར་པོས་གདུག་པའི་གཉན་སྲིན་འདུལ། །ཞེས་པ། མངོན་རྟོགས་ལས། ར་དུག་ནག་པོ་ཞེས་བྱ་བ། །ཀླུང་ཆེན་འགྲམ་གྱི་ནགས་ལས་སྐྱེ། །རྩ་བ་དམར་པོ་སྙ་ལོ་འདྲ། །རྐང་པ་དམར་སྨུག་སྣུམ་པ་ལ། །ལོ་མ་སྔོ་སྣུམ་ཉ་ག་ཅན། །ལོ་ལྡེབས་མཛེས་མཚར་བྲིས་པ་འདྲ། །སྡོང་པོ་སྨྱུག་གི་ཐུར་མ་ལ། །མེ་ཏོག་དམར་ཆེན་རྒྱ་མེན་འདྲ། །གོང་བུ་ར་མའི་ནུ་མ་འདྲ། གསུམ་ཚོམ་མམ་བཞི་ཚོམརྩེ་མོ་གདེངས་པའི་ནང༌། །འབྲས་བུ་གླ་བའི་རིལ་མ་འདྲ། །རོ་ནི་ཁ་མངར་དྲི་མ་དུགས། །ནུས་པས་གཉན་སྲིན་གདུག་པ་འཇོམས། །ཞེས་པ་ཇི་ལྟ་བ་ལས་མེ་ཏོག་དམར་པོ་དབྱིབས་དང་ཆེ་ཆུང་ལྕང་ཤོག་སེར་པོ་ཙམ་མོ།།

 

༧། དཔའ་བོ་དཀར་པོ། དཔའ་བོ་སེར་པོ། དཔའ་རྒོད།

དཔའ་བོ་དཀར་སེར་དཔའ་རྒོད་དུག་ཚད་སེལ། །ཞེས་པར། རང་བྱུང་རྡོ་རྗེས། དཔའ་བོ་དཀར་སེར་དམར་པོ་གསུམ། དུག་ཚད་སེལ་བའི་སྨན་དུ་བཤད།།  ཅེས་གསུངས། དཔའ་བོ་འདི་ལ་འགྲེལ་མཛད་པ་དག་ཞལ་མི་འཆམས་པ་དང༌། ལ་ལ་དག་མང་ནས་མི་འདུས་པ་དང༌། ལ་ལ་དག་ཉུང་ནས་མི་ཚང་པ་སོགས་མང་མོད། རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེས་རིལ་ནག་ཆེན་མོ་ལས་རིགས་དྲུག་ཏུ་གསུངས་ཏེ། གང་ཞེ་ན། དཔའ་བོ་དཀར་པོ་སེར་པོ་དཔའ་རྒོད་རྣམས་ཞོ་རེ། སུ་མི་སྨན་དམར་སེར་གང་རུང་ཞོ་དོ། གླང་ཆེན་ཆིག་ཐུབ་ཞོ་དོ་གསུངས། འདི་མང་ཤོས་ཡིན་པ་ལས། གཞན་དག་གསུམ་ནས་ལྔ་ལས་མི་མང་ཞིང༌། ཁ་ཅིག་དུག་གསུམ་རང་ཡང་སོ་སོར་དབྱེ་མ་བཏུབ་པར་དཀར་སེར་ལ་དབྱེ་བ་ཆེར་མེད་གསུངས་སོ།། འགའ་ཞིག་ཏུ་མིང་གི་གྲངས་སུ་མང་པོར་དབྱེ་བས་སོ། །མཛེས་རྒྱན་སྨན་གྱི་པྲ་ཁྲིད་ལས། ཁ་བ་ལ་རྣམ་པ་གཉིས་ཏེ། ཏིག་ཏ་དང་ནིམ་པ་ལྟ་བུ་ནི་ཁ་བ་མཚན་ཉིད་པ་མིན་ཏེ། མངར་ཚས་བསྒྱུར་བའི་ཁ་བའོ། །དཔའ་བོ་གསུམ་དང༌། དཔའ་བོ་ཆེན་པོ་དང༌། སུ་མི་གསུམ་དང༌། སྔོ་ལེབ་དང༌། སྐྱི་བའི་འབྲུ་རྣམས་དང༌། དེ་ལྟ་བུ་ནི་ཁ་བ་མཚན་ཉིད་པའོ། །ཞེས་གསུངས་པས། ཁ་བས་ཁ་ཡི་དྲི་སྦྱོང་ཡི་ག་ལྡོག།  གསུངས་བཞིན་འདི་དག་ཁ་ལུགས་མཚན་ཉིད་པ་དང༌། ཏིག་ཏ་སོགས་ཁ་ཚུལ་མི་འདྲ་བ་ཐུགས་ཤིན་ཏུ་མད་པ་འདི་ཡང་ཞར་བྱུང་དུ་ཤེས་དགོས་ལ། དེ་ལྟར་དཔའ་བོ་གསུམ་གསུངས་པ། དཔའ་བོ་དཀར་སེར་དཔའ་རྒོད་དང་གསུམ། དཔའ་བོ་ཆེན་པོ་གསུངས་པ་གླང་ཆེན་ཆིག་ཐུབ་དང༌། སུ་མི་གསུམ་གསུངས་པ། དམར་སེར་སྨུག་གསུམ་སྟེ། བསེ་སྒྲོམ་སྨུག་པོའི་ཞལ་གདམས་ལས། དཔའ་བོ་བདུན་གྱིས་དུག་ཚད་སེལ། །ཞེས་གསུངས་པ་བཞིན་སུ་མི་སྨན་ཡང་དཔའ་བོའི་རིགས་སོ། །ཟུར་མཁར་བ་དཔའ་བོ་དྲུག་ལས་མི་འབྱུང་བའི་རྒྱུ་མཚན་སུ་མི་དམར་སེར་གཉིས་ལས་མ་གསུངས་པས་སོ། །རྒྱུ་མཚན་ཡང་སེར་སྨུག་གཉིས་ཁོག་གཅིག་པས་དབྱེ་བ་མ་མཛད་པའོ། །དེ་དག་ལ་འགྲེལ་བྱེད་རྣམས་ཀྱི་ངོས་བཟུང་ཚུལ་དགག་བཞག་མང་ཡང་བཞག་ལ། རེ་རེ་ནས་བརྗོད་པར་བྱ་བ་ནི། དཔའ་བོ་དཀར་པོ་ཞེས་པ། རྒྱ་གར་ནག་ནས་འབྱུང་ལ། མིང་ལ་རུ་སེ་ད་ཟེར། འཁྲུངས་དཔེ་སུས་ཀྱང་མ་རྙེད་རུང་འདི་ངོས་འཛིན་མཚུངས་ལ། རྩ་བ་ལ་ཕུག་འདྲ་བའི་ནང་ན་ཁོང་སྤུ་སྒ་སྐྱ་འདྲ་བ་ཡོད་པ་རོ་ཤིན་ཏུ་ཁ་བ་ཡིན།

དཔའ་བོ་སེར་པོ་ནི། འཁྲུངས་དཔེར། དཔའ་བོ་སེར་པོ་ཞེས་བྱ་བ། །ས་གཞི་འབོལ་པའི་ས་རུ་སྐྱེ། །ལོ་མ་སྡོང་པོ་བ་སྤུ་འདྲ། །མེ་ཏོག་སེར་པོ་ཆུང་བ་སྟེ། །རྩ་བ་ཁོང་སྟོང་ཁ་དོག་སེར། །རོ་ནི་ཁ་ལ་བསིལ་བ་ཡིན། །རང་གི་ནུས་པས་དུག་རྣམས་འཇོམས། །ཞེས་གསུངས་པའི་རྩ་བ་སེར་པོ་ཤིན་ཏུ་ཁ་བ་ཡིན་ནོ།།

དཔའ་རྒོད་ནི། མིང་ནར་མ་ནུར་མ་ཡང་ཟེར། ཕྱོགས་དཔའ་བོ་དཀར་པོ་འདྲ་ལ་ཁོང་སྤུ་མེད་ཅིང་གླང་ཆེན་ཆིག་ཐུབ་ལྟ་བུའི་རྩ་བ་ཆེ་བ་དང་ཕྱིའི་ཤུན་དྲེག་པ་སོགས་མཚུངས་ཀྱང་དེ་ལས་སྐྱ་ལ་གསོབ་པ་ཡིན། སྟོད་ནས་ཡོང་བ་རྡོག་པོ་ཆུང་བ་ཕྲེང་བ་ལྟར་བརྒྱུས་ནས་ཡོང་བའོ།།

 

༨། དཔའ་བོ་ཆེན་པོ།

དཔའ་བོ་ཆེན་པོའམ་གླང་ཆེན་ཆིག་ཐུབ་ནི། གླང་ཆེན་ཁ་ཆུ་དང༌། དཀར་པོ་ཆིག་ཐུབ་ཀྱང་ཟེར་ཏེ། འཁྲུངས་དཔེར། གླང་ཆེན་ཆིག་ཐུབ་ཅེས་བྱ་བ། །སྲིབ་རི་དག་ལས་སྐྱེ་བ་ཡིན། །ལོ་མ་མེ་ཏོག་ཆུང་བ་ཡིན། །རྩ་བ་ཆེན་པོ་གླང་ཆེན་གཟུགས། །འབྲས་བུ་དམར་ནག་གདུགས་ཕུབ་འདྲ། །རོ་ནི་ཁ་དང་བསྐ་བ་ཡིན།།  རང་གི་ནུས་པས་དུག་ནད་དང༌། །ཚད་རིགས་ནད་རྣམས་ཐམས་ཅད་སེལ།། བསིལ་སྨན་རྣམས་ཀྱི་རྒྱལ་པོར་བཤད། །ཅེས་པ་རྩ་བ་ཤིན་ཏུ་ཆེ་ལ་མཁྲེགས་པ་གྲི་བཟང་བས་ཐུབ་པ་ཙམ་དྭངས་ཤིང་འོད་དང་བཅས་རྡོ་བཅག་པ་ལྟ་བུ། དཀར་ལ་ཅུང་ཟད་སེར་ཁ་ཡོད་པ་རྒྱ་ཡུལ་ཧ་ལི་འཕིས་ཀྱི་ལ་རྒྱབ་ཧུ་ལུ་སིས་ཞེས་པར་སྐྱེ་བས་དར་རྩེ་མདོ་སོགས་ཚོང་འདུས་ནས་མགྲོན་པོས་དཀར་པོ་ཆིག་ཐུབ་ཅེས་ཉོ་འོང་བ་དེའོ།།

 

༩། སུ་མི་དམར་པོ། སུ་མི་སེར་པོ། སུ་མི་སྨུག་པོ།

སུ་མི་དམར་པོ་ནི། སྟོད་ཀྱི་ལ་སྨན་ནང་དུ་ཡོང་བ་རྩ་རྡོག་ཉུངས་མ་འདྲ་ལ་དམར་ཞིང་སྙི་བ་ཆེ་བ་ལུག་གི་མིག་ཙམ་ནས་ཆུང་བ་སྲན་འབྲུ་ཙམ་བར་ཅི་རིགས་ཡོང་ལ་རོ་ཤིན་ཏུ་ཁ་བ་སྟེ། སློབ་དཔོན་ཏེ་ར་བ་ལས། སུ་མི་དམར་པོ་དུག་ནད་ཅན་གྱི་སྔས་མགོར་བཞག་ན་གཟེར་འཇོམས་པར་ནུས་གསུངས། སྦྱར་དུག་ལ་ཤིན་ཏུ་ཕན་པ་མྱོང་བས་གྲུབ་པའོ།།

སུ་མི་སེར་པོ་ནི། སྟོད་ཀྱི་ལ་སྨན་ཁྲོད་དུ་ཡོང་བ་རྩ་བ་གླང་ཆེན་ཆིག་ཐུབ་འདྲ་བ་ལས་དྲས་ནས་སྤྱིན་རྡར་ལྟར་བརྒྱུས་པ་ཤིན་ཏུ་མཁྲེགས་ལ་སྨུག་ནག་གཞོགས་ན་ཕྱེ་མ་སེར་སྨུག་ཤིན་ཏུ་ཁ་བ་དེའོ།།

སུ་མི་སྨུག་པོ་ནི། སྔ་མ་དེ་འདྲ་བ་ལས་སྨུག་ཁམ་སེར་ཁ་མེད་པ་ཤ་སྣལ་འདྲ་བའི་རྣམ་པ་ཅན་ཁ་བའི་རང་བཞིན་ལས་ཡུན་དུ་མྱངས་ན་ལྕེ་ཅུང་ཟད་སྦྲིད་པ་དེ་ཡིན་ལ། འདྲ་དཔེ་ཞིག་ཏུ། སུ་མི་འབྲི་ཤ་སྐམ་པོ་འདྲ། །ཞེས་པ་དེའོ། །དེ་བདུན་བསྡུ་ན། དཔའ་བོ་དཀར་སེར་དམར་གསུམ་དུ་འདུ་བས། གོང་དུ་རང་བྱུང་རྡོ་རྗེས་གསུངས་བཞིན་ནོ། །བསྡུ་ལུགས་ནི། དཔའ་བོ་དཀར་པོ། དཔའ་རྒོད་ཆིག་ཐུབ་གསུམ་དཀར་པོ་དང༌། དཔའ་སེར་སུ་མི་སེར་པོ་གཉིས་སེར་པོ་དང༌། སུ་མི་དམར་སྨུག་གཉིས་དམར་པོའོ།།

 

༡༠། སྲོ་ལོ་སུག་འདྲ།

སྲོ་ལོ་སུག་འདྲས་གློ་བའི་ཚད་པ་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། གངས་ཀྱི་སྲོལ་དཀར་ཞེས་བྱ་བ། །གངས་འདབ་ལོགས་དང་ནགས་ལས་སྐྱེ། །མེ་ཏོག་སྐར་ཆེན་རྒྱས་པ་འདྲ། །རིགས་སུ་ཕྱེ་ན་མང་བཤད་ཀྱང༌། །འདི་ཡི་རང་བཞིན་ཁ་བ་ཡིན། །སྟོད་དུ་ཚ་བ་རྒྱས་ན་གཏོང༌། །ཁྱད་པར་གློ་བའི་ཚ་བ་སེལ།།  ཞེས་དང༌། རང་བྱུང་པས། སྲོ་ལོ་དཀར་པོས་གློ་ཚད་འཇོམས། །དམར་པོས་ཚད་སེལ་ཁ་དྲི་སྦྱོང༌། །ཞེས་པ་ལ་རིགས་གསུམ། དཀར་སྨུག་དམར་གསུམ་མོ། །དཀར་པོ་ལ་མིང༌། གངས་ཀྱི་སེང་ཆུང༌། གངས་སྦྲུལ་དཀར་པོ། སྟག་སྨན་ཟིལ་པ་ཅན། སེང་སྐྱ་རལ་པ་ཅན། བྱ་རྒོད་བུ་གསོ། ཡུ་མོ་གློ་སྨན། སྲོལ་ཆུང་པ་རྣམས་ཟེར། འདྲ་དཔེ་ལས། སྲོ་ལོ་དཀར་པོ་ཞེས་བྱ་བ། གཡའ་རི་གངས་རི་རྫ་ལས་སྐྱེ། །རྩ་བ་ཕྲ་དཀར་གཏིང་པ་རིང༌། །ལོ་མ་མེ་ཏོག་གཉིས་ཀ་དཀར། །མེ་ཏོག་དཀར་དམར་མདངས་དྲི་ཆེ། །ཙན་དན་དཀར་པོའི་དྲི་བས་ཞིམ། །གང་བུ་ལེབ་མོ་འབྲས་བུ་ཞིབ། །ཅེས་དང༌། ལྗོན་ཤིང་འཁྲུངས་དཔེར། གངས་ཀྱི་སེང་ཆུང་བྱ་བ་ནི། །གངས་དཀར་རྩེ་ལས་སྐྱེ་བ་ཡིན། །མེ་ཏོག་དཀར་དམར་འོད་དང་ལྡན། །ཚ་བའི་ནད་ཀུན་སེལ་བ་ཡིན། །རྨ་ཡི་རྩ་ཁ་སྡོམ་པར་བྱེད། །ཡན་ལག་ཆུ་འཐུང་བྱ་བ་ཡིན།། ཁྱད་པར་རྙོག་པའི་ཚ་བ་སེལ། །ཞེས་པས་ལོ་མ་དཀར་པོ་ཅན་ཆུང་ལ་རྩ་བ་ཕྲ་ཞིང་རིང་བ་ཅན་ཏེ། འདི་བསིལ་བའི་ཚད་ནི་སྣོད་གཉིས་སུ་ཆུ་མང་ཉུང་འདྲ་བ་རེ་སྐོལ་ནས་གཅིག་ལ་འདི་བཏབ་པས། གཞན་དེ་ངར་མ་ཆག་དུས་ནས། སྲོ་ལོ་བཏབ་པ་འཁྱགས་པར་འགྱུར་ཞེས་བཤད་དོ།།

སྲོ་ལོ་སྨུག་པོ་ནི། འདྲ་དཔེ་ལས། སྲོ་ལོ་སྨུག་པོ་སུག་འདྲ་ནི། །ལོ་མ་དཀར་སྨུག་མདངས་ཅན་གྱོང༌། །མེ་ཏོག་དམར་ལ་གང་བུ་ནི། །གཞུ་ཤུབས་འདྲ་བ་འབྲས་བུ་ལེབ། །རྩ་བ་ཅུང་སྦོམ་སུག་པ་འདྲ། །ཞེས་པ་དེའོ།།

སྲོ་ལོ་དམར་པོ་ནི། ལྕགས་ཀྱི་ཕྲེང་བ་ལས། ཚན་གྱི་ནུས་པ་བསིལ་ལ་འཇམ།།  ཞེས་པས། ལར་སྲོ་ལོའི་རིགས་ཐམས་ཅད་ཚན་ཡིན་ལ། ཁྱད་པར་དམར་པོ་ཚན་དམར་འདི་ལ་ཚན་རང་ཟེར་བར། དབྱེ་བ་ལྷ་ཚན་འདྲེ་ཚན་ཕོ་མོ་མ་ནིང་ལྔ་དང༌། དེ་ལའང་གངས་ཚན། གཡའ། སྤང༌། ཆུ་སོགས་དབྱེ་ཡང༌། སྐྱེ་ས་དང་ཤེད་ཆེ་ཆུང་ཕྲ་སྦོམ་གྱི་དབྱེ་བ་ལྟ་བུ་ལས་ཆེར་མེད། མངོན་རྟོགས་ལས། སྲོ་ལོ་དམར་པོ་ཚན་དམར་ཏེ། །རྫ་བྲག་གཡའ་སྤང་ཆུ་ལ་སོགས། །གར་ཡང་སྐྱེ་ལ་སྤྲུལ་པ་མང༌།།  སྡོང་པོ་དམར་གྱོང་རབ་ཏུ་མང༌། །ལོ་མ་མཐུག་སྤུན་དངུལ་ཟིལ་ཅན། །སྡོང་བུ་ཡོངས་ལ་ལོ་མས་ཁྱབ། །སྟོན་དུས་དམར་བས་བན་བཙུན་འདྲ། །མེ་ཏོག་གང་འབྲས་དམར་ལ་རྩུབ། །རྩེ་མོ་རྦད་ཀྱིས་བཅད་པ་འདྲ། །རྩ་བ་མི་ཡི་གློ་བ་འདྲ།། པགས་པ་ནག་མཐུག་དྲི་ངད་ཆེ། །མངར་ཁ་བསྐ་ལ་ནུས་པ་བསིལ། །ནུས་པས་གློ་གསོ་ཚད་པ་འཇོམས། །བཅུད་དུ་བླངས་ན་ལུས་ཟུངས་སྤེལ། །མཁུར་བ་བཀང་ན་ཁ་དྲི་སྦྱོང༌། །མཆོད་པ་བྱས་ན་ལྷ་རྣམས་མཉེས། །ཆུར་སྦྱངས་བཀྲུས་ན་ཉེས་ཀུན་འདག །ཅེས་གསུངས་པ་ཡིན། གངས་འདབ་ཏུ་སྐྱེ་བའི་ཚན་ཆུང་སྔ་མ་འདྲ་བ་ལས་རྩ་བ་དཀར་ཤས་ཆེ་བ་ཆུང་ངུ་གེར་སྐྱེས་ལ་བདུད་རྩི་གངས་ཤམ་པ་ཡང་ཟེར། གངས་ཤམ་པར་ངོས་འཛིན་མང་ཡང་དངོས་འདི་མ་ཡིན་ནོ། །བཅུད་དུ་ལེན་ཚུལ་དང་དབྱེ་བ་ཞིབ་པ་ནི་བདག་གི་སྙན་བརྒྱུད་ཟིན་བྲིས་ལྷན་ཐབས་བཅུད་ལེན་སྐབས་རྒྱས་པར་བྲིས་ཡོད།།

 

༡༡། འབྲི་མོག

འབྲི་མོག་གློ་བའི་ནད་སེལ་ཁྲག་ལ་ཕན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། འབྲི་མོག་གློ་བའི་ཚད་པ་སེལ། །ཁྲག་ཏུ་སྐྱུགས་པ་གཅོད་པར་བྱེད། །ཅེས་པར་མིང༌། བྷུ་ཏ་ཀེ་ར། འབྱུང་པོའི་ཁྲག རྩིའི་ཁྲག འབྱུང་བའི་ཁྲག །དོང་རོལ་པ། རི་ཚོས་ཟེར། འཁྲུངས་དཔེར། འབྲི་མོག་ཅེས་བྱའི་སྨན་མཆོག་ནི། །ས་མཁྲེགས་གྲམ་པ་དག་ལས་སྐྱེ། །ལོ་མ་སྐྱ་ལ་རབ་ཏུ་རྩུབ། །མེ་ཏོག་སྔོ་དམར་རྩ་བ་དམར།། རོ་ནི་མངར་ལ་ཅུང་ཟད་ཁ། །ནུས་པས་གློ་ནད་ཁྲག་ནད་སེལ། །ཞེས་པར། བྱེ་མ་དཀར་འཇམ་རླན་ཆུང་སར་སྐྱེས་པ་རྩ་བ་ཕྲ་ལ་རྩི་མཐུག་པ་བཟང༌། དེ་ལས་ལྡོག་པ་ངན། འདི་ལ་རྒོད་གཡུང་གཉིས་འབྱུང་བའི་སྔ་མ་དེ་རྒོད་པ་ཡིན། གཡུང་བ་ནི། རྩ་བ་ཤིན་ཏུ་ཕྲ་ལ་དམར་བ་བྱིས་མོག་ཅེས་བྱ་བ་དེའོ།།

 

༡༢། ག་དུར།

ག་དུར་རིམས་དང་གློ་ཚད་རྩ་ནད་སེལ། །ཞེས་པར། ལྕགས་ཕྲེང་ལས། ལི་ག་དུར་བསིལ་ལ་རྣོ་བ་ཡིན། །ཞེས་དང༌། བདུད་རྩི་ཐིགས་པར། ལི་ག་དུར་དྲོ་སྐམ་ཆམ་པ་སེལ། །ཡན་ལག་སྐྲངས་པ་ཁོང་ནས་འཇིབ་ཅིང་སྨིན། །ཞེས་དང༌། རང་བྱུང་ཞབས་ཀྱི་ས། ལི་ག་དུར་གྱིས་དུག་ཐབས་འཇིག །ཅེས་སོ། མིང༌། པ་ཥ་ཎ་བེ་ཏ། ཨུཏྤ་པ་ལ་བེ་ཏ། ཀོ་པི་ཏིRx་ན། ཨ་སྨ་བེ་ད། ན་ག་ཏི། བཻ་ཛ་ར། སྟོད་ལི་ཟེར། རྒྱ་ནག་ཏུ། མུ་ཏ། བོད་ཀྱིས་ལི་ག་དུར་རོ། འཁྲུངས་དཔེར། བསིལ་དྲོད་སྙོམས་པ་ལི་ག་དུར། །ལོ་མ་འབྲས་ཀྱི་ལྗང་པ་འདྲ། །རྩ་བ་མོན་བུ་སྐམ་པོ་འདྲ། །རོ་ནི་ཆེ་མངར་དྲི་མ་ཞིམ། །རང་གི་ནུས་པས་ཚད་རིམས་དང༌། །གློ་ནད་སེལ་ཞིང་སྐྲངས་པ་འདུལ། །ཞེས་སོ། །འདི་ལ་རིགས་གཉིས། མཆོག་ནི་སྟོད་ནས་ཡོང་བའི་ཕྱི་ནག་ལ་གཉེར་མ་ཅན། ནང་དམར་ལ་སྙི་ཞིང་དྲི་མ་ཤིན་ཏུ་ཞིམ་ལ་རོ་ཚ་ལ་བསྐ་བ་ལ་སྟོད་ལི་ཞེས་པས། འདྲ་དཔེར། ག་དུར་བྱ་རོག་པུས་མོ་འདྲ། །ཞེས་པ་དེར་ཡང་རྩ་བ་སྦོམ་ལ་མཁྲེགས་པ་ཕོ། ཕྲ་ལ་སྙི་བ་མོའོ། །དམན་པ་ལྷོ་མོན་དྭགས་ཀོང་སོགས་ནས་འབྱུང་བ་དབྱིབས་པགས་པ་བཅས་སྲོ་ལོ་དམར་པོ་འདྲ་ལ་མཁྲེགས་ཤིང་རོ་བསྐ་བའོ། །གཞན་བོད་ཁམས་ཀྱི་རྟ་མོན་ལས་བྱེད་པ་ནི་ནོར་བའོ།།

 

༡༣། གླ་སྒང༌།

གླ་སྒང་སྐད་འགགས་གློ་ནད་རྒྱུ་མར་ཕན། །ཞེས་པར། དཔག་བསམ་ལྗོན་པར། གླ་སྒང་ཐང་གིས་ཚ་འཁྲུ་གཅོད། །དྲོ་བས་རླུང་ནད་སེལ་བ་དང༌། །འཁྲུ་བ་སྨིན་ཅིང་གཅོད་པར་བྱེད། །ཅེས་དང༌། ལྕགས་ཀྱི་ཕྲེང་བར། གླ་སྒང་བསིལ་ལ་ཞུ་ནས་དྲོ། །ཞེས་དང༌། རང་བྱུང་པས། གླ་སྒང་གློ་བའི་ཚད་པ་འཇོམས། །ཞེས་པར་མིང་ནི། མོན་ལུག མོན་ཆུ་རུབ་པ། ལང་གུ་ར། རུས་མདུད་མུ་བྷི་ཟེར། འཁྲུངས་དཔེར། མོན་ལུག་གླ་སྒང་ཞེས་བྱ་བ། །སྤང་ཤུལ་མཐུག་པོའི་ས་ལས་སྐྱེ།།  ལོ་མ་ཕྲ་ལ་རབ་ཏུ་ཆུང༌། །རྩ་བ་ཕྲ་ལ་མང་བ་སྟེ། །ས་འོག་ཐམས་ཅད་ཁྱབ་པར་གྱུར། །རོ་ནི་ཚ་ལ་བསྐ་དང་བཅས། །རང་གི་ནུས་པས་བད་ཀན་དང༌། །གློ་ལས་གྱུར་པའི་སྐད་འགགས་སེལ། །ཞེས་རྩ་བ་ས་འོག་ཏུ་གྲོ་མ་འདྲ་བར་གནས་པ་དེས་རིམས་ཚད་གློ་བ་རྒྱུ་ལོང་ནད་རྣམས་ལ་ཕན། འདི་ལ་རིགས་གཉིས། སྔ་མ་རྒོད་ལ། གཡུང་བ་ནི་ས་འབོལ་སར་སྐྱེ་བའི་ལོ་མ་ཕྱོགས་ཙམ་ལོ་བཙན་པ་དང་འདྲ་ལ་རྐང་དམར་བ། མེ་ཏོག་རྒྱ་དཀར་སྤེན་མའི་མེ་ཏོག་ཆེ་ཤོས་ཙམ་འཆར་བ་རྩ་བ་མོན་བུ་འདྲ་ལ་ཕྱི་ནག་ནང་དམར་རོ་བསྐ་བའོ། །སྔ་མ་ལ་འདྲ་དཔེར། གླ་སྒང་ས་ནག་གྲོ་མ་འདྲ། །ཞེས་དང༌། ཕྱི་མར་འདྲ་ཡིག་ཏུ། གླ་སྒང་མོན་ཆུང་སྐམ་པོ་འདྲ། །ཞེས་སོ།།

 

༡༤། དཱུར་ཝ།

དུར་ཝས་དུག་གཞོམ་ཚེ་སྲིང་ཆུ་འགགས་འབིགས། །ཞེས་པར། རང་བྱུང་པས། རམ་རྩི་སྡིག་པའི་དུག་ལ་ཕན། །གསུངས། མིང་ནི། དཱུར་བ། ཤ་ཏ་པརྞི་ཀ་རི། ཚིགས་པ་བརྒྱ་པ། ས་ཧ་པྲ་བི་ཏྱི་ནི། ནུས་པ་སྟོང་ལྡན། བྷ་རྒྷསྨྲན་བྱ་ནིབི། ཀུའི་བུའམ་སྤང་སྐྱེས། རུ་ཧཱ། སྐྱེ་ལྡན། ཨ་ནནྟ། མཐའ་ཡས། གོ་ལོ་མིའ། གླང་གི་སྤུ་སྐྱེས། །ཁནྜ་ལི། དུམ་བུ་འཛིན་པ། ཤ་ཀུ་ལཱཀྵ། བྱའི་མིག ནུས་པ་བརྒྱ་པ། ཚེ་འཕེལ། སྡིག་པའི་དུག །རམ་རྩི། རྩྭ་རམ་པ། རམ་པ་རྣམས་ཟེར་རོ། །འཁྲུངས་དཔེར། དཱུར་ཝ་མུ་དང་ཀླུང་ལས་སྐྱེ། །འདབ་མ་ལྗང་གུ་ངར་བ་ཕྲ། །སྙེ་མ་སྨུག་པོ་བོན་ཚེ་འདྲ། །རྩ་བ་ཚིགས་མང་ཁོང་པ་སྟོང༌། །ཁྲག་གཅོད་ཀུན་གྱི་གཙོ་བོ་ཡིན།།  ཞེས་པ། ཁ་ལུང་སོགས་ལ་རྩ་བ་སྤང་རྒྱུས་ཙམ་ལས་མེད་རུང༌། ཀླུང་ཆེན་འགྲམ་རྣམས་སུ་སྐྱེ་བ་འཇག་མ་འདོམ་རེ་ལྷག་ཙམ་ལ་ལྗང་བུ་མདའ་སྨྱུག་གི་ལོ་མ་ཙམ། རྩ་བ་མཛུབ་མོའི་ཕྲ་སྦོམ་འདོམ་གསུམ་བཞི་ཙམ་སྐྱེ་བར་འདུག་ལ། རྒྱ་གར་ནག་ནས་རྩ་བ་ལྕག་ཡུ་ཙམ་ཡོད་པ་ཡོང་བ་རྣམས་ཀྱིས་ཚེའི་རྫས་ཏེ། བཅོམ་ལྡན་འདས་ལ་བྲམ་ཟེ་ཀུནྡ་ལིས་བཀྲ་ཤིས་པའི་རྫས་སུ་ཕུལ་བ་ཡིན་ལ། འདིས་མུ་ཟིའི་དུག་སྦྱོང་བ་དང༌། འབུ་སྲིན་སྲོག་ཆགས་དུག་ཅན་ཁོང་དུ་སོང་བའི་དུག་ཞི་བ་དང༌། ཆུ་འགགས་འབིགས་པར་བྱེད་དོ།།

 

༡༥། པུ་ཤེལ།

པུ་ཤེལ་སྐྱུགས་གཅོད་བད་ཀན་ཚ་བ་སེལ། །ཞེས་པར། ལྕགས་ཕྲེང་ལས། པུ་ཤེལ་ཙི་ནི་བསིལ་ལ་ཡང༌། །ཞེས་དང༌། རང་བྱུང་པས། པུ་ཤེལ་ཙི་ཡིས་ནད་འཇོམས་ལ། །ཞེས་སོ། མིང༌། ཨུ་ཤི་ར། མརྨཱུ་ལ། རྩྭ་ག་བུར། བ་ལ་རྣམས་ཟེར། འདི་ལ་རིགས་གསུམ་ལས། འདི་གཙང་འགྲམ་དུ་སྐྱེ་བའི་རྩྭ་འཇག་མའི་རྩེ་མོ་གསུམ་བཞི་ལྔ་དྲུག་ཙམ་ཡོང་བ་དེའི་རྩ་བ་སྤང་རྒྱུས་མཁྲེགས་ལ་དྲི་ཞིམ་པ་དཀར་པོ་དེ་དང༌། སྟོད་ཕྱོགས་ནས་སྨྱུག་གཞོན་ནུ་འདྲ་ལ་སྐོགས་ལྤགས་རིམ་པ་མང་པོ་ཡོད་པ། ག་བུར་གྱི་དྲི་མ་ཡོང་བ་དེ་ལ་སྟོད་སྨན་པ་རྣམས་ཙི་ལྕི་ཟེར་བ་དང༌། རྒྱ་གར་དུ་སྐྱེ་བ་ག་བུར་ཙན་དན་ཨུ་ཤིར་དྲི་ལྡན་པ། ཞེས་པ་དབྱིབས་སྔ་མ་གཉིས་འདྲ་ལ་དྲི་མ་མཆོག་ཏུ་བཟང་བ་འདི་གསུམ་རིམ་པས་ཕྱི་མ་བཟང་བའོ།།

 

༡༦། གྲོ་མ།

གྲོ་མ་ནུས་བསིལ་མངར་ཡང་ཚ་འཁྲུ་གཅོད། །ཅེས་པ། འཁྲུངས་དཔེར། གྲོ་མ་ཞེས་པ་ཁ་ལུང་སྐྱེ། །ལོ་མ་སྔོ་སྐྱ་འོག་དཀར་ལ། །ལོ་སྡོང་ས་སྟེང་ཁྱབ་པར་བདལ།།  ངར་བ་དམར་པོས་དྲ་བ་བརྐྱངས། །མེ་ཏོག་སེར་པོ་མདངས་དང་ལྡན། །རྩ་བ་རྡོག་པོ་རིལ་མ་འདྲ། །རོ་མངར་ནུས་བསིལ་ཀུན་གྱི་ཟས། །སྟོན་དུས་ནུས་པ་དྲོད་དུ་འགྲོ། །སྟོན་གྲོ་བཟང་ལ་དཔྱིད་གྲོ་གྲང༌། །ནུས་པས་འཁྲུ་བ་གཅོད་པར་བྱེད།།  ཅེས་ཡོངས་གྲགས་གྲོ་མའོ།།

 

༡༧། སུག་པ།

སུག་པ་དག་བྱེད་རྣ་བ་འོན་པར་ཕན། །ཞེས་པ་ལ་རིགས་གཉིས། འདྲ་དཔེར། དག་བྱེད་སུག་པ་ཞེས་བྱ་བ། །ས་རོང་གྲམ་དང་མུ་ལས་སྐྱེ། །ལོ་མ་ཕྲ་ལ་རྩ་བ་སྦོམ།།  དཀར་པོ་རྐང་གཅིག་དྲི་མ་ཚ། །སྡོང་པོ་ཕྲ་ལ་མེ་ཏོག་དཀར། །གོས་དང་གང་བུ་རྐྱལ་པ་འདྲ། །འབྲས་བུ་དཀར་ཞིབ་སྲོ་མ་འདྲ། །སྣ་དང་རྣ་བ་འགགས་པ་སེལ།།  ཞེས་པ་བཞིན་ལ་རྩ་བ་ལོ་སྡོང་དཀར་ལ་ཆེ་བ་ལུག་སུག །ནག་ལ་ཆུང་བ་ར་སུག་གོ །དེ་ལྟར་རྩ་བའི་སྡེར་གཏོགས་པ་རྩ་བ་བཅུ་བདུན་ནང་ཚན་བཅས་སུམ་ཅུ་རྩ་དྲུག་རྒྱས་པར་བཤད་ཟིན་ཏོ།།

 

གཉིས་པ། ལོ་མ་བཏུ་བར་འོས་པའི་རིམ་པ་བཤད་པ།

ད་ནི་གཉིས་པ་ལོ་མ་བཏུ་བར་འོས་པའི་སྡེ་ཚན་བཤད་པ་ནི།

 

༡། སྟོང་རི་ཟིལ་པ།

སྟོང་རི་ཟིལ་པས་རིམས་དང་ཚད་རིགས་འཇོམས། །ཞེས་པ། དཔག་བསམ་ལྗོན་ཤིང་ལས། ཆུ་ལྡུམ་སྐོམ་ཚད་སེལ་བར་བྱེད། །མེ་ཡིས་ཚིག་པ་འཚོ་བར་ནུས།།  ཞེས་དང༌། རང་བྱུང་པས། སྟོང་རི་མཁྲིས་སྨན་མཁྲིས་ཚད་སེལ། །ཞེས་པར་མིང༌། ཀླུ་དུག་ནག་པོ། གཟའ་དུག་ནག་པོ། ཁ་ལ་རེག་གཅོད། ཁྲི་དུག་སྨན་གཅིག ལྡུམ་བུ་ར་ཐར། རྩ་སྨན་བཅད་འབྱོར། ཆུ་ལྡུམ་ཨོག་དཀར། སྔོན་པོ་བྱ་ཁྱུང༌། ལྡུམ་བུ་རྨ་བྱ། ཙལ་ན་ཡལ་ན། སྦོར་ཆུང་ཝ་རི། བསིལ་སྨན་ཟིལ་པ་ཅན། ཚད་སྨན་རླངས་པ་ཅན། བློན་པོ་ཆུ་ཆོད། ཁྲ་བོ་སྟག་རིས་རྣམས་ཟེར། འདི་ལ་རིགས་གཉིས་ཡོད། འཁྲུངས་དཔེར། ཏི་སེ་གངས་ཀྱི་འདབ་མ་ན། །ཆུ་དང་རྫ་བྲག་འདྲེས་པའི་སར། །ལྷ་དང་དྲང་སྲོང་གིས་བསྐྱེད་སྨན། །ལོ་མ་མཐུག་ལ་ཕྲ་བ་སྟེ། །སྡོང་བུ་ཁོང་སྟོང་ཕྲ་ལ་རིང༌། །མེ་ཏོག་སྔོ་དང་སེར་པོ་གཉིས། །མིང་ཡང་སོ་སོར་ལྷ་ཡིས་བཏགས། །ཞེས་དང༌། ལྗོན་ཤིང་ལས། སྟོང་རི་ཟིལ་པ་ཞེས་བྱ་བ། །རྫ་ཡི་ཆུ་ཤུལ་སྐྱེ་བ་སྟེ། མེ་ཏོག་སྔོ་དམར་ཟིལ་པ་ཅན། །ཚ་བ་ཐམས་ཅད་འཇོམས་པ་ཡིན།། མཁྲིས་ཚད་ཀུན་ལ་བདུད་རྩི་འདྲ། །ཁྱད་པར་གབ་པའི་ཚ་བ་སེལ། །ཞེས་པ་སྤྱིའི་གནས་ཚུལ་ཡིན་ལ། །བྱེ་བྲག་སོ་སོར་དབྱེ་བ་ནི། །མེ་ཏོག་སྔོ་སྨུག་ཡོད་པ་དེ། །ག་བུར་ནག་པོ་ཟིལ་གནོན་ཡིན། །རོ་ནི་ཁ་ལ་ནུས་པ་བསིལ། །ཤིང་བཅུད་ག་བུར་ཟིལ་གྱིས་གནོན། །ཞེས་གསུངས་པའི་མེ་ཏོག་སྔོ་ཁྲ་ཅན་ལ་ག་བུར་ཟིལ་གནོན་ཞེས་རྒོད་པ་ཡིན་ནོ། །གཉིས་པ་ནི། མེ་ཏོག་དམར་སེར་ཟིལ་པ་ཅན། །སྟོང་རི་ཟིལ་པ་བྱ་བ་ཡིན། །བདུད་རྩི་ཟིལ་པ་རྒྱུན་མི་འཆད། །འབྲས་བུ་ནག་པོ་གོ་སྙོད་འདྲ།།  དུམ་བུར་བཅད་འཕྲོ་ཁུ་བ་སེར། །རོ་ནུས་གོང་དང་འདྲ་ན་ཡང༌། །ཁྱད་པར་སྐྲངས་པ་འཇོམས་ལ་བསྔགས། །ཞེས་མེ་ཏོག་སེར་ཁྲ་ཅན་ལ་སྟོང་རི་ཟིལ་པ་ཟེར་བས་གཡུང་བའོ། །གཉིས་ལ་རྟོགས་བརྗོད་དུ། གངས་ཞོལ་གངས་ཆུར་སྐྱེས་པའི་ག་བུར་དང༌། །རིགས་བདུན་གཡུ་འདབ་མཛེས་པའི་ལན་ཚར་ལ། །རིན་ཆེན་སྣ་ལྔའི་མེ་ཏོག་ཚོམ་བུར་མཛེས། །བསིལ་ནུས་ཚད་རིམས་སེལ་བའི་གཙོ་མོ་ལགས། །ཞེས་གསུངས་པའི་ཟིལ་ཅན་བདུན་ནི། གོང་གི་གཙོ་མོ་གཉིས་དང༌། རིན་ཆེན་སྣ་ལྔའི་མེ་ཏོག་ཚོམ་བུ་མཛེས་གསུངས་པའི། དཀར་སེར་དམར་སྔོ་ནག་མདོག་ཅན་ལྔ་དང་བཅས་པའི་རིགས་བདུན་ཡིན་ལ། ལྔ་གང་ཞེ་ན། མེ་ཏོག་དཀར་སེར་ཅན་རྫ་དང་ལ་གངས་ལས་སྐྱེ་བ་སེང་གེ་ཟིལ་པ། སེར་པོ་ཅན་སྲིབ་དང་གསེབ་ལས་སྐྱེ་བ་རྒྱ་སྟག་ཟིལ་པ། སྔོ་དམར་ཅན་གཡའ་དང་ཤག་ལ་སྐྱེ་བ་སྨུག་ཆུང་ཟིལ་པ། སྔོན་པོ་ཅན་ཀླུང་དང་ཤོད་དུ་སྐྱེ་བ་གཡུ་འབྲུག་ཟིལ་པ། སྔོ་ནག་ཅན་ནགས་དང་རོང་དུ་སྐྱེ་བ་དོམ་ནག་ཟིལ་པ་དང་ལྔའོ། །གཞན་ཡང་སྐྲ་བཟང་ཟིལ་པ། རྩི་དམར་ཟིལ་པ། སྔོ་སྤྲིན་ཟིལ་པ་སོགས་མང་དུ་འདྲེན་པར་ཡོད་ཀྱང་རིགས་གཅིག་པའི་སྤུན་གྲས་སུ་གཏོགས་པ་ནི་བདུན་པོ་དེའོ།།

 

༢། གཡའ་ཀྱི་མོ།

གཡའ་ཀྱི་མོ་ཡིས་མཁྲིས་པ་ཞི་སྦྱོང་བྱེད། །ཅེས་པར། རང་བྱུང་པས་ཀྱང༌། གཡའ་ཀྱིས་མཁྲིས་པ་ཞི་སྦྱོང་བྱེད། །ཅེས་སོ། །མིང་ནི། རྒྱལ་པོ་ཟླ་བསིལ། གངས་ཀྱི་ལྷ་མོ། གཡའི་བཅུད། ཁྲག་དར་ཡ་ཀན། བདུད་རྩི་རབ་བསིལ་ཟེར། འཁྲུངས་དཔེར། གཡའ་ཀྱི་སྔོན་པོ་རི་གཉན་རྫ་ལས་སྐྱེ། །ལོ་མ་ལྗང་སེར་ཅུང་ཟད་སྐྱ། །སྒོར་མོ་པདྨ་སྤུངས་ལྟར་སྐྱེ། །རོ་ནི་ཤིན་ཏུ་ཁ་ལ་བསིལ། །ནུས་པས་མཁྲིས་ནད་ཞི་སྦྱོང་སྐྱུགས། །ཞེས་དང༌། རྟོགས་བརྗོད་ལས། གཡའ་གངས་ལྷ་ལྗོངས་སྐྱེས་པའི་གཡའ་ཀྱི་མོ། །ལོ་འདབ་གསེར་གྱི་པ་ཊ་འཁྱིལ་བ་ལ། །མེ་ཏོག་རིན་ཆེན་སྣ་ལྔའི་རྒྱན་གྱིས་མཛེས། །ཁ་བསིལ་མཁྲིས་ཚད་ཞི་སྦྱོང་གཙོ་མོ་ལགས། །ཞེས་པར། འདི་ལ་མེ་ཏོག་རིན་ཆེན་སྣ་ལྔའི་རྒྱན་གྱིས་མཛེས། །གསུངས་བཞིན་རིགས་ལྔར་དབྱེ་སྟེ། མེ་ཏོག་གི་ཁ་དོག་ལས་གཞན་འདྲ་བས། མེ་ཏོག་ལྗང་གུ་སྟེ་ལོ་མ་རང་མདོག་གཙོ་མོ། མེ་ཏོག་དཀར་པོ་དངུལ་གྱི། སེར་པོ་གསེར་གྱི། དམར་པོ་ཟངས་ཀྱི༌། སྔོན་པོ་ལྕགས་ཀྱི་འོ། །གཞན་བྲག་འོག་ཆར་ཉི་མི་ཕོག་པའི་བྲག་སྣེ་ལ་སོགས་ལ་བྱེད་པ་ནོར་བའོ།།

 

༣། སྟག་ཤ

སྟག་ཤས་རྨ་འདྲུབ་གཉན་གསོད་དུག་ནད་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། སྔོ་ཡི་རྒྱལ་པོ་སྟག་ཤ་བས། དྲི་མ་འགགས་པ་སེལ་བར་ནུས། །རྨར་བཏབ་ཤ་གསོ་རུས་འཛེར་འགོག །ཁོང་བཏང་རྩ་ཁ་འཛིན་པ་དང༌། །ཁྲག་གཅོད་སྨན་གྱི་གཙོ་བོ་ཡིན། །ཞེས་དང༌། རང་བྱུང་པས། སྟག་ཤ་དཀར་ནག་གཉིས་པོ་ཡིས། །གཉན་ནད་ཆུ་སེར་སྐེམ་པའི་མཆོག ཅེས་གསུངས། མིང་ནི། པ་ནི་གྷོ་ར། ཆུ་རྟ་མོ། ལྷོག་དུག གཉན་དུག གཉན་འདུལ། གཉན་ཐུབ་པ། རྟེན་ལྕེ་བ། ལག་ན་པད་ཕྲེང་ཅན་རྣམས་ཟེར། འདྲ་དཔེར། ཤ་རྒྱལ་དར་ཡ་ཀན་ཞེས་པ། །སྐམ་པའི་རི་དང་ཐང་ལས་སྐྱེ། ལོ་མ་མཐུག་ཕྲ་ཟུར་བཞིར་སྐྱེས། །མེ་ཏོག་སྨུག་པོ་སྲད་མ་འདྲ། །དྲི་ཆེ་ལྡང་ཞིང་གཏིང་ནས་ཞིམ། །བཅངས་ན་བདུད་རྩི་སྦྱིན་བག་འཛག།  སྲིད་པའི་ཁུ་ཁྲག་འདུས་པའི་ཤ།མིང་གཞན་ནག་པོ་ལྷོག་པའི་བདུད། །ཤ་ཡི་རྒྱལ་པོ་དར་ཡ་ཀན། །པ་ནི་གྷོ་ར་ཆུ་རྟ་མོ། །ཀླུ་གཉན་ཁྲག་དང་ཆུ་སེར་དང༌། །རྨ་དང་སྐྲངས་ཀྱི་བདུད་རྩི་ཡིན། །ཞེས་དང༌། འཁྲུངས་དཔེར། གཉན་དུག་ཅེས་བྱ་སྲིབ་མོར་སྐྱེ། །ལོ་མ་གཡུ་བུན་འཐིབ་པ་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །དྲི་དུགས་ཆེ་བས་གདོན་རྣམས་འདུལ། །ནུས་པས་གཉན་དང་ཚད་པ་སེལ། །སྐྲངས་པ་འདུལ་ཞིང་ལྷོག་པ་གསོད། །ཅེས་གསུངས། འདི་ལ་དཀར་ནག་གཉིས་བྱེད་པ་སྐྱེ་ལུགས་སོགས་འདྲ་ཡང༌། ཆེ་ལ་དྲི་མ་འཇམ་པ་དཀར་པོ། ཆུང་ལ་དྲི་མ་ཁ་བ་ནག་པའོ།།

 

༤། ཨ་ཝ།

ཨ་ཝས་བྱང་ཁོག་རྨ་དང་མིག་ལ་ཕན། །ཞེས་པས། ལྗོན་ཤིང་ལས། ལྡུམ་བུ་ཨ་ཝ་བྲག་ལས་སྐྱེ། །ལྗང་སྔོན་རྒྱ་ཁབ་གཤིབས་པ་འདྲ། །བྱང་ཁོག་སྐེམ་ཡིན་ཁྱད་པར་དུ། །མིག་གི་ནད་ལ་བདུད་རྩི་འདྲ། །ཞེས་དང༌། རང་བྱུང་པས། ཨ་ཝ་དང་ནི་ཨ་འདྲ་གཉིས། །མིག་གསལ་ཞ་རེངས་སེལ་བ་ཡིན། ཞེས་སོ། །མིང་ནི། དངུལ་གྱི་མོ་ཁབ། སྒོ་འབྱེད་སྨན། དངུལ་མཐུར། མུ་ཏིག་ཕྲ་བཀོད་ཟེར། འདི་ལ་རིགས་གསུམ་ལས། མཆོག་ནི། འཁྲུངས་དཔེར། བདུད་རྩི་ཨ་ཝ་བྲག་ལས་སྐྱེ། །མེ་ཏོག་འབྲས་བུ་གང་ཡང་མེད། །དབྱིབས་ནི་རྒྱ་ཁབ་གཤིབས་པ་འདྲ། །རོ་ནི་ཡིད་ཙམ་ཁ་ལ་དྭངས། །མིག་ནད་གསོ་བའི་བདུད་རྩི་ཡིན། །ཞེས་པ་བྱང་ལྟའི་བྲག་ལས་སྐྱེས་པའི་རྒྱ་ཁབ་གཤིབས་འདྲའོ། །འབྲིང་བ་ནི། ཨ་ཝ་དར་ལྗང་སྐུད་པ་འདྲ། །ཞེས་པ་སྐུད་པ་སྟོང་སྐུད་འདྲ་བ་ལ་མེ་ཏོག་དཀར་པོ་ཅུང་ཟད་ཙམ་ཡོད་པ་མོ་དང༌། མེད་པ་ཕོའོ། །ཐ་མ་ནི་ཨ་འདྲ་ཡང་ཟེར་ལ། ཨ་ཝ་ཕག་གི་ཟེ་བ་འདྲ། །ཞེས་པ་སྤང་ལས་སྐྱེ་བ་ལྗང་དཀར་ཕག་ཟེ་འདྲ་བ་ཆུན་བུ་ཆུང་བ་རེ་སྐྱེ་བ་དེའོ།།

 

༥། པརྤ་ཏ།

པརྤ་ཏ་ཡིས་རིམས་དང་དུག་ཚད་སེལ། །ཞེས་པར། རོ་སྐོར་ལས། །པརྤ་ཏ་ནི་རྩུབ་ལ་བསིལ་ཞིང་རྣོ། །ཞེས་དང༌། རང་བྱུང་ཞབས་ཀྱིས། པརྤ་ཏ་ཡིས་ཁྲག་ཚད་སེལ། །ཞེས་གསུངས། མིང༌། སྐྲ་བཟང་ཟིལ་པ། སྔོན་པོ་ཆིག་ཐུབ། འཁྲི་ཤིང་རལ་པ་ཅན། མི་རྒན་རལ་པ་ཅན། རིམས་འཇོམས། རྒྱ་ནག་པས། ཤ་ར་ཏ། ཕྲོམ་དུ། གན་འདི་འདོན་ཟེར། འཁྲུངས་དཔེར། པརྤ་ཏ་ཞེས་བྱ་བ་ནི། །ས་ནག་ཧྲུལ་དང་མཚེར་ལས་སྐྱེ། །ལོ་མ་སྔོ་སིབ་ས་ལ་གྲམ། །མེ་ཏོག་དཀར་པོ་འགྲོན་ཚོམ་འདྲ། །གང་བུ་ནར་མོ་ཉ་ག་ཅན། །འབྲས་བུ་ཞིབ་མོ་མོན་སྲན་དབྱིབས། །རོ་ཁ་ནུས་བསིལ་རིམས་དུག་སེལ། །ཞེས་པས་གསལ་ལོ།།

 

༦། འདམ་བུ་ཀ་ར།

འདམ་བུ་ཀ་རས་གློ་མཆིན་རྩ་ཚད་སེལ། །ཞེས་པར། རང་བྱུང་པས། འདམ་བུ་ཀ་རས་ཁྲག་ངན་འདྲེན། །ཞེས་སོ། །མིང༌། ལྗང་ལོ་ཚིག་སྐྱེ། རྩ་མངར། རྩད་བྱིད་ཟེར། འཁྲུངས་དཔེར། འདམ་བུ་ཀ་ར་ཆུ་ནང་སྐྱེ། །ལོ་མ་ནས་ཀྱི་ལྗང་ཆུང་འདྲ། །རོ་མངར་ངར་བ་ཟོར་བ་འདྲ། །ཁོང་སྟོང་སྙེ་མ་རམ་བུ་འདྲ། །མཆིན་ཚད་རུས་ཚད་སྨུག་པོ་དང༌། མཚོན་གྱིས་ཕོག་པའི་གློ་ནད་སེལ། །ཞེས་སོ།།

 

༧། ཀོན་པ་གབ་སྐྱེས།

ཀོན་པ་གབ་སྐྱེས་རྩ་ཚད་ཁྲག་ཤོར་གཅོད། །ཅེས་པར། རང་བྱུང་པས། སོག་ལེ་ཁ་ཡིས་ཁྲག་ཚད་སེལ། །གསུངས། མིང༌། ཀོན་པ་གབ་སྐྱེ། བསིལ་ལྡན་མྱུ་གུ། ཤ་དུག་ཆིག་ཐུབ། ཁྲོག་ཆེན་པོ། སོག་ལེ་ཁ་ཟེར། འཁྲུངས་དཔེར། ཀོན་པ་གབ་སྐྱེས་ཞེས་བྱ་བ། །ལོ་མ་ནག་སྲབ་ཉ་ག་ཅན། །ཕྱི་ནི་དཀར་བས་ཤོག་བུ་འདྲ། །མེ་ཏོག་རྒྱ་སྨུག་རོ་ནི་ཁ། །གསར་རྙིང་རྨ་རིགས་ཀུན་ལ་བསྔགས། །ཁྱད་པར་ཤ་དུག་འཇོམས་པར་བྱེད། །ཅེས་པ་འདབ་མ་འཕུར་ན་སྤྲ་བ་ལྟར་འགྲོ་བ་མེ་ཏོག་དོམ་དོམ་འདྲ་བའོ། །འདི་རྨ་སྨན་སེང་གེ་འཇིགས་མེད་ཕོ་རིགས་ཡིན་པར་བཤད་དོ། །འདི་ལ་རིགས་གཉིས་ཏེ། འདི་ལྟར་སྤང་ལས་སྐྱེ་བའི་ལོ་མ་ནག་མཐུག་དང༌། ཁ་སྨད་སྐྱེ་བའི་ལོ་མ་ཆེ་རིང་སྲབ་ལ་ཉ་ག་ཆེ་བ་སྟེ། སྔ་མ་ཕོ་དང་ཕྱི་མ་མོ་སྟེ། ཕྱི་མ་ལ་ཀོན་པ་གབ་ཆེན། སྔ་མ་ལ་གབ་ཆུང་ཡང་ཟེར་རོ།།

 

༨། ཁྲོག་ཆུང་བ།

དེ་བཞིན་ཁྲོག་ཆུང་བ་ཡང་ཁྲག་གཅོད་མཆོག །ཅེས་པར། འཁྲུངས་དཔེར། ཁྲོག་ཆུང་བ་ཞེས་བྱ་བའི་སྨན། །ལོ་མ་རྒྱབ་སྐྱ་སོག་ལེ་ཁ། །ཁྲག་གཅོད་སྨན་གྱི་རྒྱལ་པོ་ཡིན། །ཞེས་པ། ས་འབོལ་སར་སྐྱེ་བ་དབྱིབས་སྔ་མ་འདྲ་ལ་ལོ་མ་སྲབ་ཆུང་ཉུང་བ། ལོ་མའི་རྩེ་ཕྲ་གཏིང་པ་ཞེང་ཆེ་བ་སྟེ། སྔ་ཕྱི་གསུམ་དང་ཁྱད་པར་ཕྱི་མ་འདི་བཅད་ལ་ཁྲག་དྲོན་མོར་བཙུགས་པས་འགྲངས་པར་འཐུང་བར་བྱེད་དོ།།

 

༩། བཻ་ཌཱུ་རྱ།

བཻཌཱུརྱ་འདྲས་དམུ་འོར་ཆུ་འདྲེན་བྱེད། །ཅེས་པར་མིང༌། མདོག་ཅན། སྔོ་སྟབས་སེང༌། སྔོ་སྤྱི་བཞུར། ལྡུམ་སྔོན་ཟེར། གསང་བཅོས་ལས། གསང་བ་སྨན་གཅིག་མཚན་ཉིད་ནི། འདབ་མ་པདྨ་འདྲ་བ་ལ། མེ་ཏོག་རྨ་བྱའི་ཕོད་གདུགས་འདྲ། །རྒས་ན་རྒོད་པོ་འདྲ་བ་ཡིན། །ཆུར་བླུགས་བཻཌཱུརྱ་ཡི་མདངས། །ཀུན་ལ་ཕན་པས་བདུད་རྩི་འདྲ། །སྐྱེ་ས་གཡའ་སྤང་མཚམས་ལས་སྐྱེ། །ཁུ་བ་སྨན་བླའི་མདོག་ཅན་ནོ། །ཞེས་གསུངས། ཡང་ཁ་ཅིག་ཏུ། གསང་བའི་སྨན་མཆོག བཻཌཱུརྱ། མཐོ་ཞིང་གཙང་བའི་སྤང་ལས་སྐྱེ། །ལོ་མ་ལེབ་ཅིང་རྩེ་གསུམ་ལྡན། །སྤུ་ཆུང་ལྡན་པས་ས་གཞི་མནན། །སྡོང་བུ་ཐུང་ལ་མེ་ཏོག་ནི། །སྨུག་ནག་མགོ་རྡོག་ཆེར་མི་བཞད།།  འབྲས་བུ་ནག་གྱོང་ཞིབ་ལ་ལེབ། །ལོ་མ་བརྡུངས་ནས་ཆུར་སྦངས་ན། །གཡུ་ཡི་རྒྱ་མཚོ་བསྐྱིལ་བར་ནུས། །ནུས་པས་ཆུ་ཡི་རྒྱ་མཚོ་འདྲེན། །ཞེས་ར་ཤག་གཏེར་སྟོན་པས་དམུ་ཆུའི་གསང་ལྡུམ་གཙིགས་ཆེར་མཛད་པའོ།།

 

༡༠། གསོར་ལྡེམ།

གསོར་ལྡེམ་པ་ཡིས་མེས་ཚིག་རྨ་ལ་ཕན། །ཞེས་པ། འཁྲུངས་དཔེར། ཆུ་ནང་སྐྱེས་པའི་གསོར་ལྡེམ་པ། །ལོ་མ་རྩེ་གསུམ་ཤིང་གསོར་འདྲ། །མེ་ཏོག་དཀར་ལ་སེར་མདངས་ཅན། །མེས་ཚིག་རྨ་ལ་ཐེངས་པས་ཆོག །ཅེས་པ་ན་དང་ཀོ་མཚོ་ནང་དུ་སྐྱེ་བས་ནོར་ཡ་མེད་པའོ།།

 

༡༡། ཉ་ལྕིབས།

དེ་བཞིན་ཉ་ལྕིབས་མེས་ཚིག་ཆུ་སྐེམ་འཚོ། །ཞེས་པར། མིང༌། ཉ་ལྕིབས། ཆུ་བལ་མོ། ཉ་སྣབས། སྦལ་སྣབས་ཟེར། འཁྲུངས་དཔེར། ཆུ་ནང་སྐྱེས་པའི་ཆུ་བལ་མོ། །སྔོ་ལྗང་བལ་འདབ་ཆུར་བཅུག་འདྲ། །ནུས་པས་མེས་ཚིག་རྨ་ཚད་སེལ།།  ཞེས་པ། འགྲེལ་པ་ཟླ་ཟེར་ལས། ཉ་ལྕིབས་ནི་ཆུའི་ནང་ཉིད་ན་སྐྱེ་བའོ། །ཞེས་དང༌། མེས་པོའི་ཞལ་ལུང་ལས། ཆུ་ཤིན་ཏུ་དལ་བའི་ནང་དུ་སྐྱེས་པ་བ་ཐག་སྔོ་ནལ་ནལ་པོས་གང་བ་དང༌། གྲོང་པས་ཆུ་བལ་ཟེར་བ་དེའོ། །ཞེས་གསུངས་སོ། །འདི་ལ་དུད་པ་བྱ་བལ་མ་ཡང་ཟེར་རོ།།

 

༡༢། སྦལ་པའི་ལག་པ།

སྦལ་པའི་ལག་པས་དྲི་ཆུ་འགགས་པ་སེལ། །ཞེས་པ་ས་རོང་གི་བྲག་ལ་སྔོ་དབྱར་ཁ་བགྲད་ནས་སྐྱེ་ལ་སྟོན་དགུན་བྱའི་སྦར་མོ་བསྐུམ་པ་ལྟར་རུབ་ནས་འཁུམས་པ་ལོ་མ་སྦལ་པའི་ལག་པ་འདྲ་བ་སྟེ། སྔོ་ཆུ་སྲིན་སྡེར་མོ་ཡང་ཟེར་བ་དེའོ། །ཀླུ་སྨན་ལ་འདི་བཟང་བ་ཡིན། །མེ་ཏོག་སྒ་ཚ་སེར་པོའི་ལོ་མ་ལའང་སྦལ་པའི་ལག་པ་ཟེར་བས་སྐབས་ཐོབ་བརྟག་གོ།

 

༡༣། གསེར་སྐུད།

གསེར་སྐུད་གློ་མཆིན་རྩ་ཚད་དུག་ཚད་སེལ། །ཞེས་པར། བློ་གྲོས་རྒྱལ་པོས། གསེར་སྐུད་ནི་ནཱ་ག་ཕ་ལ་ཞེས་སམ། ཟེ་ངུ་ཞེས་པ་དེའོ་གསུངས། བཻ་སྔོན་དུ། འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་འདྲ་བའི་སྒོ་ནས་བཏགས་མིང་སྟེ། རྐང་ཕྲ་མོ་སེར་པོ་རོ་ཁ་བ་དེའོ། །དཀར་པོ་དངུལ་སྐུད་དུ་གྲགས་པའི་སྦོམ་པ་ཞིག་འདུག་གསུངས་པ་ལས། གང་ནས་བྱུང་དབྱིབས་རྒྱུ་མཚན་གང་ཡང་མ་གསུངས། ཁ་ཅིག་ཐང་ཤིང་ཤུག་པ་རྣམས་ལ་བལ་ལྟར་ཆགས་པའི་ཐང་བལ་ཟེར་བ་དེ་འདྲ་བ་ལ་ཁའི་སྤང་ལ་ཆགས་པ་དཀར་སེར་དམར་གསུམ་ཡོད་ལ་ཤིང་གི་ཐལ་བལ་གྱི་བལ་ལ་ཚོས་དམར་པོ་འབྱུང་ལ། ཁུ་བས་ཁང་པའི་ཞལ་བ་དང་ས་རྩིའི་དམ་དེ་ལས་བྱེད་པ་དང༌། དེ་ལ་འགའ་ཞིག་རི་ཚོས་ཡང་བྱེད་པར་སྣང༌། ཁོ་བོའི་སློབ་དཔོན་ནི་ལ་སྨན་ནང་དུ་སོག་མ་འདྲ་ལ་ཚིགས་ཐག་ཐུང་བ་སྦུབས་སྟོང་ཕྱི་སེར་པོ་གསེར་མདོག་འོད་ཅན་ཕྲ་སྦོམ་སོག་མ་ཙམ་པ་དང་རེ་གཉིས་སྦོམ་ལ་སྟོང་ལྷེབ་ཡོང་བ་ལ་མཛད་པར་སྣང༌། དེ་ནི་རྒྱ་ནག་སོགས་སུ་བྲག་ངོས་ལ་སྐུད་ཆུན་དཔྱངས་པ་ལྟར་བརྒྱད་དགུ་རེ་རླུང་གིས་བསྐྱོད་ཅིང་རྩ་བ་གཅིག་པ་ལས་ལོ་མ་མེ་ཏོག་གང་ཡང་མེད་པར་འདུག་གོ།

 

༡༤། ཀུ་ཤ

ཀུ་ཤས་ཚེ་སྲིང་ལུས་ཟུངས་རྒྱས་པར་བྱེད། །ཅེས་པར། རང་བྱུང་རྡོ་རྗེས། ཀུ་ཤས་ཤ་ཆེར་སྐྱེས་པ་སྟེ། །གསུངས་སོ། །ཀུ་ཤ་ཞེས་པ། བོད་སྐད་དུ་ངན་སེལ་ཏེ། རྒྱ་གར་ནས་འོང་བའི་རྩྭ་ཀུ་ཤ་བུམ་པའི་ཁ་རྒྱན་བྱེད་པའི་སྨྱུག་འདྲ་གྲ་མ་ཅན་འདིའོ།།  འདི་སྔོན་རྩྭ་འཚོང་བཀྲ་ཤིས་ཀྱིས་བཅོམ་ལྡན་འདས་ལ་ཕུལ་བ་དང༌། བཅོམ་ལྡན་འདས་ཀྱིས་དཀའ་སྤྱད་ལོ་དྲུག་མཛད་ཚེ་གདན་དུ་བཏིང་བར་མཛད་པའོ།།

 

༡༥། གཉན་འདུལ་བ།

གཉན་འདུལ་པ་ཡིས་གཉན་གཟེར་ཚ་བ་འཇོམས། །ཞེས་པ། འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་གཉན་འདུལ་པ། །བསིལ་ཞིང་མཐོ་བའི་རྩ་ལས་སྐྱེ། །དབྱིབས་ནི་བྱ་རྒོད་སུག་པ་འདྲ། །ཕྱི་སྐྱ་ནང་སྔོ་སྤུ་དང་ལྡན། །རོ་ནི་ཚ་ཁ་དྲི་མ་ཞིམ། །ནུས་པས་ཚད་གཉན་གག་སྲིན་འདུལ། །ཞེས་པ་སྡོང་བུ་གྲུ་བཞི་དམར་སྨུག་རྐང་ཅན། ལོ་མ་ཐེའུ་ཕྲན་བརྩེགས་འདྲའི་གསེང་ནས་མེ་ཏོག་སྔོན་པོ་གོས་སྤུ་ཅན་འཆར་བ་དེའོ།།

 

༡༦། གཉན་ཐུབ་པ།

གཉན་ཐུབ་པ་ཡིས་པགས་ནད་འཛེར་པ་ཞི། །ཞེས་པས་ཤག་གཡའ་འཁྲིགས་སུ་སྐྱེས་པ། མེ་ཏོག་སེར་པོ་སར་འབྱར། རྒས་ནས་ཆུ་བུར་ནོར་གྱི་ཁ་ཆེར་ལྟ་བུར་འབྱུང་བ་དེའོ།།

དེ་ལྟར་ལོ་མའི་སྡེ་ཚན་རྩ་བ་བཅུ་དྲུག་ནང་ཚན་བཅས་སོ་བཞི་རྒྱས་པར་བཤད་ཟིན་ཏོ།།

 

 

གསུམ་པ། མེ་ཏོག་བཏུ་བར་འོས་པའི་རིམ་པ་བསྟན་པ།

ད་ནི་གསུམ་པ་མེ་ཏོག་བཏུ་བར་འོས་པའི་སྡེ་ཚན་བཤད་པ་ནི།

༡། ཨུཏྤལ།

ཨུཏྤལ་གློ་མཆིན་ཚད་པ་མ་ལུས་སེལ། །ཞེས་པར། ལྕགས་ཕྲེང་ལས། ཨུཏྤལ་སྔོན་པོ་བསིལ་ལ་ལྕི། །ཞེས་དང༌། དཔག་བསམ་ལྗོན་པར། ཨུཏྤལ་ཚད་པའི་ནད་ཀུན་དང༌། །གྲེ་བ་ཚ་འགགས་སེལ་བར་བྱེད། །ཅེས་དང༌། རང་བྱུང་པས། ཨུཏྤལ་གློ་མཆིན་ཚད་པ་འཇོམས། །ཞེས་པ་ལ། རིགས་དཀར་དམར་སྔོ་སེར་བཞི་འབྱུང༌། འདིར་སྔོན་པོ་སྟེ། མིང༌། ནིའ་ལ། ཨུཏྤལ། ཨུཏྤལ་སྔོན་པོ། མངོན་རྟོགས་སུ། བསིལ་ལ་མཐོ་བའི་བྱང་བལྟའི་རིར་སྐྱེས་པ། ཨུཏྤལ་ཞེས་བྱའི་མེ་ཏོག་དྲི་བསུང་ལྡན། །རྩ་བ་རྐང་གཅིག་ལྕ་བ་འདྲ་བ་ལ། །ལོ་མ་རྩེ་ཟླུམ་ལྗང་སྐྱ་སྤུ་ཆུང་ཅན། །སྡོང་བུ་མེ་ཏོག་ལྡུམ་རའི་རྒྱ་མེན་འདྲ། །གེ་སར་རིང་ལ་ཟེའུ་འབྲུ་ཕྲུམ་ཕྲུམ་རྒྱས། །གང་བུ་རྡོ་རྗེ་ཕྱེད་པའི་ཁོང་བུ་རུ། །འབྲས་བུ་ནག་ལ་ཞིབ་མང་ལྡན་པ་ཡིན། །རོ་ནི་མངར་བསྐ་དྲི་བསུང་ངད་དང་ལྡན། །མེ་ཏོག་ཁ་དོག་དབང་གིས་རིགས་བཞི་འབྱུང༌།། དཀར་པོས་བད་རླུང་སྔོན་པོས་ཚད་མཁྲིས་འཇོམས། །དམར་པོས་ཁྲག་འཇོམས་སེར་པོས་བད་ཀན་སྐྱུགས། །ཞེས་གསུངས་པ་བཞིན་ཏེ། ལོ་སྡོང་སྤུ་ཆུང་ཅན་ཀུན་འདྲ་བར་གྱུར་པའི་དཀར་སྔོ་དམར་གསུམ་དྲི་ཞིམ་ལ། རྩ་བ་གཅིག་ལ་མེ་ཏོག་མང་ཡང་སྡོང་བུ་རྒྱ་མེན་ལྟར་གེར་སྐྱེས་ལས་མགོ་འབྲེལ་མི་འབྱུང་བས། ཇོ་བོས། ཨུཏྤལ་སྔོན་པོ་དཔའ་བོ་ཆིག་སྐྱེས་མང༌། ཞེས་སོ། །འགའ་ཞིག་ཤེའུ་དར་དགེའུ་དར་ཡང་ཟེར། དམར་པོ་འདབ་མ་སྲབ་ལ་ཆེད་དུ་རིང་བའོ། །གཞན་སྔ་མ་དང་འདྲ་རུང་སྡོང་པོ་ཁོང་སྟོང་གཅིག་ལ་ངར་བ་དང་མེ་ཏོག་སོ་སོར་གྱེས་པས་སྔ་མ་ལས་རིང་སྦོམ་ཆེ་བ་དང༌། དྲི་མ་དུགས་པ་སྟེ། ལྕང་ཤོག་སེར་པོ་ཡང་ཟེར། ག་བུ་ལྕང་ཤོག་ཀྱང་ཟེར། གཟའ་དུག་སེར་པོ་ཡང་ཟེར་བའོ།།

 

༢། མེ་ཏོག་ལུག་མིག

མེ་ཏོག་ལུག་མིག་དུག་དང་རིམས་ཚད་སེལ། །ཞེས་པར། ལྕགས་ཕྲེང་ལས། ནཱི་ལ་ཨུཏྤལ་སྙོམས་པའོ། །ཞེས་དང༌། ལྗོན་ཤིང་ལས། ལུག་མིག་ཚ་བའི་ནད་རིགས་སེལ། །དུག་གིས་ཤུ་བ་རེངས་འཁུམས་བསྲིངས། །ཞེས་དང༌། རང་བྱུང་པས། རྒྱལ་བའི་སྤྱན་གྱིས་རྣག་ཁྲག་སྐེམ། །ལུག་མིག་གདོན་ཚད་ནད་ལ་ཕན། ཞེས་ཆེ་ཆུང་གཉིས་ཀའི་ནུས་པ་གསུངས་སོ། །ལུག་མིག་ལ་རིགས་མང་ཡང་སྐབས་འདིར་དགོས་པ་ནི་སྔོན་པོ་རྒྱལ་བའི་སྤྱན་ཅན་ཡིན་ལ། མིང་ནི། རྒྱལ་བའི་སྤྱན་ཅན། ནིའ་ལ་ཨུཏྤལ། བློན་པོ་དངུལ་མདོག གོ་སླད། ཨུཏྤལ་རལ་གྲི་མ། རལ་གྲིའི་འཁོར་ལོ། འདབ་སྔོན་སྟོང་ལྡན། སྒྲོལ་སྔོན་སྟོང་འཁོར། ལུག་སྐྱེས་མའི་མིག ཨ་བྱག་སྔོན་པོ་རྣམས་ཟེར། སྤྱིའི་ལོ་རྒྱུས་ནི། སྔོན་ཚེ་རྒྱལ་པོ་ཡུལ་འཁོར་སྲུང་གི་བུའི་ཐུ་བོ་རྒྱལ་པོ་བཤེས་གཉེན་བྱ་བས་ལྷ་དང་དྲང་སྲོང་ལ་མཆོད་སྦྱིན་རྒྱ་ཆེན་བྱས་པའི་ཚེ། དྲང་སྲོང་རཀྟ་ན་རེ། མ་ཧཱ་དེ་བ་ཀུན་གྱི་མཇུག་ཏུ་སྤྱན་དྲོངས་བྱས་པས། དེ་བཞིན་བྱས་ཚེ་ལྷ་ཆེན་པོ་མཇུག་ཏུ་སྤྱན་དྲངས་པ་ལ་མ་མཉེས་ཏེ། ཁྲོས་ནས་དཔྲལ་བ་ནས་མིག་སེར་ལ་འབུར་བ་གསུམ་ཕྱུང་སྟེ། གང་དུ་བལྟས་པའི་ཡུལ་དུ་ནད་འདུ་བ་རྣམ་པ་བཞི་བྱུང༌། ཆུང་མ་ནམ་གྲུ་མ་རེ་མ་ཏིའ་དང་རླུང་ལྷའི་ལག་ཏུ་ནད་རྐྱལ་བསྐུར་ཏེ་གཏོར་བས་མི་ལ་རིམས་ནད་བྱུང་བ་རིམ་པས་འགོས། དེ་དག་གིས་གར་བལྟས་ཀྱིས་ལ་ནད་རྣམ་པ་སྣ་ཚོགས་སྐྱེས་པ་དེ་གང་གིས་ལན་གཞན་གྱིས་མ་ཤེས། འཕགས་པ་འཇམ་དཔལ་གྱིས་ནད་དབང་ཕྱུག་ཆེན་པོས་བཏང་བ་མཁྱེན་ཏེ། ལྷ་མོ་ལུག་སྐྱེས་མ་ཨུ་མ་དེ་ཝིའའི་མིག་བླངས་ཏེ་རྒྱལ་བའི་སྤྱན་དུ་བྱིན་གྱིས་བརླབས་ནས་ནད་དེ་དག་གི་གཉེན་པོར་སྨོན་ལམ་བཏབ་ནས་ས་ལ་བཏབ་པས། ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར་འཕྲོད་པའི་མེ་ཏོག་སྔོན་པོ་འདབ་མ་སྟོང་དང་ལྡན་པའམ། གཉེན་པོ་བཞི་བརྒྱ་རྩ་བཞིའི་འདབ་མ་རྒྱས་པ་སྐྱེས། དེ་ལྷ་མོ་ལུག་སྐྱེས་མའི་མིག་ལས་བྱུང་བས་ལུག་མིག་ཏུ་གྲགས་པའོ། །གཞན་གྱིས་མིག་གིས་བལྟས་པ་ལས་སྐྱེས་པའི་ནད་ཐམས་ཅད་འཇམ་དཔལ་གྱིས་ཞི་བར་མཛད་ནས་བདུད་རྩི་སྨན་གྱི་ངོ་བོ་ལ་རྣམ་པ་སོ་སོའི་མིག་འདྲ་བར་སྐྱེས་པ་དབང་ཕྱུག་གི་མིག་གསུམ་སྟེ། ལུག་མིག་འདྲ་བ་ཆེ་ལ་མགོ་གཉིས་གསུམ་སོགས་གྱེས་པར་རྐང་གཅིག་པ་ལ་དོམ་རལ་བ་ཞེས་མགོ་ཆག་གསང་ལྡུམ་དུ་བྱེད་པ་དང༌། རྟིང་པ་ཤིང་གི་ཁེ་ཚེ་ཅན་སྔོན་པོ་དང་སེར་པོ་མིང་ཅན་སྐབས་གོང་དུ་བཤད་དང་གསུམ་མོ། །སྔོ་སྐྱ་ཆུང་བ་ཆུ་ཀླུང་དང་ན་ལས་སྐྱེས་པ་ལུག་ཆུང་དུ་གྲགས་པ་དབང་པོ་སྟོབས་བཟང་གི་མིག་གོ །གཡའ་དང་སྤང་ལས་སྐྱེས་པ་སེར་པོ་ཨ་བྱག་ཆེ་ཆུང་གནོད་སྦྱིན་གྱི་མིག་ཡིན་པར་བཤད་པའོ།།  སྐབས་འདིར་ལུག་མིག་སྔོན་པོ་ནི། འཁྲུངས་དཔེར། ལུག་མིག་ན་སྤང་ཉིན་སྲིབ་སྐྱེ། །ལོ་མ་སྔོ་སྐྱ་ཆུང་ལ་སྒོར། །སྡོང་པོ་སྨུག་ལ་རིང་བ་ཡིན། །མེ་ཏོག་ཨུཏྤལ་འདབ་སྟོང་ལྡན། །འདབ་མ་སྔོ་ལ་གེ་སར་སེར། །རོ་ནི་ཅུང་ཟད་ཁ་བ་ཡིན། །རྒྱལ་བའི་སྤྱན་ཞེས་བྱ་བ་ཡིན། །ནུས་པས་རིམས་དང་དུག་ཚད་སེལ། །གཞན་ཡང་མི་འཕྲོད་མི་ཕན་མེད། །ཅེས་སོ།།

 

༣། ལུག་ཆུང༌།

ལུག་ཆུང་རིམས་དུག་སྨུག་པོ་རྩ་ཚད་སེལ། །ཞེས་པ་གོང་གི་སྟོབས་བཟང་མིག་ཅེས་པ་སྟེ། ལུག་མིག་ལས་ཆུང་ལ་དཀར་ཞིང་ཞིབ་མང་སྐྱེས་པ་དེའོ།།

 

༤། ཨ་བྱག

ཨ་བྱག་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ། །ཞེས་པར། རང་བྱུང་པས། མེ་ཏོག་གུར་ཀུམ་གཉན་ཚད་འཇོམས། །ཨ་བྱག་ཆེན་པོས་གཟེར་རྣམས་འཇོམས།། གསུངས། མིང༌། ཨ་བྱག་སེར་པོ། ཨ་བྱག་གཟེར་འཇོམས། སྤང་གི་གུར་ཀུམ། མེ་ཏོག་གུར་ཀུམ། ལྷ་ཁང་གུར་ཀུམ། ལུག་མིག་སེར་པོ། ཨ་བྱག་གུར་ཀུམ། མིང་ཅན་སེར་ཆུང༌། རང་འཐག་མགོ གནོད་སྦྱིན་མིག་རྣམས་ཟེར། འཁྲུངས་དཔེར། མེ་ཏོག་ཨ་བྱག་ཅེས་བྱ་བ། །སྲིབ་མོའི་ན་སྤང་དག་ལས་སྐྱེ། །ལོ་མ་སྤུན་རྩུབ་རྣོ་ལ་གྱོང༌། །སྡོང་བུ་གདུགས་ཀྱི་ཡུ་བ་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་ལྷོག་པ་འཇོམས། །ཞེས་མེ་ཏོག་དམར་སེར་ལུག་མིག་དབྱིབས་ལ་དེ་བས་འདབ་མ་ཉུང་བ་སྟེ། འདི་ལ་རིགས་གཉིས་ཀྱི་རྒོད་པའམ་བཟང་བ་སྔ་མ་ཡིན། འདིའི་ལོ་མ་རྣོ་རྩུབ་ཤུག་ཚེར་འདྲ་བ་དེ་སྣ་ནང་དུ་བཅུག་ལ་ཕྱི་ནས་འཕུར་བས་སྣ་ཁྲག་ཐེབས་པར་འགྱུར་བས་ལྡུམ་བུ་ཁྲག་གཏར་ཡང་ཟེར། གཡུང་བའམ་དམན་པ་ནི། ས་དམའ་སར་སྐྱེ་བ་མེ་ཏོག་སྔ་མ་ལྟར་ལ་ལོ་མ་ཁུར་ལོ་འདྲ་བའོ།།

 

 

༥ ཚེར་སྔོན།

ཚེར་སྔོན་རུས་ཆག་གསོ་ཞིང་ལྷ་བ་འདེགས། །ཞེས་པར། རང་བྱུང་རྡོ་རྗེས། ཨ་བྱག་ཚེར་སྔོན་མགོ་ལ་ཕན། །ཞེས་པར། མིང༌། སྔོན་པོ་དར་ཡ་ཀན། ཆུ་འབྱིན་རྒྱལ་མོ། སྔོན་པོ་བདེ་སྐྱེད། ཟུག་རྔུ་འདྲེན་བྱེད། ཚེར་མ་དར་བཏུམ། མདའ་གཞུ་ཅན། ཨ་ཙ་རའི་རླིག་འབྲས་ཟེར། འཁྲུངས་དཔེར། ཨ་བྱག་ཚེར་སྔོན་སྔོ་ཡི་རིགས། །ལོ་མ་སྡོང་པོ་ཚེར་མ་ཅན། །མེ་ཏོག་སྔོན་པོ་རོ་ནི་ཁ། །རང་གི་ནུས་པས་རུས་ཚད་སེལ། །མགོ་ཆག་རྨ་ཡི་དར་ཡ་ཀན། །ཞེས་པས། ལོ་མ་སྡོང་པོ་མེ་ཏོག་གི་གོས་དང་གོང་བུ་རྣམས་ཚེར་མའི་རང་བཞིན་ལས་སྐྱེ་ཚུལ་སྡོང་པོ་ཨུཏྤལ་སེར་པོ། མེ་ཏོག་ཨུཏྤལ་སྔོན་པོ་འདྲ་ལ་ཁྱད་པར་འདིའི་མེ་ཏོག་སྔོ་བསངས་ཡིན། ཨུཏྤལ་མེ་ཏོག་སྔོ་ཡང་དམར་མདངས་ཡོད་ལ་སྣུམ། འདིས་མེ་ཏོག་བརླན་པའི་ཁྱད་པར་རོ། །འདི་ལ་རིགས་གསུམ་འོང་ཡང་དོན་ནུས་པ་སོགས་མཚུངས་ཚུལ་ནི། སྡོང་པོ་ཁོང་སྟོང་སྦོམ་པ་ལ་ཡལ་ག་མང་བ་གོང་བཤད་འདི་དང་གཅིག ལོ་མ་སྔ་མ་ལས་ཆེ་ཞིང་སྡོང་པོ་སྨུག་པོ་ཟྭ་ཤིང་འདྲ་བ་སྨུག་པོ་ལ་ཤིང་གི་ཡལ་ག་ལྟར་གྱེས་པ་ལས་མེ་ཏོག་འཆར་བ་དང་གཉིས། རྩ་བ་གཅིག་ལ་སྡོང་བུ་སོ་སོར་གྱེས་པ་ལས་སྤྱི་སྡོང་ཆེ་བ་མེད་པ་རྒྱ་མེན་ལྟར་སྐྱེས་པ་དང་གསུམ་མོ། །ཀུན་ཀྱང་ཚེར་མའི་རང་བཞིན་ཅན་ནོ།།

 

༦། ཨུག་ཆོས།

ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང༌། །ཞེས་པར། རང་བྱུང་པས། ཨུག་ཆོས་རྩ་གསོ་རྣ་བར་ཕན། །ཞེས་པ་ལ་རིགས་གཉིས་ཏེ། འཁྲུངས་དཔེར། ཨུག་ཆོས་ཞེས་བྱའི་མེ་ཏོག་ལ། །རིགས་ནི་དཀར་དམར་གཉིས་སུ་ཡོད། །དམར་པོ་བྲག་དང་གཡའ་ལས་སྐྱེ། །ལོ་མ་ས་འབྱར་ཉ་ག་ཅན། །མེ་ཏོག་བྱུ་རུའི་ཕུང་པོ་འདྲ། །ཟེའུ་འབྲུ་རྡོ་རྗེའི་ར་འདྲ་སེར། །གོང་བུ་དགོ་བའི་རྭ་འདྲའི་ནང༌། །འབྲས་བུ་རྒྱ་ཡི་སྲན་ཆུང་ངམ། །དུག་མོ་ཉུང་འདྲ་ནག་ལ་སྣུམ། །རོ་ནི་ཁ་ལ་མངར་བ་ཡིན། །ནུས་པས་རླུང་འཁྱིལ་འབྱིན་པར་བྱེད། །ཅེས་པའི་མེ་ཏོག་བཏུ་བ་ཡིན་རུང་རྣ་བའི་ནད་ལ་འབྲས་བུ་དགོས་པ་དང༌། གློ་བའི་སྐབས་ཤིག །རྩ་བ་དཀར་པོ་སྤྱན་རས་གཟིགས།། ལོ་མ་སྔོན་པོ་ཕྱག་རྡོར་དང༌། །མེ་ཏོག་དམར་པོ་འཇམ་དཔལ་དབྱངས། །ཞེས་གསུམ་ཀ་དགོས་པའང་ཡོད། །ཨུག་ཆོས་དཀར་པོ་ནི། འཁྲུངས་དཔེར། ཨུག་ཆོས་དཀར་པོ་ཞེས་བྱ་བ། །ལོ་མ་དམར་པོ་འདྲ་ན་ཡང༌། །མེ་ཏོག་དཀར་པོ་རོ་ཁ་བས། །ཆུ་སེར་མ་ལུས་འདྲེན་པར་བྱེད། །ཅེས་སོ། །འདི་མཁའ་འགྲོ་སྙན་རྒྱུད་ཀྱི་སྐབས་རྫས་འགར་རྩ་བ་མེད་ཐབས་མེད་པར་བཤད། རིགས་སེར་པོ་ཞིག་ཀྱང་ཡོད་ཚོད་དུ་གྲགས་སོ།།

 

༧། གང་གཱ་ཆུང༌།

གང་གཱ་ཆུང་གིས་དུག་དང་ཚད་འཁྲུ་གཅོད། །ཅེས་པར། རང་བྱུང་པས། གང་གཱ་ཆུང་དང་ག་བུར་མཚུངས། །གསུངས། མིང༌། རྒྱལ་མཚན་གང་གཱ་ཆུང༌། གངས་ལས་སྐྱེས་པའི་ཨ་བྷིའ་ཥ། དཀར་པོ་ཆིག་ཐུབ། ལ་ནས་འོང་བའི་དར་ཡ་ཀན་ཟེར། འཁྲུངས་དཔེར། གང་གཱ་ཆུང་ཞེས་བྱ་བ་ནི། །ཁྱི་དང་བུད་མེད་མི་འགྲོ་སའི། །མཐོ་བའི་གཡའ་ཞིབ་རྫ་ལས་སྐྱེ། །ལོ་མ་ཐིས་ཚེ་བརྩེགས་པ་ཡི། །ཟུར་བཞི་ལོགས་བརྒྱད་མཆོད་རྟེན་བརྩེགས། །དེ་སྟེང་མེ་ཏོག་དཀར་པོ་ལ། །སྔོ་དང་དམར་བའི་མདངས་འོད་ཆགས། །དྲིལ་བུ་གྱེན་དུ་ཁ་བཟེད་འདྲ། །རྩ་བ་རྒྱུས་པ་འཛིངས་པ་འདྲ། །ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། རྒྱལ་མཚན་གང་ཆུང་ཞེས་བྱ་བ། །ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ། །འཇམ་པ་གངས་དར་ལོགས་ལས་སྐྱེ། །ལོ་མ་བརྩེགས་པ་འདྲ་བ་ཡིན། །ཤིན་ཏུ་ཁ་བས་ཁྲག་མཁྲིས་སེལ། །དུག་དང་ཚ་བའི་ནད་ཀུན་འཇོམས། །སྨུག་པོ་ཁྲག་ལམ་ཆད་པ་ལ། །ང་མེད་སྨན་པ་སྡུག་གོ་ཟེར། །ཞེས་དང༌། རྟོགས་བརྗོད་ལས། གངས་ཅན་གཡའ་ཤག་སྐྱེས་པའི་གང་གཱ་ཆུང༌། །ཟུར་ལོགས་མཆོད་རྟེན་བརྩེགས་པའི་རྩེ་མོ་ལ། །རབ་མཛེས་ཨུཏྤལ་དགོད་པའི་ཆུན་པོས་བརྒྱན།།  ཚ་བ་ཀུན་སེལ་ཚ་འཁྲུ་དུག་ནད་འཇོམས། །ཞེས་བཤད་དོ།།

 

༨། ཀྱི་ལྕེ་དཀར་པོ།

ཀྱི་ལྕེ་དཀར་པོས་སྣོད་ཚད་མཁྲིས་ཚད་སེལ། །ཞེས་པ་ལ། དཔག་བསམ་ལྗོན་པར། ཤེལ་ཏང་དཀར་པོས་ཁྲག་རྣམས་གཅོད། །བཏུལ་མས་དཀྲིས་ན་སྐྲངས་རྣམས་འཇོམས། །རྨ་འདུལ་བཏབ་ན་རྩ་ཚད་སྡོམ། །ཞེས་དང༌། རང་བྱུང་པས། དཀར་པོས་མཛེ་ནད་དུག་ཚད་འཇོམས། །ཞེས་གསུངས། མིང་ནི། ཏྲ་ཡ་ན། ཏྲ་ཡ་མཱ་ན། སྐྱོབ་བྱེད། བིཥྟུཀྲནྟ།  ཀུ་ཀ་རྐ། བུ་དཀར་ཅན། ཤ་ལང་བ། ཤ་ལང་འབངས། བོང་རྣ་བ། སྐུ་དཀར། གནོད་སྦྱིན་ལྕེ། ཤེལ་ཏང་དཀར་པོ། ལ་ཕྲམ་དཀར་པོ། ཁྱི་དཀར་དུང་གི་ཐག་པ་ཅན་ཟེར། འདི་ལ་དཀར་ནག་གཉིས་ཡོད། འདི་དཀར་པོ་སྟེ། འཁྲུངས་དཔེར། ཀྱི་ལྕེ་དཀར་པོ་སྤང་ལས་སྐྱེ། །ལོ་མ་སྔོ་ལ་མཐུག་འཇམ་རིང༌། །སྡོང་པོ་དམར་ལ་མེ་ཏོག་དཀར། །འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ། །རོ་ནི་ཁ་ལ་རྩུབ་པ་ཡིན། །ཞེས་པ་སྡོང་བུ་གྱེན་དུ་ལངས་པའི་རྩེར་མེ་ཏོག་སྤང་རྒྱན་འདྲ་བ་སྔོ་ཁྲ་མང་བ་མགོ་འབྲེལ་དུ་སྐྱེ་བའོ།།

 

༩། ཀྱི་ལྕེ་ནག་པོ།

ནག་པོས་སྐྲངས་འཇོམས་གག་པ་ཆུ་སེར་སྐེམ། །ཞེས་པའི་ནག་པོ་ནི། ལྗོན་ཤིང་ལས། ནག་པོས་ཆུ་སེར་སྐེམ་པའི་མཆོག །གག་པས་གྲེ་བ་འགགས་པ་དང༌།།  ཡན་ལག་སྐྲངས་པ་འཇིལ་བ་ཡིན། །དང༌། རང་བྱུང་པས། ཀྱི་ལྕེ་ནག་པོས་གཉན་སྐྲངས་སེལ། །ཞེས་སོ། །མིང༌། རྫ་མ། སྐྱོང་བྱེད། ཤེལ་ཏང་ནག་པོ། སྤྱང་དུག་ནག་པོ། ཀྱི་ལྕེ་ནག་པོ་ཟེར། དབྱིབས་དཀར་པོ་དང་འདྲ་ལ་ལོ་མ་དེ་ལས་ཆེ་བ་མེ་ཏོག་དཀར་པོ་མདངས་མི་གསལ་བ་ལོ་སྡོང་ས་ལ་བགྲད་ནས་ཐང་སོགས་བདེ་སར་སྐྱེ་བ། རྩ་བས་སྒྲོན་མེ་དང་དེ་ལ་བརྟེན་ནས་དྲེག་པས་སྣག་ཚ་ཉན་པར་གསུངས།།

 

༡༠། སྤང་རྒྱན་དཀར་པོ། སྔོན་པོ། ནག་པོ།

སྤང་རྒྱན་དཀར་པོས་དུག་དང་གྲེ་ནད་སེལ། །ཞེས་པར། དཔག་བསམ་ལྗོན་པར། སྤང་རྒྱན་དཀར་པོས་དུག་ནད་སེལ། །ཚ་བའི་ནད་རིགས་ཐམས་ཅད་དང༌།།  ལྷག་པར་གྲེ་བ་ཚ་འགགས་སེལ། །ཚ་བའི་ནད་རིགས་ཐམས་ཅད་དང༌། སྤང་རྒྱན་དཀར་པོས་གློ་ཚད་སེལ། །སྔོན་པོ་དེ་དང་ཕྱོགས་མཐུན་བསིལ། །དང༌། ལྕགས་ཕྲེང་ལས། སྤང་རྒྱན་དཀར་པོ་བསིལ་ལ་བསྐ་བས་ཚད་ནད་ཐམས་ཅད་སེལ། ། རང་གི་ནུས་པས་དུག་དང་གྲེ་བར་ཕན། །གསུངས། འདི་ལ་རིགས་གསུམ། དཀར་སྔོ་ནག་གསུམ་མོ། །དཀར་པོ་འདི་ལ་མིང༌། ཏ་པ་ནི། ཨུཏྤལ་དཀར་པོ་ཟེར། འཁྲུངས་དཔེར། སྤང་རྒྱན་དཀར་པོ་སྤང་ལས་སྐྱེ། །ལོ་མ་ཆུང་ལ་མེ་ཏོག་རྒྱས། །རོ་ནི་ཁ་ལ་ཚད་རིམས་སེལ། །ཞེས་གསུངས། འདི་ལ་མཐོན་པོའི་ཁར་སྟོན་རྟིང་ས་འཁྱགས་ཁ་སྐྱེ་ལ། ལོ་མ་ཀྱི་ལྕེ་འདྲ་ལ་སྡོང་བུ་མེད་པར་ས་ནས་མེ་ཏོག་དཀར་ལ་དམར་མདངས་རྒྱས་པ་ཆེ་བ་བཞི་ལྔ་ཙམ་རྟིང་པ་འབྲེལ་ནས་སྐྱེ་བའོ།།

སྔོན་པོ་ནི། རང་བྱུང་པས། སྔོན་པོ་དཀར་པོར་ཕྱོགས་མཐུན་བསིལ། གསུངས་པ། སྟོན་མགོ་ས་ནས་སྐྱེ་ལ་ན་སྤང་རླན་ཤས་ཅན་ལས་སྐྱེ་བ་དབྱིབས་སྔ་མ་འདྲ་ལ་ཆུང་ལ་སྔོ་སྐྱ་ཁ་དོག་ཤིན་ཏུ་གསལ་བའོ།།

ནག་པོ་ནི། དཔག་བསམ་ལྗོན་ཤིང་ལས། སྤང་རྒྱན་ནག་པོས་འབྲུམ་པ་ཞི།།  གསུངས་ལ། མན་ངག་འགའ་ཞིག་ཏུ། འབྲུམ་ནག་སྨན་ལ་བཟང་བར་བཤད་པ། སྟོན་གཞུང་དུས་སྐྱེ་བ་ཚུལ་སྔ་མ་ཇི་ལྟ་བ་ལས་ཁ་དོག་མཐིང་ག་ཤིན་ཏུ་གསལ་བ་སྔོན་པོ་ལས་ཅུང་ཆེ་བའོ། །འདི་གསུམ་སྔོའི་ལྷ་མོ་སྤུན་གསུམ་དེ་སྤང་གི་བུ་མོ་སྤུན་གསུམ་དུ་སྤྲུལ་ནས། སོས་ཀ་ས་ལ་དྲོད་རྟ་རྔ་ཙམ་བརྒྱུས་པ་ནས་སྨན་རྣམས་ཀྱི་སྣ་ཁྲིད་དེ་དཔྱིད་གསུམ་ལ་གཡར་མོ་ཐང་པ་སྒ་ཏིག་ཀོ་ཋ་གསུམ་དུ་འཁྲུངས། འདི་གསུམ་འཁྲུངས་ནས་སྨན་རིགས་ཐམས་ཅད་མི་སྐྱེ་རང་དབང་མེད། སྟོན་ཁ་སའི་དྲོད་ཤོར་ནས་སྨན་རྣམས་ཀྱི་མཇུག་སྡུད་པ་ལ་སྤང་རྒྱན་སྤུན་གསུམ་དུ་འཁྲུངས་ཏེ། ཆུང་འབྲིང་ཆེ་གསུམ་སྟོན་ཟླ་གསུམ་ལ་འཆར། འདི་གསུམ་ཤར་ནས་སྨན་རིགས་ཐམས་ཅད་མི་འགྲོ་རང་དབང་མེད་ཅེས་པ་སོགས་རྒྱ་ཆེར་སྨན་གྱི་མངོན་རྟོགས་ལས་བཤད་དོ།།

 

༡༡། དེ་ཝ། སྔོ་དེ་ཝ། ཆུ་དེ་ཝ། ཤིང་དེ་ཝ།

དེ་ཝས་རིམས་སེལ་རྩ་མཁྲིས་མཁྲིས་ཚད་སེལ། །ཞེས་གསུངས་པའི། དེ་ཝ་ནི། སྔོ་དེ་ཝ། ཆུ་དེ་ཝ། ཤིང་དེ་ཝ་ཞེས་རིགས་གསུམ་ལས།

སྔོ་དེ་ཝ་ནི། ཨུ་རྒྱན་འཁྲུངས་དཔེར། དེ་ཝ་གཡའ་སྤང་རྫ་འདབ་སྐྱེ། །ལོ་མ་སྔོན་པོ་ཉ་ག་ཅན། །ས་ལ་གབ་པའི་ཚུལ་གྱིས་སྐྱེ། །མེ་ཏོག་གཡུ་ཆུང་དྲུག་དཀར་མདོག །དབྱིབས་ནི་སྟང་ཟིལ་མེ་ཏོག་དབྱིབས། །གཉིས་གསུམ་ལས་ནི་མང་བ་མེད། །ལྔ་ཡན་ཤར་ན་ནོར་བ་ཡི། །སྡོང་བུ་སོར་གསུམ་ལས་མི་རིང༌། །སོར་བཞི་འདས་ན་དེ་ཡང་ནོར། །རོ་ནི་ཁ་མངར་རིམས་ཚད་ལ། །འདི་ལས་གཞན་པའི་གྲོགས་མི་ལྟ། །ཞེས་གསུངས་པ་དེའོ།།

ཆུ་དེ་ཝ་ནི། ལོ་མ་མཐུག་པ་ས་ལས་འཕགས་ཙམ་ལས་མི་སྐྱེ། མེ་ཏོག་སྔོན་པོ་ལུག་མིག་འདྲ་བའོ།།

ཤིང་དེ་ཝ་ནི། ཡན་ལག་བརྒྱད་པར། དེ་ཝ་ཀ་ལིང་ཀ་པྲ་ཐོག །ཅེས་པའི་འགྲེལ་པ་ལས། དེ་ཝ་ནི་བྲི་ཧང་ད་རུ་སྟེ། ཤིང་ཆེན་པོ་ཞིག་གོ །ཞེས་པས་ཤིང་འདེལ་བ་ཟེར་བའི་ཤིང་སྦྱར་པ་འདྲ་ལ་དེ་ལས་ཅུང་ཟད་དཀར་བ་མཛེར་པ་མང་ལ་མཁྲེགས་པའོ། །མ་རྙེད་ན་སྦྱར་པས་ཚབ་རུང་བར་བཤད་འདུག་གོ།

 

༡༢། རྩ་མཁྲིས། གསེར་མཁྲིས། བ་མོ་ཁ།

རྩ་མཁྲིས་ནི། རིགས་གཉིས་ཏེ། རྗེ་རང་བྱུང་པས། རྩ་མཁྲིས་ནག་དང་དཀར་བ་གཉིས། །རྩ་གསོ་མཁྲིས་པའི་ནད་ལ་ཕན། །ཞེས་གསུངས་པས། ཞིང་སྐྱེས་གསེར་མཁྲིས་དང༌། རི་སྐྱེས་བ་མོ་ཁ་གཉིས་སོ། །ཞིང་སྐྱེས་ལ་མིང༌། རོང་སྐྱེས་སེར་པོ། གསེར་མཁྲིས། བཙུན་མོ་ཞིང་སྐྱེས། འོ་འཛི་བ་ཟེར། འཁྲུངས་དཔེར། རྩ་མཁྲིས་ཞིང་མུ་ཐ་བར་སྐྱེ། །ལོ་མ་སྔོ་འཇམ་ཕྲ་བ་ལ། །མེ་ཏོག་སེར་པོ་འདབ་བཞིའམ། །ཡང་ན་འདབ་མ་མང་བར་རུང༌། །བཅད་ན་ཞོ་འཛག་རོ་ནི་ཁ། །ནུས་པས་མཁྲིས་ནད་མ་ལུས་འཇོམས། །ཞེས་གསུངས་པ་བཞིན། ལོ་མ་སྔོ་སིབ་མེ་ཏོག་ཁུར་ནག་འདྲ་ལ་ཆུང་བ། བོང་མཐོ་རེ་ཙམ་ལས་མི་སྐྱེ། ཕྲ་ལ་སྙོམས་པ་བཅད་ན་འོ་མ་འཛག་པའོ།།

རི་སྐྱེས་བ་མོ་ཁ་ནི། ལོ་མ་ཕྲ་ལ་རིང་བ་སྒང་རྩི་མོན་ཆུང་གི་ལོ་མ་འདྲ་བ། སྡོང་པོ་མཛུབ་རེ་ཙམ་ལ་མེ་ཏོག་སྔོ་སྟབ་སེང་པའི་མེ་ཏོག་ལྟར་སྨུག་རྡོག་སྐྱེ་བ། ལོ་མ་བཅད་ན་བལ་སྤུ་དཀར་པོ་འབྱུང་ཞིང་འཕུར་ན་སྤྲ་བ་འདྲ་བ་རོ་ཁ་བ་དེའོ།།

 

༡༣། སྒ་ཚ།

སྒ་ཚས་དྲོད་སྐྱེད་རུལ་གཅོད་ཆུ་སེར་འདྲེན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། ལྕེ་ཚ་ཚ་ཞིང་དམུ་རྫིང་སྐེམ། །ཆུ་སེར་གཏིང་ནས་འབྱིན་པར་བྱེད། །ལྷག་པར་མགོ་ཡི་འཐིབ་པ་འཇོམས། །དང༌། རང་བྱུང་པས། ལྕེ་ཚ་བ་ཡིས་གག་པ་སེལ། །ཞེས་པར་མིང༌། མེ་ཏོག་ལྕེ་ཚ། སྒ་ཚ། བོང་བུ་ལན་ཚྭ་དང༌། མེ་ཏོག་ལ། གསེར་འདབ་ལྔ་པ། ལོ་མ་ལ་སྦལ་པའི་ལག་པའང་ཟེར། སྔོ་ཆུ་སྲིན་སྡེར་མོ་ལ་སྦལ་པ་ལག་པ་ཟེར་བ་དང་མ་ནོར། འཁྲུངས་དཔེར། བོང་བུ་ལན་ཚྭ་ཞེས་བྱ་བ། །ན་སྤང་ལྷས་དང་སྲིབ་ལས་སྐྱེ། །ལོ་མ་སྦལ་པའི་ལག་པ་འདྲ། །མེ་ཏོག་སེར་པོ་འོད་དང་ལྡན། རོ་ནི་ཚ་ལ་ནུས་པ་ཡིས། །གྲང་སྐྲན་དམུ་ཆུ་གག་པ་སེལ། །ཞེས་པ་བཞིན་ནོ།།

 

༡༤། གཡར་མོ་ཐང་པ།

གཡར་མོ་ཐང་པས་སྐྲངས་འཇོམས་རྨ་ལ་ཕན། །ཞེས་པར། མིང༌། གཡར་མོ་ཐང་པ། བསིང་མ་དམར་པོ། ལུ་གུ་མེ་ཏོག་ཟེར། འཁྲུངས་དཔེར། གཡར་མོ་ཐང་ཞེས་བྱ་བ་ནི། །སྤང་ལྗང་ནེའུ་སེང་ཀུན་ལས་སྐྱེ། །མེ་ཏོག་པདྨ་རཱ་གའི་མདངས།།  ཟེའུ་མདངས་བྱ་མིག་གྱེན་ལྟ་འདྲ། །མང་བས་ས་གཞི་དམར་པོར་བསྒྱུར། །ལོ་མ་ཕྲ་སིབ་ཉ་ག་ཅན། །རང་གི་ནུས་པས་སྐྲངས་པ་འཇོམས། །ཞེས་དཔྱིད་ཀྱི་ཐོག་མར་སྐྱེ་ལ་པུཥྤེའི་སྦྲང་ཆང་སྐབས་དགོས་པའི་པུཥྤ་ནི་འདིའོ།།

 

༡༥། པད་རྩ།

པད་རྩས་མདངས་འབྱིན་མེ་དབལ་གཉན་ལ་ཕན། །ཞེས་པར། རང་བྱུང་པས། པདྨའི་རྩ་ལོས་ལུས་ཟུངས་སྐྱེད། །གསུངས། འདི་ནི་ལྡུམ་པར་འཛུགས་པའི་མེ་ཏོག་དཀར་པོ་པུ|u་རིའ་ཀ་དང༌། དམར་པོ་གངས་ལ་ཟེར་བ་ལོ་རེ་བཞིན་ས་བོན་འདེབས་དགོས་པ་དེའོ།།

 

༡༦། རྒྱ་མེན།

རྒྱ་མེན་ཁྲག་འཁྲུགས་རོ་སྟོད་གཟེར་བར་ཕན། །ཞེས་པར། འདི་ཡང་ལྡུམ་རར་འཛུགས་པའི་མེ་ཏོག་གཏན་ཟུག་རྩ་བ་གཞོན་ཚེ་མེ་ཏོག་ངུར་དམར་དང༌། རྒས་ནས་ངུར་སེར་འཆར་བའི་རྩ་གཞོན་ངུར་དམར་ལི་ཁྲི་ཁ་དེའོ། །མིང་བཙུན་པ་མེ་ཏོག །ངུར་སྨྲིག་འཛིན་པ། འཆི་མེད་མེ་ཏོག་གཏན་ལ་གནས། རྒྱའི་མེ་ཏོག་ཟེར།།

 

༡༧། ལེ་བརྒན།

ལེ་བརྒན་རྩ་ཆད་མཐུད་བྱེད་རྨ་ལ་ཕན། །ཞེས་པར། སློབ་དཔོན་དཔའ་བོས། ལེ་བརྒན་སྣུམ་མངར་ཁ་ཞིང་དྲོ། །ལྕི་ཞིང་བད་ཀན་མཁྲིས་པ་སྐྱེད། །མིག་གནོད་ཁུ་སྐམ་ཞུ་རྗེས་ཚ། །ཞེས་དང༌། རང་བྱུང་རྡོ་རྗེས། ལེ་བརྒན་རྩི་ཡིས་གློ་རྣག་སེལ།།  ཞེས་གསུངས་སོ། །ཡུལ་སྐད་དུ། མངའ་རིའི་མེ་ཏོག་ལྡུམ་རར་སྐྱེ། །ཞེས་པ་རྐང་ཕྲ་ལ་ལོ་མ་དང་ངར་པ་བར་བར་ནས་འཕྲེད་དུ་སྐྱེ་བ། སྒོ་ངན་པ་ལས་དབྱིབས་བལ་པོ་མེ་ཏོག་འདྲ་བ། འདབ་མ་བརྒྱད་པ་ནང་གོས་སྤྲུག་རྒྱ་ཚོས། ཕྱི་ལུ་ཧང༌། ཟེའུ་འབྲུ་སེར་པོ་རྐང་སྦུབས་ཅན་དེའོ། །གུར་ཀུམ་ལ་ལེ་བརྒན་རྩི་ཞེས་པ་དང༌། འདི་མངའ་རིའི་མེ་ཏོག་ལེ་བརྒན་རྩི་ཞེས་པ་མ་འཁྲུལ་ཞིག།

 

༡༨། ལུག་རུ་སྨུག་པོ། དམར་པོ། སེར་པོ།

ལུག་རུ་སྨུག་པོས་དུག་སྡུད་ཤ་དུག་སེལ། །ཞེས་པ་ལ་རིགས་གསུམ་སྟེ། སྨུག་དམར་སེར་གསུམ་མོ། །འཁྲུངས་དཔེར། ལུག་རུ་སྤུན་གསུམ་བྱ་བ་ནི། །དམར་སེར་སྨུག་པོ་གསུམ་ཡིན་ཏེ། །དམར་སེར་རྣམ་གཉིས་ན་ཁར་སྐྱེ། །སྨུག་པོ་རྡོ་རོག་གསེབ་ན་སྐྱེ། །ལོ་མ་རིང་ལ་ཉ་ག་ཅན། །མེ་ཏོག་ལུག་གི་རྭ་འཁྱིལ་འདྲ། །རོ་ནི་ཁ་ལ་སླ་བ་ཡིན། །ཞེས་སྤྱིར་གསུངས། མིང་སྨུག་པོ་ལ་ཐལ་ཏྲེས་ཟེར། རྒྱ་སྐད་གྷ་ན་ཟེར། ལོ་མ་དམར་སྨུག་གཉིས་ཕྱོགས་འདྲ། ལོ་མ་ཉ་ག་ཅན་སྨུག་པོ་ལ་མེ་ཏོག་དམར་སྨུག་རྐང་སྦུབས་རིང་ལ་ལོགས་གཅིག་ཏུ་འདབ་མ་གསུམ་ཡོད་པའི་ཕྱོགས་གཅིག་ནས་མེ་ཏོག་ལུག་ཐུག་གི་རྭ་འདྲ་བར་འཁྱིལ་བའོ།།

ལུག་རུ་དམར་པོ་ནི་མེ་ཏོག་དམར་པོའོ།།

སེར་པོ་ནི། དཔག་བསམ་ལྗོན་ཤིང་ལས། ལུག་རུ་སེར་པོས་ཚ་བ་སེལ། །རྒྱས་པའི་ཚད་རླུང་འབྱེད་པར་ནུས། །ཞེས་དང༌། གེག་སེལ་ལས། ལུག་རུ་སེར་པོས་ཆུ་འཐུང་ཐིག་ལེ་སྲུང༌། །ཞེས་སོ། །འདིའི་ལོ་མ་ལྗང་སེར་ཡིན། ཁ་དོག་མ་གཏོགས་དམར་སེར་གཉིས་འདྲ་ལ་མེ་ཏོག་གི་རྐང་སྦུབས་རིང་ལ་དྲི་མ་ཤིན་ཏུ་ཞིམ་པོ་ཡིན། འདི་རི་སྐྱེས་ལ་དཀར་པོ་དང་ཀླུང་སྐྱེས་ལ་སེར་པོ་བྱེད་པའང་ཡོད།

 

༡༩། མེ་ཏོག་གླང་སྣ།

མེ་ཏོག་གླང་སྣས་རྨ་འདྲུབ་ཆུ་འབྱེད་བྱེད། །ཅེས་པར། རང་བྱུང་པས། གླང་སྣ་ཡིས་ཀྱང་ཆུ་འགགས་སེལ། །གསུངས། འཁྲུངས་དཔེར། གླང་སྣ་ཉིན་སྲིབ་སྤང་ལས་སྐྱེ། །རྩ་བ་སྡོང་པོ་གཅིག་པོ་སྟེ། །མེ་ཏོག་ཕྲ་མོ་རྒྱ་ཚོས་ཁ། །སྣ་རྒྱག་གླང་ཆེན་སྣ་དང་འདྲ། །ལོ་མ་སྨུག་ལ་སྲབ་དྲི་ཞིམ། །ནུས་པས་རུས་པའི་ཆུ་སེར་སྐེམ། རྨ་འདྲུབ་ཆུ་འདྲེན་བཅུད་དང་ལྡན། །ཞེས་པ་འདི་ལ་རིགས་ལྔ་སྟེ། ལྷ་གླང༌། འདྲེ་གླང༌། ཕོ་གླང༌། མོ་གླང༌། མ་ནིང་གླང་སྣའོ། །གང་ཡང་མེ་ཏོག་དམར་ལ་དབྱིབས་འདྲ་བ་སྟེ། ཁྱད་པར་ནི། ལྷ་གླང་སྒོར་ཆེར་དཀར་མདངས་ཆེ་ལ་མིག་མདངས་ཅན་ནོ། །འདྲེ་གླང་དམར་ནག་སྣ་རྒྱག་ཐུང་ལ་དོད་པ་ཙམ་མོ། །ཕོ་གླང་བོང་ཐུང་འདབ་མ་ཆེ་སྲབ་སྣ་སྦོམ་ལ་ཐུང་བའོ། །མོ་གླང་རིང་ལ་ཕྲ་སྲབ་འདབ་ཆུང་སྣ་ཕྲ་ཐུང་བའོ། །མ་ནིང་རྐང་རིང་ཕྲ་ལ་སྣ་རྒྱག་ཤིན་ཏུ་རིང་བ་ཡིན། ལྷ་གླང་བཅུད་ཆེ་དྲི་མ་ཞིམ། ཕོ་གླང་མོར་གཏོང་མོ་གླང་ཕོ་ལ་གཏོང༌། མ་ནིང་ཕོ་མོ་གཉིས་ཀར་བཟང་ཞིང་རྫས་ཀྱི་མཆོག །འདྲེ་གླང་རྫས་ངན་སྐབས་མ་གཏོགས་སྤང་བྱའོ།།

 

༢༠། ཤང་ཤང་དྲིལ་བུ།

ཤང་ཤང་དྲིལ་བུས་རྩ་ཁྲག་ནད་ཀུན་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། ཤང་དྲིལ་དམར་པོས་དམར་བཤལ་གཅོད། །ཚད་ནད་ཆུ་སེར་སེལ་བའི་མཆོག །དཀར་པོས་རླུང་འཁྲུགས་སྟོང་རིམས་སེལ། །སེར་པོས་བུ་ཆུང་ཚ་འཁྲུ་གཅོད། །དང༌། རང་བྱུང་པས། ཤང་དྲིལ་དཀར་པོས་ནད་ལ་ཕན། །དམར་པོ་དྲི་ཆེན་གདོན་ཚད་ཕན། །སྔོན་པོས་གློ་རྣག་ཞི་བར་བྱེད། །སེར་པོས་ཚད་པ་ཀུན་ལ་ཕན། །མིང་ནི། ཆུ་མེན་པ། ཨིནྡྲ་ནིཡ་ན། རྒྱ་ཤོ་བ། རྨ་མེད། དགོ་མོ་རྐང༌། ཆུ་སྐྱོགས། དབུ་བཟང་རམ་བུ་རྣམས་ཟེར། འཁྲུངས་དཔེར། ཤང་དྲིལ་དཀར་སེར་དམར་སྨུག་བཞི། །ལོ་མ་རྩུབ་སྐྱ་བརླམ་པ་ལ། །སྡོང་བུ་སྤོས་རིང་འདྲ་བའི་རྩེར། །མེ་ཏོག་དྲིལ་བུའི་ཚོམ་བུ་འཕྱངས། །ལོ་མས་ས་གཞི་མནན་ནས་སྐྱེ། །སྡོང་བུར་ཡོ་མེད་དྲང་ལ་མཁྲངས། །རིགས་ནི་ཁ་དོག་དག་གིས་དབྱེ། །དམར་སེར་གཉིས་ནི་ཆུ་ལས་སྐྱེ། །དཀར་སྨུག་རི་དང་སྐམ་སར་སྐྱེ། །རོ་ནི་ཅུང་ཟད་ཁ་མངར་བཅས། །དམར་པོར་དམར་པོ་དར་ཡ་ཀན། །དབུ་བཟང་རམ་བུ་དམར་པོ་ཟེར།།  སྨུག་པོར་ཤང་དྲིལ་སྨུག་པོ་ཟེར། །ལ་ལས་ཤ་ཕོ་རྒྱུ་མ་ཟེར། །རྨ་ལ་བཏབ་ན་འདྲུབ་པར་བྱེད། །ཆུས་མི་འཇིགས་པའི་སྨན་ཡིན་ནོ། །དམར་པོས་ཁྲག་ནད་གློ་ནད་འཇོམས། །དཀར་པོས་རིམས་འཁྲུགས་རླུང་ལ་ཕན། །ཞེས་གསུངས། སྨུག་པོ་སྔོན་པོ་ཡང་ཟེར་བས། མེ་ཏོག་དམར་སྨུག་སྔོ་མདངས་ཆེ་བའོ། །དམར་པོ་དམར་སངས་སེར་པོ་སེར་སངས་ཡིན་ལ། །དཀར་པོ་ནི་དཀར་སེར་རམ་སེར་སྐྱའོ།།

 

༢༡། སྒ་ཏིག་ནག་པོ།

སྒ་ཏིག་ནག་པོས་དམུ་རྫིང་ཆུ་སེར་འདྲེན། །ཞེས་པར། ལྗོན་ཤིང་ལས། སྒ་ཏིག་ནག་པོས་ལྷོག་པ་གསོ། །ཚ་བ་འཇོམས་དང་སྐེམ་པར་བྱེད། །ཅེས་དང༌། རང་བྱུང་པས། སྒ་ཏིག་ཚ་ཆུ་སེལ་བའི་མཆོག །གསུངས། མིང༌། མཐོ་རིས། ཆུ་འདྲེན་ཟེར། དྷརྨ་སྭ་མིའས། སྒ་ཏིག་ནག་པོ་ཞེས་བྱ་བ། །ས་བྲག་འདྲེས་པའི་ངོས་ལས་སྐྱེ།།  རྩ་བ་རྒྱུས་པ་བཤད་པ་འདྲ། །ལོ་མ་སུམ་ཅུ་ཏིག་གི་དབྱིབས། །པད་འདབ་བྱ་སྤུ་ཡོད་པས་བསྐོར། །སྡོང་བུ་སྤོས་རེང་དམར་པོ་འདྲ། །རྩེ་མོར་མེ་ཏོག་དགུ་བདུན་འདུས། །མེ་ཏོག་དམར་པོ་བྱ་མིག་འདྲ། །གཡར་མོ་ཐང་དང་གཉིས་མེད་མཚུངས།།  མེ་ཏོག་དབྱར་ཟླ་འབྲིང་པོར་འཁྲུངས། །སྔོན་མོ་ཆབ་འདྲེན་ཞེས་སུ་གྲགས། །ཁ་ཅིག་སྤང་སྤོས་ཡིན་ཞེས་འཁྲུལ། །ཞེས་གསུངས་པས་གསལ་ལོ།།

 

༢༢། མེ་ཏོག་སེར་ཆེན།

མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གསོ། །ཞེས་པར། རང་བྱུང་པས། སེར་ཆེན་རྣག་དང་སྟོད་ཚད་འཇོམས། །ཞེས་པར། འཁྲུངས་དཔེར། མཁའ་འགྲོ་གསང་སྨན་སེར་ཆེན་པ། །ལོ་མ་སྔོ་ལྗང་ཕྱི་སྤུ་ཆུང་ཡང་ཟེར་རྒྱབ་སྐྱ། །རྒྱ་ཁུར་ལོ་མའི་ཕྱོགས་དང་ཉེ། །རྩ་བ་སེར་པོ་འོ་མ་ཅན། །སྡོང་པོ་དཔལ་གང་པ་དང་འདྲ། །མེ་ཏོག་སེར་དབྱིབས་རྒྱ་མེན་འདྲ། །འབྲས་བུ་བདུད་རྩིའི་ག་འུ་འདྲ། །བྱ་འགྱུར་མོ་རྐང་རིང་དག་གིས་རྙེད། །མགོ་ཆག་རྩ་རྒྱུས་གསོ་བའི་མཆོག །ལེ་བརྒན་རྩི་བོལ་མེ་ཏོག་ཟེར། །ཞེས་པས་སྐམ་སར་སྐྱེ་པའི་ལོ་རྐང་སོགས་རྒྱ་མེན་དང་དབྱིབས་འདྲ་ལ་ལོ་མ་ལབ་ལོ་དང་འདྲ་བ་རྐང་དེ་ལས་ཐུང་ཞིང་མེ་ཏོག་སེར་པོ་འཆར་བ་ཞིག་གོ།

དེ་ལྟར་སྔོའི་མེ་ཏོག་རྩ་བ་ཉེར་གཅིག་རིགས་དབྱེ་བཅས་ཞེ་ལྔ་བཤད་ཟིན་ཏོ།།

 

བཞི་པ། འབྲས་བུ་བཏུ་བར་འོས་པའི་རིམ་པ་བསྟན་པ།

ད་ནི་བཞི་པ་འབྲས་བུ་བཏུ་བར་འོས་པའི་རིམ་པ་བཤད་པར་བྱ་སྟེ།

 

༡། གསེར་གྱི་མེ་ཏོག

གསེར་གྱི་མེ་ཏོག་སྣོད་ཚད་མཁྲིས་ཚད་སེལ། །ཞེས་པར། རྩིས་ཉི་ཟླའི་འཁོར་ལོར། གསེར་གྱི་མེ་ཏོག་བསིལ་ལ་རྣོ་བས་མཁྲིས་པ་སྣོད་ལྷུང་སེལ། །དང༌། རང་བྱུང་པས། གསེར་གྱི་མེ་ཏོག་མཁྲིས་པའི་སྨན་ཞེས་སོ། །མིང༌། སོ་ན་པུ>aེ། གསེར་མེ། གསོར་མགོ གཟོང་མཆུ་ཟེར། འཁྲུངས་དཔེར། གསེར་གྱི་མེ་ཏོག་ཅེས་བྱ་བ། །སྡོང་པོ་ཕྲ་རིང་ལོ་མ་ཆེ། །མེ་ཏོག་སེར་པོ་འོད་དུ་འབར། །འབྲས་བུ་ཤིང་བཟའི་གསོར་དང་འདྲ། །གཞན་ལ་འཁྲིས་ཤིང་སྐྱེ་བ་ཡིན། །ཞེས་པ་ལྡུམ་རར་སྐྱེ་བ་ཡིན། འཇུས་དང་འཇང་སོགས་སུ་མ་བཏབ་པར་འཐོར་བ་ལ་བརྟེན་ནས་གར་ཡང་སྐྱེ། ཡུལ་དེར་གཤིན་ཐག་མེ་ཏོག་ཟེར། རྒྱ་གར་ནས་འབྲས་བུ་ཞེང་སོར་གང་དྲག་ཙམ་ལ་སྣ་སོར་དོར་ཉེ་བ་ཙམ་འབྱུང་བ་བཟང་ངོ༌།།

 

༢། གསེར་གྱི་ཕུད་བུ།

གསེར་གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །ཞེས་པར། རང་བྱུང་པས། གསེར་གྱི་ཕུད་བུས་སྟོད་དུ་འདྲེན། གསུངས། མིང༌། གསེར་རོག་ཟེར། འཁྲུངས་དཔེར། གསེར་གྱི་ཕུད་བུ་ཞེས་བྱ་བ། །འབྲས་བུ་སྦྱར་བ་མགོ་བཅད་འདྲ། །རོ་ནི་ཁ་ལ་རྩུབ་པ་ཡིན། །རང་གི་ནུས་པས་དུག་ནད་དང༌། །བད་མཁྲིས་སེལ་ཞིང་གྱེན་དུ་འདྲེན། །ཞེས་པ་སྐྱེ་ཚུལ་སྔ་མ་ལྟར་ལས་མེ་ཏོག་སེར་པོ་འབྲས་བུ་བཻཏའི་འབྲས་བུ་ལྟར་རྩྭས་བཏུམས་པའི་ནང་ནས་འབྲས་བུ་ནག་ལེབ་སྦུར་བ་ཞར་བ་འདྲ་བ་འབྱུང་བ་བཟང༌། དཀར་པོའང་ཡོང་བར་སྣང༌། དམན་པ་རྩྭ་ལྡུམ་ལས་བྱུང་བ་སྣལ་མའི་ཕུད་གཟུགས་འདྲ་བ་ཡང་འབྱུང་ངོ༌།།

 

༣། དུག་མོ་ཉུང༌།

དུག་མོ་ཉུང་གིས་མཁྲིས་སེལ་ཚ་འཁྲུ་གཅོད། །ཅེས་པར། རང་བྱུང་པས། དུག་ཉུང་མཁྲིས་ནད་གཉེན་པོ་སྟེ། །གསུངས། མིང༌། ཀུ་ཊ་ཛ། བཅད་སྐྱེས། ཨིནྡྲ་ནིཡ་བཾ། དབང་པོའི་ནས། ཕ་ལ། འབྲས། བྷ་དྲ་ཡ་བཾ། ནས་བཟང༌། ཀྲྀ་ཥཛྲ་ཀ འབྲས་ནག སུ་མུ་ཁ། བཞིན་བཟང༌། ཤ་ཀྲཿབརྒྱ་བྱིན་ཤིང༌། བརྶ་ཀཿབུ་ཅན། གི་རི་མལླིཏ། རིགས་ཕྲེང༌། ཨེ་ཏ་སྱཻ། བདེ་བའི་འབྲས་བུ། ཨིནྡྲ་ནིཛ་བ། དབང་པོའི་ས་བན། བཙྪ་ཀ་ཟེར། རྒྱུད་སཾ་པུ་ཌ་ལས། དབང་པོའི་ནུས་ནི་ཀུ་ཌ་ཛའི་ས་བོན་ཏེ། ཞེས་པས། ལྷ་དབང་བརྒྱ་བྱིན་གྱིས་ནས་ཀྱིས་བོན་སྨོན་ལམ་བཅས་བཏབ་པ་ལས་བྱུང་བར་བཤད་པས། ཨིནྡྲ་ནིདབང་པོ་དང༌། ཡ་བ་ནས་ཡིན་པས། དབང་པོའི་ནས་སོ། གབ་ཏུ། དབང་པོ་དང༌། བརྒྱ་བྱིན་དང༌། ལྷ་མིན་དགྲ་དང༌། ཤ་མ་ལེ་ཟེར། མངོན་རྟོགས་ལས། ཨིནྡྲ་ནིཡ་བ་ཞེས་བྱ་བ། །ས་རོང་གྲམ་དང་ནགས་གསེབ་སྐྱེ། །ལོ་མ་བྲ་ལོ་འདྲ་ལ་ཆེ། །སྡོང་བུ་ཤིང་ལ་འཁྲིས་ནས་སྐྱེ། །འཁྲི་ས་མེད་ན་ཁྲུ་རེ་ཙམ། །འཁྲིས་ན་གྲོགས་ཀྱིས་གར་སླེབས་སྐྱེ། །མེ་ཏོག་སེར་པོ་ཆུང་བ་ཡིན། །གོང་བུ་རིལ་མོ་མཆུ་རིངས་ནང༌། །འབྲས་བུ་ནེ་ཙོའི་ལྕེ་འདྲ་བ། །བྱ་རྒོད་སྤུ་འདྲས་དྲིལ་ནས་ཡོད། །ཅེས་གསུངས་པས་གསལ། རྒྱ་བལ་ལྷོ་མོན་ནས་འབྲས་བུ་ནེ་ཙོའི་ལྕེ་ཙམ་ཡོད་པ་འབྱུང་བ་བཟང་ཞེས་དང༌། ཆགས་སྨན་རིན་རྒྱལ་བས། ཤིན་ཏུ་ཕྲ་བའི་དུག་མོ་ཉུང༌། །ཞེས་ཆུང་ན་བཟང་བར་བཤད། འོན་ཀྱང་རོ་གང་ཁ་བ་བཟང་གསུངས་སོ།།

 

༤། འུ་སུ།

འུ་སུས་ཕོ་བའི་བད་ཀན་ཚ་བ་སེལ། །ཞེས་པར། ལྕགས་ཕྲེང་ལས། འུ་སུ་ཤུ་ཏི་བསེ་ཡབ་འདྲ་སྟེ་རྣོ་བར་བྱེད། །ཅེས་དང༌། དཔག་བསམ་ལྗོན་པར། འུ་སུ་ཐང་དུ་བསྐོལ་བླུད་ན། །བད་ཀན་སྨུག་པོ་འཇོམས་པ་ཡིན། །དང༌། རང་བྱུང་པས། འུ་སུ་གླང་ཐབས་སྒང་སེལ་མཆོག །གསུངས། མིང༌། ཤ་ཏ་པུཥྤེ། མེ་ཏོག་བརྒྱ་པ། ཤ་ཏ་ཨངྒ། ཡན་ལག་བརྒྱ་པ། ཤ་ཏ་ཧོ། བརྒྱའི་མིང་ཅན། དྷ་ནྱ། དྷཱ་ནི་ཡ་ཟེར། གབ་ཏུ། སྐོམ་སེལ་ཟེར། འཁྲུངས་དཔེར། འུ་སུ་ལྡུམ་ར་བཟང་པོར་སྐྱེ།། ལོ་སྡོང་མེ་ཏོག་གོ་སྙོད་འདྲ། །འབྲས་བུ་ག་བུ་ཁ་སྦྱོར་འདྲ། །རང་གིས་ནུས་པས་བད་ཀན་སེལ། །མཆོག་ཏུ་སྨུག་པོ་འཇོམས་པར་བྱེད། །ཅེས་གསུངས། འདི་ལ་རིགས་དཀར་ནག་གཉིས་འབྱུང༌། ནག་པོ་ནི་ཤུ་ཏི་ཡིན། དཀར་པོ་འདི་ལ་འདྲ་ཡིག་ཏུ། འུ་སུ་ག་བུ་ཁ་སྦྱོར་འདྲ། །གསུངས།།

 

༥། ཤུ་ཏི།

ཤུ་ཏི་ནི། མིང་མ་སི། ཟུ་ར། ཤ་ཏ་པུཥྤེ། མེ་ཏོག་བརྒྱ་པའང་ཟེར། འདི་གཙང་ཤོད་ཀྱི་ལྡུམ་རར་སྐྱེ། སྐྱེ་ཚུལ་འུ་སུ་རང་དང་འདྲ་བ་ལས་མེ་ཏོག་སེར་པོ་ཡིན། དྲི་ངར་ཤིན་ཏུ་ཆེ། ཡན་ལག་བརྒྱད་པ་དང༌། བདུད་རྩི་སྙིང་པོ་སོགས་སུ་ཤུ་ཏི་སྤྲུ་བའི་འབྲས་བུ་འདྲ་བར་ཡོད་ཅེས་བཤད། འདྲ་ཡིག་དུང་མིག་ལས། ཤུ་ཏི་སྤྲུ་བའི་འབྲས་བུ་འདྲ། །ཞེས་གསུངས། ཡི་གེ་མ་དག་པ་ཞིག་ལ་ཤུ་ཏི་སྤྲུ་བའི་འབྲས་བུ་ཡིན། ཟེར་བ་ཡོད་འདུག་པའི་རྗེས་སུ་འབྲངས་ནས་ཕལ་ཆེར་དུ། ཤུ་ཏི་སྤྲུ་བའི་འབྲས་བུ་ཡིན་གསུངས་པ་མ་དག་གོ

འདི་དཀར་ནག་གི་ཁྱད་མ་གཏོགས་འུ་སུ་ཡིན་པས། འགྲེལ་པ་ཟླ་ཟེར་ལས། ཤུ་ཏི་ནི་ཤ་ཏ་པུཥྤེའོ། །དེ་ནི་མ་སིའོ། ཞེས་གསུངས་སོ།།

 

༦། ཟི་ར་དཀར་པོ།

ཟི་ར་དཀར་པོས་གློ་བའི་ཚད་པ་སེལ། །ཞེས་པར། བདུད་རྩི་ཐིགས་པར། ཟི་རས་དྲོད་སྐྱེད་ཟས་འཇུ་ཡི་ག་འབྱེད། །དང༌། ལྕགས་ཕྲེང་དུ། ཟི་ར་དྲོ་ལ་ཞུ་རྗེས་བསིལ། །དང༌། རང་བྱུང་པས། ཟི་ར་དཀར་ནག་སྲོག་རླུང་འཇོམས། །གསུངས། མིང༌། ཤྭ་ཛི་ར། ཟི་ར་དཀར་པོ། ཡུལ་སྐད་དུ། ཨ་ཛ་ཝ་ཡི་ནི། ཛོ་ཀི་རྣམས་ནི་ཟི་ར་དང་གོ་སྙོད་ལ་ལ་ཕུད་གསུམ་ཀར་ཛི་ར་ཟེར་བར་འདུག འདི་ལ་རིགས་གཉིས་ཏེ། འཁྲུངས་དཔེར། ཟི་ར་དཀར་པོ་ལྡུམ་རར་སྐྱེ། །ལོ་མ་ཕྲ་བ་ཉ་ག་ཅན། །མེ་ཏོག་དཀར་པོ་གདུགས་ཀྱི་ཚུལ། །འབྲས་བུ་དག་ནི་གོ་སྙོད་འདྲ། །རོ་ནི་ཚ་ལ་མངར་བ་ཡིན། །རང་གི་ནུས་པས་བད་ཀན་དང༌། །མ་ཞུའི་ནད་རྣམས་སེལ་བར་བྱེད།།  ཅེས་གསུངས། འདྲ་ཡིག་ལས། ཟི་ར་དཀར་པོ་གོ་སྙོད་འདྲ། །གསུངས་སོ། །འདི་ལ་མེ་ཏོག་སེར་པོ་འབྱུང་བ་ཟི་ར་སེར་པོ་ཡིན་གསུངས། ཁ་ཅིག་སེར་པོ་ཟིན་ཏིག་ཡིན། ལྷོག་དུག་གམ་གཟའ་དུག་གོ་ཟེར་ཡང་རང་ལུགས་ལ་མི་བྱེད་དོ།།

 

༧། ཟི་ར་ནག་པོ།

ཟི་ར་ནག་པོས་མཆིན་པའི་གྲང་བ་སེལ། །ཞེས་པའི་མིང༌། ཀཱ་ལ་ཛི་ར། ནག་པོ་ཟི་ར། གབ་ཏུ། ཤ་ཁྱི་བོང་ཁྱི་ཟེར། འཁྲུངས་དཔེར། ཟི་ར་ནག་པོ་ལོ་མ་སྣུམ།།  སྡོང་པོ་ཕྲ་ལ་རིང་བ་ལ། །མེ་ཏོག་སྔོན་པོ་ཆུང་བ་ཡིན། །འབྲས་བུ་ནག་པོ་ལྕགས་ཕྱེ་འདྲ། །རོ་ནི་མངར་སྣུམ་ཡིད་ཙམ་ཚ། །ནུས་པས་ཕོ་བའི་ནད་རྣམས་སེལ། །ཞེས་གསུངས། འདྲ་དཔེར། ཟི་ར་ནག་པོ་ཕག་ཤིག་འདྲ། །གསུངས། འདི་ནག་ལ་རྩུབ་པ་ཟུར་གསུམ་པ་ཁོ་ན་ཡིན་ལ། ཕལ་ཆེར་མི་བརྟག་པར་རྩིང་བཟོ་བྱེད་པའི། ཏིལ་ནག་ལེབ་མོ་དང༌། ཨུཏྤལའི་འབྲས་བུ་ཁམ་ནག་འཇོང་བ་སོགས་ལ་གང་ཟིན་བྱེད་པ་མང་དུ་མཐོང༌། ཟི་ར་དཀར་པོ་བོད་དུ་འབྱུང་ལ་ནག་པོ་རྒྱ་བལ་ལས་མི་འོང་གསུངས་པ་དང༌། བོད་སྐྱེས་སྐྱེ་ཚུལ་གོང་བཞིན་ལ་ལོ་མ་ཆེ་བ་ཙམ་ལ་གང་བུ་ཅན་འབྱུང་ཟེར་བའང་སྣང་ངོ༌།།

 

༨། ལ་ལ་ཕུད།

ལ་ལ་ཕུད་ཀྱིས་ཕོ་ནད་གྲང་བ་སེལ། །ཞེས་པར། རང་བྱུང་པས། ལ་ལ་ཕུད་ནི་སྲིན་ལ་ཕན། །གསུངས། མིང༌། ནན་ཡང༌། ལ་ལ་ཕུད། ཨགྣི་ཏི་པ། མེའི་སྒྲོམ་བུ། ཨ་ཛ་མོ། ཨ་ཛ་ཝན། ལུག་དགའ། ཨུ་གྲ་གནྡྷ། དྲག་ཤུལ་དྲི། བྲཧྨགརྦྷ། ཚངས་པའི་སྙིང་པོ། ཡ་མ་ནིའ་ཀ ཡོལ་བ་ཅན། གོ་སྙོད་དཀར་པོ་ཡང་ཟེར་རོ། །འདི་ལ་རིགས་རྒྱ་སྐྱེས་གསུམ། བོད་སྐྱེས་གསུམ་དང་དྲུག་འབྱུང༌། དབྱིབས་གོ་སྙོད་ལྟ་བུ་ལ་མེ་ཏོག་དཀར་སེར་ནག་གསུམ་ལས། ལ་ལ་ཕུད་དཀར་སེར་ནག་གསུམ་བྱེད། བལ་པོ་འདོལ་ཀ་ནས་འབྱུང་བ་བཟང༌། འབྲས་བུ་ཟི་ར་འདྲ་བ་ལ་ལེབ་མོ་སུལ་རིས་ཅན་དབྱིབས་སྒུར་བས་ཟླ་ཚེས་ལྟ་བུ་ལ་མཆུ་སྙུང་བ་ཆེ་ཆུང་རྒྱ་ཏིལ་གྱི་འབྲུ་ཙམ་རོ་ཚ་ལ་དྲི་མ་ཤིན་ཏུ་ཆེ་བ་ཡིན། ཁ་དོག་སྐྱ་བོ་དང༌། སེར་སྐྱ་དང༌། དམར་སྨུག་གསུམ་སོ་སོར་འབྱུང༌། དབྱིབས་རྒྱ་བོད་འདྲ། ལ་ལ་ཕུད་ནི་འཐག་མཁན་སྒྲོམ་བུ་འདྲ། །ཟེར་བ་བོད་སྐྱེས་ཀྱི་གང་བུ་ལ་དགོངས་པའོ།།

 

༩། གོ་སྙོད།

གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཞེས་པར། རིན་ཆེན་སྤུངས་པ་ལས། གོ་སྙོད་ཡང་ལ་སྙོམས་པས་མིག་དང་བད་ཀན་དག་ལ་སྙོམས་པར་བཤད།།  ཅེས་གསུངས། རང་བྱུང་པས། གོ་སྙོད་སྙིང་ཚད་རླུང་ནད་སེལ། །གསུངས། མིང༌། ཨ་ཛ་ཛི། ནི་ལི་ཤི། པྲ་ཏི་ཀ ཛྙ་ཙི་ཀ མིག་གི་གཉེན་རྣམས་ཟེར། ཕྲྀ་ཧ་ཏི། ཞེས་པ་ཡང་ཡོད་ལ། ཀ|u་ཀ་རི་ལའང་བྲྀ་ཧ་ཏི་ཟེར་བ་དང༌། མཁྱེན་བརྩེ་ལོ་ཙཱ་བས་སྡེ་ཚན་བདུན་པར། ཛི་ར་གསུངས་ནས་ཟི་ར་དང་སྐད་དོད་གཅིག་པར་མཛད་ཀྱང་ནུས་པ་མི་མཚུངས་བཅས་སྐབས་ཤེས་པ་དགོས་སོ། །འཁྲུངས་དཔེར། གོ་སྙོད་ཁ་ལུང་ན་ལས་སྐྱེ། །ལོ་མ་འཇོང་སྟབས་ཉ་ག་ཅན། །སྡོང་པོ་ཕྲ་རིང་རྩེ་མང་གྱེས། །མེ་ཏོག་དཀར་པོ་གདུགས་ལྟར་ཟླུམ། །འབྲས་བུ་ལ་ལ་ཕུད་འདྲ་སྣུམ། །ནུས་པས་སྐྲངས་འདུལ་མིག་ནད་སེལ། །བད་ཀན་སེལ་ཞིང་དང་ག་འབྱེད། །ཅེས་པ་ལྟར་རོ།།

 

༡༠། ཤུ་མོ་ཟ།

ཤུ་མོ་ཟ་ཡིས་གློ་རྣག་འཁྲུ་བ་གཅོད། །ཅེས་པར། རོ་སྐོར་ལས། ཤུ་མོ་ཟ་ནི་ལྕི་ལ་སྣུམ་པས་རླུང་ལ་ཕན། །དང༌། ལྗོན་ཤིང་ལས། ཤུ་མོ་ཟས་ནི་བད་ཀན་སེལ།།  གྲང་ཤས་སེལ་ཞིང་མཁྲིས་པ་སྐྱེད། །ཅེས་དང༌། རང་བྱུང་པས། ཤུ་མོ་ཟ་ཡིས་རྣག་རྣམས་སྐེམ། །འཁྲུངས་དཔེར། ཤུ་མོ་ཟ་ནི་ཞིང་ལས་སྐྱེ། །ལོ་མ་སྲན་ཆུང་འདྲ་བ་ལ། །གོང་བུ་བྱ་ཕོའི་ཕྱི་སྡེར་འདྲ། །ཞེས་པ་ཇི་བཞིན་ལས་མེ་ཏོག་དཀར་པོ་སྲན་མའི་མེ་ཏོག་འདྲ་བར་གོང་བུ་བྱ་ཕོའི་ཕྱི་སྡེར་རམ་ཨུག་ཆོས་པའི་གང་བུ་འདྲ་བར་འབྲས་བུ་ངང་པ་སེར་སྒོང་འདྲ་ལ་ཅུང་ལེབ་ཡོན་དྲི་ངད་ཅན་བོད་པས་ཚོད་མར་འདེབས་པ་ཡོངས་གྲགས་ཀུན་གསལ་ལོ།།

 

༡༡། སྒང་ཐོག་པ།

སྒང་ཐོག་པ་ཡིས་ཤ་དུག་འཁྲུགས་ཚད་སེལ། །ཞེས་པའི་མིང༌། འདྲེ་དཔལ་གང༌། འདྲེ་མོ་ཡུངས་ཀར། སྤྲེལ་སྨན་སངས་རྒྱས་སྐྱབས། བྲ་བ་ཐང་ཤིང༌། ཨ་སྤྲ་ཐང་ཤིང་ཟེར། འཁྲུངས་དཔེར། སྒང་ཐོག་འབར་བ་ཞེས་བྱ་བ། ག་བུར་ཟིལ་གནོན་ཞེས་ཀྱང་བྱ། །སྐམ་སའི་གྲམ་དང་ཞིང་མུར་སྐྱེ། །ལོ་མ་ལ་ཕུག་འདྲ་རྩ་ཕྲ།།  སྡོང་པོ་གཅིག་ལ་ཡལ་ག་མང༌། །ཡལ་གར་མེ་ཏོག་སེར་པོ་རྒྱས། །གང་བུ་རིང་ལ་ཐང་ལོ་འདྲ། །འབྲས་བུ་གསེར་གྱི་ཕྱེ་མ་འདྲ། །གློ་བའི་ནད་དང་ཁྲག་ནད་སེལ།།  ཁྲག་གི་ནད་ལ་ཆིག་ཐང་ཐུབ། །ཅེས་གང་བུ་ཕྱོགས་གཅིག་འཕྱངས་པ་དེའོ། །ཐུན་རྫས་སྐབས་ཤང་ཚེ་བྱེད་པའང་ཡོད།།

 

༡༢། སྐེ་ཚེ།

སྐེ་ཚེས་བགེགས་འདུལ་སྐྲངས་དང་ལྷོག་པ་སེལ། །ཞེས་པར། འཁྲུངས་དཔེར། སྐེ་ཚེ་ལོ་མ་ནག་ལ་མཐུག སྡོང་བུ་མེ་ཏོག་འབྲས་བུ་གསུམ། ཡུངས་ནག་པ་དང་འདྲ་བའོ། །རོ་ནི་ཚ་ལ་རྩུབ་པ་ཡིན། །ནུས་པས་སྐྲངས་དང་ལྷོག་པ་འདུལ། །ཞེས་པ་སྐྱེ་ཚུལ་སོགས་ཉུངས་སོན་འདྲ་བ་དེའོ།།

 

༡༣། ཤང་ཚེ།

ཤང་ཚེས་དེར་མཚུངས་ལྷོག་རིགས་འདུལ་བར་བྱེད། །ཅེས་པའི་འཁྲུངས་དཔེར། ཤང་ཚེ་སྐེ་ཚེ་འདྲ་བ་ལ། །སྡོང་བུ་རིང་ལྡེམ་ནམ་མཁའ་གང༌། །འབྲས་བུ་ཆུང་ལ་སེར་བའོ། །རོ་ནི་ཚ་ལ་དྲག་པོའི་རྫས། །སྲོག་གཟེར་སེར་སྲུང་རྫས་སུ་བཟང༌། །རང་གི་ནུས་པས་ལྷོག་ནད་འདུལ། །ཁོང་བཏང་བྱུགས་པས་མོད་ལ་འཇོམས། །སྐྲངས་དང་འབྲས་རྣམས་གང་ཡིན་སེལ། །ཞེས་སྐྱེ་ཚུལ་སྐེ་ཚེ་འདྲ་ལ་དེ་ལས་ཆེས་རིང་ཞིང་འབྲས་བུ་སྒང་ཐོག་འདྲ་ཞིང་རོ་སྒང་ཐོག་ལས་ཚ་བ་དེའོ།།

 

༡༤། བྲེ་ག

བྲེ་གས་གློ་དང་མཁལ་མའི་ཚ་བ་སེལ། །ཞེས་པར། ལྕགས་ཕྲེང་དུ། བྲེ་གའི་འབྲས་བུ་དྲོ་ལ་སྐོམ་པར་འདུག་ཅེས་དང༌། ལྗོན་ཤིང་ལས། བྲེ་གའི་འབྲས་བུས་དང་ག་འབྱེད། །ཡན་ལག་སྐེམ་པར་བསྔགས་པ་ཡིན། །དང༌། རང་བྱུང་པས།། བྲེ་གས་མཁལ་ནད་ཀུན་ལ་ཕན། །ཞེས་གསུངས། མིང་རྒྱ་གྲོག བོན་པོ་རྔ་ཁུར། འདྲེ་རྔ་ཆུང༌། དགེ་སློང་ཆབ་རིལ། ཧེ་པདྨ་ཟེར། འཁྲུངས་དཔེར། སྔོ་ཡི་གཙོ་བོ་བྲེ་ག་ནི། །འབོལ་ས་དག་དང་ཞིང་གསེབ་སྐྱེ། །ལོ་མ་སྔོ་མཐུག་མདངས་དང་ལྡན།།  སྡོང་པོ་སྨྱུག་འདྲ་ངར་བ་མང༌། །མེ་ཏོག་དཀར་ལ་ཆུང་བ་ཡིན། །གོང་བུ་རྔ་ཆུང་འདྲ་བའི་ནང༌། །འབྲས་བུ་དམར་སྨུག་ཞིབ་པ་ལ། །ནེའུ་ལེ་ཡི་རི་མོ་གསལ། །རོ་ནི་ཚ་སྣུམ་སྒོག་དྲི་བྲོ། །ནུས་པས་མཁལ་མའི་ནད་རིགས་སེལ། །ཞེས་པ་དེའོ།།

 

༡༥། སོག་ཀ་པ།

སོག་ཀ་པ་ཡིས་སྐྱུགས་པ་གཅོད་པར་བྱེད། །ཅེས་པར། རང་བྱུང་པས། སོག་ཀས་རྩ་ནད་མ་ལུས་སེལ། །ཞེས་གསུངས། མིང་ཁྲབ་མོ་ཟེར། འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་སོག་ཀ་པ། །སྐྱེ་ལུགས་དབྱིབས་ནི་བྲེ་ག་འདྲ། །ལོ་སྡོང་དེ་ལས་ཆུང་བ་ལ། །ལོ་མ་ལ་ཕུག་འབྲས་ངན་འདྲ། །མེ་ཏོག་བྱེའུ་ལ་ཕུག་འདྲ། །དཀར་ལ་ཞིབ་སྐྱེས་ལོ་མའི་རོ། །ལ་ཕུག་དྲི་རོ་འདྲ་བ་ལ། །གང་བུ་གྲུ་གསུམ་སོག་པ་ཁ། །འབྲས་བུ་སེར་ལ་ཞིབ་པ་ཡིན། །ས་ནག་ཞིང་མུ་དག་ལས་སྐྱེ། །ཞེས་པ་དེའོ།།

 

༡༦། སྲུབ་ཀ

སྲུབ་ཀས་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། ར་སྲུས་ཕོ་སྲིན་ཟུག་གཟེར་འཇོམས། །སྦྲུལ་གྱི་དུག་ཀྱང་ཞི་བར་བྱེད། །ཅེས་དང༌། རང་བྱུང་པས། སྲུབ་ཀས་གྲང་སྐྲན་རྙིང་པ་འཇོམས། །ཞེས་གསུངས། མིང་ནི། ཙ་ཏ་ར། སྲུབ་མ། སྲུབ་ཀ ར་སྲུས། རྩ་སྲུབ་མ་ཟེར། འཁྲུངས་དཔེར། སྔོ་སྨན་རྒྱལ་པོ་ཙ་ཏ་ར། །ཐང་དང་ཞིང་མུ་སྲུབ་ལས་སྐྱེ། །ལོ་མ་སེང་གེའི་སྡེར་མོ་འདྲ། །སྡོང་པོ་དབུས་ནས་ཕྱོགས་སུ་གྱེས། །ངར་བ་ལྕགས་ཀྱི་སྐུད་པ་འདྲ།།  མེ་ཏོག་དཀར་པོ་འདབ་ལྔ་ལྡན། །འབྲས་བུ་ནས་སྔོན་ལྕགས་ཀྱུའི་མཆུ། །རོ་ནི་ཁ་ལ་རབ་ཏུ་ཚ། །ནུས་པས་དྲོད་སྐྱེད་གྲང་སྐྲན་འཇོམས། །ཞེས་པའོ།།

 

༡༧། ཏིལ་འབྲུ།

ཏིལ་གྱིས་རླུང་འཇོམས་ལུས་སྟོབས་འཕེལ་ཁམས་སྐྱེད། །ཅེས་པར། དཔའ་བོས། ཏིལ་འབྲུ་དྲོ་ཞིང་པགས་པ་འཇམ། །བསིལ་ཞིང་སྐྲ་དང་སྟོབས་སྐྱེད་ལ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ། །ཡིད་གཞུངས་དྲོད་སྐྱེད་བད་མཁྲིས་སྐྱེད། །ཅེས་དང༌། རང་བྱུང་པས། ཏིལ་དཀར་ནག་པོས་རླུང་སེལ་ལ། །ཞེས་གསུངས། འདི་ལ་དཀར་ནག་གཉིས། ཁ་དོག་མ་གཏོགས་དབྱིབས་ཆེ་ཆུང་འདྲ་ལ། ལེབ་མོ་ཅུང་ཟད་འཇོང་སྟབས་ལ་སྟོད་སྨད་ཆེ་ཆུང་ཟུར་ཙམ་ཡོད་པའི་འབྲུ་བྲེ་གའི་འབྲུ་ཙམ་སེན་མོས་བཙིར་ན་སྣུམ་གྱི་རང་བཞིན་ཡིན་ལ། ཤིན་ཏུ་དཀར་བ་དང་ནག་པ་གཉིས་སོ།།

 

༡༨། མདའ་རྒྱུས།

མདའ་རྒྱུས་རྩ་འབྱེད་བུ་འབྱིན་མོ་ནད་འཇོམས། །སྣོད་ཀྱི་མཁྲིས་སྐྲན་བཤིག་པར་བྱེད་པ་ཡིན། །ཞེས་པ། མདའ་རྒྱུས་འདི་སྔ་རབས་རྣམས་འོལ་མོ་སེ་དང་གཅིག་པར་མཛད་ལ་ནུས་པ་ཡང་མཚུངས་ལ། བྱང་ལུགས་པ་ནི་འཁྲི་ཤིང་གི་རིགས། ལོ་རྐང་ལྗང་གུ་ལོ་དབྱིབས་སྲད་ནག་འདྲ་བ་གང་བུ་སྲད་མའི་གང་བུ་འདྲ་བའི་ནང་འབྲུ་དམར་པོ་བྱུ་རུ་འདྲ་ལ་སྣེ་ནག་པོ་ཅན་ཀུན་གྱི་དམར་རུ་མགོ་ནག་ཅེས་པའི་རྩ་ཐོག་དེའོ་གསུངས།།

 

༡༩། ཤ་མང་པ། དངུལ་ཤ་མང༌། གསེར་ཤ་མང༌། ཤ་མང་སྨུག་པོ། ཤིང་ཤ་མང༌། ཀླུང་ཤ་མང༌། ལུད་ཤ་མང༌། འདྲེ་ཤ་མང༌།

ཤ་མང་པ་ཡིས་དུག་དང་རྨ་ལ་ཕན། །ཞེས་པ་ལ་རིགས་བརྒྱད་ཡོད་པ་ལས།

དང་པོ་འདི་ལ་དངུལ་ཤ་རྩེ་ཤ་ཨུར་ལུགས་ཀྱང་ཟེར། རང་བྱུང་པས། རྩེ་ཤས་ཤ་ཡི་དུག་ལ་ཕན། །གསུངས་པ་དང༌།

གཉིས་པ་གསེར་ཤ་མང་ནི། རང་བྱུང་པས། གསེར་ཤས་སྲིན་རྣམས་འབྱིན་པར་བྱེད། །གསུངས། འདི་གཉིས་འཁྲུངས་དཔེར། དངུལ་གྱི་ཤ་མང་དཀར་པོ་དང༌། །གསེར་ཤ་མང་ནི་སྤང་ལས་སྐྱེ། །དབྱིབས་ནི་ཕྲུ་བ་བུབ་པ་འདྲ། །ཁ་དོག་དཀར་དང་སེར་བ་ཡིན། །ནང་དམར་སུལ་ཞིབ་གདུགས་རྩིབས་འདྲ། །ཡུ་བས་དབུས་ནས་གདུགས་ལྟར་བཏེག །རོ་ནི་མངར་འཇམ་ཅུང་ལན་ཚྭ། །གཉིས་ཀས་རྨ་དང་ཤ་དུག་སེལ། །ཞེས་དཀར་སེར་གཉིས་ནུས་པ་མཚུངས་པའོ།།

གསུམ་པ་ཤ་མང་སྨུག་པོ་ནི། རང་བྱུང་ཞབས་ཀྱི་ས། སྨུག་ཤ་མཁྲིས་པ་རླུང་སེལ་ཡིན། །གསུངས། འདྲ་བཀོད་ལས། ཤ་མང་སྨུག་པོ་སྤང་ལས་སྐྱེ། །ཁམ་སྨུག་གསེར་ཤའི་དབྱིབས་འདྲ་ཞིང༌། །བྲོ་མཁན་ཕྲེང་ལ་ཤར་བ་འདྲ། །མཁྲིས་རླུང་སེལ་ལ་བད་ཀན་སྐྱེད། །ཅེས་པ་ལྟར་མང་ལ་ཞིབ་པ་གྲལ་ཕྲེང་དུ་སྐྱེ་བས་ལུ་གུ་རྒྱུད་ཀྱང་ཟེར།།

བཞི་པ་ཤིང་གི་ཤ་མང་ནི། དེ་ཉིད་ཀྱི་ས། ཀེ་རུ་ཝ་ཀྲས་རླུང་སྐྱེད་བྱེད།། གསུངས། འཁྲུངས་དཔེར། ཤིང་ཤ་ཤིང་གི་ནགས་ལས་སྐྱེ། །ཤིང་ལུད་སྐྱེ་བའི་ཤ་མང་རིགས། །བསྲེགས་པའི་ཐལ་བས་གྲེ་འགགས་སེལ། །ཞེས་བཤད་པ་ནགས་གསེབ་ཏུ་སྐྱེ་བའི་ཤ་མང་དབྱིབས་མི་སྡུག་སྣ་ཚོགས་མདོག་སེར་སྐྱ་ཁམ་ནག་སོགས་ཆེ་བ་ཡོང༌། མིང་ཀིས་རུ་དང་ཤ་གྲོད་དགོ་གྲོད་ཀྱང་ཟེར།།

ལྔ་པ་ཀླུང་གི་ཤ་མང་ནི། དེ་ཉིད་ཀྱི་ས། ཚ་ཤ་རླུང་གི་ནད་ལ་ཕན། །ཞེས་གསུངས། འཁྲུངས་དཔེར། ཀླུང་སྐྱེས་ཤ་མང་དམར་ལ་ཁམ། །རོ་ནི་ལན་ཚྭ་བསིལ་ལ་སྣུམ། །ཐ་རམ་སྨག་དང་ད་ཏྲིག་སྦྱར། །འཁྲུ་བ་རྩད་ནས་གཅོད་པར་བྱེད། །ཅེས་པ་ཀླུང་ཤོད་དུ་བདེ་བའི་ཐང་སོགས་ལས་སྐྱེ་བ་དམར་ལ་ཁམ་པ་དེའོ།།

དྲུག་པ་ལུད་ཀྱི་ཤ་མང་ནི། རང་བྱུང་པས། དུག་ཤ་ཡན་ལག་སྐྲངས་ལ་ཕན།།  ཞེས་གསུངས། འཁྲུངས་དཔེར། ལུད་ཀྱི་ཤ་མང་ཞེས་བྱ་བ། །ཕྱུགས་ལུད་མང་བའི་རླན་ལས་སྐྱེ། །གསེར་ཤ་འདྲ་ལ་ཆུང་སྲབ་ནག །ནུས་པས་སྐྲངས་དང་རྣག་འབྱམས་གཅོད། །ཅེས་པས། ལུད་ལས་སྐྱེས་པའི་ཤ་མང་སྐྲངས་ལ་འབྱར་བྱ་བ་དང༌། འདི་ཉིད་གཙོར་བསྐྱེད་ལ་རྟ་ལྤགས་པ་པརྤ་ཏ་ཚེར་སྔོན་མེ་ཏོག་རྣམས་དང༌། གླ་བའི་རིལ་མ་བསྲེགས་པའི་ཐལ་བཅས་ཞོ་དང་སྦྱར་ནས་ཁོང་དུ་གཏོང་བ་དང་རྨ་ལ་བཏབ་པས་རྣག་རུལ་འབྱམས་པ་གཅོད་པར་བྱེད་དོ།།

བདུན་པ་འདྲེ་ཤ་མང་ནི། རང་བྱུང་པས། ཕ་ཝང་སྒོ་ཏིས་མེས་ཚིག་སེལ། །ཞེས་དང༌། འཁྲུངས་དཔེར། ཕ་ཝང་སྒོ་ཏི་ཞེས་བྱ་བ། །སྲིབ་ཀྱི་སྤང་ལས་སྐྱེ་བ་ཡིན།། མདོག་དཀར་དངུལ་གྱི་ལྦ་བ་འདྲ། །མར་དཀར་པུ་ལུ་འདྲ་ཡང་ཟེར། །རྒས་དུས་ནང་ནས་དུད་པ་བྱུང༌། །རང་གི་ནུས་པས་ཁྲག་གཅོད་བྱེད། །མ་བསྲེགས་པ་ཡི་ཐལ་བ་ཟེར། །ཁྲག་གིས་གསོས་ན་ཁྲག་ཏུ་འབབ། །ཅེས་པར། མིང༌། ཕ་བོང་དགོ་དགོ ཕ་བོང་གོལ་གོལ། འདྲེ་ཤ་མང༌། འདྲེ་ཐལ་ཐུམ། འདྲེ་མོ་ཐལ་རྐོམ། མ་བསྲེགས་པའི་ཐལ་བ་ཟེར། རྒས་ན་ནང་ནས་ཐལ་བ་སེར་ནག་འཐུལ་བ་ཡིན། འདི་མཁྲིས་སྣ་དང་སྦྱར་ནས་ལྟོར་བཏང་ན་ཁྲག་འབྱམས་རིགས་གཅོད། རྨ་ལ་བཏབ་ན་ཁྲག་གཅོད་རྩ་ཁ་འཛིན། ཆུར་སྦྱར་བྱགས་པས་མེས་ཚིག་ལ་ཕན། གླ་རྩི་དང་སྦྱར་ལ་བྱུགས་པས་སྦྲུལ་གྱི་སོ་དུག་ལ་ཕན། འདི་གཞོན་པ་ས་ལས་སྐྱེས་ཚེ་ཁྲག་གིས་གསོས་པས་ཁྲག་རྐྱལ་འདྲ་བ་ཆེན་པོར་ཚར་ཡོང་བའི་ཕྱེ་མ་གར་འཐོར་ཆར་སོགས་རླན་དང་ཕྲད་ཚེ་ཁྲག་ཏུ་འགྱུར། རྒྱས་ནས་རང་བཞིན་རྒས་པ་ནུས་ལྡན་བསྲེགས་པས་སྣང་ཚ་ཉན་པ་ཡིན།།

 

༢༠། ས་རྫི་ཀ

ས་རྫི་ཀ་ཡིས་ཕོ་བའི་མེ་དྲོད་སྐྱེད། །ཅེས་པར། མིང༌། བོན་ལོང་བ། དུད་དཀར་སྙེ་མ། སྤོས་ཀྱི་སྙེ་མ། མེ་མེད་དུད་པ། མ་བསྲེགས་སོལ་བ། སྙེ་ནག་པ་ཟེར། ངོ་བོ་ནས་ཀྱི་སྙེ་མ་ནག་པོ་སོལ་ཐལ་འདྲ་བ་དེ་ཡིན་པར་འགྲེལ་པ་ཐམས་ཅད་མཐུན་པའོ།།

དེ་ལྟར་འབྲས་བུ་བཏུ་བར་འོས་པ་རྩ་བ་ཉི་ཤུ་ནང་ཚན་བཅས་སོ་ལྔ་རྒྱས་པར་བཤད་ཟིན་ཏོ།།

 

ལྔ་པ། ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུ་བར་འོས་པའི་རིམ་པ་བསྟན་པ།

ད་ནི་ལྔ་པ་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུ་བར་འོས་པའི་རིམ་པ་བཤད་པ་ནི།

༡། པྲི་ཡང་ཀུ

པྲི་ཡང་ཀུ་ཡིས་ཕོ་མཆིན་ཚ་བ་སེལ། །ཞེས་པར། རང་བྱུང་པས། པྲི་ཡང་ཀུ་ཡིས་མཆིན་ཚད་སེལ། །གསུངས། མིང་ནི།

ཀླུ་མོ་གུར་ཀུམ། བཙུན་མོ་གུར་ཀུམ། འཇིབ་རྩི། འཇིབ་བུ། བ་བ་རེ་རྐོན། ད་ན་ཏིག ཏིང་ལེ་བྱིན། བོད་ཀྱི་གུར་ཀུམ། གཡུ་རྔོག དྲེའུ་རྔོག་པ། འཁན་བུ། རྩིའུ་དྲི་ཆེན། དར་སྔོན་འཕྱར་བ། རྟེའུ་རྔོག་པ། ཙེའུ་པ། མཆིན་སྨན་ཙིའུ། གཡུ་ལོ་དར་ཡ་ཀན། ཀུན་འཇོམས་ག་བུར། མ་རཾ་ཙེ། འཁན་བུ་ལོ་སྔོན་རྣམས་ཟེར། འཁྲུངས་དཔེར། པྲི་ཡང་ཀུ་ནི་ཉིན་སྲིབ་གར་ཡང་སྐྱེ། །ལོ་མ་མེ་ཏོག་སྔོན་པོ་སྟེ། །མེ་ཏོག་དར་སྔོན་འཕྱར་བ་འདྲ། །རོ་ནི་མངར་ཁ་མཆིན་ཚད་སེལ། །ཁྲག་གཅོད་རྨ་འདྲུབ་ཆུ་སེར་སྐེམ། །ཞེས་པའོ།།

 

༢། འཇིབ་རྩི་ཆེན་པོ།

འཇིབ་རྩི་ཆེན་པོས་ཁ་ཡི་ནད་དང་ནི། །སོ་དང་མཆིན་པའི་ཚད་པ་སེལ་བར་བྱེད། །ཅེས་པར། འཇིབ་ཆེན། འཇིབ་རྩི་ཆེནཔོ། པྲི་ཡང་ཀུ་ཆེན་ཟེར། འདི་པྲི་ཡང་ཀུའི་རིགས་ཡིན་པས་མཆིན་ཚད་སོགས་ལ་ཕན་ལུགས་འདྲ་རུང༌། ཁ་ནད་སོགས་མངར་བ་འཕྲོད་པའི་རིགས་འདི་རང་དགོས་པས་དབྱེ་བ་ཤེས་པར་དགོས། ལོ་མ་ཁྱིའི་ལྕེ་འདྲ་བ། སྡོང་པོ་སྨུག་ལ་གྲུ་བཞི་པ། མེ་ཏོག་པྲི་ཡང་ཀུ་འདྲ་ལ་དེ་བས་ཆེ་ཞིང་དྲི་མ་ཞིམ་པ་ཡིན། མེ་ཏོག་དཀར་སྔོ་རིགས་གཉིས་འབྱུང༌། མེ་ཏོག་གི་རྟིང་པ་འཇིབས་པས་རོ་མངར་ཤས་ཆེ་བ་དེ་ཡིན། དཀར་པོ་ལ་འཇིབ་དཀར། འཇིབ་པ་དཀར་ཐོག་ཟེར། ཡུལ་པས་གཉིས་ཀར་མཛོ་མོ་ནུ་ནུ། ཨ་ནུ་དྷ་ནུ་ཟེར་བ་དེའོ།།

 

༣། བྱ་རྒོད་སྤོས།

བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ། །ཞེས་པར། རང་བྱུང་པས། བྱ་རྒོད་སྤོས་ཀྱིས་པགས་ནད་སེལ། ཞེས་དང༌། དཔག་བསམ་ལྗོན་ཤིང་ལས། བྱ་རྒོད་སྤོས་ཀྱིས་རིམས་འཁྲུགས་དང༌། དུག་ནད་མཁྲིས་པ་སེལ་བའི་མཆོག །ཅེས་པར་མིང༌། བདུད་རྩི་ཆིག་ཐུབ། སྲིན་བྱ་མགོ་ཅན། སྔོ་མ་གི་ཏ། སྔོ་ཤིག་གསོད། གླ་རྩིའི་དྲི་ཅན། རྒོད་སྤོས་པ་ཟེར། མངོན་རྟོགས་ལས། བྱ་རྒོད་སྤོས་ནི་རྫ་ལས་སྐྱེ། །ལོ་མ་ནག་རྩུབ་ཁྱི་ལྕེ་འདྲ། །དམར་ལ་སྨུག་པའི་མདོག་ཤས་ཆེ། །མེ་ཏོག་སྔོན་པོ་བ་སྤུ་ཅན། །མེ་ཏོག་པྲི་ཡང་ཀུ་འདྲ་ཡང༌། །སྐྱེ་ལུགས་སྲིན་བྱའི་མགོ་འདྲ་སྤུངས།།  སྡོང་བུ་སྨུག་པོ་རིང་བ་ཡིན། དྲི་ཞིམ་གླ་བའི་ལྟེ་དྲི་བྲོ། །ནུས་པས་གདོན་འདུལ་རིམས་ཚད་སེལ། །ཞེས་པས་གསལ་ལོ། །འགའ་ཞིག་གིས་གཏི་མུ་ཟ་ལ་ཁར་སྐྱེ་བ་ལོ་བཙན་པ་ལ་བྱེད་པ་ནོར་བའོ།།

 

༤། འབུ་སུ་ཧང༌།

འབུ་སུ་ཧང་གིས་རྨ་འདྲུབ་གློ་ཚད་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། འབུ་སུས་ཚ་བ་སེལ་བ་ཡིན། །ཁྱད་པར་དུག་དང་ཚད་གསར་སེལ། །ཞེས་དང༌། རང་བྱུང་པས། འབུ་སུ་ཧང་གིས་མཁལ་མར་ཕན། །ཞེས་གསུངས། མིང༌། བི་ཤུ་ཀ ནི་ལེ་གང་བུ། གསེར་གྱི་ཅོད་པན། ཤིང་མ་ལེབ་གཅིག སྲོ་མོང་རྩི། སང་མ་སིང་མ། ལུ་གུ་ཀླད་སྨན། ཅོ་ཀ་ཀླད་སྨན། བྱིའུ་ཀླད་འཚོ་ཟེར། ཡུ་གུར་གྱི་སྐད་དུ་འབུ་སུ་ཧང་ཟེར་རོ། །འཁྲུངས་དཔེར། འབུ་སུ་ཧང་ནི་ཞིང་མུར་སྐྱེ། །ལོ་མ་རྩུབ་པོ་ཀོ་མ་མཆུ། །དབྱིབས་ནི་སྲན་ཆུང་ལོ་མ་འདྲ། །མེ་ཏོག་སེར་ཞིང་ངར་བ་འཁྱོག །གང་བུ་སྲན་མའི་གང་བུ་འདྲ། །ཞེས་མེ་ཏོག་སེར་ལ་ལི་ཁྲིའི་རྩ་མདངས་ཅན་སྲན་མའི་མེ་ཏོག་དབྱིབས་ལྟར་སྐྱེ་བའོ། །འདི་ལ་རིགས་གཉིས། གང་བུ་མེད་པ་ཕོ། གང་བུ་ཅན་མོའོ། །སྐམ་སར་སྐྱེས་པ་ས་རླན་སར་སྐྱེ་བ་བཟང་བས། རིན་སྤུངས་ལས། འབུ་སུ་ཧང་ནི་ན་ལས་སྐྱེས་པ་བཟང་གསུངས་སོ།།

 

༥། ཞིམ་ཐིག་ལེ།

ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན། །ཞེས་པར། མིང༌། མ་མ་འཇིབ་འཇིབ། བྱ་ལྡུམ་གསེར་མགོ པུ་ཤུད་མིག་སྨན། མིག་སྨན་སངས་རྒྱས། ཨ་ཛ་ན། ཞིམ་ཐིག་ལེ། ཞུན་མ་ཏིག་སོགས་སྤྱི་མིང་ངོ༌། །འདི་ལ་རིགས་དྲུག་ཡོད་དེ། ཆེ་བ་གཉིས། འབྲིང་བ་གཉིས། ཆུང་བ་གཉིས་སོ། །ཆེ་བ་གཉིས་ནི། དཀར་པོ་དང་སེར་པོ་སྟེ། དང་པོ་དཀར་པོ་ནི། འཁྲུངས་དཔེར། མིག་ནད་སེལ་བའི་ཨ་ཛ་ན།།  བོད་སྐད་པུ་ཤུད་མིག་སྨན་ཟེར། །མིག་སྨན་སངས་རྒྱས་ཞེས་ཀྱང་ཟེར། །ཞིང་དང་ས་ནག་དག་ལས་སྐྱེ། །ལོ་མ་ནག་ལ་རྩུབ་པ་ཡིན། །སྡོང་པོ་གྲུ་བཞི་གདེངས་ཀ་ཅན།།  མེ་ཏོག་དཀར་པོ་ནམ་མཁར་འཕུར། །དར་དཀར་ཡོལ་བ་བྲེས་པ་འདྲ། །འབྲས་བུ་མདོག་ནག་བཞི་པོ་ལ། །ཟུར་གསུམ་བྲ་བོ་གས་པ་འདྲ། །རོ་ནི་མངར་ལ་སྣུམ་པ་ཡིན། །རང་གི་ནུས་པས་མིག་ནད་སེལ། །ཞེས་གསུངས་པ་དེའོ།།

གཉིས་པ་སེར་པོ་ནི། འཁྲུངས་དཔེར། སྡོང་པོ་གྲུ་བཞི་ཚིགས་ཕྲན་མང༌། །དེ་མཚམས་ལོ་མ་ཕྱོགས་བཞིར་རྒྱས། །ལོ་མ་ཟྭ་འདྲ་ཟུག་རྔུ་མེད། །མེ་ཏོག་དཀར་སེར་རོ་ནི་ཁ། །འབྲས་བུ་ནག་པོ་རྒྱ་བ་འདྲ། །རང་གི་ནུས་པས་མིག་གི་ནད། །ལིང་ཐོག་སེལ་བའི་བདུད་རྩི་ཡིན། །ཞེས་པ་དེའོ།།

འབྲིང་བ་གཉིས་ནི། དམར་པོ་དང༌། སྔོན་པོའོ།།

དང་པོ་དམར་པོ་ནི། བཤད་པ་གཞན་སྔ་མ་འདྲ་བ་ལས། མེ་ཏོག་དམར་སྨུག་རྒྱ་ཚོས་ཁ། །ཟེར་བ་མ་གཏོགས་འདྲ་བར་བཤད་པའོ།།

གཉིས་པ་སྔོན་པོ་ནི། མངོན་རྟོགས་ལས། གསེར་མགོ་སྲིབ་ཀྱི་སྨད་དུ་སྐྱེ། །ལོ་མ་འབོལ་ཞིང་སྣུམ་པ་ལ། །ངར་བ་གྲུ་བཞི་མཁྲུངས་པ་སྟེ། །རིང་ཐུང་རྐང་རེ་ཁྲུ་རེ་ཙམ། །མེ་ཏོག་སྔོ་ལ་རྒྱ་མདངས་ཅན། །མེ་ཏོག་གོས་ནི་རྒྱ་རྨུག་ལ། །རོ་ནི་སྣུམ་ཞིང་གོ་སྙོད་འདྲ། །མིག་ནད་མ་ལུས་སེལ་བར་བྱེད། །ཅེས་པ་མེ་ཏོག་ཅུང་ཟད་ཆུང་བའོ།།

ཆུང་བ་གཉིས་ནི། དཀར་པོ་དང་སྔོན་པོའོ།།

དང་པོ་དཀར་པོ་ནི། དེ་ཉིད་ལས། ཞིམ་ཐིག་སངས་རྒྱས་ཆུ་འཇིབ་ནི། །ན་དང་འདྲེས་པའི་སྐམ་སར་སྐྱེ། །ལོ་མ་ནག་ཆུང་སྡོང་པོ་ཆུང༌། །རིང་ཐུང་སོར་བཞི་སོར་གསུམ་ཙམ། །མེ་ཏོག་དཀར་སྐྱ་མང་བ་སྟེ། །འབྲས་བུ་ནག་པོ་ཏིལ་འབྲུ་འདྲ།།  མིག་ནད་ཐམས་ཅད་སེལ་བར་བྱེད། །ཅེས་པ་རྐང་དམར་ལོ་མ་ཉ་ག་ཅན། མེ་ཏོག་རྒྱ་ཁ་འདབ་མ་ལྔ་པ་དང༌། སྒང་བུའི་རྩ་བ་རྐང་ལྔ་ཚོམ་གཤིབས་པ་སྙིང་འདྲ་རྩེ་མོ་རིང་བ། མཐིང་རིལ་གྱི་མཆུ་འདྲ་བའོ།།

གཉིས་པ་སྔོན་པོ་ནི། གཞན་སྔ་མ་བཤད་མ་ཐག་འདྲ་བ་ལ། རྐང་གྲུ་བཞི་ལོ་མ་སྒོར་ཆུང་ཉ་གའི་རྣམ་པ་སྣུམ་ལ་ཆུང་སིབ་ཅན། མེ་ཏོག་སྔོན་པོ་འཆར་བའོ། །འདི་རྣམས་ཀྱི་སྔོ་རློན་པ་བཅད་འཕྲོ་ལིང་ཐོག་ལ་གཏུགས་པའམ། འབྲས་བུ་མིག་ནང་དུ་བཅུག་ལ་མིག་བཙུམས་ནས་ཡུན་དུ་བསྡད་པས་འབྲས་བུ་དེ་ཆེར་རྒྱས་པ་དང༌། ལིང་ཐོག་ཉམས་པར་འགྱུར་རོ།།

 

༦། སྙི་བ།

སྙི་བས་གློ་བུར་བྲང་ཚ་ཆམ་པ་སེལ། །ཞེས་པར། རང་བྱུང་ཞབས་ཀྱི་ས། སྙི་བས་རྩ་ནད་གྲང་བ་སེལ། །ཞེས་གསུངས། མིང་ཀྱི་ལུ་ཟེར། འཁྲུངས་དཔེར། སྙི་བ་ཞེས་བྱ་སྲིབ་མོར་སྐྱེ། །ལོ་མ་ཕྲ་ལ་མེ་ཏོག་ནི། ཨུཏྤལ་ནིའ་ལ་དང་འདྲ་བར། །སྔོ་ཞིང་གཞན་ལ་འཁྲིལ་ནས་སྐྱེ། །རྩ་བ་མར་གྱི་རྐྱལ་བ་འདྲ། །ནུས་པས་སྣ་ཡིས་དྲི་ཚོར་བྱེད། །ཡི་ག་དང་ག་འབྱེད་པ་ཡིན། །ཞེས་པ་ལྟར་ལོ་གསེབ་དང་ཤིང་སོགས་ལ་འཁྱིལ་ནས་སྐྱེ་བ་རྩ་བ་རྡོག་པོ་ཆེ་བ་མངར་ཤས་ཆེ་བ་མེ་ཏོག་ལུག་མིག་སྔོན་པོ་འདྲ་བའོ།།

 

༧། སྲོ་མ་ནག་པོ།

སྲོ་མ་ནག་པོ་བཅུད་ལྡན་ལུས་སྟོབས་སྐྱེད། །ཅེས་པ་ལ་མིང༌། སྣང་བ་སྒོ་འབྱེད། སིདྷི་མཱུ་ལ། དངོས་གྲུབ་རྩ་བ། བྷངྒ། ཏྲི་བྷ་བ་ན་ཟེར། འདི་ཞིང་སྐྱེས་སྲོ་མ་ར་ཙ་ཞེས་སྲོ་རྒྱུད་ཡོང་བ། གོས་དང་ཐག་པ་འཚོས་པ། ལོ་མ་ནག་པོ་དབྱིབས་ཐང་ཤིང་ལྟར་སྐྱེ་བ། འདོམ་རེ་ཙམ་པའི་འབྲས་བུ་སྔོ་སེར་ཁྲ་འོད་ཅན་དེའོ། །འདི་བཅུད་ལེན་དང་དབང་པོ་རྡོ་རྗེ་མཁྲེགས་བྱེད། མིག་འབྱེད་པ་སོགས་ལ་བཟང་བ་ཡིན།།

 

༨། ཆུ་རུག

ཆུ་རུག་རྒྱུས་པའི་ཚད་པ་སེལ་བར་བྱེད། །ཅེས་པར། ལྗོན་ཤིང་ལས། ཆུ་རུག་ཆུ་མི་འཇིགས་པའི་སྨན། །རྒྱུས་པ་ཆད་ན་མཆོག་ཏུ་བཏབ། གསུངས། མིང༌། ལ་བུར་དང༌། ལང་གུར། རྒྱུས་མཐུད་ཟེར། འཁྲུངས་དཔེར། ཆུ་རུག་ཆུ་འགྲམ་མཚམས་སུ་སྐྱེ། །རྩ་བ་གཡུ་འབྲུག་འཁྱིལ་བ་འདྲ། །ལོ་མ་སྦལ་པའི་ལག་པ་འདྲ། རང་གི་ནུས་པས་རྒྱུས་ཚད་སེལ། །ཞེས་པ་ལྟར་ལས་དགུན་ཡང་ཆེར་མི་སྐྱེ་བ། སྡོང་བུ་སྨྱུག་ལྟར་ལོ་མ་ལབ་ལོ་འདྲ་ལ། མེ་ཏོག་སྐམ་སྐྱེས་དཀར་ཤས་ཆེ་ལ། རླན་སྐྱེས་དམར་ཤས་ཆེ། ལོ་མ་འཕུར་ནས་སྣོམ་ན་ཉུངས་ལོ་བྲོ་བའོ།།

 

 

༩། རྟ་རྨིག

རྟ་རྨིག་རྨ་གསོ་རུས་སྦྱོར་རྩ་སྒོ་འགེགས། །ཞེས་པར། རང་བྱུང་པས། རྟ་རྨིག་མགོ་ཡི་ནད་ལ་ཕན། །གསུངས། མིང༌། རྟ་མིག །རྟེའུ་རྨིག་གཟའ་དུག་ཁྲ་བོ། ཏི་མུས་པ། སྲེ་མོང་མེ་ཏོག་ཟེར། འཁྲུངས་དཔེར། རྟ་རྨིག་བྲག་གི་རྩ་བར་སྐྱེ། ལོ་མ་ཉི་དགའི་ལོ་མ་འདྲ། །མེ་ཏོག་རྟ་ཡི་རྨིག་པ་འདྲ། །ས་ལས་མ་འཕགས་གཅིག་སྐྱེས་ཀྱི་ས། །རྩ་ཡི་སྒོ་རྣམས་འགེགས་པར་བྱེད། །ཅེས་དང༌། གཟའ་བཅོས་མཆན་རྙིང་དུ། ལོ་མ་ཤང་དྲིལ་འདྲ་བ་ལ་སྤུ་ཅན་མེ་ཏོག་སེར་པོ་རྟེའུ་རྨིག་པ་འདྲ། གང་བུ་རྡོ་རྗེ་འདྲ། བྲག་ལྕམ་དང་མ་ནོར་ཞིག་ཟེར་བ་འདུག་གོ

 

༡༠། ལུག་ངལ།

ལུག་ངལ་དུག་སེལ་ཡན་ལག་སྐྲངས་པ་འཇོམས། །ཞེས་པར། འཁྲུངས་དཔེར། ལུག་ངལ་དཀར་པོ་ཆུ་འགྲམ་སྐྱེ། །ལོ་མ་འབོལ་ཞིང་ངར་བ་ཕྲ། །འབྱར་བག་ཡོད་ཅིང་མེ་ཏོག་སེར། །རོ་ནི་མངར་ལ་ནུས་པ་བསིལ། །རླུང་གཟེར་འཇོམས་པའི་མཆོག་ཏུ་བཤད། །ཅེས་པ་ལོ་མ་རྒྱ་མེན་འདྲ་བ། མེ་ཏོག་སེར་སྐྱ་བྱེའུ་མཆུ་འདྲ་བ་འཆར་བ་ཡིན། འགའ་ཞིག་སྟང་རི་ཟིལ་པར་བྱེད་པ་ནོར་བར་གསུངས།

 

༡༡། ཟངས་རྩི།

ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སེལ། །ཞེས་པར། རང་བྱུང་པས། ཟངས་རྩི་དཀར་པོས་རྣག་སྐེམ་དྲོ། །གསུངས། མིང༌། རྀཥ་བྷ། ཁྱུ་མཆོག ཛི་བ་ཀ འཚོ་བྱེད། ཛིཝནྟི། འཚོ་ལྡན། ནི་ཤ་ནི། རི་ཤ་ཀ་ཟེར། འདི་ལ་རིགས་དཀར་ནག་གཉིས་འབྱུང༌། ནག་པོ་ནི། འཁྲུངས་དཔེར། ཟངས་རྩི་ནག་པོ་བྱ་བ་ནི། ས་ནག་འབོལ་བའི་ནང་དུ་སྐྱེ། །འཁན་པ་ལྟ་བུར་དྲི་ཡང་ཆེ། །ལོ་མ་ནག་མཉེན་ཉ་ག་ཅན། །སྡོང་བུ་བེའུའི་རྔ་མ་འདྲ། །མེ་ཏོག་འབྲས་བུ་འཁན་དམར་འདྲ། །རོ་ནི་ཚ་ལ་ཅུང་ཟད་ཁ། །ནུས་པས་སྲིན་ནད་མ་ལུས་སེལ། །ཞེས་པས་སྡོང་པོ་ཁྲུ་གང་ནས་མཛུབ་གང་བར་མ་ངེས་སྐྱེ་བ། དབྱིབས་ཞིང་སྐྱེས་སྲོ་མ་ར་ཙ་འདྲ་བའོ།། དཀར་པོ་འདི་ལ་རིགས་གཉིས་ཡོད་པའི་དཀར་པོ་ནི། གསང་ནས་གཞན་དུ་བཤད་པས་གསང་བ་སྨན་གཅིག་ཟེར། དོན་ལ་མ་ཐང་འཆིང་བུ་ཡིན་པས། མིང་སེང་གེ་འཇིགས་མེད། འོ་མ་འཛིན་པ་ཟེར། དྷརྨ་སྭ་མིའས། གསང་བ་སྨན་གཅིག་མཚན་ཉིད་ནི། །སྐྱེ་བའི་ཡུལ་ལ་ངེས་པ་མེད། །གྲམ་ཁྲོད་ཞིང་ངན་མུ་ནང་དང༌། །རྩིག་པའི་གདན་དང་ཤིང་གསེབ་སྐྱེ། །ལོ་སྡོང་འབྲས་ཞན་ཕྲ་ཉག་ཅིང༌། །སྡོང་བུ་གྲུ་བཞི་རྩུབ་པ་ལ། །ལོ་མས་ཚིགས་བརྒྱན་པད་འདབ་འདྲ། །མེ་ཏོག་དཀར་པོ་ཆུང་བ་ཡིན། །འབྲས་བུ་རིལ་བུ་གཉིས་འབྲེལ་རྩུབ། །ཀུན་ལ་སེང་གེའི་ཁ་སོ་ཅན། །དེ་ཕྱིར་སེང་གེ་ཁ་གདངས་ཟེར། །ཀུན་གྱིས་མཐོང་ཡང་ངོ་མ་ཤེས། །དེ་ཕྱིར་གསང་བ་སྨན་གཅིག་ཟེར། །མགོ་རྨ་སྟག་མོ་ཁ་རལ་ལ། །སྨན་ནི་སེང་བཞིན་འཇིགས་པ་མེད། །དེ་ཕྱིར་སེང་གེ་འཇིགས་མེད་ཟེར། །ཞེས་གསུངས་པ་དང༌། ལྗོན་ཤིང་ལས། བདུད་རྩི་འོ་མ་འཛིན་པ་ནི། རྩ་ཆད་ཁྲག་ཆད་སྨན་གྱི་མཆོག །ཅེས་དང༌། སྨན་ནུས་རྒྱས་བཤད་ལས། །མ་ཐང་འཆིང་བུས་རུས་པ་སྦྱོར། །ཞེས་པ་དེ་ཡིན་ལ། དེ་ལས་དམན་པ་དེ་རིགས་ལ་ཟངས་རྩི་དཀར་པོའམ། མ་ཐང་འཆིང་བུ་ནག་པོར་བྱེད་ལ། སྔོ་ལོ་སྡོང་ཕྲ་ལ་རིང་བ་ཡིན་ལ། ཕྱི་མ་འདི་དེ་ལས་གྱོང་ལ་ནག་ཅིང་ཐུང༌། ལོ་མ་ཆེ་བ་ཡིན། གཉིས་ཀ་ཤིང་གཞན་ལ་དཀྲིས་ནས་སྐྱེ་བས་དཀྲི་བ་ཟེར། འབྲས་བུ་སོགས་རེག་པས་འབྱར་ཡོང་བས་རེག་འབྱར་དང་གོས་ལ་འབྱར་ཟེར། འོ་ཟངས་ཁོལ་མར་བཏབ་ནས་བསྙལ་བས་ཞོར་ཆགས་པའི་རུ་རྩི་བྱེད་པས། ཟངས་རྩི་དང་ཞོ་རྩི་ཟེར། ཐིག་ལེ་འཛག་པ། འཛག་ལ་ཁད་ཀྱང་འདིས་འཛིན་སྲུང་བྱེད་པས། འོ་མ་འཛིན་པའམ། ཤུ་ཀྲ་འཛིན་པ་ཟེར་བའོ།།

 

༡༢། ཐ་རམ། ན་རམ། རམ་བུ། སྤང་རམ།

ཐ་རམ་ན་རམ་ལ་སོགས་འཁྲུ་བ་གཅོད། །ཅེས་པའི་རམ་པ་ལ་རིགས་བཞི་སྟེ། ཐ་རམ་ན་རམ་རམ་བུ་སྤང་རམ་མོ།།

དང་པོ་ཐ་རམ་ལ། རང་བྱུང་པས། ཐ་རམ་པ་ཡིས་འཁྲུ་བ་གཅོད། །དང༌། དཔག་བསམ་ལྗོན་པར། ཐ་རམ་པ་ཡིས་གྲང་འཁྲུ་གཅོ། །གསུངས། སྙིང་པོར། ཏི་གུ་རམ་ཡག་འཁྲུ་བ་གཅོད་གསུངས། མིང༌། ཏི་གུ་ལམ་སྐྱེས། ཏི་གུ་རམ་པ། ཏི་གུ་ལམ་ཡག ཏེ་ལ་ཅ་ཆུང༌། ཨོ་པ་ཐེ་རང༌། བེ་ཁུར། བཙན་མོའི་གཡུའི་ལྕང་ལོ་ཅན། རྒྱ་གར་པས་ཏོ་མ་ནི་ཏ། རྒྱ་ནག་པས་མེ་མོ། མི་ཉག་པས་སུ་སྨི་ལི་འོན་རྣམས་ཟེར། འཁྲུངས་དཔེར། ཐ་རམ་ཞིང་རྒོད་ཐ་བ་དང༌། །ལམ་ཁར་སྐྱེ་བའི་ལོ་མ་ནི། ། སྣུམ་ལ་རུག་འདྲ་རི་མོ་ཅན། །སྡོང་བུ་གཅན་གཟན་མཇུག་མ་འདྲ། །འབྲས་བུ་རམ་པའི་སྙེ་མ་བཅས། །ས་ལ་བགྲད་ནས་སྐྱེ་བ་ཡིན། །རོ་ནི་མངར་བསྐ་འཁྲུ་བ་གཅོད། །ཅེས་པའོ།།

གཉིས་པ་ན་རམ་ལ། ལྗོན་པར། ན་རམ་གྲང་བའི་འཁྲུ་བ་གཅོད། དང༌། ནུས་བཤད་ལས། ན་རམ་པ་ཡིས་ཚ་འཁྲུ་གཅོད། །གསུངས། མངོན་རྟོགས་ལས། ན་རམ་ན་བའི་སྤང་ལས་སྐྱེ། །ལོ་མ་ཐ་རམ་འདྲ་བ་ལ། །སྡོང་བུ་སྙེ་འབྲས་ཁམ་སེར་རྩིང༌། །སྣུམ་པའི་མདངས་བཅས་གྱེན་ལ་ལྡང༌། །རོ་ནི་ཁ་བསྐ་འདམ་དྲི་བྲོ། །ནུས་པས་ཚ་འཁྲུ་གཅོད་པར་བྱེད། །ཅེས་གསུངས་པ་དེའོ།།

གསུམ་པ་རམ་བུ་ལ། ལྗོན་པར། རམ་བུས་གྲང་བའི་འཁྲུ་བར་ཕན། གསུངས། མིང་རམ་དམར། རམ་པ། རམ་བུ། རམ་ཆེན། ཆག་རམ་ཟེར། འཁྲུངས་དཔེར། རམ་བུ་ཞེས་བྱའི་སྐམ་རྩི་ནི། །སྲིབ་མོའི་རི་དང་ཐང་ལ་སྐྱེ། །ལོ་མ་སྔོ་ནག་རལ་གྲི་འདྲ། །རྐང་སྡོང་ཕུག་རོན་རྐང་ལྟར་དམར། །མེ་ཏོག་དཀར་པོ་ཁྱི་མཇུག་འདྲ།།  འབྲས་བུ་དམར་ཞིབ་བྱུར་ལུ་འདྲ། །རྩ་བ་དམར་པོ་ཐག་བསླས་དབྱིབས། །རོ་ནི་བསྐ་བའི་རང་བཞིན་ཡིན། །གསུངས། འདི་ལ་རྒོད་གཡུང་གཉིས་ཡོད། །རྒོད་པ་འདི་ཡིན་ལ། གཡུང་བ་ནི་ཀླུང་འགྲམ་བྲག་སྤང་འདྲེས་སར་སྐྱེ་བས། རམ་གཡུང་རྟ་མོན་རོང་ལ་སྐྱེ། །ལོ་མ་གླང་མའི་ལོ་མ་འདྲ། །སྡོང་བུ་རིང་ལ་མེ་ཏོག་ནི། །དཀར་དམར་མདངས་ལྡན་བལ་ཐོ་འདྲ། །རྩ་བ་དམར་མཁྲེགས་འཕྲེད་ལ་སྐྱེས། །མི་རོ་རེངས་འདྲ་མངར་བསྐ་སྐྱུར། །འཁྲུ་གཅོད་རྒྱུ་མའི་གྲང་གཟེར་འཇོམས། །ཞེས་རྟ་མོན་པ་སྟེ་རམ་འབྲུ་སྔ་མ་ལྟར་མེད་པའོ། །རམ་པ་དམར་པོ་སྔ་མའི་རྩ་བ་བཟང་བར་བཤད། བདུད་རྩི་བམ་པོ་བརྒྱད་པ་ལས། རམ་བུ་དམར་པོ་འདི་རྩིའི་ལྷ་མོའི་རཀྟ་ཟགས་པ་ལས་བྱུང་བས་རྩ་དམར་བ་རཀྟ་ཡིན། འདི་སྟོན་འབྲིང་གི་ཉ་ལ་རྩིའི་ལྷ་མོའི་རཀྟ་འཛག་པའི་དུས་བརྐོས་པའི་རྩ་བ་འབྲས་བུ་ལས་ནུས་པ་ཆེ། དེ་ལ་ཁྲག་གི་ཉུངས་མ་ཡང་ཟེར། འདིའི་རྩ་བ་བཙིར་བའི་ཁུ་བ་པདྨ་རཀྟ་དང་ཆ་མཉམ་ནས་འཐུངས་ན་གང་དབང་དུ་བྱ་འདོད་པ་དེ་དབང་དུ་གྱུར་ཞེས་རྩིའི་ལྷ་མོས་གསུངས་སོ། །ཞེས་བཤད།

བཞི་པ་སྤང་རམ་ནི། དཔག་བསམ་ལྗོན་ཤིང་ལས། སྤང་གི་རམ་འབྲས་གྲང་འཁྲུ་གཅོད། །ཅེས་དང༌། རང་བྱུང་རྡོ་རྗེས། ན་རམ་རམ་བུ་མོན་བུ་གསུམ། །དྲོད་ལྡན་ཁྲག་འཕེལ་འཁྲུ་བ་གཅོད། །ཅེས་གསུངས། མིང་སྤང་རམ། མོན་བུ། མོན་ནེ། རམ་དཀར་ཟེར། མངོན་རྟོགས་ལས། རམ་དཀར་མཐོ་མཁྲེགས་སྤང་ལས་སྐྱེ། །ལོ་མ་ཕྲ་མོ་སེག་བདར་འདྲ། །སྡོང་བུ་ཕྲ་ཐུང་མེ་ཏོག་དཀར། །དབྱིབས་ནི་རྟ་མོན་འདྲ་ལ་ཆུང༌། །འབྲས་བུ་སེར་ཞིབ་འོད་དང་ལྡན། །ཟུར་གསུམ་དབྱིབས་ནི་བྲ་བོ་འདྲ། །རྩ་བ་མོན་ཆུང་དཀར་ལ་མངར། །བསྐ་ཞིང་དྲོ་བས་གྲང་འཁྲུ་གཅོད།།  ཅེས་གསུངས་པས་གསལ་ལོ།།

 

༡༣། ཏི་མུ་ས།

ཏི་མུ་ས་ཡིས་འཁྲུ་བ་གཅོད་པར་བྱེད། །ཅེས་པ་ལ། རང་བྱུང་པས། ལོ་བཙན་ཚ་གྲང་འཁྲུ་བ་གཅོད། །ལོ་བཙན་ཆེན་པོས་གདོན་ལ་ཕན། །ཞེས་དང༌། ལྗོན་ཤིང་ལས། མེ་ཏོག་བྱ་རྐང་རྣག་འཁྲུ་གཅོད། །རྨར་བཏབ་ཆུ་སེར་སྐེམ་ཞིང་འདྲུབ།།  གསུངས། མིང་སྤྱིར། ལོ་བཙན་འཐིང་པོ། བྱ་རྐང་པ། ཏི་མུ་ས། ཏི་མུས་ས། རྨ་ལོ་རྐང་གཅིག མེ་ཏོག་རྐང་ཆག གཡུ་ལུང་པ་ཟེར། འཁྲུངས་དཔེར། རྨ་ལོ་རྐང་གཅིག་ཅེས་བྱ་བ། །སྔོན་པོ་དར་ཡ་ཀན་ཞེས་ཟེར། །ཉིན་གྱི་སྟོད་སྨད་མ་ངེས་སྐྱེ།།  ལོ་མ་སྤོར་འདྲ་ཅུང་ཟད་སྔོ། །སྡོང་པོ་སྔོན་པོ་ཕྲ་ལ་རིང༌། །མེ་ཏོག་སྔོ་དམར་པུ་ཤུད་མགོ །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་དམར་བཤལ་གཅོད། །ཆང་གིས་འཕུལ་ན་གྲང་འཁྲུུ་གཅོད། །དབྱིབས་དང་སྐྱེ་ས་རིགས་གསུམ་ཡོད། །ཅེས་པ་ལ་རིགས་གསུམ་སྟེ། ལ་ཁར་སྐྱེ་བ་བོང་ཐུང་ལ་མཐུག་པ་མེ་ཏོག་དཀར་ཤས་ཆེ་ལ་མདངས་མི་གསལ་བ་ལ་ལོ་བཙན་ཆེན་པོ་ཟེར། ལྗོན་པ་ལས། ལོ་བཙན་མཐིང་པོས་དམར་ནག་རིམས། །ཚ་འཁྲུ་གཅོད་པའི་མཆོག་ཡིན་གསུངས། །ཞེས་པའོ།།  སྔོ་སྐྱ་ཆུང་བ་བར་ཤོད་དུ་སྐྱེ་བ་ལ་སྒེར་མིང་གཡུ་ལུང་པ་ཟེར། དེ་ཉིད་ལས། གཡུ་ལུང་ཚ་འཁྲུ་གཅོད་པ་ཡིན། །གསུངས། དམའ་སའི་ས་མཚོར་སྐྱེས་པ་འབྲིང་བ་མཐིང་ནག་ལ། སྒེར་མང་བྱ་རྐང་པ་ཟེར། ནུས་པ་ཕྱོགས་མཐུན་ཡང་རིམ་པས་སྔ་མ་བསིལ་བ་ཡིན།།

 

༡༤། ཁུ་བྱུག་པ།

ཁུ་བྱུག་པ་ཡིས་རྩ་འབྱེད་ཆུ་འགགས་འབྱིན། །ཞེས་པ། འཁྲུངས་དཔེར། ལྡུམ་བུ་བྱང་ཆུབ་ཅེས་ཀྱང་བྱ། །ཀུ་ཤ་ས་ལུ་ཞེས་ཀྱང་བྱ། །འཇའ་ཚོན་མྱུ་གུ་ཞེས་ཀྱང་བྱ། །ཁུ་བྱུག་རྩ་ལྗང་ཞེས་ཀྱང་བྱ། །སྐྱེ་ས་ལྷོ་བལ་རོང་དུ་སྐྱེ། །ལོ་མ་གྲེས་མ་གཞོན་ནུ་འདྲ། །མེ་ཏོག་མཆོང་གི་བུམ་པ་འདྲ། །རྩ་བ་གསེར་གྱི་སྐོར་རྩེ་འདྲ། །རང་གི་ནུས་པས་རྩ་ཁ་འབྱེད།ཆུ་འགགས་རྡེའུ་ནད་མ་ལུས་སེལ། །མེ་ཏོག་མངར་གསུམ་སྦྱར་བ་ཡིས། །བཅུད་ལེན་ཡོན་ཏན་མ་ལུས་འབྱུང༌། །ཞེས་གསུངས་པ་སྡོང་བུ་ཚིགས་ཅན་ཚིགས་རེ་ནས་ལོ་མ་སྐྱེ་བ་རྩེ་མོ་ལོ་མས་བཏུམས་པའི་ནང་དུ་མེ་ཏོག་དང་འབྲུ་ཟི་ར་འདྲ་བ་དེ་ལས་ལེབ་ཙམ་ཡོད་པ་བལ་ཡུལ་སོགས་ཆུ་མོད་སར་སྐྱེ་བར་བཤད། མ་རྙེད་ན་ཁུ་བྱུག་རྫི་ཐོག་དང༌། རྩ་བར་མ་མ་སྒོ་ལྕགས་དང༌། །མ་མ་རྒྱས་རྒྱས་ཟེར་བས་ཚབ་རུང་ཟེར། ད་ལྟར་ཁམས་སུ་སྐྱེ་བ་ལོ་མ་སྨྱུག་ལོའི་དབྱིབས་ལ་ཟིལ་པ་དབང་ལག་ལོ་མ་ལྟར་ཆགས་པ། སྲབ་ལ་སྣུམ་པ་གཅིག་རྟིང་གཅིག་འཐུད་སྐྱེ་བ། མེ་ཏོག་དམར་ནག་བཟེད་ཞལ་ལྟར་གྱེན་ལ་བཟེད་པར་ཆར་ཆུ་བ་སོགས་འདུག་པ་མེ་ཏོག་གི་ཁ་ཚོད་ཀྱི་ཚུལ་དུ་ཁ་ཁེབས་ལ་ཁད་པ་ཡོད། བྱིས་པ་ཕལ་པས་ཁུ་བྱུག་གཅིན་རྗེའུ་ཟེར་བ་དེའོ།།

 

༡༥། བྱི་ཤང་དཀར་མོ།

བྱི་ཤང་དཀར་མོས་གློ་ཚད་ཕྱི་སྐྲན་སེལ། །ཞེས་པ་འདིར་ངོས་འཛིན་ལུགས་མང་སྟེ། གཤའ་རྡོ་ལ་བྱེད་པ་དང༌། རྡོ་བྱེའུ་མགོ་དཀར་པོ་ལ་དང༌། ཅོང་ཞི་ལ་དང༌། རྡོ་ཞུན་རྒྱུའི་རྡོ་ལ་དང༌། མེ་ཏོག་ཀྱི་ལྕེ་དཀར་པོ་ལ་བྱེད་པ་དང༌། ར་དཀར་མོའི་འོ་མ་ལ་བྱེད་པ་སོགས་མང་ཡང༌། འཁྲུངས་དཔེར་གསུངས་པ་དངོས་ནི། བྱི་ཤང་དཀར་མོ་སྤང་ལས་སྐྱེ། །འདབ་མ་གཅན་གཟན་སྨ་ར་འདྲ། །གློ་བའི་ནད་ལ་ཕན་པར་བྱེད། །ཅེས་པ་སྔོ་ཕུང་པོར་སྐྱེ་བ་ལོ་མ་མེད་པའི་ངར་བ་གཅན་གཟན་གྱི་ཁ་སྤུ་ལྟར་སྐྱེ་བ་མེ་ཏོག་དཀར་པོ་འཆར་བ་དེས་གློ་ལ་ཞུགས་པའི་ཚད་པ་དང༌། དེའི་རེང་བུ་རྨར་བཅུག་པས་ཕྱི་སྐྲན་བཤིག་པར་བྱེད་དོ།།

 

༡༦། ནད་མ།

ནད་མས་ཆག་སྦྱོར་རྨ་འདྲུབ་སྐྲངས་པ་གཞིལ། །ཞེས་པ། དཔག་བསམ་ལྗོན་པར། ནད་མས་རྨ་གསར་སྐེམ་པར་ནུས། །ལྷག་པར་ཡན་ལག་སྐེམ་ལ་བསྔགས།།  ཞེས་པར། རིགས་གསུམ་སྟེ། འབྱར་མ། རྨུན་བུ། སྒྱིབ་མའོ། འཁྲུངས་དཔེར། ནད་མ་སྤུན་གསུམ་མཚན་ཉིད་བཤད། །ནད་མ་འབྱར་མ་ཞེས་བྱ་དང༌། །ནད་མ་རྨུན་བུ་དག་དང་ནི། །ནད་མ་སྒྱིབ་མ་སྤུན་གསུམ་མོ། །ཞེས་དང༌། ནད་མ་འབྱར་མའི་མཚན་ཉིད་ནི། །ཡུལ་དབུས་དྲོ་བའི་ས་ལས་སྐྱེ། །ལོ་མ་སྔོན་པོ་རྩུབ་པ་ལ། །སྡོང་བུ་གྲུ་བཞི་རིང་བ་ཡིན། །མེ་ཏོག་མཐིང་ཤུན་བེའུ་རྩེ་འདྲ། །འབྲས་བུ་སྤུན་ལ་ཟླུམ་པ་དང༌། ལོ་མ་འདབ་བཞི་འབྱར་ཞིང་འཁྲིལ། །རོ་ནི་ཁ་ལ་མངར་བ་སྟེ། །ནུས་པས་རྨ་རྣམས་གསོ་བར་བྱེད། །ཅེས་མེ་ཏོག་སྔོ་སྐྱ་སྡོང་པོ་ཅན་དང༌། ཡང༌། ནད་མ་རྨུན་བུའི་མཚན་ཉིད་ནི། །ཆུ་ཀླུང་ཆེན་པོའི་འགྲམ་ན་སྐྱེ། །ལོ་མ་རྩུབ་མོར་གང་རེག་འཁྲི། །འབྲས་བུ་ལུང་ཐང་འབྲས་བུ་འདྲ། །ཞེས་སྔ་མ་འདྲ་ཡང་དེ་ལས་སྙོམས་པ་ཆེ་ལ་བགྲད་པའོ། །ཡང༌། ནད་མ་སྒྱིབ་མའི་མཚན་ཉིད་ནི། །ཞིང་གི་མུ་རྣམས་ཀུན་ལས་སྐྱེ། །ལོ་མ་འབྱར་ཞིང་ཆུང་བ་ལ། །སྡོང་བུ་གཡུ་ཞགས་འཁྱིལ་བ་འདྲ།།  འབྲས་བུ་སྦལ་པའི་སྒོ་ང་འདྲ། །གང་ལ་ཉེ་བར་འབྱར་ཞིང་འཁྲིལ། །རོ་ནི་གོང་དང་འདྲ་བ་སྟེ། །ནུས་པས་རྨ་རྣམས་གསོ་བར་བྱེད། །ཅེས་པ་སྔར་གྱི་མ་ཐང་འཆིང་བུའི་རིགས་ལོ་མ་ཕྲ་ལ་སིབ་པ་མེ་ཏོག་དཀར་ལ་སྔོ་མདངས་ཅན་སྡོང་བུ་རིང་ལ་གཞན་ལ་འཁྲིས་ཤིང་སྐྱེ་བ་དེའོ།།

 

༡༧། བྱ་རོག་ཉུངས་མ།

བྱ་རོག་ཉུངས་མས་རྨ་གསོ་འབྲས་ནད་འདུལ། །ཞེས་པར། མིང་བྱ་རོག་མིག བྱ་རོག་ནོར་བུ་ཡང་ཟེར་བས་སྦ་ཡག་པ་དང་མ་ནོར་བ་དགོས། འཁྲུངས་དཔེར། བྱ་རོག་ཉུངས་མ་ཞེས་བྱ་བ། །སྲིབ་མོའི་ཁ་སྟོད་དག་ལས་སྐྱེ། །ལོ་མ་ལེབ་ལ་ཉ་ག་ཅན། །ལོ་མའི་རྒྱབ་ནི་སྐྱ་བ་ཡིན། །རྩ་བ་སྡོང་པོ་པགས་པ་དམར། །རྩ་བ་སྡོང་པོ་ཟོས་པ་ན། །བ་སྨྱོད་འདྲ་སྟེ་དམ་ལ་འབྱར། །རང་གི་ནུས་པས་འབྲས་ནད་སེལ།།  ཞེས་པ་བྱེ་མར་སྐྱེས་པ་ལོ་མ་ལ་ཕུག་ལྟ་བུ་བགྲད་ནས་སྐྱེ་བ་རྩ་བའི་ཕྱི་དམར་པོ་མངར་བ་དེ་ཡིན།།

 

༡༨། སྣེའུ། རྒྱ་སྣེ། བོད་སྣེ།

སྣེའུ་རིགས་གཉིས་རྔུལ་འདྲེན་ནད་ཀུན་སེལ། །ཞེས་པར། རང་བྱུང་པས། སྣེའུས་རླུང་ཚད་འབྱིན་པར་བྱེད། །གསུངས། རིགས་རྒྱ་སྣེ་བོད་སྣེ་གཉིས་ཏེ། འཁྲུངས་དཔེར། སྣེའུ་ཞེས་བྱ་རིགས་གཉིས་ནི། །རྒྱ་སྣེ་དམར་ལ་བོད་སྣེ་སྔོ། །རིགས་ནི་གཉིས་སུ་ཤེས་པར་བྱ། །ཞེས་དང༌། ལྗོན་ཤིང་ལས། སྣེའུ་དམར་ལྡུམ་ར་དག་ལས་སྐྱེ། །སྡོང་བུ་ཆུ་མ་རྩི་དང་འདྲ། །ལོ་མ་ཕྲ་སིབ་ལོ་སྡོང་དམར། །འབྲས་བུ་དཀར་ཞིབ་རིང་བསྲེལ་འདྲ། །ནུས་པས་རླུང་སེལ་ཚད་པ་འདོན། །ཞེས་དང༌། སྔོ་འབུམ་དུ། རྒྱ་སྣེ་དམར་པོ་ཞེས་བྱ་བ། །ལུ་མ་གྲམ་པ་ཐལ་བར་སྐྱེ། །རྩ་བ་སྡོང་པོ་དམར་པོ་སྟེ། །ལོ་མ་དམར་པོ་ཤིན་ཏུ་མཐུག །དབྱིབས་ནི་ཟླུམ་ལ་འབྲས་བུ་རྒྱས། །བདུད་རྩི་ཟིལ་པ་ཆགས་པ་འདྲ། །ནད་རྣམས་ཐམས་ཅད་སེལ་བ་ཡིན། ། ཞེས་དམར་པོ་ལ་རིགས་གཉིས་ཡོད་པའི་སྔ་མ་འདི་མེ་ཏོག་ལྡུམ་རར་སྐྱེ་བ་ཡོན་ཆབ་མདོག་བསྒྱུར་ཞེས་པ་ཁུ་བས་ཚོན་མདངས་ཉན་པ་དང༌། ཕྱི་མ་ནི། དབྱིབས་བོད་སྣེ་འདྲ་ལ་དམར་པོ་སྡོང་པོ་གྱེན་ལ་སྐྱེས་པའོ། །ཡང༌། བོད་སྣེ་སྔོན་པོ་ཞིང་ལས་སྐྱེ། །ལོ་མ་གཡུ་ཡི་བསིལ་ཡབ་འདྲ། །རྒྱབ་ཏུ་བདུད་རྩི་ཟིལ་པ་ཆགས། །རོ་ནི་མངར་བ་ཅུང་ཟད་ཚ། །ཁོང་བཏང་རྨ་ལ་ཆུ་མི་འཇིགས། །ཁབ་ལེན་དང་སྦྱར་ཁོང་བཏང་ཞིང༌། །རྨ་ཁར་བཏབ་པས་རུས་ཆེན་ལ། །མདའ་ཟུག་མདེའུ་འབྱིན་པར་བྱེད། །ཅེས་པ་སྣེ་རྒོད་སྟེ་ལོ་སྡོང་སར་ཉལ་ནས་སྐྱེ་བའོ། །རྒྱ་སྣེ་དམར་པོ་ཤོག་བུར་བྱུགས་ན་རྒྱ་ཚོས་བྱུགས་འདྲ་འབྱུང༌། བོད་སྣེ་བསྲུབས་ན་ཆུའི་རང་བཞིན་ནོ།།

 

༡༩། ག་བུར་ཏིས་ལོ།

ག་བུར་ཏིས་ལོས་གློ་རིམས་ཚད་པ་སེལ། །ཞེས་པར། མིང་སེང་གེ་སྦར་རྒྱ་བ། ཆམ་པ་ལམ་ལྡོག །སྔོན་མོ་ཆབ་འདྲེན། ཁྱི་དུག་པ། ཁྱི་དུག་སྦྱང་རྗེས། ག་བུར་ཏིས་ལོའོ། །མན་ངག་འཁྲུངས་དཔེར། སྔོ་ག་བུར་ཏིས་ལོ་ཞེས་བྱ་བ། །ཁ་སྟོད་གཡའ་དང་སྲིབ་ལས་སྐྱེ། །རྩ་བ་ནག་པོ་ཆུན་པོར་འབྲེལ། །ལོ་མ་གཅན་གཟན་སྦར་སྡེར་འདྲ། །སྡོང་པོ་མེ་ཏོག་ར་དུག་འདྲ། །རོ་ནི་ཁ་ལ་ནུས་པ་བསིལ། ཁྱི་དུག་སྤྱང་རྗེས་ཞེས་ཀྱང་བྱ། །སེང་གེ་སྡེར་མོ་བྱ་བ་ཡིན། གློ་ཚད་ནད་ལ་བདུད་རྩི་ཡིན།།  ཞེས་པས་ཤེས་སོ།།

 

༢༠། སེང་གེ་འཇིགས་མེད།

སེང་གེ་འཇིགས་མེད་མགོ་ཆག་རུས་རྨ་གསོ། །ཞེས་པར། དེའི་གདམས་པ་ལས། སྔོན་ཚེ་སྤྱན་རས་གཟིགས་དབང་གིས། །མ་འོངས་དུས་ཀྱི་ཕྱི་མ་ལ། །སེམས་ཅན་དབུལ་ཕོངས་ཟ་ཐང་གུད། །བྱེད་ངན་དམར་ཇག་མཚོན་ཆ་དར། །གསོད་གཅོད་ཆག་རྨས་སྡུག་བསྔལ་མང༌། །གསུངས་ནས་ཐུགས་བརྩེས་སྤྱན་ཆབ་ཕྱུང༌།།  ཐིགས་བདུན་ས་ལ་ལྷུང་བ་ལས། །སྨོན་ལམ་བཏབ་པས་གསང་སྨན་བདུན། །ཆག་འཁྲུགས་ཉེས་ཚད་གླང་ཆེན་ལྟར། །ཁྲོས་ཀྱང་སེང་ལྟར་འཇིགས་པ་མེ། །གཙོ་བོ་ག་པ་གེར་སྐྱེས་ནི། །ས་བཟང་ཉམས་དགའི་སྤང་ལྗོངས་ལ། །དབྱར་ཟླ་མགོ་མའི་ཡར་ངོར་སྐྱེ། །ལོ་མ་ལེབ་ཆུང་ས་འབྱར་ལ། །མེ་ཏོག་སྔོ་དམར་ཧོར་ཞྭ་འདྲ། །གང་བུ་གཡེར་འབྲུ་འདྲ་བའི་ནང༌། །ཚིག་འབྲས་སངས་རྒྱས་རིང་བསྲེལ་འདྲ། །གཙོ་བོ་ག་པ་གེར་སྐྱེས་ཡིན། །ཕུ་བོ་གངས་ཀྱི་སེང་སྐྱ་ཡིན། །ནུ་བོ་མ་ཐང་འཆིང་བུ་ཡིན།།  སྲིང་མོ་ཅོ་ཀ་ཀླད་སྨན་ཡིན། །ཕོ་ལྡུམ་སྐོན་པ་གབ་སྐྱེས་ཡིན། །མོ་ལྡུམ་ཤ་ལ་ཡུ་རིང་ཡིན། །རྟ་མཆོག་རོག་པོ་འཇོམས་སྐྱེས་ཡིན།ཞེས་སེང་གེ་འཇིགས་མེད་རིགས་བདུན་བཤད་པའོ།།

 

༢༡། རོག་པོ་འཇོམས་སྐྱེས།

རོག་པོ་འཇོམས་སྐྱེས་གློ་ནད་མགོ་རུས་འཚོ། །ཞེས་པར།མིང་ཇོ་མོ་གློ་ལྡུམ། ར་ད་སྨན་གཅིག གློ་སྨན་ཆིག་ལྡུམ་ཟེར། གསང་བ་ཕུག་འཚོལ་ལས། རོག་འཇོམས་ར་ད་སྨན་གཅིག་ནི། །རོ་སྟོད་ས་ཤག་གད་ལས་སྐྱེ། །རྩ་བ་རྒྱུས་པ་བཤད་པ་འདྲ།།  རྐང་པ་ཟངས་ཀྱི་སྐུད་པ་འདྲ། །ལོ་མ་སྔོ་སྐྱ་མཐུག་པ་ལ། །ཉག་འདབ་སྟང་རི་ཟིལ་པར་མཚུངས། །མེ་ཏོག་དཀར་སེར་འབྲས་བུ་ཡང༌། །དཀར་སེར་ཚོམ་སྐྱེས་ལུག་སྙིང་འདྲ། །རྒོད་ལྡུམ་ཆེ་ལ་གཡུང་ལྡུམ་ཆུང༌། །ལོ་མ་མངར་ལ་འབྲས་བུ་ཚ། །ཁ་ཅིག་འདི་གུ་གློ་སྨན་ཟེར། །ལ་ལས་ཇོ་མོ་གློ་ལྡུམ་ཟེར། །གློ་ནད་བརྒྱད་ཀྱི་གསང་ལྡུམ་ཡིན། །རུས་ཆག་བརྒྱ་ཡི་འབྱར་རྩི་ཡིན། །རྨ་ནད་སྟོང་གི་དྲུབ་སྐུད་ཡིན། །ཞེས་པས་གསལ་བའོ།།

 

༢༢། ཟིན་ཏིག

ཟིན་ཏིག་གཉན་ལྷོག་གཟའ་ནད་སྲིན་ལ་ཕན། །ཞེས་པར། མིང་བ་གྱི་དཀར་པོ། དཀར་མོ་མཁར་ཐབས། གཟའ་ལྡུམ་ལྷོག་འདུལ་ཟེར། འདྲ་དཔེར། ཟིན་ཏིག་དཀར་མོ་ཞེས་བྱ་བ། །གངས་དང་གཡའ་ཤས་བྱེ་མར་སྐྱེ། །སྡོང་པོ་གྲུ་བཞི་དྲང་པོར་སྐྱེས། །ལོ་འདབ་དཀར་པོ་བུ་ཆུང་ཅན། ཟུར་བཞི་རེས་བརྩེགས་མཆོད་རྟེན་དབྱིབས། །སྡོང་པོ་མི་མཐོང་ལོ་མས་བསྒྲིབས། །ཟིན་ཏིག་དཀར་མོ་མཁར་ཐབས་ཟེར། །ལོ་མའི་གསེང་ནས་མེ་ཏོག་མངོན། །འབྲས་བུ་ཆུང་ངུ་གབ་ནས་སྨིན།།  གཟའ་དང་གཉན་ལྷོག་འཇོམས་པར་བྱེད། །ཅེས་པས་གསལ་ལོ།།

 

༢༣། ཀླུ་བདུད་རྡོ་རྗེ།

ཀླུ་བདུད་རྡོ་རྗེས་གཟའ་ཀླུ་འབམ་གདོན་འཇོམས། །ཞེས་པར། རང་བྱུང་རྡོ་རྗེས། ཀླུ་དུག་ཆུང་ངུས་སྐྲངས་རྣམས་འཇོམས། །མེ་ཏོག་དཀར་པོས་ཁྲག་འཁྲུགས་སེལ། །གསུངས། མིང་ཀླུ་བདུད་དཀར་ནག །ལའུ་དཀར་ནག་ཟེར། རིགས་དཀར་ནག་གཉིས་སུ་གསུངས། ནག་པོའི་འཁྲུངས་དཔེ་ནི། སྐྱེས་བུ་ཀླུ་བདུད་རྡོ་རྗེ་འདི། །ཉིན་ན་མི་སྐྱེ་སྲིབ་ན་སྐྱེ། །སྲིབ་ཀྱི་ཤིང་ཕྲན་གསེབ་ལས་སྐྱེ། །ལོ་མ་དངུལ་གྱི་མདེའུ་ཞིབ་འདྲ། །དྲིལ་བུ་སྡོང་བུ་སྨུག་རིང་ལྕགས་སྐུད་འདྲ། །མེ་ཏོག་ཐལ་ཀར་གླང་ཆེན་མདོག དྲིལ་བུ་འདྲ་བ་ཐུར་དུ་བུབ། །ཟེའུ་འབྲུ་རྡོ་རྗེའི་ར་རྩེ་འདྲ། ། ནང་མདོག་ཀླད་པའི་རྩ་རིས་ཅན། །སྣོམ་ན་གླང་ཆེན་དྲི་མ་བྲོ། །བཅད་ན་འོ་མའི་ཁུ་བ་འབབ། །རོ་ནི་ཁ་ཚ་བསྐ་ལ་བསིལ། །ནུས་པས་ཀླུ་ནད་ས་གདོན་འཇོམས། ། ཞེས་པ་ལ་སྐྱེ་ས་དང་ཁ་དོག་གིས་དམར་སེར་གཉིས་ཀྱང་འབྱུང་ངོ༌།

དཀར་པོ་ལ་ཀོ་ཉེ་དང༌། ཀོ་ནེ་ཡང་ཟེར། འཁྲུངས་དཔེར། ལྦ་བ་འཇོམས་པའི་ཀོ་ཉེ་བ། །མཐོ་ལས་མི་སྐྱེ་དམའ་ལས་སྐྱེ། །དམའ་བའི་ཉིན་ལོགས་དག་ལས་སྐྱེ། །ལོ་མ་གོང་འདྲ་སྤུ་ཆུང་ཅན། །མེ་ཏོག་དཀར་པོ་བོན་གཤང་འདྲ། །བཅད་ན་ཞོ་འཛག་དྲི་མ་རོ། །གོང་མ་དང་མཚུངས་ཕན་ཡོན་ཡང༌། །འདྲ་ལ་ཁྱད་པར་འཇམ་ཞིང་རྣོ། །ཞེས་པའོ།།

 

༢༤། གཟའ་དུག་ནག་པོ།

གཟའ་དུག་ནག་པོས་སྟེང་གདོན་གཟའ་ནད་འཇོམས། །ཞེས་པ་འདི་ལ་རིགས་ནི། ཡབ་ཡུམ་གཉིས། འདྲ་བ། ཐང༌། དངོས་གསུམ། དེ་གསུམ་ལ་ཡུམ་གསུམ་དང༌། འཁོར་གཟའ་དུག་དགུ་ཡོད་པར་གསུངས། གཙོ་བོ་ཡབ་ནི། འཁྲུངས་དཔེར། གཟའ་དུག་ནག་པོ་ཞེས་བྱ་བ། །ཉིན་སྲིབ་བར་གྱི་ལ་ལས་སྐྱེ། །རི་བོ་གངས་ཅན་ཞོལ་ན་སྐྱེ། །ཕོ་རྫ་ཁྲབ་ཁྲོབ་གསེབ་ན་སྐྱེ། །མོ་རྫ་འཇམ་པའི་ན་ལས་སྐྱེ། །སྡོང་བུ་ཟུར་བཞི་ལོགས་བརྒྱད་པ། །འདབ་མ་ཟྭ་ཡི་འདབ་མ་འདྲ། །མེ་ཏོག་སྔོན་པོ་དར་ལྗང་ཅན། །མེ་ཏོག་རེ་ཡི་ནང་ཤེད་ན། །རཱ་ཧུ་ལ་ཡི་སྐུ་རེ་བཞུགས། །རྩ་བ་རྒྱུས་ཕྲན་བཤད་པ་འདྲ། །དྲི་ནི་གླ་བའི་རྩི་དྲི་བྲོ། །བསྲེགས་ན་དུད་པས་སྦལ་སྦྲུལ་འཆི།།  གཟའ་ལ་གཟའ་དུག་ནག་པོ་ཟེར། །བགེགས་ལ་གུ་གུལ་ནག་པོ་ཟེར། །རྨ་ལ་ཡན་ལག་བཅད་འབྱོར་ཟེར། །གཟེར་ལ་གཟེར་འཇོམས་ཡ་མེད་ཟེར། །འཁོར་དུ་གཟའ་དུག་དགུ་ཡིས་བསྐོར། །ཞེས་དང༌། གཟའ་ལས་རྣམ་རྒྱལ་དུ། །གཟའ་དུག་ནག་པོ་སྐྱེ་ཚུལ་ནི། །རི་ཡོན་ཏན་ཅན་གྱི་གངས་ལས་སྐྱེ། །ཉིན་མ་སྲིབ་ཀྱི་མཐིལ་ལས་སྐྱེ། །ཆུ་མིག་དཀར་པོའི་གཡས་སུ་སྐྱེ། །རྩ་བ་མི་རོ་ཉལ་བ་འདྲ། །སྡོང་བུ་ངུར་ཕག་མགོ་དགུ་འདྲ། །ལོ་མ་ལྕགས་ཐེབ་བརྩེགས་པ་འདྲ། །ཕུང་པོ་གཅིག་ལ་སྡོང་བུ་དགུ། །སྡོང་བུ་རེ་ལ་ལྡེབ་མ་གཉིས། །ལྡེབ་མ་རེ་ཡི་ནང་ཤེད་ན། །ཡ་མཚན་དྲང་སྲོང་སྐུ་རེ་བཞུགས། །མེ་ཏོག་སྔོན་པོ་བྱ་འདྲ་འཁྲུངས། །སྣོམ་ན་གླང་ཆེན་ཁ་རླངས་བྲོ། །བཅད་ན་བདུད་རྩིའི་འོ་མ་འཛག །ཀླུ་དུག་ནག་པོ་འཁོར་ལོ་ཅན།།  ཞེས་གསུངས། ཡུམ་ནི། རྒྱལ་པོ་དེ་ཡི་བཙུན་མོ་ནི། །རི་རྒྱལ་པོ་འདྲ་བའི་ཞོལ་ན་སྐྱེ། །སྲིབ་ཀྱི་ཉིན་བུ་ཆུང་ལས་སྐྱེ། །རྩ་བ་རྨ་བྱའི་སུག་པ་འདྲ། །སྡོང་བུ་དར་ལྗང་སྐུད་པ་འདྲ། །ལོ་མ་དགེའུ་ཆུང་རྣ་མཆོག་འདྲ། མེ་ཏོག་གཡུ་ཡི་དྲིལ་བུ་འདྲ། །འབྲས་བུ་མུ་ཏིག་ཚོམ་བུ་འདྲ། །བཅད་ན་བདུད་རྩིའི་འོ་མ་འཛག །ངད་པ་གླང་ཆེན་ཁ་རླངས་བྲོ། །བདུག་པ་བྱས་ན་སྦལ་སྦྲུལ་འཆི། །གཟའ་དུག་ཡོངས་ཀྱི་རྒྱལ་མོ་ཡིན།།  འདི་གཉིས་བསྡེབས་ནས་བཏང་གྱུར་ན། །དྲང་སྲོང་ནད་ལ་སླེབས་པས་ཆོག །ཅེས་དང༌། འདྲ་ཐང་དངོས་གསུམ་བཤད་པ་ཡང༌། དེ་ཉིད་དུ། འདི་ལ་འདྲ་དང་ཐང་དངོས་གསུམ། །འདྲ་ནི་མོན་གྱི་ནག་རིང་ཡིན། །ཡུམ་ནི་བོད་ཀྱི་ལྡིང་སྤོད་ཡིན།།  ཐང་ནི་གངས་ཀྱི་ཁྱི་དུག་ཡིན། །ཡུམ་ནི་རྫ་ཡི་སུར་སྣེལ་ཡིན། །དངོས་ནི་བོད་ལས་སྐྱེ་བ་དཀའ། །གལ་ཏེ་སྐྱེས་ན་རི་རྒྱལ་ནི། །དབྱར་དགུན་མེད་པར་ཁ་བ་འབབ།།  སྟོན་དཔྱིད་མེད་པར་བུ་ཡུག་འཚུབ། །དེ་འདྲ་གཉེན་པོའི་རི་ལས་སྐྱེ། །རིང་ཐུང་ཚད་ནི་ཁྲུ་གང་ཙམ། །སྡོང་བུ་གྲུ་བཞི་བ་སྤུ་ཅན། །རྩ་བ་གཅིག་ལ་མཇུག་མ་དགུ།  འབེན་གང་ཙམ་ནས་ཁ་རླངས་བྲོ། །མདུང་གང་མ་ལ་ཁ་བ་མེད། །བབ་པའི་འབུ་སྦྲང་རོ་ཕུང་འོང༌། །མེར་བུས་དུད་པ་སྔོ་དམར་འཐུལ། །དུད་པས་སླེབས་ཚད་སྲོག་ཆགས་འབྲུལ། །ཆུ་རུ་བླུག་ན་འཁོལ་བར་འགྱུར། །འདི་ཡོད་ས་ན་གངས་ཐིགས་ཡོད། །ཁོང་གཉིས་སྲུ་མཚན་ཡིན་པར་བཤད། །རྒྱལ་པོར་བཙུན་མོ་འདྲ་བ་གཉིས། །གཟའ་དུག་ལའུ་དཀར་པོ་དང༌། །བཙུན་མོ་སུར་སྣེལ་གཉིས་ཡིན་ནོ།།  གསུངས། གཟའ་དགུའི་དུག་དགུ་ཡང༌། དེ་ཉིད་ལས། སྟོང་རི་ཟིལ་པ་ཉི་མའི་དུག །རྩི་དམར་རྐང་གཅིག་ཟླ་བའི་དུག །ལོ་བཙན་འཐིང་པོ་མིག་དམར་དུག །པྲི་ཡང་ཀུ་ནི་ལྷག་པའི་དུག །སྟག་ཤ་བ་ནི་ཕུར་བུའི་དུག །ཟིན་ཏིག་པ་ཝ་སངས་ཀྱི་དུག །པརྤ་ཏ་ནི་སྤེན་པའི་དུག །ལྕགས་ཀྱུ་བ་ནི་སྒྲ་གཅན་དུག ར་དུག་དུ་བ་མཇུག་རིང་དུག །ཅེས་དང༌། སྐྱོབ་ཨ་རུ་གསེར་མདོགགཅིག དཔའ་བོ་ག་བུར་གི་ཝང་ཅུ་གུར་ལི་ཟུག་གོདྲུག གྱད་ཀྱི་སྒོ་གླ་རྩི་ཟླ་མཚན་ཏི་ལོའི་ཀླད་པ།སྲུང་གསུམ། མཚོན་ཆ་ཡུངས་ཀར་མུ་ཟི་གུ་གུལ་ཤུ་དག་རུ་རྟལྔ། གོ་ཁྲབ་གསུམ་ནང་རིང་གླང་ཆེན་སྨྱོན་པ་ཁྱི་དུག་སྤྱང་རྗེས་སོགས་གསུངས་སོ།།

 

༢༥། ལྡུམ་ནག་དོམ་མཁྲིས།

ལྡུམ་ནག་དོམ་མཁྲིས་རྨ་གསོ་རྩ་ཁ་འཛིན། །ཞེས་པར། འཁྲུངས་དཔེར། སྔོ་སྨན་དོམ་མཁྲིས་ཞེས་བྱ་ནི། །སྲིབ་མོའི་ས་ནག་སྤང་ལས་སྐྱེ། །ལོ་མ་སྔོན་པོ་སྤུ་ཅན་མཐུག །རྩ་བ་ཆུང་ལ་སྡོང་བུ་རིང༌། །མེ་ཏོག་སྔོན་པོ་སྤུངས་ནས་སྐྱེ། །རོ་ནི་ཁ་ལ་མངར་བའི་ཚུལ། །ནུས་པས་རྨ་གསོ་ཤ་འུ་སྐྱེད། །ཁྲག་གཅོད་རྨ་ཡི་ཚད་པ་གསོད།།  ཅེས་སོ། །འགའ་ཞིག་འདི་བ་ཤ་ཀ་བྱེད་པ་འཁྲུལ་ལོ།།

 

༢༦། བྱི་རུག

བྱི་རུག་རྨ་ཡི་འབུ་སྲུང་སྲིན་ཕོལ་སེལ། །ཞེས་པར། རང་བྱུང་པས། རུག་པ་བྱི་རུག་སྲིན་ལ་ཕན། །གསུངས། མིང་བྲ་བ་རྒྱུ་ལུག །འབྲི་རྨིད་པ། བྱེ་རེག་པ། ལིང༌། །རུ་སྤོས་པ་ཟེར། རིགས་ནི། བརྒྱད་པའི་རང་འགྲེལ་ལས། བྱི་རུག་པ་སྟེ་སེར་ནག་གཉིས། །ཞེས་གསུངས་པའི་སེར་པོ་དང༌། ནག་པོ་ལའང་སྔོ་སྨུག་གཉིས་ཡོད་ལ། སེར་པོ་ནི། འཁྲུངས་དཔེར། བྱི་རུག་པ་ཞེས་བྱ་བ་ནི། །སྤང་གོང་ཆུ་མིག་ན་བར་སྐྱེ། །ལོ་མའི་དབྱིབས་ནི་ཟྭ་འདབ་འདྲ། །སྙེ་མ་ཟོན་ཚེ་འདྲ་བ་ལ། །མེ་ཏོག་སེར་པོ་ཙམ་ཙིམ་བྱུང༌། །དྲི་མ་དུགས་པར་མནམ་པ་ཡིན། །ནུས་པས་འབུ་སྲུང་སྲིན་ཕོལ་སེལ། །ཞེས་གསུངས། ནག་པོ་ནི། སྔོ་འབུམ་དུ། བྱི་རུག་ས་ནག་ལྷས་ལས་སྐྱེ། །སྡོང་བུ་གྲུ་བཞི་ཐིག་ཤིང་འདྲ། །ལོ་མ་གཡུ་ཡི་ཧབ་རྩེ་ཅན། །མེ་ཏོག་མུ་མེན་བུམ་པ་འདྲ། །རོ་ནི་བག་ཙམ་ཚ་བ་ཡིན། །རང་གི་ནུས་པས་བད་ཀན་སེལ། །ཞེས་གསུངས། རིགས་མེ་ཏོག་གི་ཁ་དོག་ལས་མེད་ལ། རིན་ཆེན་འཁྲུངས་དཔེར། བྱི་རུག་ཞིང་མུ་ཆུ་འགྲམ་དང༌། །ཐང་དང་གྲམ་པ་དག་ལས་སྐྱེ། །ལོ་མ་ཡུ་མོའི་རྣ་བ་འདྲ། །སྡོང་པོ་གྲུ་བཞི་ཚིགས་པ་ནས། །ཡལ་ག་སྐྱེས་ཤིང་མེ་ཏོག་ནི།།  གཅན་གཟན་མཇུག་མ་ལྟ་བུ་ལ། །སྔོ་སྨུག་སེར་བའི་རིགས་གསུམ་ཡོད། །དྲི་ཞིམ་སྤོས་ཀྱི་རྒྱལ་པོ་སྟེ། །ཤ་ལ་བྱུགས་པས་འབུ་སྲུང་ཐུབ། །གཞང་སྲིན་མངལ་སྲིན་པགས་པའི་སྲིན། །ཕོ་སྲིན་འཇོམས་ལ་དབྱར་དུས་སོགས། །རྨ་ལ་བཏབ་ན་འབུ་སྲུང་མཆོག །ཅེས་པས་ཤེས་སོ།།

 

༢༧། སྤྲ་ཐོག

སྤྲ་ཐོག་རིམས་དང་རྡོ་དུག་སེལ་བར་བྱེད། །ཅེས་པར། རང་བྱུང་པས། སྤྲ་བ་ཆེ་ཆུང་ལུག་བལ་དང༌། །རྒྱབ་སྐྲངས་ཁྲག་གཅོད་སྙོམས་པ་ཡིན། །སྤྲ་རྒོད་པ་ཡིས་རྨེན་རྣམས་འདུལ། །ཞེས་གསུངས་པའི་སྤྲ་བ་ལ་རྒོད་གཡུང་གཉིས་དང་སྤྲ་ཆུང་གསུམ། རྒོད་པ་སྤྲ་མགོ་མཐུག་ལ་མེ་ཏོག་གི་དབྱིབས་ཅན་སྤྲ་སྣ་ཐུང་བ་དེས་རྨེན་རྣམས་འབྱར་གྱིས་འདུལ་བ་དང༌། སྤྲ་གཡུང་སྤང་དང་ན་ཁར་སྐྱེ་བའི་ལོ་སྡེབ་ཅན་མེ་ཏོག་སེར་སྐྱ་འཆར་བ་དེས་རིམས་དང་རྡོ་ལ་སྦྱར་བའི་རྡོ་དུག་ལ་ཕན་ནོ།།

 

༢༨། གནྡྷ་བྷདྲ།

གནྡྷ་བྷ་དྲས་སྐྲན་དང་བད་ཀན་ཕན། །ཞེས་པའི་སྒྲ་འདི་དྲི་བཟང་ལ་འཇུག་རྒྱུ་ཡིན་ཡང༌། ཡི་གེ་མ་དག་པའི་སྐྱོན་གྱིས། པཊ། པ་ཏྲ། པཋ། པ་ཀྲ་སོགས་བྱས་པ་མང་ཡང་དོན་གཅིག་པར་བྷ་དྲའོ། །ངོ་བོ་ནི་ལོ་མ་རྒྱ་ཁུར་འདྲ་བ་ལ་ཕྲ་ཉམས་ཅན། རྐང་རིང་བ་ལ་ཐོག་བུ་སྤྲ་བ་འདྲ་བ་དང༌། མེ་ཏོག་སེར་པོ་དང༌། ཕད་ཀྱི་དབྱིབས་ཅན་དང༌། མེ་ཏོག་སྐྱ་སོབ་འདབ་མ་ཟུར་བཞི་འཆར་བ་སོགས་སྐྱེ་སའི་དབང་ལས་མ་ངེས་ཀྱང་དྲི་མ་ཤིན་ཏུ་བཟང་བ་ཡིན། །མདོར་ན་རྩ་བ་རིགས་དཀར་སེར་གཉིས་སུ་འདུས་པ་ཡིན། ཡིག་རྙིང་འདྲ་དཔེར། གནྡྷ་བྷ་དྲ་སྤྲ་བའི་ཐོག་བུ་འདྲ། །ཞེས་དང༌། འདྲ་ཡིག་དུང་མིག་ལས། གནྡྷ་བྷ་དྲ་སྤྲ་བ་དྲིལ་བ་འདྲ། །གསུངས་སོ། །འབུ་ཤག་ཟངས་ཀྱི་བུམ་པ་ལས། རྒྱ་གར་དུ་གནྡྷ་བྷ་དྲ། རྒྱ་ནག་པས། པལྤ་ཏྲེ་ལན། མི་ཉག་སྐད་དུ་ཏྲེ་ལོན། སྟག་གཟིག་ཕྲོམ་གྱི་སྐད་དུ། འགྱིར་ཏི་མུས། བོད་སྐད་དུ་དྲི་བཟང་པོའམ་དྲི་ཞིམ་པོའོ། །ཞེས་གསུངས། གཞན་དང་ནོར་འཕྲང་ནི་སྒྲ་གཅིག་ལ་དོན་མང་བའི་རོལ་བ་མང་བས། གཏོང་ཡུལ་གྱིས་འབྱེད་དེ། གཉན་དང་ཚད་པ་སོགས་ཀྱི་སྐབས་གནྡྷ་བྷ་དྲ་ཟེར་བ་བྱུང་ན་སྤང་སྤོས་ཡིན་ལ། དེ་བཞིན་དུ་ཁ་སོ་མཁལ་མའི་སྐབས་གོ་ཡུ། དྲེག་དང་ཆམ་པ་དུག་སྐྲན་རིགས་བད་ཀན་སྐྱ་བོ་རྣམས་དང་བུམ་རྫས་འདག་ཆལ་སོགས་ཀྱི་སྐབས་འདི་རང་ཡིན། །སྤོས་ཚོན་མཆིན་ནད་སོགས་ལ་གུར་ཀུམ་ཡིན་པས་སྐབས་དང་བསྟུན་པ་གཅེས་སོ།།

 

༢༩། འོད་ལྡན།

འོད་ལྡན་ཁྲག་མཁྲིས་མི་གནོད་བཅུད་ལེན་མཆོག །ཅེས་པར། མིང་རྟག་ཏུ་ངུ། འོད་ལྡན་རྒྱལ་པོ། བཅུད་ལྡན་རྒྱལ་པོ་ཟེར། འདི་ལ་བདུད་རྩི་འོད་ལྡན་གྱི་རྒྱུད་ལེའུ་བརྒྱ་དང་རྩ་གཅིག་ཡོད་པར་བཤད་པའི་མན་ངག་སྙིང་པོ་བསྡུས་པ་ལས། བདུད་རྩི་འོད་ལྡན་ཞེས་བྱ་བ། །ལོ་སྡོང་སུམ་ཅུ་ཏིག་དང་འདྲ། །མེ་ཏོག་སེར་པོ་གསལ་བ་ལ། །བདུད་རྩི་ཟིལ་པ་རྒྱུན་དུ་ཆགས། །རྩ་བ་གྲོ་མའི་རྡོག་པོ་འདྲ། །རོ་ནི་མངར་ཁ་ཁྲག་མཁྲིས་འཇོམས། བཅུད་ལེན་བརྟེན་ན་ཚེ་རིང་ཞིང༌། །དབང་པོ་མདངས་གསལ་སྟོབས་རྩལ་ལྡན། །ཞེས་གསུངས་སོ། །རྟག་ངུ་ཟེར་བ་ཡང༌། དེ་ཉིད་ལས། ང་ལ་ཡོན་ཏན་དཔག་མེད་ཡོད་མོད་ཀྱང༌། །འགྲོ་བ་ཀུན་གྱིས་མ་མཐོང་ཡི་རེ་མུག །བཅུད་ལྡན་མ་རྙེད་ཕོངས་རྣམས་སྙིང་རེ་རྗེ། །ཞེས་ཟེར་རྟག་ཏུ་ངུས་པས་རྟག་ངུར་བརྗོད། །ཅེས་འབྱུང་ངོ༌། །འདི་ལ་མེ་ཏོག་ལོ་སྡོང་སོགས་ལ་ཚི་བ་འབྱར་བག་ཡོད་ལ་གོང་བཤད་ལ་གསལ་བས་ནོར་འཕྲང་ཆུང༌། འདི་རིགས་དཀར་པོ་ཞིག་འབྱུང་བ་ནི་ལོ་མ་ལེབ་མོ་འདབ་བཞི་པ་ཤས་ཆེ་བ་ལས་འདབ་མ་ས་ལ་འབྱར་བ་སྡོང་པོ་མེ་ཏོག་ཚི་བ་སོགས་སུམ་ཅུ་ཏིག་འདྲ་ལ་བོང་དེ་ལས་ཐུང་བ་རྩ་རྡོག་མེད་ཅིང་མེ་ཏོག་དཀར་པོ། ཟེའུ་འབྲུ་དམར་པོ་འཐོར་བ་གང་བུ་དམར་པོ་རྩེ་གཉིས་པ་པདྨའི་དབུས་ནས་རྒྱས་པ་ནི་སུམ་ཏིག་ཇི་ལྟ་བ། མེ་ཏོག་དཀར་དམར་འདྲེས་པས་མཛེས་སྡུག་ཡིད་དུ་འོང་བ་དེ་ལ་གན་དཀར་དམར་ཡང་ཟེར་བ་སྔ་མ་དང་རོ་ནུས་མཚུངས་པར་གསུངས། གཞན་འཇམ་དབྱངས་སྤྱན་རས་གཟིགས་ཕྱག་རྡོར་རྟ་མགྲིན་སོགས་ལ་སྦྱར་བའི་རྟག་ངུ་སེར་དཀར་སྔོ་དམར་རྣམས་ཡོང་བ་ནི་ལས་ཚོགས་རེའི་དབང་ལས་འདི་དང་མི་གཅིག་གོ།

 

༣༠། དར་ཡ་ཀན།

དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། །མགོ་བོའི་རུས་ཆག་སྦྱོར་ཞིང་ལྷ་བ་འཛིན། །ཞེས་པ་འདི་ལ་དམིགས་པ་ནད་ཀྱི་དར་ཡ་ཀན་དང༌། བབ་པ་སྐབས་ཀྱི་དར་ཡ་ཀན་གཉིས་ཡོད་ལ། དར་ཡ་ཀན་ཞེས་པའི་སྒྲ་འདི་ཞང་ཞུང་གི་སྐད་ཡིན་པར་གསུངས་ལ། དོན་དུ་བདུད་རྩིའམ་ཐེང་ཆོག་ལ་འཇུག་པས་གནད་དམིགས་རེར་ཟབ་པའི་སྐབས་སྨན་གྱི་ཆེ་བརྗོད་ཀྱི་མིང་ཡིན་ལ། སྐབས་འདིར་ནི་གཉིས་ཡིན་ཏེ། བྱང་ཁོག་ཆུ་སེར་སྐེམ་པ་ལ། འཁྲུངས་དཔེར། སྐྱེ་གནས་ཡུལ་ལྗོངས་ཀུན་ལས་ཡོད། །ལོ་སྡོང་ཡལ་ག་ཁྲད་པོར་སྐྱེ། །མེ་ཏོག་དཀར་པོ་འདབ་མ་བཞི།།  འབྲས་བུ་མུ་མེན་དམར་པོ་འདྲ། །རང་གི་ནུས་པས་བྱང་ཁོག་གི། ཁྲག་དང་ཆུ་སེར་འཇོམས་པའི་མཆོག །ཅེས་དང༌། དེ་དང་མཐུན་པར་དུས་འཁོར་ནས་ཀྱང་བཤད་པས། མིང་ཁྲག་ཁྲོག་པ་དང་ཁང་ཕུག་པ་དང༌། ཁང་ཐོག་སྐྱེས་ཞེས་པ་འདི་ཡིན། ཚིག་ཕྱི་མ་སྐབས་ལ་སྨུག་པོ་དར་ཡ་ཀན་མཛད་པ་དང༌། འཁྲུངས་དཔེར། ཀླུ་འདུལ་ནག་པོ་དར་ཡ་ཀན། །བྲག་ནག་ལོགས་ལས་སྐྱེ་བ་སྟེ། །འཛམ་བུ་གླིང་ན་དཀོན་པའི་སྨན། །ལོ་མ་བགྲད་པོ་རྩ་བ་དཀར། །མེ་ཏོག་དཀར་སེར་སྔོ་དམར་བཞི། །གཅིག་ཏུ་ངེས་མེད་སྐྱེ་བ་འབྱུང༌། །བསིལ་བའི་རྫ་ལས་སྐྱེས་པ་ན། །མེ་ཏོག་དཀར་སྔོ་གང་ཡང་རུང༌། །ཞེས་པའི་སྐབས་འདི་ལའང་འཁྲུངས་དཔེ་ཁ་ཅིག་ཏུ།།  དར་ཡ་ཀན་ཞེས་བྲག་གསེབ་སྐྱེ། །ལོ་མ་ཕྲ་མོ་ཁ་གསུམ་ལ། །མེ་ཏོག་བ་དན་འཕྱར་བ་འམ། །སྐྱེས་པས་དོང་རལ་བཏགས་པ་འདྲ། །རྩ་བ་སེར་ལ་ཁ་བ་ཡོད། །ཟེར་བ་འདུག་བཅས་བསྒྱུར་བཅོས་མང་ཕྱིར་མ་ངེས་རུང༌། མེ་ཏོག་དཀར་སེར་སྔོ་དམར་སྣ་ཚོགས་འཆར་བ་སྐྱེས་པས་དོང་པ་བཏགས་པ་འདྲ་ལ་གང་བུ་ཕྲ་རིང་འབྲས་བུ་ནག་པོ་ཆུང་བ་ཡོང་བ་ལ་བྱེད་པ་ཡིན། བབ་པ་སྐབས་ཀྱི་དར་ཡ་ཀན་ནི། སྐབས་བབ་གཙོ་བོ་ལས་དར་ཡ་ཀན་རྣམ་པ་ཉེར་ལྔ་ཙམ་བཤད་ཡོད་པ་ལས་དབྱེ་དགོས་ཏེ། འཁྲུངས་དཔེར། དར་ཡ་ཀན་ལ་རིགས་མང་སྟེ། རི་གཉན་མགུལ་སྐྱེས་དར་ཡ་ཀན། །མེ་ཏོག་སྔོན་པོ་མདངས་དང་ལྡན། །ལོ་མ་ཚེར་ཅན་ཉ་ག་ཅན། །ཞེས་ཚེར་སྔོན་པ་དང༌། ཀླུང་ཤོད་སྐྱེ་བའི་དར་ཡ་ཀན། །ཞེས་ཤང་དྲིལ་དང༌། ཆུ་མིག་ནང་སྐྱེས་དར་ཡ་ཀན། །ཞེས་ཆུ་ལྡུམ་པ། ཆུ་ཀླུང་སྐྱེས་པའི་དར་ཡ་ཀན། །ཞེས་ཁྲག་ཁྲོག་པ། བརྒྱ་བྱིན་ལྷ་སྲུང་དར་ཡ་ཀན། །ཞེས་ཧ་ལོ། དམུ་རྫིང་སེལ་བའི་དར་ཡ་ཀན། ཞེས་སྒ་ཏིག་པ། ཀླུ་རྣམས་འདུལ་བའི་དར་ཡ་ཀན། ཞེས་ཀླུ་བདུད། རྨ་རྣམས་འདྲུབ་པའི་དར་ཡ་ཀན། །ཞེས་གསང་བ་སྨན་གཅིག ལ་ནས་འོང་བའི་དར་ཡ་ཀན། །ཞེས་གང་གཱ་ཆུང༌། སྨུག་པོ་དར་ཡ་ཀན། ཞེས་སྲད་སྨུག ལྷོག་པ་འདུལ་བའི་དར་ཡ་ཀན། །ཞེས་བྱ་རྒོད་སུག་པ། ངང་པ་ཆིག་རྒྱུག་དར་ཡ་ཀན།།  ཞེས་ལྕི་འབྲུམ། རྣག་རྣམས་འདུལ་བའི་དར་ཡ་ཀན། །ཞེས་སྤང་ཚན་སྤུ་རུ། གྲང་སྐྲན་འདུལ་བའི་དར་ཡ་ཀན། །ཞེས་དབྱི་མོང༌། གློ་ནད་སེལ་བའི་དར་ཡ་ཀན།།  ཞེས་སྤང་རྒྱན་དཀར་པོ། སྔོན་པོ་དར་ཡ་ཀན། ཞེས་བྱ་རྐང་པ། བདུད་རྩི་དར་ཡ་ཀན། ཞེས་ཁུར་མང༌། འཆི་མེད་དར་ཡ་ཀན། ཞེས་བྱ་རོག་ནོར་བུ། ཤ་རྒྱལ་དར་ཡ་ཀན། ཞེས་སྟག་ཤ དུག་འཇོམས་དང་ཡ་ཀན་ནམ་ཤ་དར་ཡ་ཀན་ཞེས་རྨ་བྱའི་ཤ ཐིག་ལེ་དར་ཡ་ཀན་ཞེས་དངུལ་ཆུ། རྩི་དར་ཡ་ཀན་གླ་རྩི། གནམ་དར་ཡ་ཀན་ཞེས་བྱ་རྒོད་མཁྲིས་པ། རྡོ་དར་ཡ་ཀན་ཅོང་ཞི། ཁྲག་དར་ཡ་ཀན་བྲག་ཞུན་དང་ཉི་ཤུ་རྩ་ལྔ་ཙམ་བཤད་པས་སྐབས་ལ་སྦྱར་བའོ།།

དེ་ལྟར་སྡོང་ལོ་མེ་འབྲས་བཏུ་བར་འོས་པ་རྩ་བ་སུམ་ཅུ་ནང་ཚན་བཅས་ལྔ་བཅུ་རྩ་དགུ་རྒྱས་པར་བཤད་ཟིན་ཏོ།།

 

དྲུག་པ། རྩ་ལོ་མེ་འབྲས་བཅས་ཡོངས་རྫོགས་བཏུ་བར་འོས་པའི་རིམ་པ་བསྟན་པ།

ད་ནི་དྲུག་པ་རྩ་ལོ་མེ་འབྲས་བཅས་ཡོངས་རྫོགས་བཏུ་བར་འོས་པའི་རིམ་པ་བཤད་པ་ནི།

 

༡། རེ་སྐོན།

རེ་སྐོན་ཁྲག་སྐེམ་སྨུག་པོའི་རྩ་ཚད་སེལ། །ཞེས་པར། རང་བྱུང་པས། རེ་སྐོན་པ་ཡིས་ཁྲག་ཚད་འཇོམས། །ཞེས་པར་མིང༌། རྩི་དམར་རྐང་གཅིག ཕུག་རོན་རྐང༌། རྩི་དམར་ཟིལ་པ། ཟླ་བའི་དུག རྒྱ་རི་མཐོན་པོ། རྩི་མིན་རྩིའི་མིང་ཅན་ནོ། །འཁྲུངས་དཔེར། རྩི་དམར་རྐང་གཅིག་གཡའ་སྤང་སྐྱེ། །ལོ་མ་སྔོ་སིབ་ས་ལ་བགྲད། །མེ་ཏོག་དཀར་སེར་ཆུང་ལ་མཛེས། །རྩ་བ་རྐང་གཅིག་རབ་ཏུ་དམར།། བདུད་རྩི་ཆུ་ཡི་ཟིལ་པ་ཆགས། །དྲི་ཞིམ་རོ་ཁ་མཆོག་ཏུ་བསིལ། །ཞེས་པ་བཞིན་མཆོག་དང༌། དམན་པ་སྔ་མ་འདྲ་རུང་མེ་ཏོག་དཀར་ལ་རྩ་བ་སྐྱ་བ་ལ་རྩི་སྐྱ་ཞེས་པ་དང་གཉིས་སོ། །འདི་ལོ་མ་ཐུང་བ་མ་གཏོགས། །ལོ་དབྱིབས་སྐྱེ་ཚུལ་པརྤ་ཏ་དང་འདྲ་བ་ཡོད།།

 

 

༢། སྲོལ་གོང་པ།

སྲོལ་གོང་པ་ཡིས་མགོ་ཆག་དུག་ཚད་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། ཡུ་མོ་སྲོལ་གོང་གྲེ་ནད་འགོག །བྱང་ཁོག་ཡན་ལག་སྐེམ་གྱི་མཆོག ། སྟོངས་ཚད་རོ་སྟོད་གཟེར་ཟུག་འཇོམས། །ཞེས་དང༌། རང་བྱུང་པས། ཡུ་མོ་སྲོལ་གོང་མགོ་ལ་ཕན། །གསུངས། མིང་ཡུ་མོ་ཨོལ་གོང༌། བྲྀ་ཀུ་ར་ཎ་ཟེར། འཁྲུངས་དཔེར། ཡུ་མོ་ཨོལ་གོང་སྤང་ལས་སྐྱེ། །ལོ་སྡོང་ཁུར་མང་འདྲ་བ་ལ། །ཁོང་སྡོང་སྦོམ་ལ་མེ་ཏོག་སེར། །བཅད་ན་བདུད་རྩི་འོ་མ་འབབ། །རྐང་གཅིག་རྟིང་ཕྲ་ལོ་མ་འཇམ། །མེ་ཏོག་ཕྲུག་ཤད་ཁ་འདྲ་མཉམ། །རོ་ཁ་དུག་སེལ་མགོ་རྨ་གསོ། །མང་ན་རྩ་འབྱེད་བཤལ་ཡང་ནུས། །ཞེས་པ་ལ་མེ་ཏོག་སྔོ་སྨུག་གི་དབྱེ་བཅས་གསུམ་དུ་འབྱུང་ངོ༌།།

 

༣། ཡུ་མོ་མདེའུ་འབྱིན།

ཡུ་མོ་མདེའུ་འབྱིན་བུ་རོ་ཟུག་རྔུ་འབྱིན། །ཞེས་པར། ལྗོན་ཤིང་ལས། ཡུ་མོ་མདེ་འབྱིན་མདེའུ་འབྱིན། །བུ་འཐོག་འབྱིན་པས་དེ་འདྲའོ། །ཞེས་དང༌། རང་བྱུང་པས། མདེ་འབྱིན་བུ་འབྱིན་ཆུ་སེར་སྐེམ། །ཞེས་གསུངས། འཁྲུངས་ཚུལ་མི་འདྲ་བ་དང་བརྟག་དཔྱད་ཀྱི་གནས་སུ་གྱུར་ཀྱང༌། འཁྲུངས་དཔེར། ནད་རྣམས་ཀུན་སེལ་བྲག་སྐྱེས་ག་བུར་ཏེ། །གཞུང་གཞན་དག་ན་ཡུ་མོ་མདེ་འབྱིན་ཟེར། །ཉིན་མ་སྲིབ་ཀྱི་བྲག་ལོགས་དག་ལས་སྐྱེ། །ལོ་མ་སྔོན་པོས་བྲག་ལོགས་ཐམས་ཅད་ཁྱབ།།  མེ་ཏོག་དཀར་སྔོ་དྲིལ་བུ་བུབ་པ་འདྲ། །གསེར་ཐིག་སེར་པོས་ཀུན་ཏུ་གང་ནས་གནས། །ཞེས་དང༌། ཁ་ཅིག་ཏུ། ལོ་མ་སྔོན་པོ་བྲན་ཆུང་འདྲ། །མེ་ཏོག་སྔོ་དམར་ར་གཟར་འདྲ། །གང་བུ་སྔོན་པོ་གཞུ་ཤུབ་འདྲ། །ཟེར། གོང་ལྟར་ཡང༌། མིང་སྔོན་མོ་དུལ་དུལ། ཡུ་མོ་ཟ། མགོ་ཆག་རྩ་འཛིན། ཐང་ཀར་བཅད་འབྱོར། རྒྱལ་པོ་སྤྲེ་སྨན། སྲིན་པོ་བྲག་ལ་མདའ་རྒྱབ། ཟག་ལྡུམ་སྔོན་པོ། བྲག་སྨན་ཨའུ་རྩི་རྣམས་ཟེར། རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེས་འདི་ལ་མདེ་འབྱིན་དངོས་མི་མཛད་དེ། གང་ལ་མཛད་ན། དེ་ཉིད་ཀྱིས་ཡུ་མོ་མདེ་འབྱིན་ཞེས་བྱ་བ། །སྐྱེ་ནི་གཡའ་ཤག་དག་ལས་སྐྱེ། །རྩ་བ་རྒྱུས་ཕྲན་གཤིབས་པ་འདྲ། །ལོ་མ་རྒོད་ཀྱི་ཐེའུ་ཕྲན་འདྲ།།  རོ་ནི་ཁ་ལ་ནུས་པ་བསིལ། །ནུས་པས་བུ་རོ་ཟུག་རྔུ་འབྱིན། །མངལ་ཚབས་ནད་ལ་མཆོག་ཏུ་བསྔགས། །ཞེས་གསུངས། འདི་ངོས་འཛིན་སྐབས། གཡའ་ལས་སྐྱེས་པ་རྩ་བ་དམར་ལ་འདབ་མར་མོ་ཤག་འདྲ་བ་མེ་ཏོག་སྨུག་པོ་རོ་ཅུང་ཟད་ཁ་བ་ལ་ངོས་འཛིན། ཞང་སྨན་ནག་པས། སྔོན་མོ་དུལ་དུལ་ལ་མདེ་འབྱིན་བྱེད་པ་འདི་ཡི་གེ་མ་དག་པ་ཡིན་ལས་ཆེ། ཡིག་རྙིང་ལ་གཞུང་གཞན་དག་ན་ཡུ་མོ་ཟ་ཞེས་བྱ། ཟེར་བ་ཡང་མཐོང༌། འདིའི་ནུས་པའི་སྐབས་ཀྱང་ཚ་བ་རྔུལ་འབྱིན་སོགས་ལས་བུ་རོ་དང་མདེའུ་ཐོན་པའི་བཤད་པ་ཆེར་མེད། སྦྱོར་སྡེར་འགྲོ་བ་ཙམ་ལ་མི་ལྟོས། མིང་ཙམ་ལ་ཡང་མི་ལྟོས། ཆུ་རྟ་མོ་ལ་ཡང་ཡུ་མོ་མདེའུ་འབྱིན་མིང་བཤད། ལག་ལེན་ལ་ཡུ་མོ་ཟས་བུ་རོ་དང་མདེའུ་ཨེ་ཐོན། ཚབས་ནད་ཨེ་སྦྱོ། ང་ལ་རྗེ་དྭགས་པོ་རིན་པོ་ཆེས་རྒྱུད་མན་ངག་ལག་ལེན་བཅས་ཡུ་མོ་ཨོལ་གོང་གནང་བ་ཡིན། འདིས་མདེ་འབྱིན་བརྒྱད་ཀྱི་གཙོ་བོ་བྱས་ནས་བཏང་ན་ཨ་ཅང་ཆེ་སྟེ། ཆིག་རྒྱུག་གིས་ཀྱང་མདེའུ་དང་བུ་རོ་ཨེ་ཐོན་བལྟས་པ་ཡིན། ཚ་བ་ནད་དང་རྩ་ལྟོ་གཉིས་ཀར་རྒྱུག་པ་ཡིན། སླར་ཡང་རྣོ་ཚད་ལྟ་ཕེར། ཞེས་གསུངས། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་པྲི་ཡང་ཀུའི་སྦྱོར་ཆེན་འཕགས་པ་རང་བྱུང་བཟང་པོས་མཛད་པ་ལས། རྔུལ་འདོན་ཞི་བྱེད་བཤད་པའི་མཐར་འདི་སྐད་བྱུང༌། རྨ་དང་མདེའུ་འདོན་ལ་སྦྱར་ན། མདེའུ་འདོན་བརྒྱད་དང་སྦྱར་ཞེས་པ། བྱང་གཡག་མདེ་འབྱིན་བྱ་བ་ནི། །གངས་དང་གཡའ་མའི་མཚམས་སུ་སྐྱེ། །ད་བྱིད་དཀར་པོ་བྱ་བ་ཡིན། །བུང་མཐུག་པགས་བུ་བསྒྱུར་བ་འདྲ། །སྤྲེའུ་མདེ་འབྱིན་བྱ་བ་ནི། །གངས་དང་སྤང་གི་མཚམས་སུ་སྐྱེ། །མིང་ནི་དབུ་བཟང་རམ་བུ་ཟེར། །རྐྱང་བུ་མདེ་འབྱིན་བྱ་བ་ནི།།  གཡའ་སྤང་འཛོམ་པའི་ན་ལས་སྐྱེ། །རུ་དུག་ཕོ་མོ་བྱ་བ་ཡིན། །ཡུ་མོ་མདེ་འབྱིན་བྱ་བ་ནི། །སྤང་རི་གཉན་པོ་ཀུན་ལས་སྐྱེ། །ཡུ་མོ་ཨོལ་གོང་བྱ་བ་ཡིན། །སྤྱང་མོ་མདེ་འབྱིན་བྱ་བ་ནི། །རྒྱལ་ཁམས་ཉིན་སྲིབ་ཀུན་ལས་སྐྱེ། །ཐོག་གར་མགོ་དགུ་བྱ་བ་ཡིན། །གོ་བོ་མདེ་འབྱིན་བྱ་བ་ནི། རྒྱ་ཤོད་ཞིང་གི་མུ་ལས་སྐྱེ། །ལྡེང་རོག་མེ་ཏོག་སེར་པོ་ཡིན། །སྲིན་པོ་མདེ་འབྱིན་བྱ་བ་ནི། ན་ཆུ་འདམ་ལས་སྐྱེ་བ་ཡིན། །ན་ཤུག་སྡོང་དམར་བྱ་བ་ཡིན། །མི་རྒོད་མདེ་འབྱིན་བྱ་བ་ནི། །རྒྱ་ནགས་མཐུག་པོའི་གདེངས་ན་སྐྱེ། །ཐུགས་དཀར་དོམ་བུའི་མཆིན་མཁྲིས་ཡིན། །ཐམས་ཅད་ཚོགས་ན་མཆོག་གྱུར་ཡིན། །གང་ཚོགས་ཞིག་དང་སྦྱར་ཡང་རུང༌། །རྨ་ལ་བསྐུ་དང་ཁོང་དུ་གཏོང༌། །མདེལ་ལྕགས་ཁོང་ལུས་རང་བཞིན་འབུད། །རུས་ལ་འཐོག་ཀྱང་རང་འབུད་འགྱུར། །འདི་ཡང་འཁོར་སྡོམ་གཙོ་བོའི་ཕྱེད། །རྔུལ་སྦྱོང་མ་ཡིན་ཞི་བྱེད་ཡིན། །ཞེས་གསུངས་སོ། །མདེ་འབྱིན་དེ་དག་ཀྱང་སེམས་ཅན་དེ་དག་རང་རང་གིས་རྙེད་པ་ཡིན་པར་བཤད་དོ།།

 

༤། སྤང་རྩི་དོ་བོ།

སྤང་རྩི་དོ་བོས་རིམས་དུག་སྙིང་ཚད་སེལ། །ཞེས་པར། རང་བྱུང་པས། སྤོས་རྩི་དོ་བོས་ཁྲག་ཚད་སེལ། གསུངས། མིང་ནི། ཆིག་ཐུབ་དཀར་པོ། ཨ་མགོ་བེར་ག ཨ་མགོ་བེར་གྱོན། ནི་གུ་ཆུང༌། ནའུ་ཆུང༌། ཀུན་བྱེད་རྒྱལ་པོ། བོ་བོ་མགོ ཀརྟ། ཐེའུ་རང་མགོ །ཐོག་དཀར་མགོ་དགུ། དཔེ་དཀར། ཡུ་མོ་བེར་ག དབང་པོ་རྡོ་རྗེ། སྤྱང་མོ་མདེ་འབྱིན། མི་རྒན་མགོ་བོ། རྩི་མགོ་རྡོག བདུད་རྩི་འཆི་སོས། ཟླ་བའི་བཅུད། བེ་དོ། དོ་བོ་མ་རྣམས་ཟེར། འདི་ལ་རིགས་གསུམ་ཡོད་པས། འཁྲུངས་དཔེར། སྤང་རྩི་དོ་བོ་ཞེས་བྱ་སྤུན་གསུམ་ནི། །སྤང་རྩི་དོ་བོ་ལུག་རྩི་དོ་བོ་དང༌། །སྤང་རྩི་འབྱར་བག་ཅན་དང་གསུམ་ཡིན་ནོ། །ཞེས་གསུངས། རྟོགས་བརྗོད་དུ། རི་མཐོན་སྤང་ལྗོངས་འཛིན་པའི་དོ་བོ་ཡང༌། །མཆོང་སྐྲ་གཡུ་གོས་དུང་གི་རྐང་པ་ཅན། །རིམས་དུག་ཚ་བ་གསར་རྙིང་དྲེག་གྲུམ་དང༌། །ཁྲག་འཁྲུགས་རྒྱུ་གཟེར་འཇོམས་པའི་བདུད་རྩི་ཡིན། །ཞེས་སོ། །སྤང་རྩི་དོ་བོ་ནི། འཁྲུངས་དཔེར། སྤང་རྩི་དོ་བོ་ཁ་ལུང་སྐྱེ། །ལོ་མ་འདབ་མར་ཉ་ག་མེད། །སྡོང་བུ་རིང་ལ་མེ་ཏོག་དཀར། །རྒས་པ་མི་རྒན་མགོ་བོ་འདྲ། །ཞེས་གསུངས། ལུག་རྩི་དོ་བོ་ནི། ལུག་རྩི་དོ་བོ་ཞེས་བྱ་བ། །ས་དྲི་བཟང་པོའི་སྤང་ལས་སྐྱེ། །ལོ་མ་ཉག་མེད་བལ་དང་བཅས།། མེ་ཏོག་ནག་ཁྲ་དྲི་ཞིམ་བྲོ། །རང་གི་ནུས་པས་ཚད་རིམས་སེལ། །ཞེས་གསུངས། སྤང་རྩི་འབྱར་བག་ཅན་ནི། སྤང་རྩི་འབྱར་བག་ཅན་ཞེས་པ། །ས་བཟང་རི་ངོས་དག་ལས་སྐྱེ། །ལོ་མ་འབྱར་བག་ཉ་ག་ཅན། །ལྡུམ་བུ་རུ་རྟ་ཞེས་ཀྱང་བྱ། །ཞེས་གསུངས་སོ།།

 

༥། རྟ་ལྤགས།

རྟ་ལྤགས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན། །ཞེས་པའི་མིང་ནི། བ་ལ་ནུ་ནུ། འཇིབ་བུ་རྩི། མེ་ཏོག་ཕྲེང་བ། ཧ་ནུ་བ་ལ། རྩ་སྦྱང་སྔོན་པོ། ཧའུ་བ་ལ། རྟ་སྐམ། རྟ་དྲེག་པ་ཞེས་དང༌། ཕྲོམ་གྱི་སྐད་དུ། ཧའུ་པ་རི་ཀོན་ཟེར། འཁྲུངས་དཔེར། རྟ་ལྤགས་དག་ནི་རྣམ་པ་གཉིས། །རི་ལས་སྐྱེས་དང་ལུང་སྐྱེས་ཏེ། །གཉིས་པོ་སྐྱེ་ལུགས་གཅིག་པ་ཡིན། །ལོ་མ་སྒོར་མོ་མཐུག་པ་ལ། འབྲུམ་བུ་མཐུག་པོ་ཡོད་པ་འདྲ། །ས་ལ་འབྱར་ནས་ཁྲད་པོར་སྐྱེ། །སྡོང་བུ་གྲུ་བཞི་ཐིག་ཤིང་འདྲ། །མེ་ཏོག་རྒྱ་སེར་དཀར་གསུམ་ཡོད། །ཚེར་མ་དང་བཅས་ཁྱི་གཞུག་འདྲ། །རི་སྐྱེས་མངར་ཁ་རླུང་ནད་སེལ།།  ཀླུང་དང་ན་སྐྱེས་དྲོ་ལ་སྐམ། །ཞེས་གསུངས། རི་སྐྱེས་ལ་དཀར་པོ་དང་ཀླུང་སྐྱེས་ལ་ནག་པོ་བྱེད་པ་ཡིན།།

 

༦། ཨ་བྷི་ཥ།

ཨ་བྷི་ཥ་ཡིས་མགོ་ཆག་དུག་ནད་སེལ། །ཞེས་པར། རང་བྱུང་པས། རུས་པ་གསོ་བར་ཨ་བྷི་མཆོག །ཅེས་སོ། །ལྗོན་པར། ཨ་བྷི་ཥ་ཡིས་ཟླ་མཚན་གཅོད། །ཅེས་གསུངས། མིང་ཨ་བྷི་ཥ། དུག་མེད། གཡའ་གྲོ། དཀར་པོ་ཆིག་ཐུབ། ལུ་གུ་སྙིང༌། གངས་ཀྱི་སྒོམ་ཆེན། བདུད་རྩི་ནད་འཇོམས། ཨའུ་རྩི། ཀླུ་བདུད་ནག་པོ། འོ་མ་འཛིན་པ་ཟེར། འཁྲུངས་དཔེར། ཨ་བྷི་ཥ་ནི་གཡའ་སྤང་སྐྱེ། །ལོ་མ་ར་མཉེ་འདྲ་བ་ལ། །སྡོང་པོ་སྨུག་གཉེན་ལྡེམ་པར་སྐྱེ། །མེ་ཏོག་རྒྱ་སྨུག་ཁྲ་ཐིག་ཅན། །གྱེན་དུ་སྐྱེས་ཀྱང་ཐུར་དུ་བུབ། །གང་བུ་ཨ་རུ་ར་དང་འདྲ། །འབྲས་བུ་ཏོང་རྩེ་བརྩེགས་འདྲ་མང༌། །རྩ་བ་སྒོག་གཅིག་མ་འདྲ་དཀར། རོ་ནི་མངར་ལ་ནུས་པ་བསིལ། །ཞེས་དང༌། ལྗོན་ཤིང་འཁྲུངས་དཔེར། དཀར་པོ་ཆིག་ཐུབ་ཅེས་བྱ་བ། །དེ་ཡང་གངས་ཀྱི་འདབ་ལས་སྐྱེ། །རྩ་བ་སྒོག་པའི་རྩ་བ་འདྲ། །ལོ་མ་ར་མཉེ་བ་དང་འདྲ། །མེ་ཏོག་མི་གསལ་འབྲས་བུ་རྒྱས། །འབྲས་བུ་བུམ་པ་བརྩེགས་པ་འདྲ། །རྩ་བས་དུག་གི་ནད་རྣམས་སེལ། །ལོ་མས་ཆུ་སེར་ནད་རྣམས་སེལ། །འབྲས་བུས་མགོ་ཡི་ནད་རྣམས་སེལ། །ཁྱད་པར་སྟོང་པའི་ཚ་བ་སེལ། །ཞེས་པ་རྫ་དང་གཡའ་ཤག་ཤིང་གསུམ་མ་ངེས་པར་སྐྱེའོ།།

 

༧། སྤ་ཡག་རྩ་བ།

སྤ་ཡག་རྩ་བས་གློ་གསོ་གློ་རྣག་འདྲེན། །ཞེས་པ་འདིར། ལྗོན་ཤིང་ལས། པ་བ་རེ་སྐོན་རྩ་ཚད་གསོ། །རྩ་ཁ་སྡོམ་ཞིང་ཚིལ་བུ་འཚོ། །མཆོག་ཏུ་ཕྱི་རོལ་ཤ་སྐྲངས་འདུལ། །ཞེས་དང༌། རང་བྱུང་པས། བྱ་རོག་ནོར་བུས་གློ་རྣག་འདྲེན། །ཞེས་གསུངས། མིང་ནི་བྱ་རོག་ནོར་བུ། པ་བ་རེ་སྐོན། གཡག་རྙིང༌། ལུག་སྙིང༌། གཡའ་ལྡུམ་ལུ་གུ་སྙིང༌། རྒྱལ་པོ་གཙུག་ན་ནོར་བུ། ཁོ་ཡག་པ། བྱ་རོག་ནུ། དམར་པོ་ལ་ལོང༌། ཀྱུང་ཁུ་ལུང་ཁུ། དུག་ཏེ་ཀོ་རེ། ཐོག་ནག་མགོ་དགུ། བྱ་རོག་བུ། ཨ་བྱག སྐྱེ་བ་རྒྱུན་གཅོད། ཤུ་བ་ཏོག་ལེན། དཀར་པོ་ཡར་འདྲེན་རྣམས་ཟེར་རོ། །འཁྲུངས་དཔེར། པ་བ་རེ་སྐོན་ཞེས་བྱ་བ། །ལོ་མ་ལྡེབ་བཞིས་ས་གཞི་མནན། མེ་ཏོག་སྔོན་པོ་ཅུང་ཟད་དམར། །འབྲས་དབྱིབས་སེམས་ཅན་སྙིང་དང་འདྲ། །སྨིན་ནས་དམར་སྨུག་མདོག་ཏུ་འགྱུར། །རོ་ནི་མངར་ལ་ཅུང་ཟད་ཁ། །བྱ་རོག་ནོར་བུ་ཞེས་ཀྱང་བྱ། །གཡག་སྙིང་དང་ནི་ལུག་སྙིང་སོགས། །མིང་གི་བྱེ་བྲག་བཅུ་གསུམ་ཡོད། །རང་གི་ནུས་པས་རྨ་རྣམས་གསོ། །འཆི་མེད་དར་ཡ་ཀན་དུ་གྲགས། །འབྲས་བུས་སྙིང་གི་ནད་རྣམས་སེལ། །ལོ་མ་རྨ་ལ་བདུད་རྩིར་མཚུངས། །རྩ་བས་གློ་རྣག་འདྲེན་ཞིང་གསོ། །ཞེས་པ་བཞིན་ལས་ཁྱད་པར་འབྲས་བུས་ཁྲག་སྐྲན་དང་རྒྱུ་འདྲིལ་བཤིག་ཅིང་བུད་མེད་ཀྱི་ཁྲག་མཁར་བཤིག་པའི་མཆོག་གོ །རྩ་ལོ་འབྲས་བུའི་ནུས་ཁྱད་སོ་སོར་ཡོད་བཞིན་ངེས་པར་བྱའོ།།

 

༨། སྨུག་ཆུང་འདེན་ཡོན།

སྨུག་ཆུང་འདེན་ཡོན་རུས་གསོ་ལྷ་བ་འདེགས། །ཞེས་པར། རང་བྱུང་པས། སྨུག་ཆུང་འདེན་ཡོན་གྲང་བ་འཇོམས། །གསུང་པར། འཁྲུངས་དཔེར། སྨུག་ཆུང་འདེན་ཡོན་ཞེས་བྱ་བ། །ལ་ལས་སྨུག་ཆུང་བེར་མགོ་ཟེར། །སྐྱེ་ལུགས་ཨུཏྤལ་འདྲ་བ་ལ། །མེ་ཏོག་སྨུག་པོ་ར་གཟར་འདྲ། །རོ་ནི་ཅུང་ཟད་ཁ་བ་ཡིན། །རང་གི་ནུས་པས་མགོ་ཆག་དང༌། །རུས་ཆག་གསོ་བ་ཐེ་ཚོམ་མེད། །ཅེས་པ་རི་མཐོན་དང་ཕུ་ལུག་རྣམས་སུ་སྐྱེ་བ་ལོ་མ་རལ་གྲི་འདྲ་ལ་མེ་ཏོག་སྡོང་བུ་ཚེར་སྔོན་འདྲ་རུང་ཆིག་སྐྱེས་ཤས་ཆེ་ལ་འབྲེལ་མའང་རེ་གཉིས་འབྱུང་ཞིང་མེ་ཏོག་དམར་སྨུག་མཆིན་པ་ཁ་ལོ་སྡོང་ཚེར་ཆུང་ཅན་ཞིག་གོ །འདི་འགྲེལ་པ་འགའ་ཞིག་ཏུ་སྤ་ཡག་པ་ཡིན་གསུངས་ཀྱང༌། རྒྱུད་ལ་སྡབ་པ་མི་འབྱུང་བ་དང་ནུས་པ་སོ་སོར་བཤད་པས་མི་འཐད་དོ།།

 

༩། འབྲི་ཏ་ས་འཛིན།

འབྲི་ཏ་ས་འཛིན་རྣག་ཁྲག་གློ་ལུད་འདྲེན། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། འབྲི་ཏ་ས་འཛིན་བད་མཁྲིས་སེལ། །ལྷག་པར་དེ་ཡིས་འཐིབས་པ་སེལ།།  ཞེས་དང༌། རང་བྱུང་པས། འབྲི་ཏས་རྣག་སྐེམ་ཡན་ལག་ཕན། །ཞེས་གསུས། མིང་ས་འདྲེ་ཟེར། འཁྲུངས་དཔེར། འབྲི་ཏ་ཐང་དང་རླན་ལྗོངས་སྐྱེ། །ལོ་མ་རུག་པ་འདྲ་ལ་ཆུང༌། །མེ་ཏོག་དཀར་དམར་མདངས་མཛེས་ཆུང༌། །ངར་བ་དམར་པོས་ས་སྟེང་ཁྱབ། །འབྲས་བུ་སྨིན་ནས་བྱུར་ཚོམ་འདྲ། །རོ་ནི་ཅུང་ཟད་མངར་བ་ཡིན།།  ནུས་པས་སྟོད་དུ་འདྲེན་པར་བྱེད། །ཅེས་པ་བཞིན་ལས་འགའ་ཞིག་གྲོ་ལོ་ངོས་འཛིན་པ་དང་དེ་ལ་འགྲེལ་པ་བརྩམས་པ་རྣམས་ནི་རང་བཟོ་ལས་གར་ཡང་མ་བཤད་དོ།།

 

༡༠། སྤང་སྤོས།

སྤང་སྤོས་ཚད་རྙིང་དུག་ཚད་སེལ་སྐྲངས་འདུལ། །ཞེས་པར། རིན་སྤུངས་ལས། སྤང་སྤོས་བསིལ་ལ་ཡང་བའོ། །ཞེས་དང༌། རང་བྱུང་པས། སྤང་སྤོས་ཤ་སྐྲངས་འདུལ་བར་བྱེད། །ཅེས་པར་མིང༌། ཀུནྡྷ། ཛྭ་ཌྭ་མི་སེ། ཛ་ཌི་ལ་མ་སི། པ་ཥ་ན་ད། དྲི་ཆེན་ཐོད་དམར། གྷ་གྷཧྤྲྭ་ཟེར། འཁྲུངས་དཔེར། སྤང་སྤོས་ཞེས་བྱ་དྲི་བསུང་ལྡན། །སྲིབ་ཀྱི་སྤང་ལས་སྐྱེ་བ་ཡིན། །ལོ་མ་གཡུ་ཡི་གཞོང་པ་འདྲ། །སྡོང་བུ་སྨུག་ལ་མེ་ཏོག་དམར། །ལུང་པ་དྲི་ཞིམ་སྤོས་ཀྱིས་འགེངས། །འདི་ལ་ལྷ་རྣམས་རྟག་ཏུ་མཉེས། །ཞེས་ལོ་མ་ཤིང་ཉ་བྲིད་ཀྱི་ལོ་མ་འདྲ་ལ་སྐྱེ་ཚུལ་སྒ་ཏིག་འདྲ་བ་དེའོ།།

 

༡༡། རྒྱ་སྤོས།

རྒྱ་སྤོས་དེར་མཚུངས་ཡན་ལག་རྣག་རྣམས་སྐེམ། །ཞེས་པར། དཔག་བསམ་ལྗོན་པར། རྒྱ་སྤོས་རྩ་བས་གཉན་རིགས་སེལ། །མཆེར་པ་གླང་ཐབས་གག་ལྷོག་འཇོམས། །ལྷག་པར་ཡན་ལག་རྣག་རྣམས་སྐེམ། ཞེས་སོ། །འཁྲུངས་དཔེར། རྒྱ་སྤོས་རྒྱལ་པོའི་ལྡུམ་རའམ། །བསོད་ནམས་ལྡནཔའི་ཚལ་དུ་སྐྱེ། །ལོ་མ་ཤུག་ལོ་ཟ་དང་འདྲ། །ལོ་མ་མེ་ལོང་ཁ་ལྟར་གྱེས། །མེ་ཏོག་སེར་བའི་མདངས་ཆགས་པ། །དྲི་ཞིམ་རོ་ཁ་ནུས་པ་བསིལ། །ནུས་པས་དུག་ཚད་གཉན་ཚད་སེལ། །ཞེས་པའོ།།

 

༡༢། འོལ་མོ་སེ།

འོལ་མོ་སེ་ཡིས་རྩ་ནད་མངལ་སྐྱོན་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། འོལ་མོ་སེ་ཡིས་ཁྲག་ནད་སེལ། །མཆོག་ཏུ་མོ་ཡི་ནད་ལ་བསྔགས། །ཞེས་དང༌། རང་བྱུང་པས། འོལ་མོ་སེ་ཡིས་མཁལ་ནད་སེལ། །ཞེས་གསུངས། མིང་གཧྤྲྭ་ཙཎྜ་ལི། མངལ་གཏུམ་མོ། བ་མ་ལུ་ལུ། འོ་མ་སི་སི། མདའ་རྒྱུས་པ་ཟེར། མངོན་རྟོགས་སུ། མངལ་ནད་འབྱིན་བྱེད་འོལ་མོ་སེ། །རོང་ཤོད་ནགས་མའི་ལྗོངས་ལས་སྐྱེ། །རྩ་བ་མཁྲེགས་པའི་ཁེ་མདུད་ལ། །ཡན་ལག་རྐང་ཕྲན་བརྒྱ་དང་ལྡན། །ལོ་མ་སྤྲུ་ལོ་འདྲ་ལ་མཛེས། །འདབ་མ་ཆེ་ལ་རྐང་ཡང་རིང༌། །མེ་ཏོག་དམར་པོ་ཆུང་ལ་མཛེས། །གང་བུ་གླང་གཡག་ཐུག་འབྲས་འདྲ། །སྨིན་ནས་ཁྲག་གི་རྐྱལ་བ་འདྲ།།  འབྲུ་གུ་དམར་སྨུག་གྲེས་འབྲས་འདྲ། །རྩ་བ་ཁ་ཚ་ལོ་མ་ནི། །ཁ་བསྐ་འབྲས་བུ་མངར་བ་ཡིན། །ནུས་པས་ཁྲག་ནད་མངལ་སྐྱོན་སྦྱོང༌། །བུ་དང་ཤ་མ་ཁྲག་འགགས་འདོན།།  བྱུགས་པས་རྒྱ་རྔོ་ལྤགས་ནད་འདོན། །ཧ་ཅང་ཐལ་ན་ཤུ་བ་བྱེད། །ཅེས་གསུངས་སོ། །འགའ་ཞིག་ཤིང་འོ་སེ་ལ་མིང་འདྲ་བཅོས་ནས་འོལ་སེ་བྲི་བ་འགྲེལ་བ་མ་དག་གོ །འདྲ་དཔེ་ལས། འོལ་མོ་སེ་ནི་ཁྲག་གི་རྐྱལ་པ་འདྲ། །ཞེས་སོ།།

 

༡༣། རྒུ་དྲུས།

རྒུ་དྲུས་རྨ་འདྲུབ་རྩ་མཐུད་རྒྱུ་གཟེར་འཇོམས། ཞེས་པར། ལྗོན་ཤིང་ལས། ལྡུམ་བུ་རྒུ་དྲུས་བྱ་བ་ནི། རྨ་ཡི་ཤའུ་གསོ་བའི་མཆོག །ཅེས་དང༌། རང་བྱུང་པས། རྒུ་དྲུས་སྣོད་ཚད་འཇོམས་པ་ཡིན། །ཞེས་གསུངས། མིང་སེར་པོ་རྒུ་དྲུས། བདུད་རྩི་རབ་བསིལ་ཟེར། འདི་ལ་གཉིས། མཆོག་ནི། འཁྲུངས་དཔེར། རྒུ་དྲུས་ཉིན་སྲིབ་གཉིས་ཀར་སྐྱེ། །ལོ་མ་ཕྲ་འཇམ་སྡོང་པོ་རིང༌། །ཚིགས་པ་རེ་རེ་དག་ནས་སྐྱེ།།  དབྱིབས་ནི་ཀྱི་ལྕེ་ནག་པོ་འདྲ། །མེ་ཏོག་དཀར་སེར་དམར་བའི་མདངས། །འབྲས་བུ་དག་གིས་ཕྱུར་བུར་གང༌། །རྩ་བ་གསེར་གྱི་ལྕུག་མ་འདྲ། །རོ་ཁ་ནུས་པས་རྨ་དང་ནི། །དུག་དང་རིམས་ཀྱི་གཉེན་པོ་ཡིན། །ཕྱེ་མ་ལན་གསུམ་བཏབ་པ་ན། །རྨ་རྙིང་མོ་དབང་འབྱར་ཡང་ནུས། །ཞེས་པ་དེ་དང༌། དམན་པ། སེར་པོ་རྒུ་དྲུས་ཞེས་བྱ་བ། །མཐོ་བསིལ་རྫ་འདབ་སྤང་ལས་སྐྱེ། །ལོ་མ་སྐྱ་མཐུག་རྒྱ་མེན་འདྲ། །སྡོང་བུ་ཐུང་ལ་མེ་ཏོག་སེར། །དབྱིབས་ནི་གཡུ་སྡོང་གསེར་མགོ་དང༌། །འདྲ་ལ་གང་བུ་འབྲས་བུའང་མཚུངས། །རྩ་བ་སེར་པོ་འཛིངས་ཐབས་ཅན། །མཛོ་སྨད་བླས་པ་འདྲ་ཡང་ཟེར། །དབྱིབས་ནི་བེ་དོའི་རྩ་བ་འདྲ། །ཁ་བསིལ་རྨ་ཚད་སྣོད་ཚད་སེལ། །ཞེས་པའོ།།

 

༡༤། བྱིའུ་ལ་ཕུག

བྱིའུ་ལ་ཕུག་ཤ་དུག་སེལ་བར་བྱེད། །ཅེས་པར། རང་བྱུང་པས། བྱིའུ་ལ་ཕུག་ཤ་དུག་ཕན། །གསུངས། མིང་ཤ་ཤ་རུབ་རབ་ཀྱང་ཟེར། །འཁྲུངས་དཔེར། བྱིའུ་ལ་ཕུག་གྲམ་ལས་སྐྱེ། །ལོ་མ་ལྗང་གུ་མཐུག་པ་ལ། །མེ་ཏོག་དཀར་ཞིང་ངར་བ་ཕྲ།།  རིང་ཐུང་མཁྱིད་རེ་མཛུབ་རེ་ཙམ། །རོ་དང་དྲི་མ་ལ་ཕུག་འདྲ། །ནུས་པས་ཟས་འཇུ་ཤ་ནད་སེལ། །ཞེས་སོ། །འདི་ལའང་རྒོད་གཡུང་གཉིས་སོ། །ལོ་མ་དཔལ་གང་འདྲ་བ་བྱིའུ་ཕུག་རྒོད། ལོ་མ་ཞིབ་ལ་སྤུ་ཆུང་ཡོད་པ་བྱིའུ་ཚ་ལ་ཕུག་ཅེས་གཡུང༌། དྲི་རོ་སོགས་གཞན་འདྲ་བའོ།།

 

༡༥། སྒོག་སྐྱ།

སྒོག་སྐྱས་རླུང་སྲིན་དུག་མཛེ་གདོན་སེལ་དྲོ། །ཞེས་པར། ལྕགས་ཀྱི་ཕྲེང་བར། སྒོག་པ་ཚ་བས་ཆུ་སེར་རླུང་ལ་ཕན། །དང༌། སློབ་དཔོན་དཔའ་བོས། སྒོག་སྐྱ་རབ་ཏུ་ཚ་ཞིང་རྣོ། །ཞུ་རྗེས་ཚ་ཞིང་འཁྲུ་བ་དང༌། །ཞིམ་ཞིང་སྐྲ་སྐྱེད་ལྕི་རོ་ཚ། །སྣུམ་ཞིང་དྲོད་སྐྱེད་ཡི་ག་འབྱེད། །ཅེས་དང༌། རང་བྱུང་པས། རླུང་ནད་ཀུན་ལ་སྒོག་སྐྱ་མཆོག །ལོ་མ་དེ་དང་ཕྱོགས་མཐུན་ཡིན། །ཞེས་དང༌། སྒྲོན་གསལ་ལས། སྒོག་སྐྱ་རོ་ཙ་ཚ་ཞིང་རབ་ཏུ་རྣོ། །ཞུ་རྗེས་ལྕི་ཞིང་འཁྲུ་བས་སྐྲ་སྐྱེད་ཅིང༌། །ཞིམ་ཞིང་སྣུམ་ལ་དྲོད་སྐྱེད་དང་ག་འབྱེད། །ཤ་བཀྲ་མཛེ་སྐྲན་གཞང་འབྲུམ་གཅིན་སྲི་དང༌། །བད་རླུང་སྐྱིགས་བུ་ཆམ་པ་དབུགས་མི་བདེ། །ལུད་པ་སེལ་ཏེ་ཁྲག་དང་མཁྲིས་པ་སྐྱེད།། ཅེས་གསུངས། མིང་ནི། ཨ་སུ་ར་རུ་དྷི་ར། ལྷ་མིན་ཁྲག བྱི་ཀུན། ལ་ཤུ་ན། བཅའ་སྒོག ཀླུང་སྒོག རྒྱ་སྒོག ཞིང་སྒོག རླུང་ནད་སེལ་བའི་བིག་པན་ཟེར། སྔར་གོང་དུ་བཤད་པ་བཞིན་བདུད་རྩི་རྩོད་དུས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱི་སྐེ་ཚངས་པའི་འཁོར་ལོས་བྲེགས་པའི་ཁྲག་གི་ཐིགས་པ་སར་ལྷུང་བ་ལས་སྒོག་པའི་རིགས་སྒོག་སྐྱ་གཙོར་གྱུར་པ་བྱུང་བར་བཤད་པའོ། །སྒོག་པ་ལ་རྩ་བའི་དབྱེ་བ་གཉིས་ཡོད་པ་ནི་སྒོག་སྐྱ་དང་སྒོག་སྔོན་ནོ། །སྒོག་སྐྱ་ཞེས་པ་ཞིང་ལ་བཏབ་པའི་སྒོག་པ་དང༌། སྒོག་སྔོན་ཞེས་པ་རི་ལས་སྐྱེས་པའི་སྔོ་རིགས་ཀྱི་སྒོག་པའོ། འདིར་སྒོག་སྐྱ་སྟེ། བཤད་རྒྱུད་ལས། སྒོག་སྐྱ་ལྕི་བསིལ་སྲིན་ནད་ཚད་རླུང་སེལ། །གསུངས་པ་ལའང་རིགས་གཉིས། །རྩ་བ་དཀར་ལ་རྡོག་ཆེ་རོ་འཇམ་པ་སྒོག་སྐྱ་དང༌། རྩ་རྡོག་ཕྲ་མང་ལྤགས་དམར་ཚ་ངད་ཆེ་བ་སྒོག་དམར་ཏེ་སྔ་མ་འཇམ་ལ་ཕྱི་མ་རྩུབ་པའོ། །མཆོག་ནི་སྒོག་པ་ལྷུ་མེད་པའི་ཆིག་རྡོག་གོ།

 

༡༦། བཙོང་སྒོག

བཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །ཞེས་བཤད་རྒྱུད་དུ་གསུངས་ལ། ལྗོན་ཤིང་ལས། བཙོང་གིས་དྲོད་སྐྱེད་མ་ཞུ་སེལ། །དང་ག་འགགས་སེལ་ཟས་འཇུ་བྱེད། །ཅེས་དང༌། རང་བྱུང་པས། བཙོང་ནག་རྐང་འབམ་གྲང་བ་འཇོམས། །གསུངས། འཁྲུངས་དཔེར། བཙོང་སྒོག་རི་དང་ལྡུམ་རར་སྐྱེ། འདབ་མ་རིལ་མོ་སྦུབས་ཅན་ཏེ། །རོ་ཙ་སྲིན་ནད་ཆུ་སེར་དང༌། །མོ་ནད་སེལ་ཞིང་འབམ་གདོན་འཇོམས། །ཞེས་པ་རི་སྐྱེས་ཞིང་སྐྱེས་གཉིས་ཀ་འདྲ་ལ་སྒོག་སྐྱའི་ལྗང་ལོ་དྲ་བ་ཁོང་སྦུབས་སྟོང་ཅན་རྩ་རྡོག་མེད་པའོ། །འདི་སྒོག་སྔོན་དུ་བྱེད་པའང་ཡོད།།

 

༡༧། རི་སྒོག བྲག་སྒོག འཛིམ་ནག རྒྱ་སྒོག ཀླུང་སྒོག་ཀེ་ཛི། བྱིའུ་སྒོག རུག་སྒོག

རི་སྒོག་ཐམས་ཅད་འཇུ་དཀའ་ཟས་ལེན་ལྕི། །ཞེས་བཤད་རྒྱུད་དུ་གསུངས་པའི་སྒོག་སྔོན་ལ་རིགས་བདུན་ཡོད་པ་སྟེ།

དང་པོ་རི་སྒོག་ནི། རང་བྱུང་པས། ཤ་བ་རྩི་ཡིས་སྲིན་རྣམས་སེལ། །གསུངས་པ། འཁྲུངས་དཔེར། ཤ་སྒོག་ཅེས་བྱ་རི་མགོར་སྐྱེ། །ལོ་མ་བཙོང་འདྲ་མེ་ཏོག་སེར།།  རོ་ནི་མངར་ལ་ཅུང་ཟད་ཁ། །རང་གི་ནུས་པས་མོ་ནད་དང༌། །སྲིན་ནད་མ་ལུས་འཇོམས་པར་བྱེད། །ཅེས་ལ་ཁར་ན་ནས་སྐྱེས་པའི་མེ་ཏོག་དཀར་སེར་ཅན་ནོ། །

གཉིས་པ་བྲག་སྒོག་ནི། དེ་ཉིད་ལས། བྲག་སྒོག་བྲག་དང་རྫ་ལས་སྐྱེ། །ལོ་མ་གོང་འདྲ་ཕྲ་ལ་སིབ། །རྩ་བར་ར་མོ་ཤག་འདྲ་བཞི། །རྡོག་ཕྲན་འབྱུང་བས་གྲང་སྲིན་འཇོམས། །ཞེས་པ་མེ་ཏོག་མ་ངེས་པའོ།།

གསུམ་པ་འཛིམ་ནག་ནི། འཛིམ་ནག་གཡའ་དང་བྱེ་མར་སྐྱེ། །ལོ་མ་རྒྱ་ཁབ་གཤིབས་པ་འདྲ། །མེ་ཏོག་སྒོག་རྡིས་དམར་ལ་ཆུང༌། །རོ་ཚ་དྲི་དུགས་མགོ་སྲིན་འཇོམས། །ཞེས་སོ།།

བཞི་པ་རྒྱ་སྒོག་ནི། རྒྱ་བ་ཞེས་བྱ་སྒོག་པའི་རིགས། །ཉིན་སྲིབ་འབོལ་བའི་སྤང་ལས་སྐྱེ། །ལོ་མ་མཐུགལ་རིང་བ་ཡིན། །མེ་ཏོག་དམར་པོ་རབ་ཏུ་མཛེས། །འབྲས་བུ་ཟླུམ་པོ་སྔོ་ལ་གསལ། །རོ་ཚ་ནུས་པས་གྲང་རླུང་དང༌། །ཕོ་མཆིན་མཁལ་མའི་གྲང་ནད་དང༌། །སྲིན་འཇོམས་ཁོང་པའི་ཆུ་རྣག་འབྱིན། །ཞེས་རབ་ཏུ་མང་བ་སྐྱེ་བ་ཡིན། དེ་ལ་རང་བྱུང་རྡོ་རྗེས། རྒྱ་བ་འཛིམ་དང་བྲག་སྒོག་གསུམ། །སྲིན་དང་ཆུ་སེར་གྲང་བ་སེལ། །ཞེས་གསུངས་སོ།།

ལྔ་པ་ཀླུང་སྒོག་ཀེ་ཛི་ནི། སྒོག་པ་ཀེ་ཛི་ཞེས་བྱ། །ཁ་ཀླུང་ས་ཤས་སྤང་ལས་སྐྱེ།།  རྩ་བ་དཀར་པོ་འབུ་འདྲ་ཚོམ། །ལོ་མ་སྒོག་སྐྱ་དག་དང་འདྲ། །སྡོང་པོ་ཐུར་མ་རིང་འི་རྩེར། །མགོ་རྡོག་མེ་ཏོག་དམར་རམ་སེར། །འབྲས་བུ་ཞིབ་ལ་སྔོ་དཀར་ཧྲེམ།།  ནུས་པས་རྨ་གསོ་སྐྲངས་པ་འདུལ། །ཆུ་སྐེམ་ལྷོག་འབྲས་འགགས་པ་སེལ། ཞེས་མེ་ཏོག་དམར་པོའམ་དཀར་སེར་མ་ངེས་པའོ།།

དྲུག་པ་བྱིའུ་སྒོག་ནི། བྱིའུ་སྒོག་ཅེས་བྱ་ཕུང་པོ་ཆུང༌། །ལོ་མ་མེ་ཏོག་སྔོ་ལ་འཇམ།།  སྲིན་སེལ་ཟས་འཇུ་ཡི་ག་འབྱེད། །ཅེས་མེ་ཏོག་མཐིང་སྔོན་ཅན་རོ་སྔོན་མ་རྣམས་ལས་འཇམ་པའོ།།

བདུན་པ་རུག་སྒོག་ནི། དཔག་བསམ་ལྗོན་ཤིང་ལས། རུག་པས་མཁྲིས་སེལ་འཁྲུ་བ་གཅོད། །ཅེས་པར། རུག་སྒོག་ལོ་མ་རལ་གྲི་འདྲ། །རྩ་བ་དཀར་ཕྲ་སྤུ་བཞིན་མང༌། །མེ་ཏོག་དམར་ལ་འབྲས་བུ་དཀར། །ནུས་པས་དྲོད་སྐྱེད་གྲང་འཁྲུ་གཅོད།།  ཅེས་སྲིབ་སོགས་གསོམ་སར་སྐྱེས་པའོ། །དེ་དག་སྤྱི་ལ་དཔག་བསམ་ལྗོན་ཤིང་ལས།།  རི་སྒོག་བད་ཀན་ཚ་གྲང་ནད། །འཐིབས་པའི་ནད་དང་ཕོ་ནད་སེལ། །ཞེས་གསུངས་སོ།།

 

༡༨། མྱང་རྩི་སྤྲས།

མྱང་རྩི་སྤྲས་ཀྱིས་ཆུ་འཐུང་རིམས་ཚད་སེལ། །ཞེས་པར། དཔག་བསམ་ལྗོན་ཤིང་ལས། སེར་པོ་ཁྲག་རྐང་ཕོ་ལྡུམ་གྱིས། །ཚད་ནད་ཀུན་དང་ལྷོག་པ་གསོད། །རྒྱུ་ནད་ཚ་བ་རོལ་ཏུ་འཇོམས། །ཞེས་གསུངས། མིང་མྱང་རྩི་སྤྲས།  སེར་པོ་ཁྲག་རྐང༌། ཡང་རྩི་འདྲ་བ། ལྡུམ་བུ་སེར་པོ། ཧོང་ལེན་སེར་པོ་ཟེར། འཁྲུངས་དཔེར། མྱང་རྩི་སྤྲས་ཞེས་བྱ་བ་ནི། མོན་ཡུལ་ཀླ་ཀློ་ཁ་བཀྲའི་ཡུལ། །ནགས་རི་མཐུག་པོའི་སྤང་ལས་སྐྱེ། །ལོ་མ་ཕྲ་ལ་སྣུམ་པ་ཡིན། །སྡོང་པོ་རིང་ལ་མཉེན་པ་ཡིན། །རྩ་བ་དང་ནི་མེ་ཏོག་སེར། །བཅད་ན་འོ་མ་འབབ་པ་ཡིན། །རོ་ནི་ཁ་ལ་བསྐ་བ་ཡིན། །རང་གི་ནུས་པས་རྣག་ཆུ་སྐེམ། །རྨ་འདྲུབ་གློ་བུར་ཚད་རིམས་སེལ། །ཞེས་པའི་ལོ་མའི་དབྱིབས་སྲུབ་ཀ་དང་ཕྱོགས་འདྲ་ལ་རྩ་བ་སེར་པོ་སྤུ་ཅན་སེར་ཚོས་དང་ཚོན་དུ་རུང་བ་འདི་གློ་མོན་དང་ཚ་བའི་སྒང་རྒྱབ་ཕྱོགས་ནས་ཡོང་བ་འདི་ཕོ་ལྡུམ་ཡིན། མོ་ལྡུམ་ནི་ལྕགས་ཀྱུ་བ་སྟེ།

 

༡༩། ལྕགས་ཀྱུ།

ལྕགས་ཀྱུས་གཉན་འདུལ་དུག་ཚད་གསོད། །ཅེས་པ་ལ། ལྗོན་ཤིང་ལས། ལྕགས་ཀྱུ་རིན་ཆེན་མགོ་ལྔ་ཡིས། །ལྷོག་པ་ནག་པོ་རོལ་དུ་གསོད། །སྤྱིར་ཡང་ཚ་བ་མ་ལུས་འཇོམས། །ཞེས་དང༌། རང་བྱུང་པས། ཁྲག་རྐང་ལྕགས་ཀྱུས་ཚད་པ་སེལ། །གསུངས། མིང་ནི། སེར་པོ་ཁྲག་རྐང༌། ལྷོག་དུག་ནག་པོ། ལྕགས་ཀྱུ་མགོ་ལྔ། །བོང་བུ་ཟན་དམར། གཉན་ཐུབ་དཔའ་བོ་ཟེར། དྭགས་པོའི་འཐོར་འབུམ་དུ། འདི་ལ་བུ་བ་ཐང་ཤིང༌། རྩི་དམར་རྐང་གཅིག་པ་ཡང་ཟེར་བ་ཡོད། འཁྲུངས་དཔེར། གཉན་ཐུབ་རྒྱལ་པོ་ལྕགས་ཀྱུ་ནི། །ཉིན་གྱི་རྫ་བྲག་དྲུང་དུ་སྐྱེ། སྡོང་བུ་རིང་ལ་ཅུང་ཟད་སེར། །ལོ་མ་གཡུ་བུན་གཏོར་བ་འདྲ། །མེ་ཏོག་གསེར་གྱི་གང་བུ་འདྲ། །ཟེའུ་འབྲུ་གླ་སྤུ་འཐོར་འདྲ་སེ། །འབྲས་བུ་ཟི་ར་དཀར་པོ་འདྲ། །དེ་ཡི་རྩེ་མོ་ལྕགས་ཀྱུ་འདྲ། །རྩ་བ་སེར་པོ་ཁྲག་རྐང་ཡིན། །རོ་ནི་ཅུང་ཞིང་ཁ་བ་ཡིན།། ཚད་རིམས་དུག་གཉན་རྒྱས་པ་འཇོམས། །རྙོག་པའི་ཚ་བ་དྭངས་སྙིགས་འབྱེད།།  མ་སྨིན་སྨིནབྱེད་འཐོར་བ་སྡུད། །ཚད་རིགས་འཇོམས་པའི་བདུད་རྩིར་བཤད།། ཅེས་པ་འདི་མྱང་རྩི་སྤྲས་སམ་སེར་པོ་ཁྲག་རྐང་མོ་ལྡུམ་ཡིན་ནོ། །ཁ་ཅིག་ཡི་གེ་བཅོས་ནས། འབྲས་བུ་ཟི་ར་དཀར་པོ་ཡིན། །རྩ་བ་སེར་པོ་ཁྲག་རྐང་ཡིན། ཟེར་བའི་སྨན་གཅིག་ལ་ངོ་བོ་གཉིས་སུ་བྱེད་པ་དང༌། དེ་བཞིན་སྤྲུ་བ་ལའང༌། ཤུ་ཏི་སྤྲུ་བའི་འབྲས་བུ་ཡིན། །ཟེར་བ་སོགས་འདྲ་ཟེར་བ་ཡིན། ཞེས་པར་སྒྱུར་བར་བྱེད་པའི་ལུགས་ནི་གསོ་བ་རིག་པའི་ཞབས་འདྲེན་པའི་རིགས་སོ།།

 

༢༠། བྱ་རྒོད་སུག་པ།

བྱ་རྒོད་སུག་པས་མགོ་རྨ་ལྷོག་རྒོད་འདུལ། །ཞེས་པར། ལྗོན་ཤིང་ལས། བྱ་རྒོད་སུག་པས་མགོ་རྨ་གསོ། །ཚད་པའི་གཟེར་ཟུག་ཞི་བར་ནུས། །ཞེས་དང༌། རང་བྱུང་ཞབས་ཀྱིས་བྱ་རྒོད་སུག་པས་གཟའ་ནད་སེལ། གསུངས། མིང་ནི། རྒྱལ་པོ་ལ་ཐོད་ཅན། བྱང་གཡག་མདེ་འབྱིན། ད་བྱིད་དཀར་པོ་ཟེར། འཁྲུངས་དཔེར། ད་བྱིད་དཀར་པོ་ཞེས་བྱ་བ། །གངས་རི་མཐོན་པོའི་རྫ་ལས་སྐྱེ། །ལྷོག་པ་འདུལ་བའི་དར་ཡ་ཀན། །བྱ་རྒོད་སུག་པ་ཞེས་ཀྱང་བྱ། །སྡོང་བུ་ཁོང་སྟོང་རས་བལ་གྱོན།།  སྐྱེ་ཚུལ་ཡུ་མོ་སྲོལ་གང་བཞིན། །རྩེ་ལྡུམ་མེ་ཏོག་ཅུང་ཟད་སྨུག །བྱ་རྒོད་རྫ་ལ་བབ་པ་འདྲ། །རོ་ནི་ཁ་ལ་ནུས་པ་བསིལ། །ལྷོག་པའི་ནད་རིགས་གང་ལ་ཡང༌། །གཅིག་ཐང་ཁོང་བཏང་སྐྲངས་པ་ལ། །ཕྱི་ནས་འབྱར་བྱས་འཕྲལ་བདེ་སྟེར། །ཞེས་གསུངས་སོ།།

 

༢༡། ཤང་ལེན་སྨུག་པོ།

ཤང་ལེན་སྨུག་པོས་གློ་བའི་ནད་ལ་ཕན། །ཞེས་པར། མིང་གསེར་ཐུར་ཟེར། སྐྱེ་ཚུལ་ནི། ཤང་ལེན་སྨུག་པོ་ཞེས་བྱ་བ། །མཐོ་རྫའི་བྱང་བལྟས་ལོགས་ལས་སྐྱེ།།  རྫ་ཞིབ་འཇམ་པོའི་ས་ལས་སྐྱེ། །ཆེ་བར་མི་སྐྱེ་སོར་བཞི་ཙམ། །རྩ་ལོ་པདྨ་བརྩེགས་པ་འདྲ། །སྡོང་པོ་གསེར་གྱི་ཐུར་མ་འདྲ། །མེ་ཏོག་དཀར་དམར་ཆུང་ལ་སྙོམས།། ཟེའུ་ཁུང་ལྕོ་གའི་མིག་དང་འདྲ། །རོ་ནི་མངར་ཁ་གློ་ནད་གསོ། །གསང་སྨན་གསེར་ཐུར་ཞེས་ཟེར་དཀོན། །མན་ངག་སྦྱོར་སྡེ་ཟུར་དུ་ཡོད། །ཡོན་ཏན་བརྗོད་པས་ལང་བ་མིན། །ཞེས་སོ། །མིང་དངོས་ནི་བདུད་རྩི་གངས་ཤམ་པའོ། །གངས་བཅུད་འཛིན་པའང་ཟེར།།

 

༢༢། ཁུར་མོང༌།

ཁུར་མོང་བད་སྨུག་ཚད་རྙིང་དག་ལ་ཕན། །ཞེས་པར། ལྗོན་ཤིང་ལས། ཁུར་མོང་མཁྲིས་སེལ་ཕོ་ནད་སེལ། །གློ་བུར་དུག་ཐབས་འཐབ་པ་སངས། །དེ་ཡི་མེ་ཏོག་ཚད་རིགས་སེལ། །ཝ་ཁུར་དང་ག་འགགས་པ་སེལ། །ཁྲག་མཁྲིས་སེར་བར་བྱེད་པའི་མཆོག །ཅེས་དང༌། རང་བྱུང་པས། ཁུར་མོང་ཞོ་ཅན་དབྱིག་དུག་སེལ།།  ཞེས་པ་ལ་མིང༌། ཤེས་རབ་ལོ་མ་ཟེར། འདི་ལ་རྒྱ་ཁུར་ཝ་ཁུར་གཉིས། །དེ་རེ་རེ་ལ་དཀར་ནག་གཉིས་ཏེ་བཞིའོ། །འཁྲུངས་དཔེར། ཁུར་མོང་རྒྱ་ཁུར་ཝ་ཁུར་གཉིས།།  དཀར་ནག་དབྱེ་བས་བཞི་ཡིན་ཏེ། །བདུད་རྩི་དར་ཡ་ཀན་ཞེས་ཟེར། །ནད་སེལ་བདུད་རྩི་སྤུན་བཞི་ཡིན། །མེ་ཏོག་དཀར་པོ་ཁུར་དཀར་ཏེ། །སེར་པོ་ཤར་བ་ཁུར་ནག་ཡིན། །གང་ཡང་མེ་ཏོག་འདབ་སྟོང་ལྡན། །སྡོང་སྦུབས་ཁོང་སྟོང་གདུགས་ཡུ་འདྲ། །གང་ནས་བཅད་ཀྱང་འོ་མ་འབབ། །རྒྱ་ཁུར་རི་དང་ལྗོངས་ལས་སྐྱེ། །ལོ་མ་འཇོང་རིང་སྡོང་པོ་རིང༌། །ཞེས་རྒྱ་ཤོད་ཞིང་སོགས་ལས་སྐྱེ་ཞིང༌། སྡོང་པོ་རིང་ལ་མགོ་བོ་གཉིས་གསུམ་སོགས་འབྲེལ་བ་དེ་ཡིན།།

ཝ་ཁུར་ནི། ཝ་ཁུར་ཁ་སྟོད་སྤང་ལས་སྐྱེ། ལོ་མ་ཕྲ་སྣུམ་ཉ་ག་ཅན། །མེ་ཏོག་གཅིག་པུར་སྐྱེས་པ་ཡིན། །རོ་ཁ་ཡུད་ཙམ་འབོལ་ལ་མངར། །རྩ་བ་དཀར་མཉེན་འོ་མ་འབབ། །མིང་ནི་སྐྱབས་ལས་དཀར་པོ་ཟེར། །ནུས་པས་ཚད་རིམས་ཁྲག་མཁྲིས་སེལ། །ཞེས་བཤད་པ་དེའོ།།

 

༢༣། པ་ཏོ་ལ།

པ་ཏོ་ལ་ཞིམ་ཁ་ཚ་སྲིན་ནད་སེལ། །ཞུ་རྗེས་མངར་བས་ཡི་ག་འབྱེད་པར་བྱེད།། ཅེས་པར། ཡན་ལག་བརྒྱད་པར། པ་ཏོ་ལ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡི་ག་འབྱེད། །ཅེས་གསུངས། འདི་ལ་གྱེར་སྨན་གྱིས། པ་ཏོ་ལ་འདི་སྔ་རབས་པས་གསལ་ཁ་ཆུང་བས། ཕྱིས་འགྲེལ་བྱེད་མང་པོས་སྣ་ཚོགས་ལབ་པར་སླད་ནས་འབྱོན་པ་རྣམས་ཀྱིས་བརྟག་དཔྱད་མཛད་པར་མཚལ། ཞེས་གསུངས་པ་ཐུགས་མད་པར་སྣང༌། པ་ཏོ་ལ་གསེར་མེ་ལ་བྱེད་པ་ནི། ཆ་ལག་བཅོ་བརྒྱད་ནང་ཚན་མིང་དོན་བརྡ་སྤྲོད་ལས། རྒྱ་སྐད་མིང་དོན་བརྡ་སྤྲོད་དུ། གསེར་མེའི་རྒྱ་སྐད་པ་ཏོ་ལ་ཡིན་པར་བཤད་པ་འདི་མ་དག་པས་ལན། འདི་གཡུ་ཐོག་པའི་མཛད་པ་ཡིན་པར་གྲགས་པས་མ་དག་པ་མེད་ཟེར་ཡང༌། གཡུ་ཐོག་པའི་གསུང་མིན་པར་ཐག་ཆོད་དེ། མ་དག་པ་མང་པས་སོ། །གང་ཞེ་ན། རྒྱ་སྐད་མིང་དོན་བརྡ་སྤྲོད་འདིར། དུང་གི་རྒྱ་སྐད་ལ་ནིའུ་ཤ་ནི་ཟེར་བའི་འུ་དང༌། དངུལ་ཆུ་ལ་ད་ཆུ་ཟེར་བའི་ཆུ་དང༌། ཟུར་བ་ལ་ཤོ་ཟུར་ཟེར་བའི་ཟུ་སྟེ། རྒྱ་སྐད་ལ་མེད་པའི་ཡི་གེ། །འུ་ཆུ་ཟུ་རྣམས་དང༌། དེ་བཞིན་སྔགས་སྡེབ་མ་ཡིནཔའི་ཆུ་མ་རྩི་སྟག་མོ་དང༌། ཉ་ཕྱིས་ལ་མུ་ཏིག ལིག་བུ་མིག་ལ་མདུང་རྩེ། གླ་སྒང་ལ་མོན་ལུག འབྲ་གོ་མ་ནུ་རྟ་རྐང༌། བྱ་རྐང་ལོ་བཙན། མྱང་རྩི་སྤྲས་སེར་པོ་རྒུ་དྲུས་ཟེར་བ་འདི་དག་བོད་སྡེབ་འབའ་ཞིག་པས་སོ། །པ་ཏོ་ལ་ཞེས་པའི་སྐད་དོད་ནི། རིན་ཆེན་སྤུངས་པའི་དཀའ་གནད་བུ་དོན་མ་ལས། པ་ཏོ་ལ་སྠཱ་རོ་མ་བ་ཧུ། ཞེས་པ་ནི། ས་འོག་གནས་པའི་སྤུ་མང་བའོ། །ཞེས་བཤད། གསེར་མེའི་སྐད་དོད་སུ་ཝརྞ་པུཥྤེ་ཞེས་སོགས་གསེར་དང་མེ་ཏོག་གི་སྐད་དོད་གང་དུའང་མི་གཏོགས་སོ། །དངོས་ཀྱི་འགལ་བ་ཡང༌། མན་ངག་རྒྱུད་ཀྱི་ཚ་བ་སྤྱི་བཅོས་སྐབས་སུ། དངོས་གཞི་རྒྱལ་པོ་བཙུན་མོ་སྲས་དང་བློན། །མཚོན་ཆ་ཆིབས་སུ་བཅས་པས་ནད་ཡུལ་འདོན། །ཞེས་པའི་གསེར་མཆན་དུ། བློན་པོ་ལ་ལྕུམ་རྩ་དང་གསེར་མེ། མཚོན་ཆ་ལ་པ་ཏོ་ལ་ཞེས་སོ་སོར་གསུངས་ཡོད་པས་འདི་གཉིས་མི་གཅིག་པ་དེས་གསལ་ལོ། །ཡང་བརྒྱད་པ་རྩ་འགྲེལདང་འགྲེལ་པ་ཟླ་ཟེར་སོགས་ནས་པ་ཏོ་ལའི་ལོ་མས་ཚོད་མ་བྱེད་པར་གསུངས་པས། ཚོད་མ་ཉན་པ་ལ་ཆགས་བཞག་ནས་བྱང་ལུགས་ཁ་ཤས་དང༌། འགའ་ཞིག་ཏུ་རྒྱ་ཁུར་ཡིན་པར་ཐག་བཅད་མཛད་འདུག་ཀྱང༌། ཁུར་མོང་ཙམ་དུ་མ་ཟད་ཚོད་མ་ཉན་པ་ནི་མང་བ་དང༌། པ་ཏོ་ལར་བཤད་པ་དང་ཁུར་མོང་གཉིས་རོ་ནུས་དབྱིབས་སོས་གང་ནས་ཀྱང་མི་མཚུངས་སོ།། དངོས་ཀྱི་འགལ་བ་ཡང༌། རྒྱ་གར་ནག་ཕྲོམ་བལ་སོགས་མཐའ་བཞིའི་སྨན་པ་རྣམས་བཀའ་བགྲོས་ནས་མཛད་པ་གཅེས་པ་བསྡུས་པའི་སྐྲན་བཤིག་སྨན་གྱི་ལིང་ཚེ་ལས། །ཐར་ནུ་ཁུར་མོང་དཀར་ནག་སོགས་འོ་མ་ཅན་མྱུར་བའི་སྡེ་དང༌། ཚ་བ་གསུམ་སླེ་ཏྲེས་པ་ཏོ་ལ་བྱི་བཟུང་བྲ་གོ་རྒྱ་ཚ་ཡུང་བ་དབྱི་མང་ར་སྲུས་སྒ་ཚ་སྟེ་རྣོ་བ་བཅུ་གཉིས་ཞེས་སོ་སོར་བཤད་ཡོད་པས་གསལ་ལོ། །འོ་ན་པ་ཏོ་ལ་དེར་དབྱིབས་དང་རོ་ནུས་སོགས་གང་འདྲ་ཞིག་ཡོད་ཅེ་ན། དབྱིབས་ནི། འདྲ་ཡིག་དུང་གི་མིག་ལས། པ་ཏོ་ལ་ནི་སྒ་སྐྱ་འདྲ། །ཞེས་གསུངས་པ་དང༌། གཡུ་ཐོག་པའི་སྨན་ངོས་འཛིན་པའི་བསྟན་བཅོས་ལས། པ་ཏོ་ལ་ཞེས་རྩ་བ་ན། །གླང་པོ་ཆེའི་རྐང་བོལ་འདྲ། །ལོ་མ་ལེབ་མོ་རལ་གྲི་འདྲ། །སྐྱེ་ནི་རི་ཐང་མཚམས་སུ་སྐྱེ། །ཞེས་དང༌། རིན་སྤུངས་བུ་དོན་མ་ལས། དབྱིབས་ར་མཉེའམ་སྒ་སྐྱ་འདྲ་ལ་ལོ་མ་རུག་པ་འདྲ་བ་སྟེ་ཞེས་གསུངས་སོ། །རོ་དང་ནུས་པ་ནི། ཡན་ལག་བརྒྱད་པ་ལས། པ་ཏོ་ལ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡི་ག་འབྱེད། །ཅེས་གསུངས། དེའི་འགྲེལ་པ་ཟླ་ཟེར་ལས། པ་ཏོ་ལ་སོགས་པའི་སྡེ་ཚན་ངེས་པར་གསུངས་པ་སྟོན་ཏེ། པ་ཏོ་ལ་ནི་ཞིམ་ཞིང་ཚིམ་པར་བྱེད་པ་དང༌། སྲིན་ནད་སེལ་ཞིང་འཇོམས་པ་དང༌། ཞུ་རྗེས་མངར་བས་ཤིན་ཏུ་ཡི་ག་འབྱེད་པ་ཡིན་ནོ། །ཞེས་གསུངས། པ|པཎྜི་ཏ་ཨ་བྷ་ཡ་ཀིའ་རྟིའི་བདུད་རྩི་བུམ་པ་ལས། སླེ་ཏྲེས་པ་ཏོ་ལ་ཚ་བསྐ། །ཞེས་དང༌། བུ་དོན་མ་ལས། དང་པོ་མངར་ཁ་དངོས་གཞི་ཚ་རྗེས་བསྐ་རྣོ་ཞུ་རྗེས་མངར། །ཞེས་དང༌། གཡུ་ཐོག་སྨན་ངོས་འཛིན་པར། རོ་ནི་མངར་ཁ་ཚ་ལ་རྣོ། །ཞེས་གསུངས་སོ། །འོ་ན་དེ་གང་ལ་བྱེད་ཅེ་ན། རང་ལུགས་ཡང་མྱེས་བརྒྱུད་པར་བཅས་པས་ངོས་འཛིན་པ་ནི། རོང་ཆེན་རྣམས་ཀྱི་རི་ཐང་མཚམས་སུ་སྐྱེ་བའི་རྩ་བ་བླངས་ནས་ཕལ་ཆེར་གྱི་ལྡུམ་རར་བཙུགས་པ་ཆུ་འདལ་པ་ཞེས་པ་ཕལ་སྐད་དུ་ཆུ་འཐག་པ་ཟེར་བ་ལོ་མ་རལ་གྲི་འདྲ་བ། རྩ་བ་ར་མཉེ་ཕྱོགས་འདྲ་ལས་སྒ་སྐྱ་ལྟར་མང་དུ་འབྲེལ་ནས་སྐྱེ་བ་ཡན་ལག་སྤུ་ཕྲན་མང་ཞིང་རོ་མངར་ཁ་ཚ་རྣོ་ལྡན་པ་འདི་རང་འཁྲུལ་མེད་དུ་བྱེད། བཤད་མ་ཐག་པའི་ལུང་རྣམས་ལས་རོ་ཕྱོགས་རེ་བ་དང་ཤས་ཆེ་བ་དང་ལྡན་པ་ཡོངས་རྫོགས་སོགས་བཤད་པ་ཀུན་དང་ཡང་མཚུངས་སོ། །འདི་ལ་ཆུ་དག་ཟེར་བ་ནི་མ་དག་པའོ།།

 

༢༤། སྤོར།

སྤོར་གྱིས་རིམས་རྙིང་གཟེར་ནད་སྲིན་ནད་སེལ། །ཞེས་པ་འཁྲུངས་རབས་ནི། སྔོ་སྨན་སྤོར་ཞེས་བྱ་བ་ནི། ཆེ་ཆུང་རིགས་ནི་གཉིས་ཡོད་དེ། །ཞིང་ནང་སྐྱེས་པ་སྤོར་ཆེན་ཡིན། །སྤང་སྐྱེས་སྤོར་ཆུང་དག་ཏུ་བཤད། ལོ་མ་དམར་སྨུག་མེ་ཏོག་དབྱིབས། །མེ་ཏོག་དམར་སྨུག་རྒྱ་ཕོར་འདྲ། །རོ་ནི་ཁ་ལ་མངར་བའི་ཚུལ། །རྩ་ལོ་མེ་འབྲས་ཕྱེ་མ་བྱ། །བསྐོལ་ཐང་བཏང་བས་གཟེར་ཐབས་ནད། །རིམས་རྙིང་ཁྲག་འཐུམ་མིག་ནད་སྲིན། །ཆུ་ཤོར་གློ་ནད་བྲང་རྒྱབ་གཟེར། །རྩིབ་ལོགས་གཟེར་དང་ལྷུ་ཚིགས་ལ། །ཆུ་སེར་བབ་དང་གདོང་སྐྲངས་དང༌། །རོ་སྟོད་གཟེར་དང་ཚད་རྙིང་རིགས། །ཤིན་ཏུ་འབྱོངས་དཀའི་ནད་རྣམས་སེལ། །རིམས་ནད་ཚ་བ་རྒྱས་པ་ལ། །ཁོང་དུ་བཏང་ནས་གོས་ཀྱིས་བྱིབས། །ག་བུར་དངུལ་འབྱན་དག་དང་འདྲ། །ཕྱེ་ཡིས་དྲིལ་བྱས་བ་སྤུར་འདོན། །ཞེས་སོ།།

 

༢༥། སྲད་མ།

 སྲད་སྨུག སྲད་དཀར། སྲད་ནག སྲད་སྔོན། སྲད་དམར། སྲད་སེར། གླ་བ་སྲད་མ། བྱིའུ་སྲད༌། དུག་སྲད།སྲད་མས་འོར་དང་སྐྱ་རྦབ་དམུ་ཆུ་འདྲེན། །ཞེས་པ་ལ་རིགས་དགུ་ཡོད་དེ། འཁྲུངས་ཚུལ་ལས། སྲད་མ་དག་ལ་རིགས་དགུ་ཡོད། །སྲད་སྨུག་སྲད་དཀར་སྲད་ནག་སྔོ། །དམར་སེར་གླ་བ་བྱིའུ་དུག་སྲད། །ཅེས་གསུངས།

སྲད་སྨུག་ལ་མིང༌། སྨུག་པོ་དར་ཡ་ཀན། སྨུག་ནག་ཟིལ་པ། སྨུག་པོ་རྟག་ངུ༌། སྔོན་མོ་ཆུ་འདྲེན། གསང་བ་སྨན་རྒྱལ། གཟི་མདངས་མེད་པ། ཁལ་སྲལ་བྲེ་བོ། ཁལ་སྲལ་སྨུག་པོ། ཤེལ་གླང་ཉ་དུག །བྲག་མིན་སྤང་ལ་དགག་པ། དམུ་ཆུའི་གསང་ལྡུམ། མོན་ལུག་གླ་སྒང་ཡང་འཐོར་འབུམ་སྐབས་ཟེར་རོ། །ལྗོན་ཤིང་ལས། སྨུག་ནག་ཟིལ་པ་ཞེས་བྱ་བ། རྫ་ཡི་ཞབས་སུ་འཁྲུངས་སོ་སྐད། །མེ་ཏོག་སྨུག་ནག་ཟིལ་པ་ཅན། །ཚད་པའི་ནད་ལ་འདི་འདྲ་མེད། །བྱང་ཁོག་རྨ་ཡི་ཚ་བ་སེལ། །ཁྱད་པར་འཐིབས་ནད་སེལ་ལོ་སྐད། །ཅེས་དང༌། འཁྲུངས་དཔེར། སྨུག་པོ་དར་ཡ་ཀན་ཞེས་ནི། །གཡའ་དང་རྫ་འདབ་གྲམ་ལས་སྐྱེ། །ལོ་མ་ལེབ་ཆུང་སྲན་ཆུང་འདྲ། །མེ་ཏོག་དམར་སྨུག་ར་གཟར་འདྲ། །རྩ་བ་རྒྱུས་པ་བཤད་པ་འདྲ། །ཐང་ཀར་སྨུག་པོ་ཞེས་ཀྱང་བྱ། །སྔོན་མོ་ཆུ་འདྲེན་ཞེས་ཀྱང་བྱ། །ཞེས་དང༌། རང་བྱུང་པས། སྲད་སྨུག་དམུ་ཆུ་དག་ལ་ཕན། །ཞེས་གསུངས་སོ།།

སྲད་དཀར་ནི། བཤད་རྒྱུད་ལས། སྲད་དཀར་བ་ཡིས་དམུ་ཆུ་སྐྱ་རྦབ་སྦྱོང༌། ཞེས་དང༌། ལྗོན་ཤིང་ལས། སྲད་མ་དཀར་པོས་ཆུ་འགགས་སེལ། །མཚེར་ནད་རྒྱུ་གཟེར་འཇོམས་པར་བྱེད། །ཅེས་དང༌། ཕྱི་རྒྱུད་ལས། སྲད་དཀར་ཆིག་ཐང་མཚེར་ཚད་དམུ་ཆུ་སེལ། །དང༌། རང་བྱུང་པས། སྲད་དཀར་གློ་ཚད་སེལ་བའི་མཆོག །ཅེས་དང༌། འཁྲུངས་དཔེར། སྲད་དཀར་གཡའ་ཤས་ས་རོང་སྐྱེ། །ལོ་མ་བ་སྤུ་དཀར་པོ་ཅན། །མེ་ཏོག་དཀར་པོ་འཆར་བ་ཡིན། །ནུས་པ་བད་ཀན་སྐྱ་རྦབ་སེལ། །ཞེས་གསུངས་སོ།།

སྲད་ནག་ནི། རང་བྱུང་པས། སྲད་ནག་དུག་རྣམས་འདྲེན་པར་བྱེད། །ཅེས་དང༌། སྒེར་བཅོས་ལས། །སྲད་མ་ནག་པོ་སྤང་མཐར་སྐྱེ། །མེ་ཏོག་སྔོ་ནག་མདངས་དང་ལྡན། །ལོ་མ་སྤུ་བཅས་བགྲད་ནས་སྐྱེ། །དམུ་རྫིང་ཆུ་ཡི་རྒྱ་མཚོ་ལ། །ཐེམ་པ་མེད་པའི་ཡུར་བ་ཡིན། །ཞེས་སོ། །འདི་ལོ་མ་བཅས་སྲད་མ་གཞན་དང་འདྲ་རུང་མེ་ཏོག་སྔོ་མཐིང་བསྐོར། རྒྱ་ཕོར་ཁ་ཙམ་ལས་མི་ཆེ་བའོ།།

སྲད་མ་སྔོན་པོ་ནི། རང་བྱུང་པས། སྲད་སྔོན་སྲད་སེར་གཉིས་ཡོད་དེ། །ཞེས་པའི་སྔོན་པོ་དེར། འཁྲུངས་དཔེར། སྔོན་པོ་མེ་ཏོག་སྔོན་པོ་སྟེ། །མཆོག་ཏུ་རྨ་ནད་ཐམས་ཅད་འཚོ། །ཞེས་གསུངས་པ་འདི་བར་ཤོད་གར་ཡང་བྱེ་མས་ཤག་ལས་སྐྱེ་བའི་མེ་ཏོག་སྔོན་པོ་དམར་མདངས་ཡོད་པ་ས་ལ་བགྲད་ནས་ཡལ་འདབ་བརྐྱངས་པའོ།།

སྲད་མ་དམར་པོ་ནི། འཁྲུངས་དཔེར། དམར་པོ་མེ་ཏོག་དམར་པོ་སྟེ། །སྨུག་པོའི་གཟེར་ཟུག་ཐམས་ཅད་སེལ། །ཞེས་དང༌། གསང་བའི་ཆུ་བཅོས་ལས། ཁ་སྟོད་སྤང་སྒང་མཁྲེགས་པ་ལ། །སྨུག་པོ་ཁྲག་གཟེར་རྒྱས་པའི་གཉེན། སྲད་དམར་དར་དམར་རྒྱལ་མཚན་འདྲ། །ལོ་མ་ཐུང་ལ་སྡོང་བུ་རིང༌། མེ་ཏོག་དམར་པོ་ཐུར་དུ་འཕྱང༌། །སྡོང་བུ་གྱེན་འགྲེང་རྒྱལ་མཚན་འདྲ། །ཁྲག་བཤལ་སྨན་ལ་མཆོག་ཏུ་བཟང༌། །ཁྲག་གཟེར་འཇོམས་ཤིང་ཁྲག་ལམ་མཐུད། །ཅེས་པས་གསལ་ལོ།།

སྲད་མ་སེར་པོ་ནི། འཁྲུངས་བཀོད་ལས། སྦྲུལ་ནག་བཅད་འབྱོར་བྱ་བ་ནི།།  ས་ངན་གསོམ་པའི་ལྗོངས་ལས་སྐྱེ། །ལོ་མ་སྲད་ལོ་རྩིང་པ་ལ། །སྡོང་བུ་ཕྲ་ལ་རབ་ཏུ་རིང༌། །མེ་ཏོག་སེར་པོ་རྒྱལ་མཚན་བྱིབས། །གང་འབྲས་སྲད་མ་གཞན་དང་འདྲ། །རྩ་ཚད་རྨ་ཚད་ཁྲག་ཤོར་ལ། །རྩ་སྡོང་ལོ་མ་མེ་ཏོག་འབྲས། །བརྡུངས་ལ་བཙིར་བའི་ཁུ་བ་ནི། །ཐེངས་པ་ཙམ་ནས་མོད་ལ་འཚོ། །ཞེས་པ་སྡོང་པོ་རིང་ལ་ཆེ་བ་ལས། སྲད་དམར་ཇི་ལྟ་བའོ།།

གླ་བ་སྲད་མ་ནི། འཁྲུངས་དཔེ་ལས། གླ་བ་སྲད་མ་ཞེས་བྱ་བ། །ཁ་སྟོད་དག་ལས་སྐྱེ་བ་ཡིན། །མེ་ཏོག་སྡོང་བུ་དག་ལས་སྐྱེ། །མེ་ཏོག་སྔོ་དམར་གང་བུ་ཅན།། འབྲས་བུ་ལེབ་ལ་མཁལ་མ་འདྲ། རོ་ནི་ཁ་དང་མངར་བའོ། །རང་གི་ནུས་པས་སྲིན་ནད་དང༌། །གཟེར་ནད་ལྷོག་སྐྲངས་འདུལ་བར་བྱེད། །ཅེས་པ་སྡོང་པོ་རྐང་རེ་མན་སྐྱེ་བ་ལ་ལོ་མ་མེ་ཏོག་སྡོང་པོར་སྐྱེ་བ། ལོ་མ་སྤུ་ཅན། མེ་ཏོག་སྔོ་ལ་དམར་སྨུག་ཤས་ཆེ་ཞིང་འབྲས་བུ་བྱིས་པ་རྣམས་ཀྱི་རྒྱན་ཕྲེང་བྱེད་པ་དེའོ།།

བྱིའུ་སྲན་མ་ནི། དཔག་བསམ་ལྗོན་ཤིང་ལས། བྱིའུ་སྲད་ཆུ་འགགས་སེལ་བར་བྱེད། །ཅེས་དང༌། འཁྲུངས་དཔེར། བྱི་འུ་སྲད་མ་ཞེས་བྱ་ནི། ཉིན་སྲིབ་གཉིས་ཀྱི་རི་ལས་སྐྱེ། །ལོ་མ་སྡོང་བུ་ཅུང་ཟད་ཕྲ། །མེ་ཏོག་སྔོ་དམར་རབ་ཏུ་མཛེས།། འབྲས་བུ་སྲད་དམར་དབྱེ་བ་མེད། །རོ་ནི་མངར་ལ་ནུས་པ་བསིལ། །རང་གི་ནུས་པས་རྨ་ནད་དང༌། །ཁྱི་སྨྱོན་གྱིས་བཟུང་འཚོ་བའོ། །མགོ་དང་བྱང་ཁོག་ཡན་ལག་གི།  རྨ་ནི་ཇི་ལྟར་ཆེ་ཡང་འཚོ། །ཞེས་པ་ཁ་ལུང་བར་གྱི་རི་ལས་སྐྱེ་བའི་སྲད་མ་ཕྲ་ལ་ལོ་མ་སྲབ་ཅིང་ཉུང་བའོ།།

དུག་སྲད་ནི། རང་བྱུང་རྡོ་རྗེས། སྲད་མ་དྲི་ཅན་གདོན་ནད་སེལ། །ཞེས་པ། འཁྲུངས་བཀོད་ལས། དུག་སྲད་དྲི་ཅན་དམའ་སར་སྐྱེ། །ལོ་མ་འབོལ་ལ་ཕུང་པོར་སྐྱེ། །མེ་ཏོག་སྐྱ་ལ་མདངས་མི་གསལ། །དྲི་མ་དུགས་པས་ཟ་མཁན་མེད། །གདོན་ལ་དུགས་པས་རེངས་པར་བྱེད། །སྐྲངས་ལ་བྱུགས་པས་འཇོམས་པར་བྱེད།། ཕྱུགས་ཀྱིས་ཟོས་ན་འཐོམ་པར་བྱེད། །སྦྲུལ་གྱིས་ཟོས་ན་འཆི་བར་བྱེད། །བྱང་པས་ཟོས་ན་དུག་རབ་ལྡན། །ཞེས་པར་ཡུལ་སྐད་དུ་སྦྲེ་རོག་པ་ཡང་ཟེར། རྩ་བས་ཤོག་བུ་འཆོས་པའོ། །དེ་དག་ནི་སྔ་མ་བཟང་ལ་རིམ་པས་དམན་པ་ཡིན། སྔ་མ་ལས་ཕྱི་མ་ཕྱེད་ཕྲི་བའི་ཆ་ཅན་གྱི་ཁུ་བ་ཕྱོགས་གཅིག་ཏུ་གདུས་པའི་ཁནྜ་དམུ་ཆུ་འདྲེན་སྐེམ་ལ་མཆོག་ཏུ་བཟང་བ་ཡིན། དཔག་བསམ་ལྗོན་པ་ལས། སྲད་གདུས་ཁུ་བས་དམུ་རྫིང་སེལ། །ཞེས་གསུངས་སོ།།

དེ་ལྟར་རྩ་ལོ་མེ་འབྲས་བཅས་ཡོངས་རྫོགས་བཏུ་བར་འོས་པ་རྩ་བ་ཉེར་ལྔ་ནང་ཚན་བཅས་ང་བདུན་རྒྱས་པར་བཤད་ཟིན་ཏོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་སྔོ་སྨན་གྱི་སྡེ་ཚན་ལ་ནང་གསེས་དྲུག་སྡོམ་པར་རྩ་བ་བརྒྱ་ཉེར་བརྒྱད་ནང་ཚན་ཉིས་བརྒྱ་རེ་བཞིའི་ནུས་མིང་ངོ་བོ་རྒྱས་པར་བཤད་པའི་སྐབས་ཏེ་བརྒྱད་པའོ།། །།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 11:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།