སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བརྒྱད་པ། མཁལ་མའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་སོ་བརྒྱད་པ། མཁལ་མའི་ནད་གསོ་བ།



ལེའུ་སོ་བརྒྱད་པ།  མཁལ་མའི་ནད་གསོ་བ། 

མཆེར་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མཁལ་མའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་ནི་རྟ་ལྟ་བུས་བརྡབས་པ་དང༌། མི་ཐེག་པའི་རིགས་ཁུར་དང་བཏེགས་པ་དང༌། རླན་གཤེར་ལ་སོགས་པའི་སྟེང་དུ་འདུག་པ་དང་ཆུའི་ལས་བརྒལ་བ་སོགས་བྱས་པ་ལས་འབྱུང༌།

དབྱེ་བ་ཕྱེ་ན་མཁལ་རླུང་དང༌། མཁལ་གཅོང་དང༌། འོར་ལྷུང་དང༌། མཁལ་ཚད་དང༌། ཆུ་ཤོར་དང༌། མཁལ་འགྲམས་དང༌། མཁལ་གྲུམ་དང༌། ད་རྒན་ཏེ་བརྒྱད་དོ། །

དེ་རྣམས་སོ་སོར་མ་འདྲེས་པར་ངོས་འཛིན་པའི་རྟགས་ནི། མཁལ་རླུང་རྐེད་པ་འཕྱོང་ལ་བཏང་བ་བཞིན་འཕྱོངས་ནས་ན་བ་དང༌། ནད་དམིགས་མི་རྙེད་ཅིང་རྣ་བ་འོན་པར་འགྱུར། མཁལ་གཅོང་ནི་ལུས་ཀྱི་སྨད་གྲང་ཞིང་ཟུག་རྐེད་པར་འཁོར་བར་ན་བ་དང༌། རྐང་པ་བཤལ་ལ་དཔྱི་དང་རྐེད་པར་ཟུག་འབྱུང་ཞིང་ཆུ་སྲི། བཅུད་རླུགས་པ་ཞེས་ས་བོན་འཛག་ཅིང་སྒལ་ཚིགས་འདབས་ཀྱི་བཤུལ་ཤ་ཁྲིད་ནས་ན། འོར་ལྷུང་ནི་མཁལ་མ་དང་རྐེད་པ་ན་ཞིང་ཟ་འཕྲུག་བྱེད་པ་དང༌། འགྲོ་འདུག་མང་པོ་བྱས་ཚེ་པུས་མོའམ་བོལ་གོང་སྐྲངས་འོང༌། མཁལ་ཚད་ནི་ཆང་འཐུངས་པའི་དུས་དང་འགྲོ་འདུག་བྱས་ཚེ་ན་བ་དང༌། ཆུ་ཁ་ཚ་ཞིང་ཤ་རུས་ཀྱི་བར་ལ་ན་ཚ་འཁྱུག མཁལ་མ་ཆུ་ཤོར་ནི་མཁལ་རྩ་འགྲམས་པའམ་མཆིན་ཁྲག་དང་བཅས་པའི་ཟགས་ཆུ་ཁྲག་ཏུ་འབྱུང༌། མཁལ་འགྲམས་ལ་ནང་གསེས་སུ་བྱེར་རྒྱས་ལྷུང་བ་དང་རྣམ་པ་གསུམ་ཡོད་པ་ལས། སྟོད་དུ་བྱེར་ན་ལྟག་པའི་ཆུ་བའི་འགྲམ་གཉིས་ན་ཞིང་སྐེ་གཅུ་བསྒྱུར་མི་ཤེས་པར་སྒུར་པོར་འགྲོ་བ་ཡིན། བར་དུ་རྒྱས་ན་མཁལ་རྐེད་འཁོར་ཞིང་ན་བ་དང༌། དཔྱི་མགོའི་སྟེང་གི་འབྲེལ་མཚམས་ཀྱི་རྩ་ནག་སྦོ་ཞིང་གཟེར་ལ་ཁྱད་པར་གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད་པའི་ན་བ་འབྱུང་ཞིང་ཚིགས་པ་ཁ་བྱེ་སྟེ་རྐེད་པ་ཀྱོག་པོར་འགྲོ། སྨད་དུ་ལྷུང་ན་རྐང་པ་བཤལ་ཞིང་སྦྲིད་ལ་བརླ་ཤའི་སུལ་དང༌། བྱིན་པའི་ཉྭ་སུལ་པུས་མོའི་ཚིགས་མཚམས་རྣམས་ན། མཁལ་གྲུམ་ལ་རྐེད་པ་མན་ཆད་ཀྱི་སྨད་ཐམས་ཅད་ན་ཞིང་ཁྱད་པར་གློ་དང་སྦྲིད་པ་བྱུང་ཚེ་དཔྱི་མིག་ཏུ་ཟུག་གཟེར་དང༌། སྒལ་པ་རེངས་ཤིང་མཇིང་པ་གཅུ་བསྒྱུར་མི་ཤེས་པ་དང༌། ནམ་གྱི་སྟོད་ལ་ན་ཞིང་ནམ་སྨད་བདེ་བར་ཚོར་ལ། ཆང་འཐུང་བ་དང༌། ཤ་སོགས་དྲོད་བཅུད་ཀྱི་ཟས་ཟོས་རྗེས་ཚ་བ་སྐྱེ། ད་རྒན་ནི་ཚིགས་པ་བཅུ་བཞི་པ་སོགས་ཕྱིར་དོན་ཏེ་སྒུར་པོར་འགྲོ།

དེ་རྣམས་བཅོས་ཐབས་རིམ་པ་བཞིན་བཤད་པའི་དང་པོ་མཁལ་རླུང་ལ་གཟེ་མའི་ཆང་དང༌། ཕྱི་རྒྱུད་ལྟར་གྱི་རྩ་བ་ལྔའི་སྨན་མར་དང་འཇམ་རྩི་བཏང་ལ་རེང་བུ་བྱ་ཞིང་ཚིགས་པ་བཅུ་བཞི་པ་དང༌། གཡས་གཡོན་ཚོན་རེ་ཕུལ་རེ་གཞལ་བའི་སའི་རྩ་ནག་ཁ་གསུམ་བསྲེག མཁལ་གཅོང་ལ་ལུག་ཐོང་ཚེར་གྱི་མཁལ་མ་སྙུང་བུས་བཙགས་ལ། ཚ་བ་སྒ་པི་ཕོ་གསུམ། རྒྱམ་ཚྭ། ལ་ལ་ཕུད་བཏབ་པ་མར་ཁུ་ལ་བཙོས་པ་བཏང་ཞིང༌། གཟེ་མ། ལྕ་བ། ར་མཉེ་བཅས་པའི་ཟན་གྱི་ཆང་ལ་ཆང་བསིངས་བསྣུར་ཏེ་བུ་རམ་དང༌། བཅའ་སྒ་དང༌། མར་བཅས་བཏབ་སྟེ་ཚོས་པར་བཙོས་ལ་དྲོ་འཇམ་བཏང༌། རྩ་བ། ར་མཉེ། ཉེ་ཤིང༌། ལྕ་བ། བ་སྤུ། གཟེ་མ་བཅས་ལྔ་པོ་འམ་ར་གསུམ་ཞེས་པ་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། ཤ་སྣ་གཉིས་ནི། ལུག་ཐུག་གི་འབྲས་བུ་དང༌། ད་བྱིད། བཅའ་སྒ་དང༌། བྲེ་ག་རྣམས་གུད་དུ་བསྡུས་པའི་སྨན་མར་གང་རུང་ལ། པི་པི་ལིང༌། ཅོང་ཞི། སུག་སྨེལ། སླེ་ཏྲེས་བཅས་ཁ་ཚར་གདབ་པ་བུ་རམ་དང་སྦྲང་སོགས་དང་སྦྱར་ལ་བཏང་བར་བྱ། ཕྱི་རྒྱུད་ལྟར་འབའ་སམ་སྨན་མར་ལ་ད་བྱིད་སྨུག་པོ་ཞེས་གངས་རྩངས་སམ། གངས་སྦལ་གསེར་གྱི་སྨིན་མ་ཅན་དང༌། བྲག་ལ་གནས་པའི་རྩངས་པ་རླུང་འགམ་པ། བྱེའུ་མཆིལ་པ། ཕུག་རོན་རྣམས་ཀྱི་ཤ་དང༌། ལང་ཐང་ཙེ། ཅོང་ཞི། ཚ་བ་སྒ་པི་ཕོ་གསུམ་དང༌། འབྲས་སྣ་ཨ་སྲ་འཇམ་གསུམ། ཞོ་ཤ་སྙིང་མཁལ་གླ་གསུམ་དང༌། ཛཱ་ཏི། སྡིག་སྲིན་དང༌། སུག་སྨེལ། བྲེ་ག་རྣམས་བུ་རམ་དང་སྦྱར་ལ་བཏང་བ་བསྔགས་ཤིང༌། ཁྱད་པར་གཅིན་སྙི་བ་དང་ས་བོན་འཛག་པ་གཅོད། ཡང་ན་སུག་སྨེལ་ཚ་བ་སྒ་པི་ཕོ་དབྱི་ཙི་བཅས་ལྔ་དང༌། ཚྭ་སྣ་རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། ལྕེ་མྱང་ཚྭ། ཙབས་རུ་ཚྭ་ལྔ། སྡིག་སྲིན། ལྕམ་པ་སྟེ་ཉི་དགའ། འབྲས་བུ་ཨ་བར་སྐྱུར་གསུམ་རྣམས་བུ་རམ་དང་སྦྱར་བ་བཏང་ཞིང༌། དུགས་སྤུ་དུགས་སྣུམ་དུགས་ཕྱིང་དུགས་དང༌། མེ་བཙས་བཅོས་དགོས་པ་ཡང་གོང་བཞིན་ཐོག་དྲོད་དང་བཅུད་འཕྱི་བོང་གི་ཤ་དང་ཆང་སོགས་ཀྱིས་བཅོས། འོར་ལྷུང་ལ་འབམ་པོ། སེང་ལྡེང་བཅས་ཀྱི་སྨན་མར་ལ་ཚྭ་སྣ་ཚོགས་ཚད་དང་སྦྲང་དང་སྦྱར་ལ་བཏང་ཞིང༌། ཁ་ཟས་སུ་བོང་བུ་འཕྱི་བ་རྟ་རྐྱང་སོགས་ཀྱི་ཤ་སྣ་བསྟེན། ཟ་འཕྲུག་ལ་གཡེར་མ། ཤུ་དགཡུང་བ་དང༌། མར་རྙིང༌། ཕག་ཚིལ་རྣམས་བྱུགས་ལ་ཉི་མས་བསྲེག་ཅིང༌། པུས་མོ་དང་བོལ་གོང་སྐྲངས་ཚེ་རང་བྱུང་གི་ཆུ་ཚན་བྱ། མཁལ་ཚད་ཀྱི་ནད་ལ་མཁལ་མ་ཞོ་ཤ་དང༌། གུར་ཀུམ། སྐྱེར་ཤུན། སྡིག་པ་ནག་པོ། ཀ་ར་རྣམས་སྦྱར་ལ་བྱིན་གཞུག་དང་ལོང་རྩ་གཉིས་ལ་གཏར་བར་བྱ། མཁལ་མའི་ཟགས་ཆུ་ཁྲག་ཏུ་བྱུང་བ་བཞིན་སྲིད་ན། མཁལ་རྩ་འགྲམས་སམ་མཆིན་ཁྲག་བབས་པ་ཡིན་པས། བསིལ་ཅུ་གུར་སུག་གསུམ། བྲག་ཞུན། དོམ་མཁྲིས། བ་ཤ་ཀ ཤིང་ཚ། བ་ལུ་རྣམས་ཀ་ར་དང་སྦྱར་ལ་བཏང་ལ་རུ་ཐུང་ལོང་རྩ་གཏར་ཞིང་ཆུ་ལྕག་བྱ། ཆུ་ཤོར་ལ་སྐྱུ་རུ་རའི་དབྱེ་ཐང་གིས་བཟང་ངན་གྱི་ཁྲག་ཕྱེ་ལ་བྱིན་གཞུག་ལོང་རྩ་གཏར་ཞིང༌། དམར་པོ་རྒྱ་སྐྱེགས། འབྲི་མོག བཙོད། ཞུན་བཞིའི་ཐང་དང༌། ཙནྡན་དམར་པོ། གུར་ཀུམ། གླ་རྩི། བྲག་ཞུན། ཏིག་ཏ། མཁལ་མ་ཞོ་ཤ བཙོད། ཚོས། ཞུ་མཁན། ཨ་རུ། ཤུག་ཚེར་བཅས་བཅུ་གཅིག་སྦྱར་ཞིང༌། གི་ཝཾ། གླ་རྩི། གསེར་གྱི་བྱེ་མ་དང༌། བསིལ་ཅུ་གུར་སུག་གསུམ། སྡིག་སྲིན། ལྕམ་པ། འབྲས་སྣ་ཨ་སྲ་འཇམ་གསུམ། བྲེ་གཀ་ར་རྣམས་སྦྱར་བའི་ཕྱེ་མ་བཏང༌། སྟོད་དུ་བྱེར་ན་བདུད་རྩི་ཤུག་པ། འོམ་བུ། བ་ལུ། མཚེ། མཁན་པ་སྟེ་ལྔའམ། གླ་རིལ། མེ་ཏོག་ཚོགས་ཚད་ཀྱི་ལུམས་བྱ་ཞིང་ལྟག་རྩ་གཏར། བར་དུ་རྒྱས་ན་མཆོག་ཏུ་ཕྱི་རྒྱུད་ལྟར་གྱི་རྩ་སྦྱོང་ཤིས། སྨད་དུ་ལྷུངས་ན་བྱིན་གཞུག་ལོང་རྩ་གཉིས་ལ་གཏར་བ་དང་ཆུ་གྲང་མོའི་ལུམས་བྱ། དེ་གསུམ་པོ་ཀུན་ལ་ཚ་བ་མེད་ཅིང་ཆོགས་ན་མཁལ་མ་གསོ་བའི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་ལ་གང་དང་གང་དུ་ཟུག་གཟེར་བྱུང་བའི་སྟེང་དུ་མེ་བཙའ་གདབ། མཁལ་གྲུམ་ལ་སྔོན་བུ། ཨ་རུ་མཆུ་སྙུང༌། རྒུན་འབྲུམ། ཟངས་རྩི་རྣམས་སྦྱར་བའི་བཤལ་བཏང་ལ་རང་བྱུང་ཆུ་ཚན་གྱིས་ལུམས་བྱ། རྩ་ནས་ཕྱི་རྒྱུད་ལྟར་སྦྱང་བར་བྱས་ནས་སེང་ལྡེང་ཁཎྜ། དམར་པོ་བཙོད། འབྲི་མོགཚོས་ཞུན་བཞི། ཆུ་སེར་སྨན་སྤོས་ཐལ་སོ་གསུམ། བོང་ཁྲག སྦྲང་བསྒར་བ་རྣམས་ཀྱི་ཕྱེ་མ་སྦྱར་ཞིང༌། བསིལ་ཅུ་གུར་སུག་གསུམ། ཞོ་ཤ་སྙིང་མཁལ་གླ་གསུམ་དང༌། འབྲས་སྣ་ཨ་སྲ་འཇམ་གསུམ། ཆུ་སེར་སྨན་སྤོས་ཐལ་སོ་གསུམ། གསེར་གྱི་བྱེ་མ་དང༌། སྡིག་སྲིན། བྲེ་ག་རྣམས་སྦྲང་དང་སྦྱར་བའི་ལྡེ་གུ་དང༌། བདུད་རྩི་ལྔ་བཤད་མ་ཐག་པ་ལྟར་དང༌། མེ་ཏོག་ཚོགས་ཚད། འབྲུ་སྣ་ཚོགས་ཚད་གང་རིགས་ཆུ་ལ་བཙོས་པའི་རླངས་ལུམས་བྱ་ཞིང༌། བྱིན་གཞུག་ལོང་རྩ་ནད་ཁྲག་འདུག་ན་མང་དུ་གཏར་བ་དང༌། ཟུངས་ཁྲག་འདུག་ན་ཕྱེ་ཙམ་སྦྱར་ལ་གཏར། ཚ་བ་ཆོག་ནས་སྦྲང་ཆང་ཡོངས་རྫོགས་ཕྱི་རྒྱུད་ལྟར་སྦྱར་བ་དང༌། སེང་ལྡེང་བདུན་པའི་སྨན་མར་ཀྱང་ཕྱི་རྒྱུད་ལྟར་སྦྱར་ལ་བཏང་ཞིང༌། ཆུ་སེར་འོར་སྒོ་ཀུན་ཏུ་ཞེས་བཅུ་དྲུག་མདོ་རྐང་པའི་མཐེ་བོ་བོར་བའི་སོར་མོ་གསུམ་གྱི་དབྲག་ནས་གྱེན་ཚོན་གང་གཞལ་བ་རྣམས་མེ་བཙས་བསྲེག ད་རྒན་གྱི་ནད་ལ་བདུད་རྩི་ལྔའི་ལུམས་ཀྱིས་བདུག་པ་དང༌། རྩ་སྦྱོང་ཕྱི་རྒྱུད་ལྟར་བྱས་ལ། ཐ་མར་འབའ་སམ་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་ཟ་ཞིང༌། སུག་སྨེལ། ཤིང་ཚ། ཟི་ར་ནག་པོ། པི་པི་ལིང༌། རུ་རྟ། བྲེ་ག བུ་རམ་རྣམས་སྦྱར་བའི་རིལ་བུ་བཏང་ལ་ཚིགས་པ་གང་འབུར་དུ་བྱུང་བའི་སྟེང་འོག་མེ་ཐུར་ཞེས་པ་མེས་གོར་དུ་བསྐོར་བའི་དབུས་སུ་ཐུར་མ་བརྡེག་གོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་དོན་ལྔའི་ནང་ཚན་དམངས་ལྟ་བུ་མཁལ་མའི་ནད་གསོ་བའི་ལེའུ་སྟེ་སོ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།