སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་ལྔ་པ། གློ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་ལྔ་པ། གློ་ནད་བཅོས་པ།



ལེའུ་སོ་ལྔ་པ། གློ་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དོན་ལྔའི་བློན་པོ་གློ་ནད་གསོ་བ་ལ། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི།།

རྒྱུ་ནི་རླུང་མཁྲིས་བད་ཀན་ཁྲག་དང་ཆུ། །རུལ་སྐྱུར་ཟོ་མར་ཚྭ་དང་དུ་བ་དང༌།  ཆམ་པ་འགྲམས་དང་དྲག་ཤུལ་རྣམས་ཀྱིས་བསྐྱེད།།

དབྱེ་བ་ཐང་པོ་སྐྱ་རྦབ་ཚ་བ་དང༌། །ཆུ་ཤོར་ཐེས་པོ་གློ་གཅོང་གློ་རྒྱས་དང༌། །བུང་ཚང་ཅན་དང་རྣམ་པ་བརྒྱད་དུ་བཤད།།

དེ་རྟགས་རླུང་གློ་ཐང་པོ་རྒྱུན་དུ་ལུ། །འགོགས་དཀའ་ལྦུ་གསོག་དགོང་དང་ཐོ་རངས་མང༌། །སྐྱ་རྦབ་གློ་མང་མིག་ལྕིབས་རྐང་བོལ་གཡོ། །ཚ་བ་ཚ་སུབས་ཚ་གཟེར་གཉིས་སུ་དབྱེ། །ཚ་སུབས་རྩ་ཆུ་ཚ་ལ་རོ་སྟོད་རྒྱངས། །ལུད་པ་ཚ་བྲོ་ལྦུ་ཆུང་མཁྲིས་པ་འོང༌། །སྟོན་དུས་དྲག་ཤུལ་དྲོད་བཅུད་ཤིན་ཏུ་གནོད། །ཚ་གཟེར་ཉལ་བ་མི་བདེ་དབུགས་ཀྱིས་ཐེག །ལུད་པ་དམར་སེར་ལུ་ཞིང་སྐབས་སུ་གཟེར། །ཆུ་ཤོར་ངལ་ཆུ་གློ་ལ་ཤོར་བ་སྟེ། །སྟོད་རྒྱངས་མགོ་ན་མིག་སྤྲིན་སེར་པོར་འོང༌། །དང་ག་མི་བདེ་གློ་མང་རྔམ་པས་ཐེག །ཤ་སྐམ་རྔུལ་མེད་གཏམ་བར་བཅད་ཅིང་སྨྲ། །གཞུག་ཏུ་ལུད་པ་ཤ་སྐྱོ་གློ་ལས་འཛག །ཐེས་པོ་ལུད་པ་སྔོ་ལྗོབ་མང་དུ་ལུ། །གྱེན་ལ་དབུགས་ཐེག་རོ་སྟོད་ལྕི་ལ་ཁེངས། །ལུད་པ་ཐོན་རྗེས་ཅུང་ཟད་བདེ་སྙམ་བྱེད། །གློ་གཅོང་ཤ་སྐེམ་ཤེད་ཆུང་འགུལ་མི་ནུས། །བྱི་ལའི་མགུལ་འདྲ་ཟས་སྨན་ཕན་སྐྱེད་ཆུང༌། །གློ་རྒྱས་མིག་དམར་ལྕེ་མཆུ་མཁུར་ཚོས་སྨུག །སྐད་འཛེར་སྟོད་རྒྱངས་རྔམ་རྒོད་ལུད་པ་དམར། །བུང་ཚང་ལུད་པ་ཤེ་རུལ་རྣག་ཏུ་འབྱུང༌། །ཡང་ན་སྔོན་པོ་ལྦུ་བ་ཅན་གསེབ་ཏུ། །ཉ་མིག་ལྟ་བུའི་རྣག་དང་འདྲེས་པར་ལུ། །སྤྱིར་ན་གློ་བ་བད་ཀན་ཡུལ་ཡིན་པས། །དབྱར་དུས་བདེ་ལ་དགུན་དུས་ན་བ་དང༌། །ཉིན་པར་བདེ་ལ་མཚན་མོ་ན་བ་ཡིན།།

དེ་རྣམས་བཅོས་ཐབས་རླུང་གློ་བསིལ་བཅུད་བསྟེན། །མངར་གསུམ་(ཛཱ་ཏི་ཤིང་ཚ་སུག་སྨེལ་པི་པི་ལིང་པྲི་ཡངྐུ་བ་མར་གྱི་)ལྡེ་གུ་འབྲས་བུའི་སྨན་མར་སྦྱར། །གསོ་བ་དཀའ་ལ་བཞི་ལྔ་མེ་ཡིས་བསྲེག །གློ་ནད་སྐྱ་རྦབ་(སྟར་བུ་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་ཤིང་མངར་ཨ་རུ་ལྕགས་ཕྱེ་)སྦྲང་གི་ལྡེ་གུ་དང༌། །ཅུ་གང་(གུར་ཀུམ་ལི་ཤི་སུག་སྨེལ་ཤིང་མངར་ཨ་རུ་ལྕགས་ཕྱེ་སྦྲང་གི་)ལྡེ་གུ་བྱ་མིག་ལྔ་པ་བསྲེག །ཚ་སུབས་ཙན་དན་(བསིལ་གསུམ་ཨུཏྤལ་གླ་སྒང་རྒུན་འབྲུམ་ཤིང་མངར་དང་།) བརྒྱད་དང་(ཨ་རུ་གི་ཝཾ་གུར་ཀུམ་ཅུ་གང་ཤིང་མངར་རྒུན་འབྲུམ་སྲོ་ལོ་སྤང་རྒྱན་འབུ་སུ་ཧང་དང་)བཅུ་པ་དང༌། །ཨ་ཀྲོང་སྟར་བུ་(ཅུ་གང་གུར་ཀུམ་རུ་རྟ་ཤིང་མངར་ཙན་དན་བྱི་ཚེར་བརྒྱད་དང་)མར་གསར་ཤ་གསར་བསྟེན། །ཚ་གཟེར་དེ་བཞིན་བཅོས་ཤིང་གཏར་བ་བཟང་། །བཤལ་དང་ཆུ་ལྕག་ཉི་ཤུ་རྩ་ལྔ་སྦྱར། །ཆུ་ཤོར་ནད་ལ་ཤིང་མངར་ཡུང་བ་གཉིས། །སྔོན་དུ་བཏང་ལ་དེ་རྗེས་གློ་སྐྱུགས་བྱ། །ཤིང་མངར་འདམ་བུ་ཀ་ར་ལི་ག་དུར། །ཅུ་གང་གུར་ཀུམ་དོམ་མཁྲིས་ཙན་དན་རྣམས། །ཀ་ར་སྦྱར་བ་བཙོད་ཀྱི་ཁུ་བས་དབུལ། །རྗེས་ལ་སྲོ་ལོ་ག་དུར་འདམ་བུ་མཚལ། །བཅད་འབྱོར་གུར་ཀུམ་ཀ་ར་འོ་མས་དབུལ། །ཝ་ལ་སོགས་པའི་གློ་བ་སྣ་ཚོགས་བཏང༌། །བད་ཀན་གློ་སྦུབས་ཞུགས་པའི་ཐེས་པོ་ལ། །(སྤྱང་ཚེར་རི་ཤོ་དུར་བྱིད་ཁུ་བར་རྒྱམ་ཚྭ་པི་ལིང་བཏབ་པའི་)སྐྱུགས་ཀྱིས་ཕོ་བ་གློ་སྦུབས་བད་ཀན་སྦྱང༌། །སྟར་བུ་པཉྫས་ལུད་པ་གྱེན་དུ་དྲང།༌།  རྗེས་ལ་མཱུ་ལ་ལྔ་(མ་ནུ་གླ་སྒང་ག་དུར་སྒེ་གཤེར་བ་རུ་)འམ་ཅུ་གང་(ཤིང་ཚ་སུག་སྨེལ་པི་ལིང་སྦྲང་)ངམ། །པི་པི་ལིང་གི་ལྡེ་གུ་བསྔགས་པ་ཡིན། །ཤ་གསར་མར་གསར་སྦྲང་རྩི་ལྡན་པ་བཏང༌། །ཐེས་པོ་ལ་སོགས་གློ་ནད་རླུང་ལྡན་གང༌། །བ་འོ་བཞོས་ཐོག་རླུང་དུས་བཏང་བར་བསྔགས། །གློ་གཅོང་གློ་མིག་ལུད་པའི་གཅོང་འདྲིལ་བས། །ཨ་ཀྲོང་ལུམས་སམ་སྨན་ཆུ་ཆུ་ལུམས་བསྟེན། །དེ་ནས་སྟར་བུ་པཉྫས་གྱེན་དུ་དྲང༌། །ལུད་པ་སྐྱ་སྔོ་སྐམ་པོ་མང་ཐོན་འཚོ། །མ་ཐོན་ལུམས་དང་འདྲེན་སྦྱོར་བསྐྱར་ལ་སྦྱང༌། །སྐབས་སུ་ཅུ་གང་ལྡེ་གུ་སྦྱར་བའམ། །ཕྱེ་མ་བ་འོ་སྦྱར་བ་རེ་ལུག་གི །གློ་བ་མ་སུངས་རྒྱངས་ཏེ་བཏང་བར་བྱ། །གླ་དགོ་བ་ཤ་གྲོ་ཆང་ཡོས་ཆང་བསྟེན། །གློ་རྒྱས་རྩེ་ཆུང་དྲུག་འགོ་མང་དུ་གཏར། །ལུད་པ་དམར་ན་རྒྱ་སྐྱེགས་འབྲི་མོག་བཙོད། །སྲོ་ལོ་དཀར་པོའི་བསྡུས་ཐང་ཡང་ཡང་བཏང༌། །ཙན་དན་(དཀར་དམར་ཅུ་གང་གུར་ཀུམ་བ་ཤ་སྤང་རྩི་སྲོ་ལོ་བོང་ང་ཀྱི་ལྕེ་ཨུཏྤལ་སྐྱུ་རུ་)བཅུ་གཅིག་ཕྱེ་མ་ཐང་དེས་དབུལ། །རྗེས་ལ་གཏར་ཞིང་ཉི་ཤུ་རྩ་ལྔ་(དམར་གསུམ་དང་མཚལ་བསྣན་ལ་)སྦྱར། །ཅིས་ཀྱང་སྐྱེད་ཆུང་སྨུག་པོར་བྱེར་སྲིད་པས། །སྨུག་པོའི་ཁྲག་བཤལ་བཅོས་ཐབས་བསྔགས་པ་ཡིན། །ཁྲག་ཏུ་བརྡོལ་ན་པུཥྤ་(སྲན་མའི་མེ་ཏོག་སྐྱེར་པའི་མེ་ཏོག་གུར་ཀུམ་དོམ་མཁྲིས་ཚོས་ཁུ་)ལྔ་སྦྱོར་རམ། །ཀར་ཤ་པ་ནི་(ལྔའི་ཐལ་བ་དོམ་མཁྲིས་གུར་ཀུམ་མཚལ་ཟབ་ལ་)མདོངས་ཐལ་ལྔ་(རྨ་བྱ་རྦབ་ཟེར་བྱ་མཚལ་ཕུག་རོན་སྒྲོ་འགྲོན་བུ་ཕུར་མོའི་ཐལ་བའི་)སྦྱོར་བསྔགས། །མང་དུ་གཏར་ཞིང་རོ་སྟོད་ཆུ་ཡིས་བྲན། །ཟས་སྐོམ་བསིལ་བསྟེན་སྤྱོད་ལས་དྲག་ཤུལ་སྤང༌། །བུང་ཚང་རྣག་ཉུང་བསྐམས་པས་སྐོམས་སམ་བལྟ། །ཨ་ཀྲོང་(ཙན་དན་སྐྱུ་རུ་རུ་རྟ་སྟར་བུ་བསིལ་གསུམ་ཤིང་མངར་བྱི་ཚེར་)བཅུ་པ་ཟངས་ཐལ་(མུ་ཟི་ཤ་རུ་སྤེན་མ་སྲོ་ལོ་ཨ་ཀྲོང་)སྦྱར་བ་དང༌། །ཀླད་པ་(ཝ་དང་སྲིན་བྱའི་ཀླད་པ་མུ་ཟི་ཟབ་ཐལ་སྲོ་ལོ་ཅུ་གང་སྤང་རྒྱན་སྟར་བུ་)འི་སྦྱོར་བ་རྣག་སྐེམས་གློ་གསོའི་མཆོག །ཉི་ཤུ་རྩ་ལྔ་(ལ་ག་དོར་གསུམ་དང་དོམ་མཁྲིས་)མན་ངག་ལྡན་པས་སྦྱར། །རྣག་བུངས་ཆེ་འམ་བསྐམས་པས་མ་སྐོམས་ན། །སྟར་བུ་པཉྫ་(པ་ཡག་རྩ་བ་བུལ་ཏོག་ལ་ཆ་འཁར་པོ་)མན་ངག་ལྡན་པས་དྲང༌། །རྣག་ཁྲག་འདྲེས་ན་ཤུ་མོ་ཟ་སྨན་(བ་མར་གྱིས་འབྲི་མོག་གི་རྩི་སླངས་ལ་རྒྱ་སྐྱེགས་དང་བོང་ཡར་འོ་མ་ཕུལ་དོ་དོ་ཤུ་མོ་ཟ་ཚོམས་གཅིག་ལི་ཤི་ཀ་ར་སྦྱར་བ་)མཆོག །ཅུ་གང་ཨ་ཀྲོང་ཀ་ར་ཨ་རུ་ར། །བོང་ཡར་འོ་སྦྱར་རེ་འུའི་གློ་བ་རྒྱངས། །གློ་གསོ་ཁྲག་ཏུ་ལུ་ལ་བསྔགས་པ་ཡིན། །ཝ་གློ་འོ་མར་(ཨ་རུ་ཅུ་གང་མུ་ཟི་དོམ་མཁྲིས་ཤིང་མངར་སྦྲང་བོང་ཡར་འོ་མ་)སྦྱར་ཞོ་དེ་བཞིན་ཤིས། །ཁྲག་མེད་རྣག་ཏུ་བྱུང་ན་(རྣག་སྐྱུགས་ཀྱིས་)སྦྱང་བ་མཆོག །སྒོང་སྤྲིས་སྦལ་སྒོང་ལྟ་བུའི་རྣག་ཡུལ་འཐོན། །དེ་རྗེས་གློ་གསོ་ཁྲག་ཏུ་བྱུང་ན་བཅད། །རྣག་གཞུག་མ་ཐོན་ཟངས་ཐལ་(ཝ་དང་སྲིན་བྱའི་ཀླད་པ་མུ་ཟི་སག་རམ་རྩི་སྲོ་ལོ་པི་ལིང་སླ་ངར་སྲེགས་པ་དང་སྤེན་མ་ཤ་རུའི་ཐལ་བ་སྤང་རྒྱན་ཀ་ར་སྦྲང་)སྦྱོར་བ་དང༌། །ཉི་ཤུ་རྩ་ལྔ་ལྟག་པ་སྤྲད་ལ་སྐམ། །རླུང་དང་ལྡན་ན་སྲོ་ལོའི་(བྲེ་ཕྱེད་ལ་ཨ་རུ་ཉི་ཤུའི་སྨན་མར་ལ་བཟང་དྲུག་པི་ལིང་སྦྲང་)སྨན་མར་སྦྱར། །གློ་མང་མི་འགོག་ཅུ་གང་(བཞི་པ་ཤིང་མངར་སྟར་བུ་)རུ་རྟས་བཅད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གློ་ནད་བཅོས་པའི་ལེའུ་སྟེ་སོ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།