སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་བཅུ་གཅིག་པ། ཆུའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.06.2015
དྲི་མེད་ཤེལ་ཕྲེང་། >>

 


སྡེ་ཚན་བཅུ་གཅིག་པ། ཆུའི་སྨན་སྡེ་བཤད་པ།

          ད་ནི་བར་གྱི་བཅུ་གཅིག་པ་ཆུའི་སྨན་མདོར་བསྡུས་བཤད་པ་ལ། རྒྱུད་རིན་ཆེན་སྤུངས་པ་ལས། ཆུ་སྨན་དབྱེ་བའི་ཚུལ་གྱིས་བཅོ་ལྔར་གནས། །ཞེས་གསོ་བྱ་གསོ་བྱེད་སྨན་དཔྱད་ཟས་སྤྱོད་བཞིའི་ཆུ་བཤད་ཀྱང༌། འདིར་བཏུང་ཆུ། སྨན་ཆུ། རེག་ཆུ་སྟེ་རྩ་བ་གསུམ་དུ་བསྡུ་ལ།

 

དང་པོ། བཏུང་ཆུ།

          དང་པོ་བཏུང་ཆུ་ཡང་དབྱེ་བ་རྒྱས་པ་ཞིག་ཁོ་བོས་ལོགས་སུ་བྱས་པས་འདིར་ས་བཅད་ཙམ་ནི། རྒྱུད་ལས། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་ཆར་ཆུ་དང༌། གངས་ཆུ། ཆུ་ཀླུང་གི་ཆུ། ཆུ་མིག ཁྲོན་པ། བ་ཚའི་ཆུ་དང༌། ཤིང་གི་ཆུ་སྟེ་རྣམ་པ་བདུན་དུ་འདུས་པར་བསྟན་ལ། དེ་ལས་རྒྱས་པར་སྤྲོ་ན། དཀའ་འགྲེལ་ལས། མཆོག་རབ་འབྲིང་མཐའི་དབྱེ་བ་ཡིས། །སྨན་ཆུ་བརྒྱ་དང་རྩ་བཞི་བྱུང༌། །གནས་གྲོགས་དུས་ཀྱི་དབྱེ་བ་ཡིས། །བྱེ་བྲག་དཔག་ཏུ་མེད་པར་འགྱུར། །ཞེས་པ་ལྟར་དབྱེ་རྒྱུ་ཡོད་མོད། བསྡུས་དོན་བདུན་གྱི་དང་པོ་ཆར་ཆུ་ནི། །མཆོག་ཏུ་བཤད་པ་འདི། སྲིད་གཞི་འབྱུང་བརྩེགས་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞིའི་ཆུ་སྤྲིན་ཆེན་ལྔ་སོགས་ལས་བབ་པའི་ཆར་ཆུ་སྟེ། ས་སྟེང་འདིར་དེའི་རྩད་བ་ཚྭ་ཅན་གྱིས་མ་གོས་པའི་གཙོ་བོ་ནི་གངྒཱ་ཡིན་ལ། འདིའི་ཁུངས་གཏམ་དགག་བཞག་ཟུར་པར་གསལ། གངྒཱ་ནི་ཡན་ལག་བརྒྱད་ལྡན་ཏེ། བསྟན་བཅོས་བརྒྱད་པ་ལས། མཁའ་ལས་བབ་པ་གངྒཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང༌། །ཚིམ་ཞིང་སེམས་ནི་གསལ་བྱེད་ལ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བས་བདུད་རྩིར་མཚུངས།།  ཞེས་གསུངས་པས། ཆུ་བོ་ཡན་ལག་བརྒྱད་ལྡན་ལ། །རང་བྱུང་གི་ཡན་ལག་བརྒྱད་ལྡན་དང༌། །དུས་ཀྱིས་ཡན་ལག་བརྒྱད་ལྡན། །བཅོས་པའི་ཡན་ལག་བརྒྱད་ལྡན་གསུམ་ཡོད་པའི་དང་པོ་དེའོ། །དེའི་རིགས་ལུ་མ་ཚད་ལྡན་རྟགས་མཚན་བརྟག་ཐབས་ལས་གསལ་བ་དང་མཐུན་པའོ། །དེ་ལས་ཅུང་དམན་པ་བདུན་གྱི་གཉིས་པ་ནི། རྒྱུད་ལས། གངས་ཅན་ལས་བྱུང་ཤུགས་དྲག་བརྡབས་པའི་ཆུ། །ཤིན་ཏུ་བཟང་བསིལ་མི་ཡིས་ཐུབ་པ་དཀའ། །བརྟན་གཡུང་སྲིན་བུ་རྐང་འབམ་སྙིང་ནད་སྐྱེད། །ས་གཙང་ཉི་འོད་རླུང་གིས་ཕོག་པ་བཟང༌། །ཞེས་པ་ནི། གངས་ཅན་ཁ་བས་གཡོགས་པའི་རི་ལས་བྱུང་བ་ཤུགས་དྲག་པོས་བབ་པས་རྡོ་ལ་བརྡབས་ཤིང༌། གཡེང་བའི་ཆུ་ནི་ཤིན་ཏུ་བཟང་སྟེ། རེག་བྱ་དང་ནུས་པ་རབ་ཏུ་བསིལ་བས་ན་རྒས་པ་དང་ཕོ་བའི་མེ་ཤེད་ཆུང་བས་ཐུབ་པར་དཀའ་ལ། ཆུ་དེ་དྲག་ཏུ་མི་འབབ་པར་བརྟན་ཞིང་གཡུང་བ་སྟེ་མཚོ་ལྟར་འཁྱིལ་ཞིང་དལ་དུ་འབབ་པ་དེས་ཀྱང་ལྟོ་བ་སོགས་ཀྱི་སྲིན་བུ་དང་རྐང་འབམ་དང་སྙིང་ནད་སྐྱེད་དོ། །མདོར་ན་ཆུ་གང་ཡང་ས་གཙང་མར་གནས་ཤིང༌། ཉི་ཟླའི་འོད་དང་རླུང་གིས་ཕོག་པ་ནི་བཟང་བ་ཡིན། དེ་ལས་དམན་པ་གསུམ་པ་ནི། རྒྱུད་ལས། འདམ་རྫབ་ཉ་ལྕིབས་རྩ་ལོ་ཤིང་གྲིབ་ཕོག བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད། །ཅེས་པས། འདམ་རྫབ་དང་ཉ་ལྕིབས་ཅན་དང༌། རྩ་ལོ་ཤིང་སོགས་སྐྱེས་པ། དེའི་གྲིབ་མས་ཕོག་པ་དང༌། གང་ཡང་ཁྲོན་པ་གཏིང་རིང་བས་སམ། སྟེང་དུ་བཀབ་པ་སོགས་ཀྱིས་ཉི་ཟླ་རླུང་སེར་མི་མཐོང་བ་དང༌། བ་ཚྭ་ཅན་དང༌། སྲོག་ཆགས་འབུ་སོགས་ཧ་ཅང་མང་བ། ཕྱུགས་ལྷས་ལུད་རྫིང་སོགས་ཀྱི་ཁུ་བས་སའི་རྟིང་རྩད་ནས་གོས་པས་ནི་ཉེས་ཀུན་སྐྱེད་དོ།།  དེ་བཞིན་རིམ་པས་དམན་པ་ཆུ་ཀླུང་གཙང་པོ་ལྟ་བུ་ཆེ་ཆུང་དང༌། ཆུ་མིག་དང༌། ཁྲོན་པ་སྟེ་དོང་ཆུ་དང༌། བ་ཚྭ་ཆགས་པའི་ཆུ་དང༌། ཤིང་ནགས་ཀྱི་རྟིང་རྩད་ལས་འབབ་པ་རྣམས་ཀྱང་གོང་དུ་བཤད་པའི་སྐྱོན་གྱིས་གོས་པ་སྤང་བྱའོ། །ཆུ་བདུན་པོ་གང་ཡང་གོང་གི་སྐྱོན་དེ་ག་དང་བྲལ་བས་ནི། ཆུ་བསིལ་བརྒྱལ་ངལ་ཆང་ནད་མགོ་འཁོར་སྐྱུགས། །སྐོམ་དད་ལུས་ཚ་ཁྲག་མཁྲིས་དུག་ནད་སེལ། །ཞེས་མ་བསྐོལ་བ་རང་བཞིན་གྱི་ཆུ་བསིལ་བཏུང་པ་དང་ལུས་ལ་བྲན་པའི་ཡོན་ཏན་ནོ། །དུས་ཀྱིས་ཡན་ལག་བརྒྱད་ལྡན་ནི་སྟོན་དྲང་སྲོང་རི་ཥིའམ་ཨ་གསྟ་ཤར་བའི་ཞག་བདུན་གྱི་རིང་ཆུ་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་འགྱུར་བའོ། །བཅོས་པའི་ཡན་ལག་བརྒྱད་ལྡན་ནི་ལུགས་བཞིན་བསྐོལ་བ་ཡིན་ཏེ། བསྐོལ་ལུགས་ནི། ཁ་ཆེའི་པཎ་ཆེན་ཟླ་བ་ལ་མངོན་པར་དགའ་བས། ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་སུམ་ཆ་ཕྱེད་གདུ་བར། །ལྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་གསུངས་པས། ཡུལ་རླན་ཆེ་བ་དང་དུས་དཔྱིད་ཀྱི་ཆུ་ནི་རང་བཞིན་གྱིས་ལྕི་བ་ཡིན་པས། ཆུ་ཇི་ཙམ་ཡོད་པ་དེའི་བཞི་ཆའི་སུམ་ཆ་གདུས་ནས་གཅིག་ལུས་པར་བྱའོ། །ཡུལ་སྐམ་གཤེར་སྙོམས་པ་དང་དུས་དབྱར་དགུན་གྱི་ཆུ་ནི་ལྕི་ཡང་བར་མར་གནས་པས། ཆུའི་ཆ་གསུམ་གྱི་གཉིས་གདུས་ནས་གཅིག་ལུས་པར་བྱ་བའོ། །ཡུལ་སྐམ་ས་ཤས་ཆེ་བ་དང༌། དུས་སྟོན་གྱི་ཆུ་ནི་རང་བཞིན་གྱིས་ཡང་བ་ཡིན་པས། ཆུའི་ཕྱེད་གདུ་བའོ། །དེའི་ཡོན་ཏན་ཡང༌། ཆུ་བསྐོལ་ཟས་འཇུ་དྲོད་སྐྱེད་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམ་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད། །ཅེས་སོ། །བསྐོལ་བ་དེ་ཡང་གྲང་ནས་བཏུང་བའི་ཕན་ཡོན་ནི། བསྐོལ་གྲང་བད་ཀན་མི་སྐྱེ་མཁྲིས་པ་སེལ། །ཞེས་གསུངས་སོ། །ཆུ་དེ་ཡང་ངན་པ་སྤང་བྱ་ལ་ཡང༌། རང་བྱུང་གི་དུག་ཆུ་དང༌། དུས་ཀྱི་དུག་ཆུ། བཅོས་པའི་དུག་ཆུ་གསུམ་ཡོད་ལ། རང་བྱུང་དུག་ཆུ་ནི། ཆུ་བདུན་གྱིས་དམན་པ་ཤིང་གི་ཆུ་དང༌། གཞན་དག་ཀྱང་གོང་དུ་བཤད་པའི་སྐྱོན་གྱིས་གོས་པའོ། །དུས་ཀྱི་དུག་ཆུ་ནི། དབྱར་གྱི་ཕག་ཞག་འདྲེན་པའི་ཞག་བདུན་གྱི་རིང་ངོ༌། །བཅོས་པའི་དུག་ཆུ་ནི། གོང་བཤད་བཞིན་བསྐོལ་ཡང་བསྐོལ་ནས་ཞག་གཅིག་བཞག་པའི་ཕྱི་ནང་བཏུང་བའོ། །དེར་ཡང་རྒྱུད་ལས། ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་སྐྱེད།།  ཅེས་གསུངས་སོ། །བསྐོལ་བ་དེ་ཡང་ཕྱར་ཞིང་ལྦུ་བ་ཡང་ནས་ཡང་དུ་གཅོད་དགོས་པ་ཡིན། གཞན་ཁོལ་ཙམ་དང་དྲོས་ཙམ་བྱེད་པ་ཡང་བཅོས་པའི་དུག་ཆུར་གཏོགས་གསུངས་སོ། །རྗེ་རང་བྱུང་ཞབས་ཀྱི་ས། མཁའ་ལས་བབས་པ་གངྒཱ་དང༌། །ས་ཕྱོགས་དཀར་ནག་གཙང་ལས་བབ་(འདི་ལུ་མ་ཡིན་)འཚོ་བྱེད་ངོམ་བྱེད་ཡི་གར་འོང༌། །ཚིམ་བྱེད་སེམས་ནི་གསལ་བྱེད་ལ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བ་ཡན་ལག་བརྒྱད། །ལྡན་པ་བདུད་རྩི་ལྟ་བུ་ཡིན། །ཆུ་བསྐོལ་ཡན་ལག་བརྒྱད་དང་ལྡན། །རླུང་གནོན་བད་ཀན་འབྱིན་པར་བྱེད། །མེ་དྲོད་སྐྱེད་བྱེད་དྭངས་སྙིགས་འབྱེད། །སྐོམ་སེལ་བསྐོལ་གྲང་ཉེས་གསུམ་སེལ། །ཆུ་ནི་ཞག་ལོན་ཉེས་གསུམ་སྐྱེད། །མ་གདུས་ཁྲེབ་པོ་དེ་དང་མཚུངས། །གངས་ཆུ་ཚད་སེལ་གྲང་ནད་སྐྱེད། །ཤིང་ལྡུམ་མང་བས་བད་ཀན་སྐྱེད། །ཅོང་ཞིའི་ཆུ་ཡིས་སྨུག་པོ་སེལ།།  ཁྲོན་པའི་ཆུ་ཡིས་མཁྲིས་པ་སྐྱེད། །ཅེས་གསུངས་སོ།།

 

གཉིས་པ། སྨན་ཆུ།

          གཉིས་པ་སྨན་ཆུ་ནི། སྤྱི་བྱེ་བྲག་སོགས་གསལ་བ་ནི། དཀའ་འགྲེལ་ལས། ངོས་འཛིན་སྤྱི་དང་བྱེ་བྲག་གཉིས། །རྡོ་ཆུ་ཚན་ཆུ་ལན་ཚྭའི་ཆུ། །མ་གཏོགས་ཕལ་ཆེར་ར་གཞོབ་མནམ། །རོ་ཡང་གཞན་ལས་གསལ་བ་འབྱུང༌། །བྱ་དང་རི་དྭགས་ངེས་པར་བསྟེན། །མཁས་པས་སྨན་ཆུར་ཤེས་པར་བྱ། །ཡོངས་སུ་གྲགས་པ་རྣམས་བརྟག་སླ། །བྱེ་བྲག་ངོས་འཛིན་གཡུ་ཐོག་པས། །རླུང་མཁྲིས་བད་ཀན་ཁྲག་ཆུ་སེར། །རིམ་བཞིན་སྔོ་དང་སེར་ཞིང་ཁ། །སྐྱ་སྐྱུར་དམར་ཁ་སྨུག་འཁྱིལ་བཞེད། །ཁ་ཅིག་མངར་ཁ་ཚ་སྐྱུར་བསྐ། །རླུང་མཁྲིས་བད་ཀན་སྲིན་ཆུ་སེར། །སེལ་བ་རིགས་ལྔ་དག་ཏུ་འདོད།།

          བྱེ་བྲག་ཆུ་བདག་(ནུབ་)ཕྱོགས་སུ་འབེབས། །ཆུ་བྲག་སྔོ་ལ་ཅུང་ཟད་ནག མངར་ཞིང་བཏེག་ན་ལྕི་བ་དང༌། བཏུང་ན་རླུང་སེལ་གཉིད་སེལ་ཡིན།།

          བྱང་བལྟས་འབབ་ཆུ་བྲག་སེར་ལ། །ཁ་ཞིང་ལྕི་ལ་བཏུང་ན་འཁྲུ། །མཁྲིས་ནད་སེལ་བའི་ཆུ་ཡིན་ནོ།།

          ལྷོ་བལྟས་ལས་འབབ་དཀར་ཞིང་སྐྱུར། །ཡང་ཞིང་སྐྱུགས་པས་བད་ཀན་སེལ།།

        ཤར་བལྟས་མཚམས་འབབ་མདོག་(མདོག་གང་གཉིས་འདྲེས་ལ་བརྟགས་པས་ནད་འདུས་པ་གང་འདུལ་པ་ལ་ཕན་བཏགས་པ་གནད་)གཉིས་འདྲེས། །ནུས་པ་གཉིས་ལྡན་འདུས་པ་སེལ། །ཐང་དཀྱིལ་ཡས་འབབ་མས་ཡར་སྐྱེས། །ཁ་དོག་སྣ་(འདི་ཡང་ཁ་དོག་ཤེད་ཆེ་ཆུང་དང་འདུས་པ་ཤེད་ཆེ་ཆུང་སྦྱར་དགོས་སོ་)ཚོགས་ཅུང་ཟད་ཉོག སྙོམས་ཤིང་འཁྲུ་སྐྱུགས་འདུས་པ་སེལ།།

          ཡང་ན་སྐྱུགས་སོགས་མི་འབྱུང་ཡང༌། །ཉེས་གསུམ་མི་ལྡོག་སེལ་བའི་ཆུ།།

          རླུང་སེལ་མཆོག་རབ་འབྲིང་ཐ་མ། །རོ་བོའི་དམའ་རྐེད་རྐེད་སྟོད་རྩེའི། །སྐྱེ་གནས་གོང་ལས་འོག་མ་བཟང༌།།

          མཁྲིས་སེལ་དེ་(མཆོག་རྩེ། རབ་རྐེད་སྟོད། འབྲིང་རྐེད་པ། ཐ་མ་སྨད་དོ་)ལས་ལྡོག་པ་ཡིན། །བད་ཀན་སེལ་བ་སྐད་(མཆོག་རྐེད་པ། རབ་རྐེད་སྟོད། འབྲིང་རྩེ། ཐ་མ་དམའོ་)ལས་བརྟག ཁ་དོག་དྲི་རོ་གསལ་མི་གསལ། །མཆོག་དམན་ལ་སོགས་རིག་པས་ཤེས། །ཅོང་ཞིའི་བྲག་ལས་སྐྱེ་པ་ནི། །འདུས་པ་སེལ་བ་མཆོག་གི་ཆུ། །ཅོང་ཞིའི་ས་(ཐ་)རྡོ་(འབྲིང་)ལས་སྐྱེས་པ། །འབྲིང་དང་ཐ་མ་ཁ་དོག་དང༌། དྲི་རོ་དག་ལ་བརྟགས་པས་ཤེས། །ཞེས་ཉི་ཤུར་བཤད་པས་སོ།།

 

གསུམ་པ། རེག་བྱའི་ཆུ།

          གསུམ་པ་རེག་བྱའི་ཆུ་ནི། བཤད་ཚུལ་རྒྱས་བསྡུས་མང་ཡང༌། མ་ལ་ཡའི་བཀའ་འགྲེལ་ལས་བྱུང་བ་འདི་ཉིད་ཞིབ་རྒྱས་གསལ་འདུས་ངོ་མཚར་བའི་གནས་སུ་འདུག་པས། དབྱེ་བ་བརྒྱ་དང་རྩ་གཅིག་པོ་ཕན་ཡོན་བཅས་རིམ་པས་མཚམས་སྦྱར་ལ་བཤད་པར་བྱ་སྟེ། ངོ་བོ་དང་ངེས་ཚིག་ནི། རླན་གཤེར་ཆུ་ཡི་དངོས་པོ་ལ། །རེག་བྱ་མེ་ཡི་རང་བཞིན་ཅན། །དེས་ན་ཆུ་ཚན་ཞེས་བརྗོད་དོ། །དབྱེ་བ་སྤྱི་བྱེ་བྲག་ནི། དབྱེ་བ་སྤྱི་དང་བྱེ་བྲག་གཉིས།།

 

གཅིག དབྱེ་བ་སྤྱི།

          སྤྱི་ནི་ཆུ་ཚན་རིགས་ལྔ་སྟེ། །ཆུ་ཚན་ཕན་ཚུན་འདྲེས་པ་སོགས། །བྱེ་བྲག་དབྱེ་བ་བརྒྱ་རྩ་གཅིག །མཆོག་དམན་སོགས་ལས་ཤེས་པར་བྱ། །སྨན་ཆུ་དག་ལས་འདྲེས་པ་ལས། །རིགས་ནི་དཔག་ཏུ་མེད་པ་འབྱུང༌། །རྩ་བ་ལྔ་ནི། མུ་ཟི་(དཀར་པོའམ་སེར་པོ་དང༌།)མུ་ལྗང་(གུ)རྡོ་ཤོ་དང༌། །རྡོ་ཆུ་ཅོང་ཞིའི་ཆུ་ཚན་ལྔ། །དབྱེ་བ་ནི།།  ལྔ་ལྔར་དབྱེ་བས་ཉི་ཤུ་ལྔ།

          དང་པོ་མུ་ཟི་སེར་པོ་ལ་རིགས་ལྔར་ཕྱེ་བ་ནི། མུ་ཟི་སེར་(པོ་ལ་)དཀར་དམར་ལྗང་གུ། །བ་བླ་ལྡོང་རོས་མུ་ལྗངདཀར། །ནག་པོ་(དང་ལྔ་ནི་)ལྗང་གུ་རིགས་ལྔའོ།།

 གསུམ་པ་རྡོ་ཤོ་ལ་ནང་ཚན་རིགས་ལྔར་དབྱེ་བ་ནི། །རྡོ་ཤོར་ཕོ་རྡོ་མོ་རྡོ་ལ།། དཀར་(དེ་རེ་རེ་ལ་)ནག་དབྱེ་བ་ཕལ་པ་ལྔ།

          བཞི་པ་རྡོ་ཆུ་ལ་ལྔ་ནི། །རྡོ་ཆུར་རྩི་ཆེན་རྩི་ཆུང་གཉིས། །སེར་དཀར་དྲག་པོ་རྡོ་ཆུ་ལྔ།

          ལྔ་པ་ཅོང་ཞི་ལ་ལྔར་དབྱེ་བ་ནི། །ཅོང་ཞིར་ཕོ་མོ་བུ་བུ་མོ། །མ་ནིང་ཆུ་དང་ཚན་པ་ལྔ། །མང་དུ་དབྱེ་ཚུལ་ནི། མཆོག་(ལྔ་ལྔ་ཉི་ཤུ་རྩ་ལྔ་པོ་དེ་རེ་རེ་ལ་)དང་རབ་(དང་)འབྲིང་(དང་)ཐ་མ་བཞི་(རེར་ཕྱེ་བས་བརྒྱ་དང༌།)རྡོ་སོལ་རྐྱང་པའི་ཆུ་ཚན་(གཅིག)ཏེ། །ཆུ་ཚན་བརྒྱ་དང་རྩ་གཅིག་ཡིན། །དེ་ལྟར་མཁས་པས་ངོས་བཟུང་བྱ། །འགའ་ཞིག་རྡོ་ཆུ་མ་བཞེད་པའི། །རྡོ་སོལ་ཐེ་བས་རིགས་ལྔར་འདོད་(ཀྱང་ཆུ་ཚན་ཐམས་ཅད་ལ)། །རྡོ་སོལ་མེད་པར་ཆུ་ཚན་(ཁོལ་ཐབས་)མེད་(པས་)དེ་ནི་(ངོ་བོར་མི་གཏོང་ཁོལ་བྱེད་ཀྱི་)གྲོགས་ཀྱི་དབྱེ་བ་(མ་གཏོགས་པ།)ཡིན།། རིགས་ལྔ་ཞེས་སུ་གྲགས་པ་ཡིན། །ད་ནི་སོ་སོར་ངོས་འཛིན་པ་ལ་མུ་ཟི་སེར་ལྗང་གཉིས་ཐུན་མོང་གི་སྤྱི་བརྟག་ནི། །མུ་ཟི་ལས་བྱུང་མུ་ཟིའི་དྲི། །(ཁ་སྣར་)ལན་ཚྭའི་དྲི་རོ་(བྲོ་ལས་དེར་)མུ་ཟི་ཡོད་(པ་ཡིན)། །(མུ་ཟི་སེར་པོར་དབྱེ་བ་བཞིའི་དང་པོ་)མཆོག་ནི་བྲག་(གམ་རིའི་)རྐེད་(པ)དག་(ལས་བྱུང་)ལ་ཚ་(རེག་བྱ)། །(མུ་ཟིའི་)ཧ་ཅང་དྲི་མ་ཆེ་བ་ཡིན། །རབ་(དབྱེ་བ་བཞིའི་གཉིས་པ་)ནི་གངས་(རིའི་གློ་ལས་)སྐྱེས་(ལ་མུ་ཟིའི་)དྲི་ཆེན་(པོ་)འོང༌། །(ཡང་ན་)གངས་ལ་ཅུང་ཟད་(ཁ་བལྟས་པའམ་ཉེ་བས་)ཕྱོགས་པའོ། །འབྲིང་(དབྱེ་བ་བཞིའི་གསུམ་པ་)ནི་(རྫ་དང་གཡའ་)ཤགས་(སམ་ཡང་ན་)ཐང་དག་ལས་སྐྱེ། །(རང་རང་)དྲི་(མ་)ཆེན་(པོ་)དུགས་ཤིང་(གད་པ་བྲག་ལྕིབས་སོགས་ཀྱི་)སྐོགས་ཅན་འབྱུང༌། །ཐ་(མ་ངེས་ཀྱང་)མ་ཕལ་ཆེར་(ནི་)ན་(བ)ལས་སྐྱེ།།

 

གཉིས། བྱེ་བྲག

 

༡། མུ་ཟི་སེར་པོ་ལས་བྱུང་བའི་ཆུ་ཚན།

          བྱེ་བྲག་དང་པོ་མུ་ཟི་སེར་པོ་ལས་བྱུང་བ་རིགས་ལྔའི་སྤྱི་བརྟག་ནི། ས་མདོག་སེར་པོ་ཐུལ་ཐུལ་པོ། །ཁ་དོག་སེར་སྐྱ་ཤེལ་ཟེར་ཡོད། །ཡང་ན་མཁྲིས་དཀར་ཤིང་མེ་ཏོག །དེ་སྐྱེས་ཆུ་ཡང་དེ་མདོག་མཚུངས། །གྲང་ན་དྲི་མེད་དྲོ་ན་དཀུ། །དང་པོ་མུ་ཟི་སེར་པོའི་དཀར་པོ་ནི། །མུ་ཟི་དཀར་པོ་བག་ཕྱེ་འདྲ། །རྡོ་རྒྱུས་བཏུལ་བ་དཀར་རྩི་འདྲ། །ཟོས་ན་རོ་མངར་དྲི་མ་ཆུང༌། །(ས་དེ་འདྲ་བ)དེར་སྐྱེས་(པའི་)ཆུ་(ནི)མདོག་དཀར་(བ)སྔོ་ཙམ།

          གཉིས་པ་མུ་ཟི་སེར་པོའི་དམར་པོ་ནི། །མུ་ཟི་དམར་པོའི་ཆུ་ཚན་ནི། །གཡང་ངམ་དཀར་གོང་ཡོད་སར་མང༌། །ལྡོང་རོས་མདོག་འདྲ་ཚ་ལ་བཏབ། །སྦྱར་ལ་ལྕགས་ཆུ་སོལ་མེར་བསྲེགས། །ཐང་ཀ་སྐྱེས་པའི་སེར་དུ་འགྱུར།།

          གསུམ་པ་མུ་ཟི་སེར་པོའི་ལྗང་གུ་ནི། མུ་ཟི་ལྗང་གུ་ཁ་དོག་ལྗང༌། །དྲི་ཆེན་མི་སུན་ཆུ་ཡང་ལྗང༌།།

          བཞི་པ་སེར་པོའི་ནག་པོ་ནི། །ནག་པོ་རྭ་འདྲ་བསྲེགས་དྲི་གནམ། །གཞན་དུ་དྲི་མེད་རོ་ནི་གསལ། །དེ་ཡོད་ལ་སྐྱེས་རྙོག་མི་འབྱུང༌།།

          ལྔ་པ་སེར་པོའི་སྔོན་པོ་ནི། །མུ་ཟི་སྔོན་པོ་དྲི་མ་ཞིམ། །ས་ཕྱོགས་འོད་ཆེམ་ཐུལ་ཐུལ་ཅན། །ཆུ་ནི་ཅུང་ཉོག་ནག་པོ་གཅིག།

 

༢། མུ་ཟི་ལྗང་གུ་ལས་བྱུང་བའི་ཆུ་ཚན།

          བྱེ་བྲག་གཉིས་པ་མུ་ཟི་ལྗང་གུ་ལས་བྱུང་བའི་ཆུ་ཚན་རིགས་ལྔའི་སྤྱི་བརྟག་ནི། མུ་ལྗང་ཆུ་ཚན་བ་བླ་མནམ། །ཡུན་རིང་མྱངས་ན་ལན་ཚྭ་བྲོ། །ལུས་བཀྲུས་བསྐུས་ན་དྲི་མི་ཞིམ།།

          དང་པོ་མུ་ལྗང་གི་སེར་པོའམ་བ་བླ་མ་ནི། མུ་ལྗང་སེར་པོ་བ་བླ་ཡིན། །དེ་སྐྱེས་ཆུ་ཡང་ཅུང་ཟད་སེར། །སྟེང་དུ་བྱེ་མ་ཆེམ་ཆེམ་འབྱུང༌།།

          གཉིས་པ་མུ་ལྗང་དམར་པོའམ་ལྡོང་རོས་མ་ནི། མུ་ལྗང་དམར་པོ་ལྡོང་རོས་ཡིན། །དེ་ཡོད་པ་ལ་སྐྱེ་བ་ཡོང༌། །ཆུ་ཡང་དམར་སེར་ཅུང་ཟད་འདོད།།

          གསུམ་པ་མུ་ལྗང་དཀར་པོ་ནི། དཀར་པོ་རྡོ་རྒྱུས་འདྲ་བ་ལ། །མེ་ཉིས་དྲོས་ན་བ་བླ་མནམ། །དེར་སྐྱེས་ཆུ་མདོག་ཅུང་ཟད་དཀར།།

          བཞི་པ་མུ་ལྗང་ལྗང་གུ་ནི། མུ་ལྗང་ལྗང་གུ་མཐིང་རྒྱུས་འདྲ། །མེ་ཉིས་དྲོས་ན་བ་བླ་འདྲ། །ཆུ་ཡང་འདྲ་བར་ཅུང་ཟད་སྔོ།།

          ལྔ་པ་མུ་ལྗང་ནག་པོ་ནི། མུ་ལྗང་ནག་པོ་རམས་འདྲ་ལ། །བཅག་ན་རྡོ་འདྲ་བཏེག་ན་ལྕི། །ཆུ་ཡང་དེ་ཡོད་པ་ལས་སྐྱེ།།

          དེ་ལྔའི་ལེགས་ཞེར་དབྱེ་བའི་དང་པོ་ནི། དེ་འདྲ་མཆོག་ནི་གསེར་དངུལ་དེ། །ལྗིད་ཆེ་འོད་ཆེའི་བྲག་ལས་སྐྱེ། །གཉིས་པ་ནི། རབ་ནི་དེ་འདྲ་འདྲེས་པའི་བྲག། གསུམ་པ་ནི། འབྲིང་ནི་བྲག་མིན་མདོག་ཅན་ས། །བཞི་པ་ནི། ཐ་མ་གདང་མེད་ས་ཕྱོགས་སུ། །རེས་འགའ་སྐེམ་ཞིང་རེས་འགའ་འབྱུང༌། །བཞི་པོ་སྤྱིར། དེ་རྣམས་རིམ་བཞིན་འོག་མ་དྭངས། །ཁ་དོག་དྲི་རོ་བཟང་རིམ་མནམ།།

 

༣། རྡོ་ཞོ་ལས་བྱུང་བའི་ཆུ་ཚན།

          བྱེ་བྲག་གསུམ་པ་རྡོ་ཞོ་ལས་བྱུང་བའི་ཆུ་ཚན་རིགས་ལྔའི་སྤྱི་བརྟག་ནི། རྡོ་ཤོ་ཆུ་ཚན་རབ་ཏུ་གསལ། །དྲི་མ་འཁྲུད་པའི་མཆོག་ཏུ་གོ །ཁོང་དུ་བཏང་ན་སྐོམ་དད་སྐྱེ།།

          དང་པོ་རྡོ་ཞོ་ཕོ་རྡོ་(དཀར་པོ)ནི། རྡོ་ཤོ་སེར་པོ་སྣ་རིང་ཞིང༌། །ཆར་ལྷགས་ཕོག་ངེས་སག་རི་ཆགས། །ཕོ་རིགས་མཁྲེགས་ཤིང་མེས་གཞོམ་དཀའ། །དེར་སྐྱེས་དཀར་པོའི་ཆུ་ཚན་ཡིན།།

          གཉིས་པ་རྡོ་ཞོ་སྨུག་པོའམ་ནག་པོ་ཕོ་རྡོ་ནི། །དེ་འདྲ་སྨུག་པོ་དེ་ཡི་ཆུ།         (ཞེས་སྣ་རིང་ཕོ་སྟེ་ཁ་དོག་གི་ཆེད་ཙམ་མོ།)

          གསུམ་པ་རྡོ་ཤོ་རྡོ་ནག་པོ་ནི། སྣ་ཐུང་སོབ་ཀྱང་ཕྱི་ནང་དུ། །སག་རི་ཆགས་པ་མོ་རྡོ་སྨུག དེ་ལས་ཆགས་པ་དེ་ཆུ་ཡིན།།

          བཞི་པ་མི་རྡོ་དཀར་པོ་ནི། དེ་འདྲ་(སྔ་ཐུང་སྔ་མ་)དཀར་པོ་མོ་རྡོ་ཡིན། །དེ་ལས་སྐྱེས་པ་དེ་འདྲར་བརྗོད།།

ལྔ་པ་རྡོ་ཤོ་ཕལ་པའམ་རྒོད་པ་ནི། རྒོད་ནི་དུམ་འབྱུང་སག་རི་རྩུབ། །བསྲེགས་ན་མོ་ཅོང་བསྲེགས་པ་འདྲ། །དེ་ལས་སྐྱེས་པ་དེ་ཡི་ཆུ།།

          དབྱེ་བ་དང་པོ་ནི། དེ་དག་ཆགས་པའི་མཚན་ཉིད་ཀྱང༌། །རྡོ་ཞོའི་མཚན་ཉིད་པ་ལས་སྐྱེ།།

          གཉིས་པ་ནི། རབ་ནི་ས་གཞན་ཅུང་ཟད་འདྲེ། །མཚན་ཉིད་ཕལ་ཆེར་ཚང་ལས་སྐྱེ།།

          གསུམ་པ་ནི། འབྲིང་ནི་རྡོ་ཤོའི་ས་འདྲེས་པ། །མཚན་ཉིད་ཕྱོགས་ཙམ་ཡོད་ནའོ།།

          བཞི་པ་ནི། ཐ་མ་རྡོ་ཤོ་ཐོར་ཙམ་ཡོད།།

 

༤། རྡོ་ཆུ་ལས་བྱུང་བའི་ཆུ་ཚན།

          བྱེ་བྲག་བཞི་པ་རྡོ་ཆུ་ལས་བྱུང་བའི་ཆུ་ཚན་རིགས་ལྔའི་སྤྱི་བརྟག་ནི། རྡོ་ཆུ་གང་སྐྱེས་ས་ཕྱོགས་སུ། །རབ་མཁྲེགས་མི་(གཅིག་དང་)འབྲེལ་འབབ་ཕྱོགས་ཀྱང༌། །དེ་འགྱུར་བཏུང་ན་དེ་འཁྲོས་ཟེར། །རིམ་པ་གཉིས་ཐོག་གསུམ་ཐོག་བྱུང༌། །དེ་འདྲ་རྡོ་ཆུའི་ཆུ་ཚན་ཟེར།།

          དང་པོ་རྡོ་ཆུ་རྩི་ཆེན་ནི། རྩི་ཆེན་ཆུ་སྐམ་རྡོ་དངོས་གྱུར། །བྱུག་འཐུང་རྐང་མགྱོགས་ཆུ་བབ་པ། །རབ་མཁྲེགས་རྡོ་བཞིན་འགྱུར་བ་ཡིན།།

          གཉིས་པ་རྡོ་ཆུ་རྩི་ཆུང་ནི། རྡོ་ཆུ་ལས་བྱུང་རྩི་ཆུང་ནི། །ས་མིན་རྡོ་མིན་ཆུ་ཉོག་ཅན།།

          གསུམ་པ་རྡོ་ཆུ་སེར་པོ་ནི། སེར་པོ་ཆུ་དྲེག་ཁ་དོག་སེར། །སོགས་ནས་སྦྱིན་བག་གཅིག་ཏུ་འདྲེས།།

          བཞི་པ་རྡོ་ཆུ་དཀར་པོ་ནི། དཀར་པོ་མདོག་མཚུངས་ཕྱོགས་ཀུན་དཀར།།  སྦུབས་ལྡིང་དག་ལ་ནུ་མ་བཞིན། །ཐིགས་པ་བྱུང་རྗེས་འབུར་དུ་དོད།།

          ལྔ་པ་རྡོ་ཆུ་དྲག་པོའམ་ཕལ་པ་ནི། རྡོ་ཆུ་དྲག་པོའི་ཆུ་ཚན་ནི། །རྡོ་རྣམས་སྦྱིན་སྦྱར་བཞིན་དུ་འབྲེལ། །ཕྱི་ཤུན་རྡོ་ཀླད་ལྟ་བུར་ཆགས། །དེ་འདྲ་རྡོ་ཆུ་ཕལ་པའི་ཆུ།།

          དབྱེ་བ་ནི་དང་པོ། དེ་དག་མཆོག་རྣམས་འབབ་པའི་ས། །དེ་རྣམས་ཁ་དོག་གཅིག་ཏུ་འགྱུར། །ཆུ་ཉིད་སྐམ་པ་རྡོ་རིང་ཞིང༌། །ལིང་ག་གྱེན་དུ་ལངས་པ་བཞིན།།  རྩེ་ནས་དྲི་ཆེན་འབབ་པ་འདྲ།།

          གཉིས་པ་ནི། རབ་ནི་འབབ་པའི་ས་ཕྱོགས་ཀུན། །སྤྲིན་བྲག་གཅིག་ཏུ་འཁྲིག་(འབབ་པའི་)ཕྱོགས་མཐོང༌། །ན་ཆུང་ནུ་མར་ཞོ་འབབ་འདྲ།།

          གསུམ་པ་ནི། འབྲིང་ནི་འབབ་པའི་ས་རྣམས་ཀུན། །འབྱར་འགྲིགས་ཁ་དོག་སྣ་ཚོགས་འཁྲིགས།།

བཞི་པ་ནི། ཐ་མ་ས་ཕྱོགས་ཅུང་ཟད་སྲ།།

 

༥། ཅོང་ཞི་ལས་བྱུང་བའི་ཆུ་ཚན།

བྱེ་བྲག་ལྔ་པ་ཅོང་ཞི་ལས་བྱུང་བའི་ཆུ་ཚན་རིགས་ལྔའི་སྤྱི་བརྟག་ནི།

ཅོང་ཞི་ལས་བྱུང་ཆུ་ཚན་ནི། །ཅོང་ཞིའི་ས་རྡོའི་དབུས་ནས་སྐྱེ། །ཁ་དོག་དྲི་རོ་མི་གསལ་ཡང༌། །དྭངས་ཤིང་ཡིད་དུ་འོང་བའོ། །སྦྲུལ་སོགས་སྲོག་ཆགས་རྣམས་ཀྱང་འཁོར།།

          དང་པོ་ཕོ་ཅོང་གི་ཆུ་ནི། ཕོ་ཅོང་མཁྲེགས་ཤིང་ལྕི་བ་ལས། །བྱུང་ན་དེ་ལ་ཕན་ཚུལ་ལོ།།

          གཉིས་པ་མོ་ཅོང་ལས་བྱུང་བ་ནི། མོ་ཅོང་ཡང་སོབ་ལས་བྱུང་ན། །དེ་ནི་མོ་ཅོང་ཆུ་ཚན་ཡིན།།

          གསུམ་པ་མ་ནིང་ཅོང་ཞིའི་ཆུ་ཚན་ནི། མཉེན་འཇམ་མཁྲེགས་སོབ་སྙོམས་ལས་བྱུང༌། །མ་ནིང་ཆུ་ཚན་ཡིན་པར་ངེས།།

          བཞི་པ་བུ་ཅོང་ལས་བྱུང་བ་ནི། ཕོ་ཅོང་ལས་སོབ་བུ་ཅོང་ཡིན། །དེ་ལས་བྱུང་བ་དེ་ཆུའོ།།

          ལྔ་པ་བུ་མོ་ཅོང་ཞི་ལས་བྱུང་བ་ནི། མོ་ཅོང་ལས་མཁྲེགས་བུ་མོའོ། །དེ་ཡང་བུ་མོ་ཅོང་ཞིའི་ཆུའོ།།

          ཞིབ་པ་ནི། རྒྱས་པར་གོང་དུ་བཤད་ལྟར་རྟོགས། །(ཅོང་ཞིའི་སྐབས་)

          དབྱེ་བ་དང་པོ་ནི། མཆོག་ནི་རིན་ཆེན་ཤས་ཆེ་བའི། །བྲག་ལས་སྐྱེས་པའི་ཅོང་ཞི་ལས། །སྐྱེ་ཤིང་བརྟེན་ན་སྐྱངས་སུ་མེད། །འགག་གིས་ཆུ་ཚན་དང་འགྲོགས་ཏེ། །དུང་གི་མདེ་འུ་རྒྱན་ཟུར་ཅན། །ཆུ་ཡི་ནང་ནས་བུན་བུན་བྱུང༌། །ཆུ་ནི་ཅོང་ཞིར་གྱུར་པ་མཆོག

          གཉིས་པ་ནི། རབ་ཏུ་མདོག་གསལ་སྐྱེ་བ་ཡི། །ཅོང་ཞི་ལས་འོང་དྲི་མེད་དང༌། །ཇ་སོགས་བཏུང་བྱུག་གང་བྱེད་ཞིམ།།

          གསུམ་པ་ནི། འབྲིང་ནི་ཁ་དོག་མི་གསལ་མཁྲེགས། །དེར་སྐྱེས་དྲི་མེད་མདངས་མི་གསལ།།

བཞི་པ་ནི། ཐ་མ་བྲག་སོགས་ཡུལ་དམན་པའི། །ས་རྡོ་ལས་སྐྱེས་ཅོང་ཞི་ནི། །འོང་བ་མཚན་ཉིད་ཞན་པར་ངེས།།

 

༦། རྡོ་སོལ་རྐྱང་པའི་ཆུ་ཚན།

          དེ་ལྟར་རིགས་ལྔའི་དབྱེ་བ་བརྒྱ་དང༌། རྡོ་སོལ་རྐྱང་པའི་ཆུ་ཚན་གཅིག་ནི། ཆུ་ཚན་མཆོག་ཅེས་བྱ་བ་ནི། །ཡིད་འོང་དྲི་ལྡན་གསེར་ཡོད་པའི། །སར་སྐྱེས་ཁོལ་བའི་སྟེང་ནས་འབར། །མཚལ་མཐིང་མདུང་རྩེ་འབྱུང་བ་དང༌། །གསེར་གྱི་བྱེ་མ་འབྱུང་ཡང་སྲིད། །མངར་སྣུམ་གང་གིས་ལུས་ལ་རེག །ནད་མེད་བདེ་བྱེད་ནད་ཅན་སེལ། །འདི་དང་ཆུ་ཚན་བརྒྱ་རྩ་གཅིག །ཅེས་སོ།།

          འདྲེས་པ་སོགས་དབྱེ་བ་མང་བ་ནི། རིགས་ལྔ་ཆུ་ཚན་བསྡོངས་དང་འདྲེས། །ཤིན་ཏུ་མང་བའི་ཆུ་ཚན་ལས། །རྟགས་དང་འདྲེས་ལས་ཤེས་པར་མཛོད། །ཞེས་སྔར་ཅོང་ཞི་ལྟར་དབྱེ་བས་བརྒྱ་ཕྲག་མང་པོར་དབྱེ་བ་ཡིན། དེ་དག་སྤྱིའི་འབྱུང་སའི་ལེགས་ཞེར་ནི། སྨྱུག་མའམ་དེ་དག་རྩི་ཤིང་ཉུང༌། །དུག་མེད་ཆུ་གཞན་མ་འདྲེས་བཟང༌། །སྨྱུག་མ་དབྱར་གནས་དགུན་གནས་པའི། །རྡོ་སོལ་རྒྱུས་སྐྱེས་འཕང་ཡང་སྲིད། །དེ་རུ་གང་དུ་ཚ་བ་དང༌། །གང་དུ་སྐྱེ་བ་ཆེ་བ་བཟང༌། །བྱིན་རླབས་གནས་དང་མ་ག་དྷཱའི། །ཆུ་ཡི་རླངས་པ་ཕོག་པས་སྐྱེད། །ནད་རྣམས་ཀུན་ལས་གྲོལ་ཞེས་ཟེར། །ནམ་ཟླའི་སྒོ་ནས་བརྟག་པ་ནི། །ཆུ་ངན་དུས་ན་ཆུ་ཚན་བཟང༌། །དགུན་སྨད་དཔྱིད་སོགས་མར་ངོ་བཟང༌། །རླངས་རྣམས་སོལ་མེས་ཆུ་བསྐོལ་ལྟར། །གྱེན་དུ་དྲང་པོར་འགྲོ་དུས་བཟང༌། །ཕན་ཚུན་ཁོལ་ཞིང་གྱེན་མི་འགྲོ། །རླངས་པ་ཆུར་ཆགས་ནུས་པ་ཆུང༌། །ཞེས་སོ། །དེ་ནི་དེ་དག་གི་ཕན་ཡོན་སྤྱི་དང་བྱེ་བྲག་སྟེ། སྤེལ་མར་རིམ་པས་བཤད་པ་ནི། ཕན་ཡོན་སྐམ་ཆེ་ཚད་ཆེ་དང༌། །ཆོ་གྲང་ནད་རྙིང་ཀུན་ལ་ཕན། །མུ་ཟིས་མཛེ་ཕོལ་འབྲས་ལྷོག་སེལ། །སེར་པོས་ཤ་བཀྲ་སེ་དུག་སེལ། །གདོན་ཤས་ཆེ་བ་ལ་ཕན་ཟེར། །དཀར་པོའི་ཆུ་ཡིས་བས་ལྡག་དང༌། །གླང་ཤུ་འབྲུམ་ཐོར་ཁྱེ་མ་སེལ། །དམར་པོས་ཟུངས་ཟད་རྒས་སྟོབས་སྐྱེད། །དབྱིག་གི་དུག་ལ་བདུད་རྩི་འདྲ། །ལྗང་གུས་རྐང་པ་ཤུ་ཐོར་མཛེ། །ལྤགས་གྲམ་ནད་སེལ་སྔོན་པོ་ཡིས། །ལྷག་པར་མཛེ་དུག་འཇོམས་པར་བྱེད། །མཆོག་གོ་དོན་དང་དང་པོ་དང༌། །ཁུ་ཁྲག་ལས་ཞུགས་མཛེ་ནད་དང༌། །གདོན་ཤས་ཆེ་བའི་ཆུ་སེར་སེལ། །རབ་ཀྱིས་སྣོད་ཚིལ་རབ་ཞུགས་སེལ། །འབྲིང་གིས་དྭངས་མ་ཤ་ཁྲག་དང༌། །ཐ་མས་རུས་པ་ཡན་ལག་ལའོ། །མུ་ལྗང་གནད་མེད་ཆུ་སེར་དང༌། །དྲེག་གྲུམ་སེལ་ལོ་དཀར་པོ་ཡིས། །ལྷག་པར་རྙིང་ཚད་སེལ་བར་བྱེད། །སེར་པོས་མ་ཞུ་ཤིན་ཏུ་སེལ། །ཚ་ཆུ་ཀུན་གྱིས་ཟག་ཆུ་སྐམ། །དམར་པོས་ཁང་ཚན་འབྲས་འདུས་བཤིག །སྔོ་དང་བ་བླས་སྦྱར་དུག་སེལ། །ལྗང་གུས་གྲང་མཁྲིས་མིག་སེར་དང༌། །ཚ་བའི་འོད་ལ་ཕན་པ་ཡིན། །ནག་པོས་འདྲེ་ནད་རྙིང་པ་འཇོམས། །སྐྱ་རྦབ་རྣམས་ལ་ཞི་བྱེད་ཡིན། །མཆོག་གིས་དོན་དབང་རྐང་དང་ནི། །དཀར་དམར་ཐིག་ལེའི་ནད་རྣམས་འཇོམས། །རབ་ཀྱིས་སྣོད་ཤ་ཚིལ་རྣམས་ལ། །འབྲིང་གིས་དྭངས་མ་ཁྲག་ཤ་ལ། །ཐ་མས་རུས་ལྤགས་ཡན་ལག་ལ། །དེ་ཉིད་ནད་ནི་སེལ་བ་ཡིན།།

          རྡོ་ཆུ་མཆོག་གིས་ཆག་གྲུམ་དང༌། །རེངས་འཁུམས་ཆག་ཆེའི་ནད་ལ་ཕན། །རབ་ནི་དེ་ལས་ཅུང་ཟད་དམན། །དེ་དང་འདྲ་བའི་ནད་རིགས་འཇོམས། །འབྲིང་གིས་གང་སྦྱོར་ཁ་བསྒྱུར་སྡེབ། །རྩ་ཕྲན་ཆད་པ་འཕྲལ་དུ་མཐུད། །ཐ་མས་ཕྱོགས་ཚུངས་ནུས་པ་འབྱུང༌། །ནད་ཆུང་བཟང་ལྷག་ནུས་པ་དམན། །དེ་རྣམས་གང་འཕྲོད་སོ་སོར་བསྟེན། །ཅོང་ཞི་དུག་རིགས་སྨུག་པོའི་རིགས། །རྙིང་ཚད་ཁོག་ནད་ཀུན་ལ་བསྔགས། །མཆོག་ནི་དུག་རིགས་ཀུན་ལ་བསྔགས། །སྨུག་པོ་ཕྱི་འགྲིམ་འཐབ་འཁྲུགས་དང༌། །རྙིང་དུག་ཁོག་གཞན་ཚད་པ་འདོན། །རབ་ཀྱིས་སྨུག་པོ་འགྱིང་རྡོལ་བ། །སྦྱར་དུག་གསར་དང་ཤ་དུག་རྙོག །ལྕི་སེར་གླང་དུག་མ་ལུས་འདོན། །རྙོག་ཚད་བད་མཁྲིས་འཐབ་པ་སེལ། །འབྲིང་གིས་གྲང་མཁྲིས་དྭངས་མའི་སྐྱོན། །མཁྲིས་སྐྲན་ཆུ་རིགས་ཀུན་ལ་བསྔགས། །ཐ་མས་དུག་སྨུག་རྙིང་ཚད་རྣམས། །ཕྱི་རིགས་སྐྱེ་ཞིང་གཞན་མི་སྐྱེ། །དེ་དག་མཆོག་རབ་འབྲིང་མཐའ་ཡིས། །དོན་དབང་རྐང་ཁུར་ཞུགས་སེལ་མཆོག །བུ་སྣོད་རྩ་ཚིགས་ཞུགས་པ་སེལ། །རབ་འབྲིང་(གིས་)ཁྲག་དང་རྩ་རྒྱུས་འཐབ། །གོང་ལྟར་སེལ་འགྱུར་ཁྱད་པར་དུ། །ཕོ་ཅོང་ཆུ་ཚན་ཚད་པ་དང༌། །ཕོ་མཆིན་ནད་སེལ་མོ་ཅོང་གིས། །གྲང་བ་ཕོ་བའི་ནད་ལ་མཆོག།  བུ་ནི་ཕོ་ལས་ཞད་ཙམ་དྲོ། །གྲང་མཁྲིས་ནད་སེལ་བུ་མོ་ཡང༌། །རླུང་ལས་གྱུར་དང་རླུང་མཁྲིས་སེལ། །མ་ནིང་སྙོམས་པས་འོག་མིན་ལ། །སྦྱར་ནས་ཆུ་ཚན་བསྟེན་པར་བྱ། །ནད་མེད་དུས་བཞིར་མ་ཆགས་བསྟེན། །ནད་མི་འབྱུང་ཞིང་རིམས་གསར་སྤོང༌། །དབང་གསལ་རྒས་སྲ་ཀུན་ལ་འཕྲོད། །འདི་འདྲའི་ཆུ་ཚན་བདུད་རྩི་དང༌། །རིགས་ལྔ་ཕན་ཚུན་འདྲེས་པའི་ཆུ། །སྙོམས་དང་ཆེ་ཆུང་ལྡན་འདུས་སེལ། །ཤེས་རབ་ཞིབ་མོས་རྣམ་པར་དཔྱོད། །ཅེས་གསུངས་སོ། །ངན་པ་སྤང་བྱ་ནི། འཐུང་མ་ཐག་ཏུ་ཁ་ལྕེ་འགས། །ལུས་སྦྲིད་མིག་འགྲིབ་ཕོ་མཆིན་ན། །དུག་ཆུ་ཡིན་པས་མཁས་པས་སྤོངས། །རྡོ་དང་རུས་བསྐྱུར་ཞིག་གྱུར་ན། །ཆུ་རུལ་ཡིན་ཏེ་བསྟེན་མི་བྱ། །དེ་འདྲའི་བླང་དོར་ཤེས་པར་མཛོད།།

          ཆུ་ཚན་བསྟེན་ཐབས་ནི། ཆུ་བདག་མ་དང་གཞི་བདག་ལ། །རང་རང་ཆོ་གས་གཏོར་མ་འབུལ། །ནད་བདག་གདོན་རིགས་ཐམས་ཅད་ལ། །བདེན་བདར་ཆོས་བཤད་སྙིང་རྗེ་བསྐྱེད། །བ་ཏི་ཤར་དང་ཐིགས་འབབ་སོགས། །གང་ལ་གང་འོས་རིག་པས་དཔྱད། །དང་པོ་ཆུ་གྲང་གོམས་ནས་བསྣུན། །དང་པོ་ཡུན་ཐང་ཕྱིས་ནས་བསྲིང༌། །སླར་ཡང་འཇོག་དུས་རིམ་པས་བསྐྱུངས། །འཐོན་དུས་སྟེང་འོག་མཐུག་པོས་གཡོགས། །ས་ཚན་དག་ལ་རྔུལ་མི་དབྱུང༌། །རྡོ་ཆུ་མ་གཏོགས་ཟས་སྐོམ་གྱི། །ཁུ་བ་འདི་ལས་བྱས་པ་བཏུབ། །ནད་ཞེན་ཆེ་ཆུང་ཅུང་ཟད་ལ། །བསྟུན་ཡུན་རིང་ཐུང་ཤེས་པར་བྱ། །དང་པོ་ཐུབ་ན་བླང་པ་སྲི། །རྗེས་སུ་སྐྱེད་ཆུང་ཐལ་ན་བསྲིང༌། །བྱ་ར་ཡང་ཡང་བལྟ་ཞིང་བྱེད། །ཟུངས་ངན་རེས་མཆོག་ཁམས་གསོ་བྱ། །ཕན་ཐོགས་མ་བྱུང་བར་དུ་བསྲིད། །རེངས་འཁུམས་རྙིང་ཞིང་འགྲུལ་བ་དང༌། །སྒུར་དང་འཁྱོག་པོར་ཝ་ཏིས་གཅུན། །ལྷེན་སྐྲན་ལ་སོགས་འཁྲུལ་འཁོར་བྱ། །ཆུ་སེར་ཞེན་ལ་གཡེར་མ་ཆང་སྦྱར་ཆུས་བཀྲུས། །སྦལ་(རྒྱབ)མཛེ་(ཚྭ་)སྤོས་(དཀར་པོ་)ཆུས་འདམ་བཏགས་བྱུགས། །ནང་ནས་རྒྱ་ཚྭ་བསྣན་ལ་གཏོང༌། །ཆུ་ཁུལ་ཁྲོན་པ་ལྟ་བུར་མཁར། །རམ་སྣམ་བྲག་སྟེང་ན་སར་བཞག །སྟེང་ནས་གོས་བྱིབས་རླངས་པ་གཏུམས། །རྔུལ་ཐོན་ཡང་ཡང་བསྐྱར་ལ་བྱ། །དུག་སྨུག་ཚད་རྙིང་རྙོག་ལ་སོགས། །ཞེན་ཅན་འདོན་པའི་འཕྲུལ་ཆུ་ཡིན། །སུབ་ཀྱིས་གོས་ན་གསོ་ལྡིང་བྱ། །བཤུལ་ཆགས་རུས་སོགས་ནས་ཙམ་བརྡུངས། །རྫས་རྣམས་ཁུག་པར་མི་ཞུགས་ཏེ། །བར་མཚམས་ཀུན་བླུག་དཔུང་བསྐྱེད་བརྩམས། །ཆུ་ཚན་ནང་ཞུགས་ཚད་རྙིང་གྲུམ། །དུག་སྨུག་སོགས་འབྱིན་ལུམས་མཆོག་ཡིན། །ཕྱི་ཡི་སྐྲན་འདུལ་ཕྱི་སྐྲན་བཤིག་མགོ་མིག་ནད་ལ་ཝ་ཏི་དང༌། །ཐིགས་འབབ་བལ་སོགས་གཉུག་འབབ་ཕན། །མགོ་ནད་མེད་ན་མགོ་ལ་སྤང༌། །མདངས་གསལ་དག་ལ་ཆུ་རེས་བསྟེན། །ཡུན་རིང་འཇུག་ན་ཆུ་འབོལ་བྱ། །བདུག་པ་བྱེད་ན་ཚ་སྐྱོ་བྱ། །ནད་ཡོད་གནས་སུ་ནན་ཆགས་དཔྱད། །སྨན་པ་མཛངས་པའི་གྲོགས་ལྡན་བྱ། །གཞུག་དུས་ལུས་ནི་མ་གྲང་ལྡང༌། །གནོད་ཟས་བསྲུང་བ་ཤིན་ཏུ་གཅེས། །ལག་ལེན་ཤེས་པས་ཆུ་རིགས་དང༌། །ནད་རིགས་དབྱེ་བ་སྤང་བླང་བས། །ཆུ་སེར་ནད་རིགས་ཐམས་ཅད་དང༌། །ནད་རྙིང་ཞེན་པ་རྩད་ནས་གཅོད། །ཅེས་གསུངས་སོ། །ལྡང་བའི་ཚེ་སེར་བུ་མ་ཕོག་པ་དང་འཇོག་པའི་རླུང་གི་འཇུག་སྒོ་བ་སྤུའི་བུ་གར་ཞུན་མར་གྱིས་བསྐུ་མཉེ་བྱེད་པ་གནད་དོ། །ཆུ་གསུམ་ཀ་ལ་རི་ཥི་འཆར་དུས་བཟང་བ་གོང་བཤད་བཞིན་གནད་ཡིན་ཏེ། ཡན་ལག་བརྒྱད་པ་ལས། ཉི་མའི་འོད་ཀྱིས་གདུངས་བྱས་ཤིང༌། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རི་ཥི་ཤར་བས་དུག་མེད་བྱས། །ཉིན་མཚན་གཉིས་ཀར་སྦྱར་ཆུ་བཏུང༌། །ཞེས་འབྱུང་ངོ༌། །ཞེས་ཆུ་ཚན་གྱི་རེག་བྱའོ།།

          རེག་བྱ་གྲང་ཆུ་ནི། རྫ་ཆབ་དང༌། གངས་ཆུ་དང༌། སྐར་མ་རྫོགས་ནས་བླངས་པའི་སྐར་ཆུ་དང༌། །ཆུ་གང་ཡང་རུང་བའི་ཆུ་བསིལ་རི་ཥི་འཆར་ཚེ་སྟེ་འདི་བཞི་སྤྱིའི་ཁྲག་གཟེར་དང༌། ཚད་གཟེར། འཁྲུག་ཚད། ཁྲག་འབྱམས་པ། རྩ་བཤལ་ཚ་འབྱམས་སོགས་ལ་ཕན། བཏུང་བ་སྐབས་སུ་བབ་པ་དང་སོ་སོ་སྒེར་དམིགས་ཀྱིས་བསལ་བའི་དགོས་སྐབས་ཀྱང་ཡོད་པའོ།།

          ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་བཅུ་གཅིག་པ་ཆུའི་སྨན་གྱི་དབྱེ་བ་བརྒྱ་དང་སོ་གཉིས་བཤད་པའི་སྐབས་ཏེ་བཅུ་གཉིས་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 9:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།