སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

ས་བཅད་དང་པོ། ཀླད་དོན་སྤྱི་སྡོམ་བཤད་པར། དང་པོ། གླེང་གཞི་ཁུངས་སྟོན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

ས་བཅད་དང་པོ། ཀླད་དོན་སྤྱི་སྡོམ་བཤད་པར།

དང་པོ། གླེང་གཞི་ཁུངས་སྟོན་པ།

 

ས་བཅད་དང་པོ། ཀླད་ཀྱི་དོན་རྩ་བ་སྤྱིའི་རྣམ་དབྱེ་སྡོམ་དུ་བཤད་པ། དང་པོ་ལ་གཉིས་ཏེ། གླེང་གཞི་ཁུངས་སྟོན་པ་དང་། གླེང་བསླང་རྣམ་པར་དབྱེ་བའོ།།

 

དང་པོ། གླེང་གཞི་ཁུངས་སྟོན་པ།

དང་པོ་ལའང་གཉིས་ཏེ། གཞོམ་བྱ་ནད་ཀྱི་ཁུངས་དང༌། འཇོམས་བྱེད་སྨན་གྱི་ཁུངས་བསྟན་པའོ།།

༡། གཞོམ་བྱ་ནད་ཀྱི་ཁུངས་བསྟན་པ། དང་པོ་ནི། བདུད་རྩི་ཞེས་པའི་བདུད་ནི་འཇུག་བྱ་མང་ཡང་སྐབས་འདིར་དུག་དང་ནད་ཡིན་ཏེ། དེ་ནི་སྔོན་གྱི་དུས་ན་རྒྱ་མཚོ་ཆེན་པོ་མི་གཡོ་བའི་དབུས་སུ་བདུད་རྩི་བུམ་པ་གང་ཡོད་ཅེས་ལྷ་དང་ལྷ་མ་ཡིན་གྱི་ཡུལ་ན་གྲགས་སོ། །དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གླིང་བཞི་བསྐོར་ཞིང་རྒྱུ་བ་ལས། །དཔྱིད་ར་བའི་ཚེས་བཅོ་ལྔའི་ནུབ་མོ་རི་རབ་ཀྱི་ལྷོ་ཕྱོགས་སུ་ཟླ་བའི་འོད་རྒྱ་མཚོ་ལ་ཕོག་པའི་ཚེ། རྒྱ་མཚོ་ཆེན་པོའི་དབྱིངས་རྣམ་པར་མི་གཡོ་བའི་དབུས་ན་ཆུ་ཤེལ་གྱི་བུམ་པ་རིན་པོ་ཆེའི་སྙིང་པོ་ལྟར་གསལ་བར་འདུག་པ་མཐོང་བས་འདི་ལྟར་ཁོ་བོས་མཐོང་ཞེས་ཡོངས་ལ་སྨྲས་སོ། །དེའི་ཚེ་དེ་ལེན་པར་ལྷ་དང་ལྷ་མ་ཡིན་རྣམས་བགྲོས་ནས། རི་རབ་ལ་སྲུབ་ཤིང་དང༌། ཀླུ་རྣམས་སྲུབ་ཐག་བྱས་ཏེ་མེས་པོ་ཚངས་པས་སྟེང་ནས་མར་མནན་ལ། ལྷ་དང་ལྷ་མིན་ཀུན་གྱིས་རབ་ཏུ་བསྲུབས་པའི་རྦ་གསེངས་ནས། དུག་ཧལྰཧལ་ཞེས་བྱ་བ་ཁ་དོག་ནག་པོ་གདོང་དགུ་པ་སྐྲ་སེར་ལ་སྨར་སྨིན་དང་མིག་ནས་རབ་ཏུ་འཇིགས་པའི་མེ་འབར་བ། གདོང་པ་རེ་ལ་མཆེ་བ་རྣོ་བའི་དབལ་དང་ལྡན་པ་བཞི་བཞི་གཙིགས་པ། གཟི་བརྗིད་ཀྱི་ཕུང་པོ་རབ་ཏུ་འབར་བ་ཞིག་བྱུང་སྟེ། གང་གིས་མཐོང་པ་དང་ཐོས་པ་ཐམས་ཅད་སྐྲག་ཅིང་བརྒྱལ་བར་གྱུར་ཏོ། །ནད་བཞི་བརྒྱ་རྩ་བཞིའི་ཁ་རླངས་འཐུལ་བར་བྱེད་པའི་དུག་དེ་ནི་ཐུན་མོང་གི་རྫུ་འཕྲུལ་ཅན་གང་གིས་ཀྱང་ཐུལ་བར་མ་གྱུར་ཏོ། །དེ་སྐད་དུ་ཡང༌། དཔའ་བོའི་སྙིང་པོ་བསྡུས་པ་ལས། སྔོན་ཚེ་ལྷ་དང་ལྷ་མིན་གྱིས། །བདུད་རྩི་འདོད་པས་མཚོ་བསྲུབས་ཚེ། །བདུད་རྩི་བྱུང་བའི་སྔོན་རོལ་དུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །སྐྲ་སེར་མིག་ནས་མེ་འབར་བ། །མཆེ་བ་བཞི་པ་གཟི་བརྗིད་ཅན། །དེ་མཐོང་འགྲོ་བ་སྡུག་བསྔལ་གྱུར། །ཞེས་སོ། དེར་ལྷ་ཁ་ཅིག་ན་རེ། འདི་གང་ཡིན་མེས་པོ་ཚངས་པ་བགྲེས་པས་དེ་ལ་དྲིས་ན་མཁྱེན་སྲིད་ཅེས་དྲིས་པས། ཚངས་པའི་བསམ་པ་ལ། སྔོན་སངས་རྒྱས་ཀྱི་ཞལ་ནས། མ་འོངས་པའི་དུས་ན་དུག་ཧལྰཧལ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཁྱོད་ཀྱིས་ཧཱུཾ་རིང་གིས་གཟིར་ཞིག་གསུངས་པ་དེ་དྲན་ནས། ཚངས་པས་ཧཱུཾ་ཞེས་བརྗོད་པས། དུག་དེའི་སྣང་གཟུགས་ཞིག་ནས། རྒྱུ་བའི་དུག་སྲོག་ཆགས་སྲིན་བུ་ཨ་ལངྐ་ར་དང༌། ཁྱི་སྨྱོན་དང་དུག་སྦྲུལ་སྡོམ་སྡིག་སོགས་སོ་དུག་ཅན་དུ་གྱུར་པ་དང༌། མི་རྒྱུ་བའི་དུག་ར་དུག་གམ་སྨན་ཆེན་ཐར་ནུ་ཐང་ཕྲོམ་སོགས་རྩ་བའི་ཁམས་དང་ས་རྡོ་སྟེ་རྒྱུ་བ་དང་མི་རྒྱུ་བ་སོ་སོར་ཐིམ་པར་གྱུར་ཏོ། །དེ་ཡང་གོང་གི་ལུང་ལས། ཚངས་པས་ཧཱུཾ་ཞེས་བརྗོད་པ་ཡིས། །བསྲུབས་པའི་བདག་ཉིད་ཅན་སྤངས་ཏེ། །དུག་དེ་རྒྱུ་དང་མི་རྒྱུ་བའི། །བྱེ་བྲག་གཉིས་ལ་ཞུགས་པ་ཡིན། །ཞེས་སོ། །དེའི་ཁ་རླངས་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་ནི་ལྷ་མོ་འདོད་ཁམས་དབང་ཕྱུག་མས་དབང་དུ་བསྡུས་ཏེ། མཚོ་བསྲུབས་དུས་དུག་བྱུང་བ་དང་མཉམ་དུ་ཉི་མ་ཡང་བྱུང་བས་དེ་ལ་ཐིམ་པར་མཛད་ནས་རང་གིས་བདག་ཏུ་བཟུང་སྟེ་ལྟེ་བའི་གནས་སུ་འགོད་པར་མཛད་དོ།།  དེ་ཡང་དངོས་གྲུབ་འབྱུང་བའི་རྒྱུད་ལས། དྲང་སྲོང་སེང་གེའི་ང་རོས་བསྟོད་པ་ལས། ཕྱོགས་བཅུའི་འཇིག་རྟེན་དུག་གི་བཅུད་བསྡུས་ནས། ཉི་མའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །དུག་གི་རླངས་པས་ནག་པོའི་ཕྱོགས་རྣམས་ཀྱི༌། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སློང་མཛད་མ། །དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུད།།  ཅེས་གསུངས་སོ། །དེས་ན་དུག་དང་ནད་ཐོག་མར་བྱུང་བ་དེ་དང་དེ་ལས་འཕྲོས་པའི་རིགས་དག་ནི་ལུས་ཅན་རྣམས་ཀྱི་སྲོག་གི་གཤེད་དུ་བྱེད་པས་ན་བདུད་ཅེས་བྱའོ།།

 

༢། འཇོམས་བྱེད་སྨན་གྱི་ཁུངས་བསྟན་པ། གཉིས་པ་ནི། རྩི་ཞེས་པ་བདུད་དེ་འཇོམས་པར་བྱེད་པའི་རྩི་ནི་སྨན་ཡིན་པས་བདུད་རྩི་ཞེས་བྱ་བ་དེ་ཡང་བྱུང་ཚུལ་ནི། ཡང་བསྲུབས་པ་ལས་རིམ་པས་ཚངས་པའི་ཆུང་མ་དཔལ་མོ་དང༌། མཐོང་ཚད་ཆགས་པས་མྱོས་པར་བྱེད་པའི་ལྷ་མོ་ཆང་དང༌། རིན་པོ་ཆེ་ཆ་བརྒྱད་ནོར་བུ་ཆ་བདུན། ཉི་མའི་ཤིང་རྟ་འདྲེན་པའི་རྟ་ལྗང་གུ་བདུན། སྒྲ་མཐོ་ཞེས་སམ་རྟ་མཆོག་ཅང་ཤེས་ཆེན་པོ་ཟླ་བ་ཆུ་ཤེལ་གྱི་དཀྱིལ་འཁོར་དང༌། ཆུ་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་དང༌། དེ་དང་ཉེ་བར་མཐུན་པའི་སྨན་གཞན་དང༌། དྲང་སྲོང་གི་མཆོག་ཐང་ལ་འབར་སོགས་བྱུང་སྟེ། ཤ་ལི་ཧོ་ཏྲ་ལས། རྒྱ་མཚོ་བསྲུབས་པར་གྱུར་པ་ན། །དེ་ཚེ་དང་པོ་ཁོ་ན་ནི། །དཔལ་མོ་ལ་སོགས་བྱུང་བར་གྱུར། །གང་གི་ནང་བར་བརྗོད་བྱ་ནི། །རྨི་ངན་ལ་སོགས་འཇིགས་བྱེད་པའི། །དགེ་བ་ཞེས་བྱའི་རིན་པོ་ཆེ། །བརྒྱད་ནི་ཆུ་ལས་བྱུང་བར་གྱུར། །ཉི་མས་བཞོན་པའི་ཤིང་རྟ་ནི། །འདྲེན་པའི་རྟ་དང་ལྷ་ཡི་ཆང༌། །དེ་བཞིན་ནོར་བཟང་ཀོསྟུ་བྷི། །ནོར་བུའི་རྣ་ཆ་བཟང་པོ་དང༌། །བདུད་རྩི་ཞེས་བྱའི་སྨན་དང་ནི། །བདུད་རྩི་ཉིད་ཀྱང་བྱུང་བར་གྱུར། །བསྟན་བཅོས་ཐམས་ཅད་འཛིན་པའི་མཆོག །སྨན་པ་ཐང་ལ་འབར་དང་ནི། །སྒྲ་མཐོ་ཞེས་ནི་བྱ་བའི་རྟ། །སྙིང་སྟོབས་ཆེ་ཞིང་སྟོབས་ཆེ་བ། །འབྲུག་དང་རྔ་ཡི་སྒྲ་དང་ནི། །དུང་དང་རྔ་ཆེན་སྒྲ་འདྲ་བ། །གང་ཞིག་སྐད་གསང་མཐོ་གྱུར་པའི། །སྒྲ་དེའི་མིང་དུ་བཏགས་པ་ནི། །དེ་ཚེ་ལྷ་དང་ལྷ་མིན་གྱིས། །སྒྲ་མཐོ་ཞེས་ནི་བྱ་བར་བཏགས། །ཞེས་སོགས་གསུངས་སོ། །དེ་ལྟ་བུའི་བདུད་རྩིའི་བུམ་པ་དེ་དེ་དག་གིས་ཁྱེར་ཏེ། རི་རབ་ཀྱི་སྟེང་ཡིད་ལས་གྲུབ་པའི་གཞལ་ཡས་རྣམ་པར་རྒྱལ་བའི་ཁང་བཟང་དུ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་དང༌། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་སོགས་ལྷ་མིན་བཅས་གྲལ་རིམ་པས་བཤམས་ནས་སྒྲ་གཅན་གྱིས་བུམ་པ་ཁ་ཕྱེ་སྟེ་འདྲེན་པར་བརྩམས་པའི་ཚེ། རཱ་ཧུ་ལའི་བསམ་པ་ལ། བདུད་རྩི་འདི་འདྲ་བ་ཤིན་ཏུ་རྙེད་པར་དཀའ་བས་རང་གིས་འཐུང་ནས་བྲོས་ན་ལེགས་སྙམ་པའི་ཀུན་རྟོག་ངན་པ་ཤར་བཞིན་བདུད་རྩི་འཐུང་སྟེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྲོས་སོ། །ཚངས་པ་ལ་སོགས་པས་ཕྱི་བཞིན་དེད་པས་ཟིན་ལ་ཁད་པ་དང༌། སྒྲ་གཅན་གྱིས་ཁོ་རང་གི་བསོད་ནམས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་དམ་བཅའ་བཞི་ལྡན་བྱ་བ་ཡོད་པ་འཕངས་པས། ཚངས་པའི་མཁུར་ཚོས་ལ་ཕོག་པར་རྨ་བྱུང་བ་ནས། ཨ་ཐཱ་ཞེས་པའི་སྒྲ་བྱུང་བ་དང་མཁུར་ཚོས་སྣད་པའི་རྐྱེན་གྱིས། སྔོན་ཐུབ་པ་ཆེན་པོས་གསུངས་པའི་གསོ་དཔྱད་འབུམ་པ་ཚངས་པས་དྲན་ཞེས་ལྷ་ཡུལ་དུ་གསོ་རིག་དར་བ་བྱུང་ངོ༌། །ཚངས་པས་ཀྱང་འཁོར་ལོ་འཕངས་པས་སྒྲ་གཅན་གྱི་སྐེ་བཅད་དོ། །དེ་སྐད་དུ་ཡང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་བདུད་རྩི་སྙིང་པོ་ལས། སྔོན་ཚེ་གཟའ་སྐར་རཱ་ཧུ་ལས། །བདུད་རྩི་འཐུང་ཚེ་མགོ་བོ་ནི། །སྒྲ་ལྡན་གྱིས་ནི་འཁོར་ལོས་བཅད། །ཅེས་དང༌། དཔའ་བོའི་སྙིང་པོ་བསྡུས་པའི་གནས་ཕྱི་མ་ལས། སྒྲ་གཅན་བདུད་རྩི་བརྐུ་བ་ལས། ཚངས་པའི་འཁོར་ལོས་སྐེ་བཅད་པས། །ཞེས་གསུངས་སོ། །སྔགས་ཀྱི་རྒྱུད་ཁ་ཅིག་ཏུ། སྒྲ་གཅན་གྱི་ལུས་དུམ་བུ་བརྒྱད་དུ་བགོས་པར་ཡང་བཤད་མོད། འགའ་ཞིག་ཏུ་སྒྲ་གཅན་གྱི་སྐེ་བྲེག་མཚམས་ནས་འཐུང་བའི་བདུད་རྩི་ཐིགས་པ་སར་ལྷུང་བ་ལས་སྨན་ཕལ་ཆེར་འཁྲུངས་པར་བཤད་པ་དང༌། འགའ་ཞིག་ཏུ་ལྷ་རྣམས་ཀྱིས་བདུད་རྩི་གསོལ་རྒྱུ་ཞད་ཙམ་རེ་བྱུང་བའི་ལྷག་མ་མང་ཤོས་ཁྱབ་འཇུག་ལ་ཤོར་བ་འདེད་པར་བྱས་ཚེ། ཚངས་པའི་ཞལ་ནས་ཐིགས་པ་གཅིག་སར་ལྷུང་བར་བཤད་པའང་ཡོད་ལ། དེ་ལྟར་བདུད་རྩི་བགོ་བཤར་བྱས་པའི་ཚེ་བདུད་རྩིའི་བཅུད་རླངས་པ་ཕྱོགས་བཅུར་ཡན་པ་དེ་འཐོར་དུ་མ་བཅུག་པར་འདོད་ཁམས་དབང་ཕྱུག་མས་བསྡུས་ཏེ་ཟླ་བ་ལ་བསྟིམས་ཏེ། ཉིད་ཀྱིས་བདག་ཏུ་བཟུང་ནས་ལྟེ་བའི་འཁོར་ལོ་ལ་རྒྱས་གདབ་པར་མཛད་དེ། །དངོས་གྲུབ་འབྱུང་རྒྱུད་ལས། ཕྱོགས་བཅུའི་འཇིག་རྟེན་བདུད་རྩིའི་བཅུད་བསྡུས་ཏེ། །ཟླ་བའི་དཀྱིལ་འཁོར་དག་ལ་ཐིམ་པར་མཛད། །བདུད་རྩིའི་རླངས་པས་དཀར་པོའི་ཕྱོགས་རྣམས་ཀྱི༌། །བཞི་བརྒྱ་རྩ་བཞིའི་ནད་རྣམས་རྩད་གཅོད་མ། །བདུད་རྩི་སྨན་གྱི་རྒྱལ་མོ་དམ་ལ་འདུད། །ཅེས་གསུངས་སོ། །དེས་ན་དེ་ཉིད་ལས། ལྟེ་བའི་དབུས་ནས་ཉི་ཟླ་ཤར་བ་ནི། །ཉོན་མོངས་མ་རིག་མུན་པ་སེལ་བའི་རྟགས། །ཞེས་ལྷ་མོའི་ལྟེ་བར་ཉི་ཟླ་ཡོད་པའི་རྒྱུ་མཚན་དང༌། མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ལས། ཟླ་བ་ལས། བདུད་རྩིའི་འོད་ཅན་དང༌། བདུད་རྩི་སྤྲོ། བདུད་རྩིའི་སྙིང་པོ། བདུད་རྩི་འཆང་བ་སོགས་ཟེར་བའི་དོན་ནོ། །ཡང་བདུད་རྩི་བམ་བརྒྱད་འགྲེལ་པར། མ་ཧཱ་དེ་བའི་བུ་ཁྱབ་འཇུག་ཅེས་ཀྱང་བྱ། ལྷ་མིན་དབང་པོ་ཞེས་ཀྱང་བྱ། སྒྲ་གཅན་འཛིན་ཞེས་ཀྱང་བྱ། འདོད་པ་ལ་སྲེད་པས་གཞོན་ནུ་སྲེད་ཅེས་ཀྱང་བྱ། དངོས་སུ་རཱ་ཧུ་ལ་སྟེ་ལག་ན་རྭའི་མདའ་གཞུ་དང་ལྕགས་མདུང་འཁོར་ལོ་ཐོགས་པ་དེ། སྔོན་སྲིད་པའི་བདུད་རྩིར་གཟའ་བརྒྱད་ཀྱིས་བྱན་བྱས་པར་རཱ་ཧུ་ལས་ཕྱག་ཚང་བྱས་ཚེ་བདུད་རྩི་བུམ་པ་བརྐུས་ཏེ་བྲོས་པ་ལས། ཕྱག་ན་རྡོ་རྗེས་འཁོར་ལོ་བརྒྱབ་སྟེ་སྐེ་བཅད་ཀྱང༌། བདུད་རྩིའི་བྱིན་རླབས་ཀྱིས་འཆི་མ་ནུས། དེ་ཚེ་རཱ་ཧུ་ལའི་ཁ་ནས་བདུད་རྩི་ཐིགས་པ་གཉིས་ས་ལ་ལྷུང་བས་བུ་མོ་བཟང་མོ་གཅིག་ཏུ་གྱུར་པ་ནི་རྩིའི་ལྷ་མོ་ཞེས་གྲགས་པ་དེས་སྨན་ཐམས་ཅད་བསྐྱེད་པར་བྱས་པར་བཤད་པ་དང༌། ཡང་བམ་པོ་བརྒྱད་པ་ལས། སྲིད་པ་ཆགས་ནས་སྲུབ་ཤིང་གིས། །བསྲུབས་པའི་འབྲས་བུ་རིན་པོ་ཆེ། །མེ་ཤེལ་ཆུ་ཤེལ་གཉིས་བྱུང་བ། །དེ་ཡང་ཐབས་དང་ཤེས་རབ་སྟེ། །ཉིན་མཚན་གཉིས་ལ་དབང་བྱེད་པའོ། །ཞེས་པའི་ཊྰི་ཀ་ལས། དང་པོ་སྟོན་པའི་བྱིན་རླབས་དང་སེམས་ཅན་སྤྱི་མཐུན་གྱིས་ལས་ལས་སྲིད་པའི་འཇིག་རྟེན་ཆགས་པ་སྟེ། སེམས་ཅན་གྱི་གཏི་མུག་སྤྱི་མཐུན་གྱི་ལས་ལས། ནམ་མཁའ་སྟོང་པ་ཡུམ་ཀུན་ཏུ་བཟང་པོའི་མཁར་བྱུང༌། ཕྲག་དོག་ལས་རླུང་གི་དཀྱིལ་འཁོར་སྒྲོལ་མའི་མཁར་ཆགས། འདོད་ཆགས་ལས་ཆུ་ཡི་དཀྱིལ་འཁོར་ཡུམ་མཱ་མ་ཀྰིའི་མཁར་ཆགས། ཞེ་སྡང་ལས་གསེར་གྱི་ས་གཞི་སངས་རྒྱས་སྤྱན་མའི་མཁར་ཆགས། ང་རྒྱལ་ལས་མེ་གོས་དཀར་མོའི་མཁར་ཆགས། དེ་དག་ཀུན་ཏུ་ཁྱབ་སྟེ་གནས་པ་ལ་སྣོད་ཅེས་བྱ། དེའི་སྟེང་དུ་བཅུད་ཀྱི་རང་བཞིན་རྒྱ་མཚོ་གནས་པ་ལས། འཕགས་པ་འཇམ་དཔལ་གྱིས་རྒྱ་མཚོ་སྲུབ་ཤིང་གིས་བསྲུབས་ཏེ། ཀླུས་སྲུབ་ཐག་བྱས། ཁྲོ་བོ་སྟོབས་པོ་ཆེས་བསྲུས་པས་སྔོན་ལ་དུག་བྱུང་སྟེ། དེ་འཇམ་དཔལ་གྱིས་འཐུངས་པས་དུག་མ་ཐུབ་པས། རྟ་མགྲིན་གྱིས་རྔུབས་པས་མགྲིན་པ་སྔོན་པོར་སོང༌། དེ་ནས་བདུད་རྩི་བྱུང་བ་ལས། སྣ་ལ་རིན་པོ་ཆེ་མེ་ཤེལ་ཆུ་ཤེལ་གཉིས་ཉི་ཟླ་ཟུང་གཅིག་ཏུ་སྣང་བར་བྱས་ལ། ཐབས་དང་ཤེས་རབ་ཀྱི་མཚན་མའོ། །མེ་ཤེལ་ཉི་མས་དྲོ་བར་བྱས། ཆུ་ཤེལ་ཟླ་བས་མཚན་མོ་བསིལ་བའི་བྱ་བ་བྱས་སོ། །དེ་ཡི་འཁོར་ནི་སྐར་མའི་ཚོགས་ཡིན། དེ་ནས་བདུད་རྩི་ཟགས་པ་ལས་སྨན་སྐྱེས་པ་སྟེ། གཞུང་ལས། དེ་ལས་བདུད་རྩི་ཟགས་པ་ནི། །ས་དམན་དག་ཏུ་མི་སྐྱེ་སྟེ། །ལྷ་དང་དྲི་ཟ་གནོད་སྦྱིན་དང༌། །རིན་ཆེན་སྣ་ཚོགས་འབྱུང་ཁུངས་གནས། །ལེགས་ལྡན་གངས་རི་གཉེན་གྱི་ཤོད། །རི་བྲག་ཆུ་ཀླུང་ཚང་མ་རུ། །ལྷུང་ནས་བབས་ཏེ་སྐྱེས་པ་ནི། །ཞེས་སོགས་བཤད་དོ། །སྨན་དེ་དག་ཕལ་ཆེར་ནི་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་པའི་གནས་སུ་སྐྱེས་པ་དང༌། འགའ་ཞིག་འཛམ་བུ་གླིང་དུ་བདུད་རྩི་འཐོར་བ་ལས་སྐྱེས་པ་དང༌། ལ་ལ་ནི་རྒྱ་མཚོ་བསྲུབས་པ་ནས་བྱུང་བ་དེ་དག་ལས་ས་བོན་བླངས་ཏེ་འཛམ་བུ་གླིང་དུ་སྐྱེས་པ་སོགས་ཡིན་ཏེ། གཡུ་ཐོག་རྙིང་མའི་རྣམ་ཐར་ལས། སྨན་གྱི་ལྷ་མོ་བདུད་རྩི་མའི་སྤྲུལ་པ་གྲུབ་པའི་ལྷ་མོ་ཡིད་འཕྲོག་མས་སྨན་གང་བཏབ་སྐྱེ་བའི་འཁོར་ལོ་བསྒྲུབས་ནས་ལྷ་ཡུལ་སོགས་ནས་སྨན་གྱི་ས་བོན་བླངས་ཏེ་སྨོན་ལམ་བཅས་རྒྱ་གར་དང་ཡུལ་ཕྲན་རྣམས་སུ་བཏབ་པར་བཤད་པ་སོགས་ནི་སྨན་གྱི་ཁུངས་མདོར་བསྡུས་པའོ།། །།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།